JKCL-KABUM-08-NYA-013

From Khyentse Lineage - A Tsadra Foundation Project
Revision as of 18:08, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-08-NYA-013.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "nya"., Text 13, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "NYA" is not a number.

10 Texts in this Section (sde tshan or chos tshan)

9
566-567
ཀྱེ་ཧོ། བུ་རྟག་པར་བླ་མ་དྲན་པ་དང་ཞེས་སོགས།
kye ho/ bu rtag par bla ma dran pa dang zhes sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
8
565-566
ངེས་དོན་ཕྱག་རྒྱ་ཆེན་པོའི་རྟོགས་པ་མ་འཁྲུལ་བར་བརྗོད་པ་ངེས་དོན་ལམ་བཟང་།
nges don phyag rgya chen po'i rtogs pa ma 'khrul bar brjod pa nges don lam bzang
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
549-567
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལམ་རིམ་དང་རྗེས་སུ་འབྲེལ་བའི་གླུ་ཤྲཱི་ཡ་མཱནྟ་ཀ་དགྱེས་པའི་མཆོད་སྤྲིན་སོགས།
dpal rdo rje 'jigs byed kyi lam rim dang rjes su 'brel ba'i glu shrI ya mAn+ta ka dgyes pa'i mchod sprin sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
1
549-555
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལམ་རིམ་དང་རྗེས་སུ་འབྲེལ་བའི་གླུ་ཤྲཱི་ཡ་མཱནྟ་ཀ་དགྱེས་པའི་མཆོད་སྤྲིན།
dpal rdo rje 'jigs byed kyi lam rim dang rjes su 'brel ba'i glu shrI ya mAn+ta ka dgyes pa'i mchod sprin
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
5
559-562
བདེ་བ་ཆེན་པོའི་རྟོགས་བརྗོད་རྡོ་རྗེའི་རོལ་མོ།
bde ba chen po'i rtogs brjod rdo rje'i rol mo
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
7
563-565
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཞེས་སོགས།
ma nam mkha' dang mnyam pa'i sems can thams cad kyi zhes sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
3
557
སྟོན་ཀའི་རི་བོང་འཛིན་པའི་དཀྱིལ་འཁོར་ཡང་ཞེས་སོགས།
ston ka'i ri bong 'dzin pa'i dkyil 'khor yang zhes sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
6
563
ཨ་ཧོཿ དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། ཞེས་སོགས།
a hoH dngos kun dngos po gcig gi ngo bo nyid zhes sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
4
557-559
ཨེ་མ་ཌཱ་ཀི་ཀི་རི་ནི་རི་མ་ཧཱ་སུ་ཁ་པདྨ་བྷནྫ་མོ་ཀྵ་གི་རྟི་ཨ་ཧོཿཡེ། ཞེས་སོགས།
e ma DA ki ki ri ni ri ma hA su kha pad+ma b+han+dza mo k+Sha gi rti a hoH ye/ zhes sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
2
555-557
ཨོཾ་སྭ་སྟི། ལྷར་བཅས་སྲིད་ཞིའི་གཙུག་ཏོར་ནོར་བུའི་རྩེར་སོགས།
oM swa sti/ lhar bcas srid zhi'i gtsug tor nor bu'i rtser sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]

"NYA" is not a number.

