ཁྱུང་ཆེན་དཔལ་རྫོང་གི་གནས་གཏེར་སྲུངས་མའི་མཆོད་བྱང་༔

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-032
Wylie title khyung chen dpal rdzong gi gnas gter srungs ma'i mchod byang JKCL-KABUM-11-DA-032.pdf
Location chos kyi blo gros bka' 'bum
Volume 11, Text 32, Pages 155-157 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. khyung chen dpal rdzong gi gnas gter srungs ma'i mchod byang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 155-157. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Colophon

ཁྱུང་ཆེན་དཔལ་རྫོང་གི་སྲུངས་མའི་མཆོད་བྱང་འདིའང་བླ་མ་ཚེ་དབང་རྡོ་རྗེ། འཚོ་བྱེད་ཚེ་རིང་ཕུན་ཚོགས། ཚེ་བརྟན་རྣམས་ཀྱིས་བསྐུལ་ངོར་པདྨ་ཡེ་ཤེས་རྡོ་རྗེས་རིག་དབྱིངས་ནས་གང་ཤར་ཐོན་པ་སུག་བྲིས་སུ་སྤེལ་བ་དགེའོ༔ བཀྲ་ཤིས་སོ།། །།

khyung chen dpal rdzong gi srungs ma'i mchod byang 'di'ang bla ma tshe dbang rdo rje/__'tsho byed tshe ring phun tshogs/__tshe brtan rnams kyis bskul ngor pad+ma ye shes rdo rjes rig dbyings nas gang shar thon pa sug bris su spel ba dge'o:__bkra shis so//__//

