JKCL-KABUM-11-DA-031

From Khyentse Lineage - A Tsadra Foundation Project
Revision as of 15:05, 12 January 2022 by Mort (talk | contribs)

Wylie title JKCL-KABUM-11-DA-031.pdf
Location chos kyi blo gros bka' 'bum
Volume 11, Text 31, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: . Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod

1 Texts in this Section (sde tshan or chos tshan)

[edit]
རྒྱལ་ཆེན་རྣམ་སྲས་ལ་བསྟོད་པ་སེང་ཆེན་འགྱིང་གླུ་ཞེས་བྱ་བ་བཞུགས་སོ། །བཻ། རྒྱལ་བ་ཀུན་གྱི་ཡོན་ཏན་ནོར་བུའི་གཏེར། །གཅིག་ཏུ་སྤུངས་པའི་སེམས་དཔའ་རིན་ཆེན་མང་། །གནོད་སྦྱིན་བྱེ་བ་འབུམ་གྱི་སྡེ་དཔོན་ཆེ། །ངལ་བསོས་པོ་ཞེས་ས་བརྒྱད་སེམས་དཔར་བསྟོད། །གསེར་གྱི་ཡ་ལད་བགོས་པའི་གཟི་བརྗིད་ནི། །ཉི་མ་སྟོང་གིས་འཁྱུད་པ་ཇི་བཞིན་དུ། །ལྷ་མིན་གཡུལ་བཟློག་ལྷ་རྣམས་རྒྱལ་བར་མཛད། །བྱང་ཕྱོགས་སྐྱོང་མཛད་མགོན་པོ་ཁྱོད་ལ་བསྟོད། །གཏེར་གྱི་ཁང་བཟང་དུ་མས་རབ་བསྐོར་ཞིང་། །རྟ་བདག་ཆེན་པོ་བརྒྱད་དང་གནོད་སྦྱིན་ཚོགས། །བྱེ་བ་འབུམ་ཕྲག་མང་པོའི་དབུས་ན་མཐོ། །ཕོ་བྲང་གསེར་གྱི་རྒྱལ་མཚན་བདག་པོར་བསྟོད། །སྐུ་གསུང་ཐུགས་གྱི་རྣམ་འཕྲུལ་དུ་མ་ཡིས། །ལས་བཞིའི་དངོས་གྲུབ་འབད་མེད་ལྷུན་གྱིས་གྲུབ། །ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ་པའི་བདག །དབུལ་བའི་གདུང་སེལ་རྒྱལ་ཆེན་ཁྱོད་ལ་བསྟོད། །སྐུ་མདོག་གཙོ་མ་གསེར་གྱི་མདོག་འཆང་ཞིང་། །གདོང་ལྔའི་སྟེང་ན་རྣམ་པར་རོལ་པའི་སྟབས། །ནོར་བུའི་རྒྱལ་མཚན་སྟུག་པོའི་སྤྲིན་ཆེན་ལས། །དགོས་འདོད་ལོངས་སྤྱོད་ཆར་པ་འབེབས་ལ་བསྟོད། །པདྨ་རཱ་གའི་མདོག་འཆང་འོད་དམར་གྱི། །ལྕགས་ཀྱུ་རྣོན་པོས་ཕྱག་རྒྱས་ཐེབས་པ་ན། །ཁབ་ལེན་རྡོ་ཡི་ལྕགས་ཕྱེ་ཇི་བཞིན་དུ། །སྲིད་གསུམ་དབང་མཛད་མདུང་དམར་ཅན་ལ་བསྟོད། །རབ་སྔོན་བཻཌཱུར་སྔོན་པོའི་མདངས་ལྡན་ཞིང་། །ཅང་ཤེས་རྟ་ཡི་སྟེང་ན་གཏུམ་དྲག་བརྗིད། །རྡོ་རྗེའི་རལ་གྲིས་བཏབ་པ་དེ་ཡི་མོད། །སྲིད་གསུམ་བདུད་དགྲ་གདོན་བགེགས་དུམ་བུར་གཏུབ། །མི་བཟད་འཇིགས་རུང་གནོད་སྦྱིན་ཁྲོས་པར་བསྟོད། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །མགོན་པོ་ཁྱེད་ཀྱི་ཤཱཀྱ་སེངྒེ་དང་། །ཕྱག་རྡོར་སྤྱན་སྔར་ཇི་ལྟར་དམ་བཅས་བཞིན། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པར་མཛོད། །དེ་ལ་འཁུ་བའི་ཡིད་སྲུབས་སྡེར་བཅས་རྣམས། །གང་གི་ཐུགས་རྗེས་འཇུག་པ་དེ་ཡི་མོད། །མིང་ཙམ་མེད་པ་དབྱིངས་སུ་བསྒྲལ་བ་དང་། །བསྟན་འཛིན་སྐྱེས་རྣམས་དབུ་འཕང་དགུང་དུ་བསྟོད། །ཆོས་ལྡན་རྒྱལ་བློན་ཁྱིམ་བདག་མངའ་ཐང་རྒྱས། །སྒྲུབ་པོ་བདག་ཅག་ནད་གདོན་བར་ཆད་ཞི། །ཚེ་ཆོས་བསོད་ནམས་དཔལ་འབྱོར་རབ་རྒྱས་ནས། །ཅི་བསམ་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །འཇིག་རྟེན་གསུམ་ན་སྲིད་ཞིའི་དཔལ་གྱིས་མཐོ། །རྫོགས་ལྡན་དང་པོའི་དགའ་སྟོན་མཆོག་ཏུ་དར། །ཕུན་ཚོགས་དགེ་ལེགས་གྲུབ་པའི་ཤིས་པ་ཡིས། །མི་ཉམས་རྟག་པར་འཕེལ་བའི་ཕྲིན་ལས་མཛོད། །ཅེས་པའང་ས་ཕོ་བྱི་བའི་ལོར་གཡང་སྒྲུབ་སྐབས་དབོ་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོའི་ཚེས་ལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བསྟོད་ཅིང་སྨོན་པ་སྲིད་ཞིའི་ཕུན་ཚོགས་འབད་མེད་ངང་གི་འདུ་བའི་རྒྱུར་གྱུར་ཅིག །སརྦ་དྭ་ཀ་ལྱཱ་ཛཾ་པུ་ཤྲ་ཡེ་དྷ་བ་ཏུ།། །།
[edit]