[edit]
༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལམ་རིམ་དང་རྗེས་སུ་འབྲེལ་བའི་གླུ་ཤྲཱི་ཡ་མཱནྟ་ཀ་དགྱེས་པའི་མཆོད་སྤྲིན་ཅེས་བྱ་བ་བཞུགས་སོ། ། ཨ་ཧོ་ཡེ། འཇམ་དཔལ་ཁྲོས་པ་རྭ་ཆེན་ལོ་ཙཱ་ཡི་ཐུགས་བཅུད། །ཟུང་འཇུག་གྲུབ་པའི་རྒྱལ་ཐབ་མངོན་སུམ་དུ་སྟེར་མཁས། །བཀའ་དྲིན་མཚུངས་མེད་བློ་གསལ་རྒྱ་མཚོ་ཡི་སྐུ་དྲིན། །ཡང་ཡང་བསམ་ཀྱིན་དད་པའི་སྙིང་དབུས་སུ་བཀོད་དོ། །ངེས་འབྱུང་ལམ་གྱི་གཞི་བཅས་དབང་བཞི་ཡིས་སྨིན་ཅིང་། །སྡོམ་དང་དམ་ཚིག་ལམ་གྱི་རྩ་བ་རུ་བཟུང་ནས། །སྐྱབས་སེམས་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའ་ཡི་བསྒོམ་བཟླས། །བླ་མའི་རྣལ་འབྱོར་བྱིན་རླབས་དངོས་གྲུབ་ཀྱི་མཐར་ཐུག། ལྷན་སྐྱེས་ཡེ་ཤེས་ཉི་མ་སྙིང་དབུས་སུ་འཆར་བས། །སྒྲིབ་གསུམ་མུན་པའི་རྐྱེན་རྣམས་རང་གྲོལ་དུ་སོང་ངོ་། །སྔོན་འགྲོ་ཚོགས་བསགས་སྐུ་གཉིས་འགྲུབ་བྱེད་ཀྱི་ཐབས་ཆེན། །སྲུང་འཁོར་གཞལ་ཡས་སྣོད་ཀྱི་དངོས་འཛིན་ཀུན་སྦྱོངས་བྱེད། །དགའ་བ་གསུམ་གྱི་རྣལ་འབྱོར་ཉམས་འོག་ཏུ་ཆུད་ཅིང་། །རང་བྱུང་རྒྱུ་ཡི་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ཅན། །འབར་འཕྲོ་བསྡུ་བའི་ཆོ་འཕྲུལ་ཆེན་པོ་ཡི་གནས་གྱུར། །རབ་ཁྲོས་འཇིགས་མཛད་ཕྱི་ནང་བསྐྱེད་པ་ཡི་རིམ་པས། །སྲིད་པ་གསུམ་སྦྱོངས་སྣོད་བཅུད་ཕུང་ཁམས་ནི་ལྷར་སྣང་། །བཞད་པའི་ང་རོ་ཧཱུྃ་གི་གླུ་དབྱངས་ཀྱི་བསྡུས་ཤིང་། །སྦྱོང་གཞི་སྦྱོང་བྱེད་སྦྱོང་འབྲས་ངེས་ཤེས་ནི་བརྟན་པོས། །གཞི་ལམ་འབྲས་གསུམ་དབྱེར་མེད་ཉམས་ལེན་འདི་ཨ་ཧོ། །སྐུ་དབྱིབས་སྟོང་ཆེན་དངོས་བཟུང་མཚན་འཛིན་དང་བྲལ་ཞིང་། །ཐབས་ཤེས་རྭ་རྩེར་ཐིག་ལེ་སྤྲོ་བསྡུ་དང་འབེབ་བཟློག། མ་འགགས་རྩལ་སྦྱང་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ལས། །སྐུ་ཡི་རྡོ་རྗེ་སྤྲུལ་སྐུ་ལམ་བྱེད་འདི་ཨ་ཧོ། །ལུས་གནད་མི་གཡོ་རྡོ་རྗེའི་བཟླས་པ་ཡི་ངག་སྦྱོངས། །ཡིད་གནད་རླུང་ལྔའི་དམིགས་པ་ཁ་སྦྱོར་དུ་བསྒོམ་པས། །ལས་རླུང་ཟད་ཅིང་ཡེ་རླུང་སྟོབས་སུ་ནི་གྱུར་པས། །རོ་རྐྱང་དབུ་མར་ཚུད་དང་ཉམས་གསུམ་ནི་མཐར་ཕྱིན། །སྣོད་