ཀ་དག་རྡོ་རྗེ་བཙུན་མོའི་དབྱིངས་སོགས། བཀའ་སྲུང་ཙཎྜི་ཀའི་གསོལ་མཆོད་བདུད་རྩིའི་བཅུད་ལེན། ཚེ་རིང་མཆེད་ལྔའི་གསོལ་ཕྲིན་བཀྲ་ཤིས་ཆར་འབེབས། སྨན་བཙུན་ཌཱ་ཀིའི་རྒྱལ་མོའི་བསྟོད་ཕྲིན་ཟླ་བ་བདུད་རྩིའི་འཛུམ་ཕྲེང་བཅས།

From Khyentse Lineage - A Tsadra Foundation Project
DKR-KABUM-11-DA-007
Wylie title ka dag rdo rje btsun mo'i dbyings sogs/ bka' srung tsaN+Di ka'i gsol mchod bdud rtsi'i bcud len/ tshe ring mched lnga'i gsol phrin bkra shis char 'bebs/ sman btsun DA ki'i rgyal mo'i bstod phrin zla ba bdud rtsi'i 'dzum phreng bcas DKR-KABUM-11-DA-007.pdf
Location dil mgo mkhyen brtse bka' 'bum
Volume 11, Text 7, Pages 35-37 (Folios 1a to 3b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Ka dag rdo rje btsun mo'i dbyings sogs bka' srung tsaN+Di ka'i gsol mchod bdud rtsi'i bcud len tshe ring mched lnga'i gsol phrin bkra shis char 'bebs sman btsun DA ki'i rgyal mo'i bstod phrin zla ba bdud rtsi'i 'dzum phreng bcas. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 35-37. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Deity srung ma
[edit]
ཀ་དག་རྡོ་རྗེ་བཙུན་མོའི་དབྱིངས། །ཁ་སྦྱོར་བདུན་གྱི་སྒྱུ་འཕྲུལ་གཟུགས། །ག་ཎ་ཙཀྲའི་འཁོར་ལོའི་བདག །ང་བདག་གཟུང་འཛིན་བསྒྲལ་ལ་བསྟོད། །ཅ་ཅོའི་སྒྲ་རྟོག་ལས་འདས་པའི། །ཆ་མེད་ཀུན་འགྲོ་ལོངས་སྤྱོད་རྫོགས། །ཇ་ཧང་མཚན་དཔེའི་རྡོ་རྗེའི་སྐུ། །ཉ་ཟླའི་མདངས་བཞིན་མཛེས་ལ་བསྟོད། །ཏ་ཐཱ་ག་ཏའི་བསྟན་སྲུང་ཕྱིར། །ཐ་དད་ཉེར་བཞིའི་གནས་ཡུལ་ཀུན། །ད་ལྟ་སྐྱོང་བཞིན་འབུམ་ཕྲག་གི །ནཱ་རིའི་ཚོགས་རྗེའི་ཚུལ་དུ་སྟོན། །པཱ་ར་མི་ཏའི་པྲཛྙཱའི་དབྱིངས། །ཕ་རོལ་སྲིད་ཞི་ལས་བརྒལ་ཀྱང༌། །བ་གླང་ལྟ་བུའི་འགྲོ་སྒྲོལ་ཕྱིར། །མ་མོ་ཡོངས་གཙོ་བསྟན་ལ་འདུད། །ཙ་ཏུར་ཕྲིན་ལས་རྣམ་བཞི་ཡི། །ཚ་ངར་མྱུར་མགྱོགས་གློག་ལྟ་བུས། །ཛ་ཡའི་བསྟན་དང་ཕན་བདེའི་དཔལ། །ཝ་ལེར་གསལ་མཛད་མ་གཅིག་བསྟོད། །ཞྭ་བཞིན་གསང་བསྟན་གཙུག་ཏུ་བཀུར། །