DKR-KABUM-19-DZA-016

From Khyentse Lineage - A Tsadra Foundation Project
Revision as of 14:00, 9 December 2022 by Mort (talk | contribs)

DKR-KABUM-19-DZA-016

Wylie title ' DKR-KABUM-19-DZA-016.pdf
Location dil mgo mkhyen brtse bka' 'bum
Volume 19, Text 16, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: . Delhi: Shechen Publications, 1994.
Genre Longevity Rituals - tshe sgrub
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ (‘chi med pad+ma tshe yi snying thig)
Deity tshe dpag med
[edit]
༈ རིགས་ལྔའི་སྒོས་དབང་སྐབས་ཀྱི་ལག་ལེན་ཁ་སྐོང་ཟུར་བྱང༌། གཉིས་པ་རིན་འབྱུང་ཚེ་དཔག་མེད་ཀྱི་དབང་བསྐུར་ལ། དཀྱིལ་འཁོར་གཞུང་མཐུན་ནམ། ཚོམ་བུ་འཁོར་དྲུག་ཅུ་རྩ་བཞི་བཀོད་པའི་མཉྫའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན། གཞུང་མཐུན་སྐུ་ཙཀ །ཕྱག་མཚན་རིན་ཆེན། ཚེ་བུམ་སོགས་གོང་བཤད་ལྟར་ལ། རིན་འབྱུང་ཚེ་དཔག་མེད་ཀྱི་ལས་བྱང་གཏང་ལ། ཛཔ་ཁང་དབྱེ་བསྐུལ་བཅས། རིན་འབྱུང་ཚེ་དཔག་མེད་མགོན་སོགས་བསྙེན་སྒྲུབ་ལས་ཀྱི་བཟླས་པ་དང༌། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ཡོན་ཏན་རྡོ་རྗེ་རིན་འབྱུང་ཚེ་དཔག་མེད་ལ་རིན་ཆེན་ཌཱ་ཀི་དྲུག་ཅུ་རྩ་བཞིའི་ལྷ་ཚོགས་དང་བཅས་པ་སོགས་གཟུངས་ཐག་བླང་ལ་བསྙེན་སྒྲུབ་ལས་གསུམ་བཟླས་པ་དང༌། ལས་བུམ་མན་གོང་ལྟར་བཏང་བས་གྲུབ་བོ། ༈ གསུམ་པ་སྣང་མཐའ་ཚེ་དཔག་མེད་ཀྱི་དབང་བསྐུར་ལ། དཀྱིལ་འཁོར་གཞུང་མཐུན་ནམ། ཚོམ་བུ་འཁོར་བཅུ་དྲུག །ནུབ་ཏུ་སྒོ་བ་གཅིག །བུམ་པ། སྐུ་ཙཀ །ཕྱག་མཚན་པདྨ། ཚེ་བུམ་སོགས། སྣང་མཐའ་ཚེ་དཔག་མེད་ཀྱི་ལས་བྱང་གཏང་ལ། ཛཔ་ཁང་དབྱེ་བསྐུལ་བཅས། སྣང་མཐའི་ཐུགས་ཀར་སོགས་བསྙེན་སྒྲུབ་ལས་ཀྱི་བཟླས་པ་དང༌། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་གསུངས་རྡོ་རྗེ་སྣང་མཐའ་ཚེ་དཔག་མེད་ལ་པདྨ་ཌཱ་ཀི་བཅུ་དྲུག སྒོ་བ་རྟ་མཆོག་རྒྱལ་པོ་དང་བཅས་པ་སོགས་གཟུངས་ཐག་བླང་ལ་བསྙེན་སྒྲུབ་ལས་གསུམ་བཟླས་པ་དང༌། ལས་བུམ་མན་གོང་ལྟར་བཏང་བས་གྲུབ་བོ། ༈ བཞི་པ་དོན་གྲུབ་ཚེ་དཔག་མེད་ཀྱི་དབང་བསྐུར་ལ། དཀྱིལ་འཁོར་གཞུང་མཐུན་ནམ། ཚོམ་བུ་འཁོར་བདུན་བཅུ་རྩ་གཉིས། སྒོ་བཞིའི་མཚན་མ་བཀོད་པ། བུམ་པ། སྐུ་ཙཀ །ཕྱག་མཚན་རྒྱ་གྲམ། ཚེ་བུམ་སོགས་དང༌། དོན་གྲུབ་ཚེ་དཔག་མེད་ཀྱི་ལས་བྱང་གཏང་ལ། ཛཔ་ཁང་དབྱེ་བསྐུལ་བཅས། ཐུགས་ཀར་ཡེ་ཤེས་སེམས་དཔའ་སོགས་བསྙེན་སྒྲུབ་ལས་ཀྱི་བཟླས་པ་དང༌། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ཕྲིན་ལས་རྡོ་རྗེ་དོན་གྲུབ་ཚེ་དཔག་མེད་ལ་ལས་ཀྱི་ཌཱ་ཀི་བདུན་བཅུ་རྩ་གཉིས། སྒོ་བ་དབང་ཆེན་རིགས་བཞིའི་ལྷ་ཚོགས་དང་བཅས་པ་སོགས། གཟུངས་ཐག་བླང་ལ་བསྙེན་སྒྲུབ་ལས་གསུམ་བཟླས་པ་དང༌། ལས་བུམ་མན་གོང་ལྟར་བཏང་བས་གྲུབ་བོ། ༈ ལྔ་པ་མི་བསྐྱོད་ཚེ་དཔག་མེད་ཀྱི་དབང་བསྐུར་ལ། དཀྱིལ་འཁོར་གཞུང་མཐུན་ནམ། ཚོམ་བུ་འཁོར་བརྒྱད། སྒོ་བཞིའི་མཚན་མ་བཀོད་པ། བུམ་པ། སྐུ་ཙཀ །ཕྱག་མཚན་རྡོ་རྗེ། ཚེ་བུམ་སོགས་དང༌། མི་བསྐྱོད་ཚེ་དཔག་མེད་ཀྱི་ལས་བྱང་གཏང་ལ། ཛཔ་ཁང་དབྱེ་བསྐུལ་བཅས། ཚེ་བདག་ཐུགས་ཀར་སོགས་བསྙེན་སྒྲུབ་ལས་ཀྱི་བཟླས་པ་དང༌། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ཐུགས་རྡོ་རྗེ་མི་བསྐྱོད་ཚེ་དཔག་མེད་ལ་རྡོ་རྗེ་ཌཱ་ཀི་བརྒྱད་དང༌། སྒོ་བ་དབང་ཆེན་རིགས་བཞིའི་ལྷ་ཚོགས་དང་བཅས་པ་སོགས། གཟུངས་ཐག་བླང་ལ་བསྙེན་སྒྲུབ་ལས་གསུམ་བཟླས་པ་དང༌། ལས་བུམ་མན་གོང་ལྟར་བཏང་བས་གྲུབ་བོ།། །།

Footnotes

Other Information