བཅུད་འཇིགས་བྱེད་རིགས་ལྔའི་དཀྱིལ་འཁོར་དུ་འཆར་དང་། །ལས་བཞིའི་ཕྲིན་ལས་གང་བརྩམ་ཐོགས་མེད་དུ་འགྲུབ་ཅིང་། །སྐུ་ལྔ་མངོན་དུ་གྱུར་པའི་ཐབས་མཆོག་འདི་ཨ་ཧོ། །ལུས་གནས་རྩ་ཡི་དྲ་མིག་རྒྱ་ཆིངས་ནི་དཀྲོལ་བས། །དྷུ་ཏིའི་མདུད་པ་རང་གྲོལ་རླུང་སེམས་ནི་དེར་ཞུགས། །རྟགས་དང་རྟགས་ཅན་འོད་གསལ་འཁོར་ཡུག་ཏུ་འབྱམས་ཀླས། །རྩ་གསུམ་ཁ་སྦྱོར་སྐུ་གསུམ་ཙཎྜ་ལཱི་འབར་དང་། །ཧྃ་ཡིག་ཞུ་བའི་བདུད་རྩི་འཁོར་ལོ་ལྔར་ཁྱབ་པས། །ལུས་སེམས་ཟག་མེད་བདེ་ཆེན་ཡེ་ཤེས་ཀྱིས་མྱོས་པའི། །བདེ་སྟོང་ཟུང་འཇུག་བདུད་རྩིའི་འགྲམ་ཆང་འདི་ཨ་ཧོ། །ཕྱག་མཚན་ས་བོན་མེ་ལྕེས་ཉོན་མོངས་ནི་བསྲེགས་ཤིང་། །ཐིག་ལེ་དམར་ནག་སྣང་སྲིད་མེ་འོད་དུ་རང་འབར། །རྭ་རྩེའི་རྣལ་འབྱོར་བདག་བྱིན་བརླབས་པ་ཡི་གཏུམ་མོ། །གསུང་གི་རྡོ་རྗེ་ལོངས་སྐུ་འགྲུབ་བྱེད་འདི་ཨ་ཧོ། །ཡེ་ཤེས་ལས་ཀྱི་ཕྱག་རྒྱའི་ཉེ་རྒྱུ་ལ་བརྟེན་ནས། །འདུ་ཤེས་གསུམ་གྱི་གསལ་སྣང་བརྟན་པོ་དང་ལྡན་པས། །ལུས་དཀྱིལ་ལྷ་རྣམས་དགའ་བཞིའི་སྙོམས་པར་ནི་ཞུགས་པས། །ཞུ་བདེ་ལྷན་སྐྱེས་ཡེ་ཤེས་འདྲེན་པ་ལ་དབང་ཐོབ། །དྲོད་ཐོབ་དངོས་རིག་པད་ཅན་ཕྱག་རྒྱ་ལ་རོལ་པས། །ཟག་མེད་བདེ་ཆེན་རྡོ་རྗེའི་ལམ་མཆོག་དེ་སྒྲུབ་པས། །ཐུགས་ཀྱི་རྡོ་རྗེ་ཆོས་སྐུ་འགྲུབ་བྱེད་འདི་ཨ་ཧོ། །གཙུག་ཏོར་ནམ་མཁའི་འཁོར་ལོ་དབུ་མ་ཡི་སྤྱན་གྱི། །འཁོར་ལོས་སྒྱུར་བ་ཆེན་པོས་ལྟ་སྟངས་ནི་གཡོ་མེད། །དུས་གསུམ་རྣམ་པར་རྟོག་པའི་ཡིད་བྱེད་དང་བྲལ་བ། །གཞོམ་མེད་ཐིག་ལེ་ཆེན་པོར་འོད་སྐུ་ཡི་བརྒྱན་པ། །ལས་དང་ཉོན་མོངས་འཁྲུལ་པའི་སྣང་ཆ་ལས་འདས་པའི། །གཡོ་མེད་རྡུལ་དང་བྲལ་བའི་འོད་གསལ་གྱི་རྟགས་སྣང་། །ཆོས་སྐུ་མཚོན་པར་བྱེད་པའི་ཟབ་ལམ་གྱི་མཐར་ཐུག། གོམ་པ་མཆོག་ཏུ་བརྟན་པས་མཚོན་བྱ་ཡི་གནས་ལུགས། །རང་བྱུང་དོན་གྱི་ཡེ་ཤེས་མངོན་སུམ་དུ་གྱུར་ནས། །སྐུ་གསུམ་དབྱེར་མེད་ཡེ་ཤེས་རྡོ་རྗེ་ཡི་གསེང་ལམ། །ངོ་བོ་ཉིད་སྐུ་ཚེ་འདིར་མངོན་བྱེད་འདི་ཨ་ཧོ། །མཚན་མོ་རྒྱུ་བ་ཀུན་འདར་གསང་མངོན་གྱི་སྤྱོད་པ། །གོམས་པ་རབ་བརྟན་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས། །ལམ་གྱི