rgyal chen rnam sras la bstod pa seng chen 'gying glu zhes bya ba bzhugs so/__/bai/__rgyal ba kun gyi yon tan nor bu'i gter/__/gcig tu spungs pa'i sems dpa' rin chen mang /__/gnod sbyin bye ba 'bum gyi sde dpon che/__/ngal bsos po zhes sa brgyad sems dpar bstod/__/gser gyi ya lad bgos pa'i gzi brjid ni/__/nyi ma stong gis 'khyud pa ji bzhin du/__/lha min g.yul bzlog lha rnams rgyal bar mdzad/__/byang phyogs skyong mdzad mgon po khyod la bstod/__/gter gyi khang bzang du mas rab bskor zhing /__/rta bdag chen po brgyad dang gnod sbyin tshogs/__/bye ba 'bum phrag mang po'i dbus na mtho/__/pho brang gser gyi rgyal mtshan bdag por bstod/__/sku gsung thugs gyi rnam 'phrul du ma yis/__/las bzhi'i dngos grub 'bad med lhun gyis grub/__/yon tan phrin las bsam mi khyab pa'i bdag__/dbul ba'i gdung sel rgyal chen khyod la bstod/__/sku mdog gtso ma gser gyi mdog 'chang zhing /__/gdong lnga'i steng na rnam par rol pa'i stabs/__/nor bu'i rgyal mtshan stug po'i sprin chen las/__/dgos 'dod longs spyod char pa 'bebs la bstod/__/pad+ma rA ga'i mdog 'chang 'od dmar gyi/__/lcags kyu rnon pos phyag rgyas thebs pa na/__/khab len rdo yi lcags phye ji bzhin du/__/srid gsum dbang mdzad mdung dmar can la bstod/__/rab sngon baiDUr sngon po'i mdangs ldan zhing /__/cang shes rta yi steng na gtum drag brjid/__/rdo rje'i ral gris btab pa de yi mod/__/srid gsum bdud dgra gdon bgegs dum bur gtub/__/mi bzad 'jigs rung gnod sbyin khros par bstod/__/de ltar bstod cing gsol ba btab pa'i mthus/__/mgon po khyed kyi shAkya seng+ge dang /__/phyag rdor spyan sngar ji ltar dam bcas bzhin/__/bstan pa rin chen phyogs bcur rgyas par mdzod/__/de la 'khu ba'i yid srubs sder bcas rnams/__/gang gi thugs rjes 'jug pa de yi mod/__/ming tsam med pa dbyings su bsgral ba dang /__/bstan 'dzin skyes rnams dbu 'phang dgung du bstod/__/chos ldan rgyal blon khyim bdag mnga' thang rgyas/__/sgrub po bdag cag nad gdon bar chad zhi/__/tshe chos bsod nams dpal 'byor rab rgyas nas/__/ci bsam 'bad med lhun gyis grub par mdzod/__/'jig rten gsum na srid zhi'i dpal gyis mtho/__/rdzogs ldan dang po'i dga' ston mchog tu dar/__/phun tshogs dge legs grub pa'i shis pa yis/__/mi nyams rtag par 'phel ba'i phrin las mdzod/__/ces pa'ang sa pho byi ba'i lor g.yang sgrub skabs dbo zla ba'i dkar phyogs kyi bzang po dang po'i tshes la 'jam dbyangs chos kyi blo gros pas bstod cing smon pa srid zhi'i phun tshogs 'bad med ngang gi 'du ba'i rgyur gyur cig__/sarba dwa ka l+yA dzaM pu shra ye d+ha ba tu//__//

Footnotes

Other Information