ཟ་མ་ཙམ་ཡང་བྱ་ར་སྐྱོངས། །འ་འུར་ཉམས་པ་བདུན་དགྲ་གསོད། །ཡ་མཚན་ཐོགས་པ་མེད་ཁྱོད་བསྟོད། །ར་རི་དང་བྲལ་སྤྱན་གྱིས་གཟིགས། །ལ་འུར་གང་བཅོལ་ཐོགས་མེད་སྒྲུབས། །ཤ་ཟ་ཞིང་སྐྱོང་དྷཱ་ཀི་མ། །ས་གསུམ་དབང་བསྒྱུར་མཐུ་ལྡན་བསྟོད། །ཧ་ཧ་རྒོད་སོགས་དུར་ཁྲོད་ཉུལ། །ཨ་ཧོའི་དགྱེས་དགུའི་བདག་ལ་དགོངས། མངྒ་ལས་སོ།། །། ༈ བཀའ་སྲུང་ཙཎྜི་ཀའི་གསོལ་མཆོད་བདུད་རྩི་བཅུད་ལེན་བཞུགས། ཧྲཱིཿ འཆི་མེད་ཌཱ་ཀིའི་དབང་མོ་ཙཎྜི་ཀ །མཆེད་དྲུག་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །སྣང་སྲིད་བདེ་ཆེན་ཀུན་བཟང་མཆོད་པས་བསྐངས། །རྣམ་འབྱོར་བུ་བཞིན་སྐྱོངས་མཛད་མ་མོར་བསྟོད། །ཉམས་ཆག་ཀུན་བཤགས་མཆོག་ཏུ་དགྱེས་པ་ཡིས། །བསྟན་འགྲོའི་དཔལ་དང་ཚེ་བསོད་འཕེལ་རྒྱས་མཛོད། །ཨོཾ་ཛྙཱ་ན་ཌཱ་ཀི་ཙཎྜི་ཀ་ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་པཱུ་ཛ་བ་ལིངྟ་ཁ་ཧི། ཞེས་འཆི་མེད་གྲུབ་པའི་དྲང་སྲོང་ཆེན་པོ་དྷརྨ་མ་ཏིས་བཀའ་བཞིན་མངྒ་ལས་ཕྲིན་ལས་སུ་གསོལ་བ་དོན་དང་ལྡན་པར་གྱུར་ཅིག། །། ༈ ཚེ་རིང་མཆེད་ལྔའི་གསོལ་ཕྲིན་བཀྲ་ཤིས་ཆར་འབེབས་བཞུགས། ཧྲཱིཿ ལྷན་སྐྱེས་དབྱིངས་ཀྱི་ཌཱ་ཀི་མཆེད་ལྔ་གཤེགས། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་མཆོད་སྤྲིན་འབུལ། །ཡུམ་ཆེན་རིག་འཛིན་རྣལ་འབྱོར་སྐྱོང་ལ་བསྟོད། །ཕྱི་ནང་གསང་བ་བླ་མེད་མཆོད་པས་བསྐང༌། །མ་མོ་མཁའ་འགྲོ་འཁྲུགས་ཀུན་བཤགས་ཤིང་སྡོམ། །ཚེ་བསོད་བསྟན་འགྲོའི་དཔལ་ཡོན་རྒྱས་པར་མཛོད། །ཨོཾ་བཛྲ་ས་མ་ཡ་ཌཱ་ཀི་ནི་པཉྩ་མ་མ་སརྦ་ཀརྨ་ཛྙཱ་ན་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པའང་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་གྱི་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་བསྐང་སླད་རྒྱལ་ཁམས་པ་མངྒ་ལས་ཆུ་ཁྱི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་དུ་སྤེལ་བ་སིདྡྷི་རསྟུ།། །། ༈ སྨན་བཙུན་ཌཱ་ཀི་རྒྱལ་མོའི་བསྟོད་ཕྲིན་ཟླ་བ་བདུད་རྩིའི་འཛུམ་ཕྲེང་ཞེས་བྱ་བ་བཞུགས། ཧྲཱིཿ གསང་མཆོག་རྣམ་ཀུན་མཆོག་ལྡན་དགྱེས་མའི་མཁར། །བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་གཟུགས་བརྒྱས་སྒེག །ཕྲིན་ལས་མཚར་སྡུག་རྫོགས་པའི་རི་དྭགས་ཅན། །དགྱེས་འཛུམ་ཆགས་པའི་ཟུར་མིག་འདིར་གཟིགས་ཀྱཻ། །ཤིན་ཏུ་ཞི་བའི་དབྱིངས་ཀྱི་ངང་ཉིད་ལས། །གཡོ་མེད་གཡོ་བའི་གར་མཁན་མཆིལ་པ་ཡིས། །སྲས་བཅས་རྒྱལ་བའི་ཐུགས་ཀྱང་འཁྱུད་ནུས་པའི། །སྒྱུ་རྩལ་འཕྲུལ་གྱི་མཆིལ་པ་ཞིང་འདིར་ཕོག །བདེ་དགའི་ཙཎྜ་ལི་ཡི་ཞུགས་ཕྲེང་གིས། །བརྟན་གཡོ་གཞོན་ནུའི་སིལ་ཁྲོལ་ལྟར་གཡོ་བའི། །དྭངས་མ་བཅུད་དུ་ཞུ་བའི་ཉིང་ཁུ་དེ། །གཞོམ་མེད་ཨ་ཝ་དྷཱུ་ཏིའི་སྲོག་ཏུ་ཁུག །འབར་བའི་ཉི་མ་བཟོད་མེད་འཁུན་པའི་སྒྲས། །རྡོ་རྗེ་སེམས་དཔའ་བདེ་ཆེན་ཟླ་བའི་རྒྱུན། །འཁོར་ལོ་བཞི་དབྱིངས་ཚལ་དུ་འབབ་པ་ལས། །བཅུ་དྲུག་དགའ་བའི་བྱེད་པོ་ཁྱོད་ལས་སུ། །ཁམས་གསུམ་ཟ་བྱེད་དྲག་ཤུལ་ལས་ཀྱི་མེ། །ཤིན་ཏུ་དྲག་པོའི་གཟུང་འཛིན་བདུད་དགྲའི་ནགས། །སྲེག་བྱེད་ཚར་གཅོད་གནམ་ཞལ་རབ་གཏུམ་མ། །སྟོང་པའི་དབྱིངས་སུ་སྡུད་བྱེད་དུས་ཀྱི་དགྲ། །ཀུན་ཏུ་སིམ་སྟེར་བདུད་རྩི་སྨན་གྱི་མ། །བདེ་དགའི་རྩེད་འཇོའི་དམ་པོར་འཁྱུད་པ་ལས། །ཟུག་རྔུའི་གཡོ་བྲལ་ཆགས་པ་ཆེན་པོའི་རོལ། །སྲིད་པའི་ས་བོན་གཅོད་པའི་མཚོན་དུ་གྲགས། །རྣམ་ཐར་སྒོ་གསུམ་ཨེ་ཡི་ཟེའུ་འབྲུར། །འཁོར་འདས་བུང་བ་འདུ་འབྲལ་མེད་པ་ཡིས། །སྣང་སྲིད་སྐྱེད་དང་སྡུད་པའི་བཙུན་མོ་ལྔ། །ཀློང་ཆེན་འབྱུང་བའི་དེ་ཉིད་ཌཱ་ཀིར་ཤར། །དགའ་བཞིས་སྒེག་པའི་མེ་ཏོག་མནྡཱུ་ར། །ཕྲ་གཟུགས་འཁྲི་ཤིང་ངོགས་སུ་ཆེས་དཔའ་བས། །སྲིད་རྩེའི་བདེ་བས་སྲིད་ལས་འདས་པ་ཡི། །ཡེ་ཤེས་སྦྲང་རྩིའི་དགའ་བ་ཁྱོད་ཀྱིས་སྦྱིན། །སྲིང་གཅིག་མཛེས་མར་འདོད་པའི་སྒྱུ་རྩལ་གྱི། །མགྲོན་དུ་ཁུག་པས་ལས་ཀྱི་དྲི་ཡི་བཞོན། །གཞོམ་མེད་རྡོ་རྗེ་གསང་བའི་ནཱ་ད་ཡི། །རྒྱུད་མང་རྫོགས་པའི་གར་མཁན་གཅིག་པུར་ངེས། །རང་བྱུང་གསང་བ་ཆེན་པོ་དེ་ཁོ་ན། །མཁའ་དབྱིངས་མངོན་སུམ་གཟུགས་ཅན་བཞིན་སྟོན་པའི། །བྱེད་ལས་ཕྱག་ན་ཐོགས་པའི་ལྷན་སྐྱེས་མ། །རྡོ་རྗེ་རིག་འཛིན་མ་ལུས་ཁྱོད་ལ་ཆགས། །ཞི་བྱེད་ཆུ་ཤེལ་ག་བུར་སྨན་མཆོག་གི །རྡུལ་མང་འཛག་པའི་ཀུ་མུ་དཱའི་སྐྱེད་ཚལ། །མཆོག་ཏུ་མི་འགྱུར་ལང་ཚོའི་མཚར་སྡུག་དཔྱིད། །དགྱེས་དགུར་འདྲེན་པའི་ཕོ་ཉ་རི་དྭགས་ཅན། །དཔལ་ཀུན་རབ་རྒྱས་ཀུན་དགས་དྲེགས་པའི་ཡིད། །ལེགས་ཚོགས་མཐའ་དག་སྡུད་པའི་ཕྱག་ཡངས་མས། །ཕྱ་གཡང་ནོར་བུའི་རྒྱན་ཕྲེང་འབུམ་ཕྲག་གིས། །སྤུད་པས་སིམ་སྟེར་མ་མ་མྱུར་ལ་གདུང༌། །བདེ་མྱུར་དབང་གི་རེག་བྱ་འཕོས་ཙམ་གྱིས། །བརྟན་གཡོ་འཆིང་སྡུད་འདོད་དགུར་གར་མཁན་ཅན། །ངོ་མཚར་དོན་ཡོད་འཕྲུལ་གྱི་ཞགས་པ་དེས། །ཆེ་དགུའི་ཡིད་ཀྱི་རབ་དགའ་དབང་དུ་བསྒྱུར། །ཚིམ་མེད་གཏུམ་ཆེན་རྔམས་པ་གླལ་བའི་ལྕེས། །གདེང་ཅན་ཆུ་སྲིན་ཁ་བཞིན་བཏབ་པའི་མོད། །ཕུང་བྱེད་དྲག་སྔགས་དམོད་པའི་གནམ་ལྕགས་མདས། །ཉེས་པའི་ལུས་སྲོག་ཁྱེར་བྱེད་ཤ་ཟ་མོ། །སྒྲིབ་གཉིས་ཀ་ནས་དག་པའི་དབྱིངས་ཆེན་པོར། །ནམ་ཡང་མི་གཡོ་མནལ་བའི་ཆོས་སྐུའི་ཐུགས། །ཤེས་རབ་ཕ་རོལ་ཕྱིན་མ་ཡུམ་ཆེན་མོ། །འཕགས་བཞིའི་འབྱུང་གནས་གཅིག་པུར་རྒྱལ་བས་བསྔགས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ལས་ཀྱི་རླུང༌། །ཨ་ཝ་དྷཱུ་ཏིའི་ཞུགས་གནས་ཐིམ་པ་ལས། །སྡུག་བསྔལ་བདེན་པས་སྤང་བའི་ལུང་རྟོགས་ཆོས། །ཟབ་ཞིའི་བཅུད་ཀྱིས་འགྲོ་ཀུན་སིམ་སྟེར་མཛོད། །མཆོག་ཏུ་མི་འགྱུར་དགའི་མཛའ་ལྕུག་དང༌། །ནམ་ཡང་འདུ་འབྲལ་མེད་པའི་དེ་ཉིད་ལ། །གཟོད་ནས་ངལ་འཚོ་གྱུར་པའི་དབུགས་འབྱིན་གྱིས། །འགྲོ་ཁམས་རྒྱ་མཚོར་རྟག་ཏུ་སིམ་སྟེར་མཛོད། །དབྱིངས་དང་འདུ་འབྲལ་མེད་པའི་ཐབས་ཀྱི་བདེ། །བདེ་དཔལ་ཤེས་རབ་འཛུམ་དཀར་གྱིས་བསྐྱངས་མཐུས། །མཐུ་སྟོབས་ཐོགས་མེད་ཇི་ལྟར་འདོད་དགུའི་ལས། །ལས་བྱེད་རྡོ་རྗེའི་སྲིང་གཅིག་ཁྱོད་ལ་གཉེར། །ཆེས་མྱུར་དྲི་ཡི་བཞོན་དང་གློག་གར་འཕྲུལ། །དབྱར་གྱི་དགའ་བའི་ཆར་སྤྲིན་ལས་འཆར་བཞིན། །ཇི་ལྟར་འདོད་པ་འཇོ་བའི་ཕྲིན་ལས་ཆར། །མི་ཟད་མཆོག་སྦྱིན་དགེ་མཚར་དེང་སྩོལ་ཅིག །དཔྱིད་ཀྱི་ཐིག་ལེ་ལྷ་མོའི་སྒེག་འཛུམ་གྱིས། །འདུ་འབྲལ་མེད་པའི་རྩེད་དགས་ལེགས་སྐྱོངས་མཐུས། །ཇི་ལྟར་འདོད་པའི་ཕྲིན་ལས་མི་ཟད་ཀྱིས། །དོན་གཉིས་ཡིད་བཞིན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པའང་མུ་ཏོབ་ཀུན་ཏུ་རྒྱུ་མངྒ་ལའི་མིང་ཅན་ལྷོ་འབྲུག་ཙནྡན་གྱི་རྒྱལ་ཁབ་གངས་རིའི་ལ་ཐོད་བརྗིད་པའི་གནས་སུ་རྒྱུ་བའི་སྐབས་ཀུན་རྟོག་གི་རི་མོ་ཚིགས་སུ་བཅད་པའི་ཕྲེང་བར་སྤེལ་པས་རྒྱལ་བསྟན་རིན་པོ་ཆེའི་དཔལ་ཡོན་འཕེལ་ཞིང༌། འགྲོ་ཀུན་ཕན་བདེའི་དབུགས་འབྱིན་གྱི་རྒྱུར་གྱུར་ཅིག །།

Footnotes

Other Information