1 Texts in this Section (sde tshan or chos tshan)

[edit]
ཁྱུང་ཆེན་དཔལ་རྫོང་གི་གནས་གཏེར་སྲུངས་མའི་མཆོད་བྱང་བཞུགས༔ གནས་གཏེར་སྲུངས་མ་གཉན་པོ་ནི༔ མཆོད་པར་འདོད་པས་གཏོར་མ་དང་༔ སྐྱེམས་ཕུད་གཙང་མ་བཤམས་བྱས་ལ༔ བདག་ཉིད་ལྷ་ཡི་ས་མ་ཏིར༔ གནས་པས་རོལ་མོ་དབྱངས་དང་བཅས༔ ཨོཾ་ཨཱཿཧཱུྃ༔ གཏོར་མ་འདོད་རྒུའི་གཏེར་ཆེན་པོ༔ ཟད་མི་ཤེས་པའི་གཏེར་དུ་གྱུར༔ ནམ་མཁའ་མཛོད་ཀྱིས་སྔགས་རྒྱས་བརླབ༔ ཧཱུྃ་ཧྲཱི༔ སྔོན་ཚེ་ཀ་དག་རྡོ་རྗེའི་ཞིང་༔ འོག་མིན་གསང་མཆོག་ཕོ་བྲང་ཆེར༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀས༔ དྲེགས་པའི་ཁྱུང་ཆེན་བཏུལ་པ་ན༔ དམ་ལ་བཏགས་ཤིང་སྲུངས་མར་བསྐོས༔ བཀའ་རྟགས་རྡོ་རྗེ་གཙུག་ཏུ་འཆང་༔ དམ་ཚིག་རྡོ་རྗེའི་ཆུ་ནན་ནི༔ ལྕེ་ལ་བཞག་ཅིང་སྙིང་ལ་བསྟིམ༔ ཡེ་ཤེས་སེམས་དཔར་བྱིན་བརླབ་པས༔ དཔལ་ཆེན་པོ་དང་གཉིས་མེད་བསྒྲུབས༔ རྡོ་རྗེ་སྲིན་པོ་མ་ནིང་ནག༔ ཞིང་སྐྱོང་མགོན་པོ་ཨ་སྒོ་ར༔ དཔལ་ལྡན་རྡོ་རྗེ་ནམ་གྲུ་མ༔ ལས་ཀྱི་ཕོ་ཉ་གཤོག་རྒོད་མ༔ དྲང་སྲོང་ཆེན་པོ་ར་ཧཱུ་ལ༔ གནས་སྲུང་རྡོ་རྗེ་ཐིག་ལེ་རྩལ༔ ཀླུ་སྨན་རྒྱལ་མོ་མཆེད་ལྔ་དང་༔ སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ༔ སྐྱེས་བུ་གནམ་ཐེལ་དཀར་པོ་སོགས༔ རང་རང་སྲས་ཡུམ་བྲན་གཡོག་རྣམས༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ གཙང་སྦྱར་གསེར་སྐྱེམས་བདུད་རྩི་དང་༔ རོ་ལྡན་སྦྱར་བའི་གཏོར་མ་ཆེ༔ ཉམ་པའི་ཤ་ཁྲག་རུས་གསུམ་གྱི༔ གཏོར་མ་ཟག་མེད་བདུད་རྩི་ཡི༔ མ་མགོན་ལྕམ་དྲལ་འཁོར་བཅས་མཆོད༔ དཀར་མངར་གཏོར་མ་འོ་བསྐོལ་སོགས༔ གཙང་སྦྱར་འདོད་ཡོན་མཆོད་པ་ཆེས༔ ཀླུ་སྨན་རྒྱལ་མོ་སྤུན་ལྔ་དང་༔ སྨན་བཙུན་ཆེན་མོ་འཁོར་བཅས་མཆོད༔ བསང་ཕྱི་འབྲས་ཀྱི་བཤོས་བུ་དང་༔ སྦ་གླིང་རྔ་རོལ་དུང་ཆེན་དང་༔ སྟག་གཟིག་གོས་དར་གོས་ཁྲབ་སོགས༔ འདོད་ཡོན་སྤྱན་གཟིགས་སྣ་ཚོགས་པས༔ གནམ་ཐེལ་དཀར་པོ་འཁོར་བཅས་མཆོད༔ ཁྱེད་རྣམས་དགྱེས་པ་བསྐྱེད་པའི་རྫས༔ འཇིག་རྟེན་འདི་ན་ཅི་མཆིས་པ༔ ལྷ་མིའི་ལོངས་སྤྱོད་མཐའ་ཡས་ཀྱིས༔ དབང་པོ་དྲུག་ལ་དགྱེས་རྒུར་སྟོབས༔ ཐུགས་དང་འགལ་བའི་ཉེས་པ་ཀུན༔ མཐོལ་ལོ་བཤགས་སོ་བཟོད་པར་བཞེས༔ ཐུགས་དམ་གཉན་པོ་དགྱེས་པར་བསྐང་༔ བསྐང་ངོ་གནས་གཏེར་སྲུང་མའི་ཚོགས༔ རང་རང་མཐུན་པའི་དམ་རྫས་དང་༔ རྟེན་བསྐང་སྒྲུབ་པའི་རྫས་དག་གི༔ ཁྱུང་ཆེན་དཔལ་གྱི་རྫོངས་ཕུག་ཏུ༔ པདྨ་འབྱུང་གནས་བཀའ་བསྒོས་པའི༔ རྒྱུད་གསུམ་དམ་ཅན་དྲེགས་ཚོགས་ཀྱིས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཇི་ལྟར་བཅོལ་པའི་ལས་སྒྲུབ་ཤིག༔ གཞི་བྱེས་ཉིན་དང་མཚན་མོ་རུ༔ སྲུངས་སྐྱོབས་སྡོང་གྲོགས་མི་གཡེལ་བར༔ ཟབ་གཏེར་བསྟན་པ་རྒྱས་པ་དང་༔ དུས་བབ་ཆོས་བདག་སྐྱེས་བུ་ཡི༔ ཕྱག་ཏུ་སྤྲོད་ཅིང་དམ་མེད་ལ༔ མ་ཤོར་གཉེར་དུ་གཏད་པ་ཡི༔ ཐ་ཚིག་བསྒོ་བ་དྲན་པར་མཛོད༔ བསྟན་ལ་ལོག་པར་ཞུགས་པ་ཡི༔ ལྟ་སྤྱོད་ངན་འཆང་དབང་པོ་བསྣུབ༔ དམ་ལྡན་བུ་བཞིན་བསྐྱངས་བ་དང་༔ འཇིག་རྟེན་བདེ་བའི་ཕྲིན་ལས་མཛོད༔ ཀླ་ཀློའི་སྡེ་རིས་ཀུན་བཅོམ་ཞིང་༔ ཕྱོགས་ལས་རྣམ་རྒྱལ་བ་དན་སྒྲེངས༔ རྒྱལ་བསྟན་སྤྱི་དང་པདྨ་ཡི༔ རིང་ལུགས་ཕྱོགས་བརྒྱར་འཕེལ་བར་མཛོད༔ ནད་གདོན་ཀུན་ཞི་ཚེ་བསོད་རྒྱས༔ ཁམས་གསུམ་འགྲོ་བ་དབང་དུ་བསྡུས༔ དྲག་པོའི་ལས་ཆེན་མཐར་ཕྱིན་ཏེ༔ མཆོག་དངོས་འགྲུབ་པའི་ཕྲིན་ལས་མཛོད༔ ཅེས་བརྗོད་མཆོད་གཏོར་གཙང་སར་གཤེགས༔ དེ་ལྟར་བརྩོན་པས་སྲུང་མ་འགོ༔ བདུད་དགྲ་ཐལ་བར་བརླག་པ་དང་༔ རྣལ་འབྱོར་བུ་བཞིན་སྲུངས་ཤིང་སྐྱོབས༔ ཅི་བསམ་དོན་རྣམས་འགྲུབ་པར་འགྱུར༔ ས་མ་ཡ༔ ཁྱུང་ཆེན་དཔལ་རྫོང་གི་སྲུངས་མའི་མཆོད་བྱང་འདིའང་བླ་མ་ཚེ་དབང་རྡོ་རྗེ། འཚོ་བྱེད་ཚེ་རིང་ཕུན་ཚོགས། ཚེ་བརྟན་རྣམས་ཀྱིས་བསྐུལ་ངོར་པདྨ་ཡེ་ཤེས་རྡོ་རྗེས་རིག་དབྱིངས་ནས་གང་ཤར་ཐོན་པ་སུག་བྲིས་སུ་སྤེལ་བ་དགེའོ༔ བཀྲ་ཤིས་སོ།། །།

Footnotes

Other Information