་བོག་འདོན་རྡོ་རྗེའི་གནས་ཡུལ་རྣམས་བགྲོད་ནས། །དཔའ་བོ་ཌཱ་ཀིའི་ཚོགས་དང་དགྱེས་པར་ནི་རོལ་ཏེ། །རྡོ་རྗེ་འཛིན་པའི་ས་མཆོག་བརྙེས་པ་དེ་ཨ་ཧོ། །དེ་སྐད་རྣལ་འབྱོར་ཆེན་པོ་བླ་མེད་ནི་ཕ་རྒྱུད། །འབུམ་ཕྲག་དུ་མའི་ཡང་སྙིང་གཤེད་སྐོར་གྱི་རྒྱུད་ལས། །བཛྲ་བྷཻ་རའི་རྒྱུད་སྡེ་རྟོག་པ་ནི་བདུན་པ། །ཡེ་ཤེས་ཌཱ་ཀིའི་ཞལ་ལུང་རྡོ་རྗེ་ཡི་ཚིག་རྐང་། །དུས་དགྲའི་དབང་པའི་ཟབ་ལམ་སྙན་བརྒྱུད་འདི་ཨ་ཧོ། །མཁས་རློམ་རྟོག་གེའི་རྣ་བའི་བུ་ག་རུ་མ་སོན། །མཁའ་འགྲོའི་ཐུགས་ཁྲག་རྭ་ཆེན་ཞལ་སྒོ་ནས་སྐྱུགས་ཤིང་། །ཚར་པ་ཆོས་རྗེའི་ཐུགས་ཀྱི་ཐིག་ལེ་རུ་བསྟིམ་པ། །འཇམ་དཔལ་ཁྲོས་པ་མཁྱེན་བརྩེ་དབང་ཕྱུག་གི་བླངས་ནས། །རིམ་བརྒྱུད་རྡོ་རྗེའི་རྒྱ་བཀྲོལ་གསང་མཛོད་འདི་ཨ་ཧོ། །ཕ་རྒན་ཚར་ཆེན་ཡབ་སྲས་བྱིན་བརླབས་ཀྱི་མཐུ་ལས། །བློ་གྲོས་བློ་ཡི་ཀུ་མུད་རྒྱས་བྱེད་དུ་གྱུར་ཏོ། །རིང་ནས་འཆི་བདག་གཤིན་རྗེའི་མཆེ་ཕྲག་ཏུ་བཟུང་བའི། །བུ་ཧྲུལ་སེམས་ཀྱི་གྲོང་ཁྱེར་འཇིགས་བྱེད་ཀྱི་ཁྲོ་བོས། །སྐུ་གསུམ་ཡེ་ཤེས་ཡོན་ཏན་འཛད་མེད་ཀྱི་ནོར་བུས། །མཛེ༵ས་པར་བརྒྱན་པའི་གཞལ་མེད་ཁང་ཆེན་དུ་བསྒྱུར་སོང་། །ཀུན་ལས་ཁྱད་འཕགས་རིམ་གཉིས་ཟབ་མོ་ཡི་གསེང་ལམ། །མྱུར་དུ་བགྲོད་པའི་སྐལ་བཟང་མཆོག་ཏུ་ནི་གྱུར་ནས། །ཚེ་འདིའམ་ནི་བར་དོར་བླ་མ་དང་འཇམ་དབྱངས། །དབྱེར་མེད་ཞེ་སྡང་གཤིན་རྗེའི་གཤེད་པོ་རུ་བྱང་ཆུབ། །མཐའ་ཡས་གཤིན་རྗེའི་གྲོང་ཁྱེར་ཡེ་ཤེས་ཀྱི་མེས་བསྲེག། དངོས་མེད་ནམ་མཁའ་ལྟ་བུར་ཐུགས་རྗེ་ཡི་རང་གཟུགས། །ཡེ་ཤེས་སྒྱུ་མའི་སྐུ་མཆོག་ཇི་སྲིད་དུ་སྣང་བས། །འགྲོ་དོན་རྒྱུན་མི་ཆད་པའི་སྨོན་ལམ་ཞིག་ཞུ་ན། །མཆོག་དངོས་མྱུར་དུ་འགྲུབ་པའི་བྱིན་བརླབས་རང་སྩོལ་ཅིག། ཅེས་པའང་བཀྲ་ཤིས་ཐ་སྐར་གྱི་ཉ་བའི་ཟླ་བར་སྒ་སྟོན་ཆོས་རྗེ་འཇམ་དཔལ་ཁྲོས་པའི་ཞལ་སྔ་ནས་རྭ་ཁྲིད་མཁའ་འགྲོའི་སྙན་བརྒྱུད་ཀྱི་ཁྲིད་རིམ་ཟབ་མོས་རྒྱུད་སྨིན་པའི་སྐབས་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གང་ཤར་གླུར་བླངས་པས་སིདྡྷི་རསྟུ། །སརྦ་ཛ་ག་ཏཾ།། །། ༈ ཨོཾ་སྭསྟི། ལྷར་བཅས་སྲིད་ཞིའི་གཙུག་ཏོར་ནོར་བུའི་རྩེར། །ཞབས་སེན་པདྨ་དམར་པོ་བཀོད་མཛད་པ། །ཐུབ་དབང་ལྷ་ཡི་ལྷར་གྱུར་ཟས་གཙང་སྲས། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་བགྱིའོ། །མཁྱེན་རབ་མཐའ་ཡས་འོད་ཀྱི་གོང་བུར་འཁྱིལ། །ཐུན་མཚམས་སྤྲིན་གྱི་མདངས་ལྟར་རབ་མཛེས་ཤིང་། །ཡེ་ཤེས་རལ་གྲི་ཕྱག་སོར་རྩེ་མོར་འཁྱུད། །བླ་མ་འཇམ་པའི་དབྱངས་ལ་རྟག་ཏུ་འདུད། །རྒྱལ་ཀུན་སོར་རྟོགས་ཡེ་ཤེས་ཕུང་པོ་ནི། །སིནྡྷུ་ཝ་རའི་དྭངས་མཚོར་རྗེས་ཆགས་པས། །ངོ་མཚར་པད་སྡོང་རྩེ་ལ་རང་བྱུང་བ། །རྒྱལ་དབང་མཚོ་སྐྱེས་རྡོ་རྗེར་གུས་པས་མཆོད། །དཀའ་བ་བརྒྱ་ཕྲག་དང་དུ་བླངས་བྱས་ཏེ། །དམ་ཆོས་རིན་ཆེན་གསེར་གྱི་ཤིང་རྟ་འདྲེན། །རྒྱལ་བསྟན་ཡོངས་རྫོགས་ནོར་བུ་ཐང་མར་བརྡལ། །སྔོན་བྱོན་ཆོས་རྒྱལ་གྲུབ་པའི་ལོ་པཎ་འདུད། །དེ་རྣམས་བཀའ་དྲིན་གཟུགས་སུ་མཆིས་གྱུར་ན། །ས་ཆེན་འདི་ཡིས་སྣོད་དུ་བྱས་ཀྱང་ཆུང་། །མཁའ་དབྱིངས་དོགས་པོར་བཀང་ཀྱང་མི་འཚམས་པ། །བསམ་བརྗོད་དཔེ་ཡི་ཡུལ་ལས་འདས་པར་གྱུར། །ད་ལྟ་ན་ཡང་རི་མོའི་མར་མེ་དང་། །ཆུ་ཟླ་ཙམ་ཞིག་བསྟན་པ་རིན་པོ་ཆེ། །ལྷག་མར་གནས་པའང་མགོན་པོ་མཆོག་རྣམས་དྲིན། །ཡང་ཡང་བསམ་ཀྱིན་སྙིང་ནས་མཆི་མ་དཀུ། །རང་ཕྱོགས་ལྟ་ལ་ཆགས་ཤིང་གཞན་ལ་སྡང་། །དྲང་པོའི་ཐིག་ཤིང་ཀྱོགས་པོར་གྱུར་པ་རྣམས། །གཅན་གཟན་གཏུམ་པོས་གླལ་བ་བྱས་པ་བཞིན། །རང་རྒྱུད་བསྲེགས་ཤིང་གཞན་རྒྱུད་ཕུངས་ལ་སྦྱོར། །ཆོས་དང་ཆོས་མིན་རྣམ་པར་འབྱེད་པ་ལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤྱན་མངའ་ཞིང་། །ཆགས་ཐོགས་སྒྲིབ་བྲལ་འཕགས་པར་བཞུགས་པ་ལས། །ཐ་མལ་སོ་སྐྱེས་གཞལ་བའི་འོས་མ་མཆིས། །དེས་ན་སྙིགས་མ་ཆེས་ཆེར་རྒྱས་པའི་དུས། །ཕྱོགས་རིས་བཅད་པའི་གྲུབ་མཐའ་རྩཱ་བཞིན་དོར། །བསྟན་པ་ཀུན་ལ་ཡང་དག་བློ་མིག་བསྒྲད། །བཤད་དང་སྒྲུབ་པས་གསལ་བར་བྱེད་པར་སྨོན། །བཅུ་ཕྲག་རིགས་གཞུང་ལྷ་ཡི་དགའ་ཚལ་རྒྱས། །མདོ་སྔགས་དཔག་བསམ་ལྗོན་ཤིང་མཐོན་པོའི་རྩེར། །ཐེག་མཆོག་འབྲས་བུའི་ཁུར་གྱིས་རབ་ལྕི་བས། །སྐལ་བཟང་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག། བཀྲ་ཤིས་ཉི་ཟླ་སྐར་གསུམ་གནམ་ལ་བཀྲ། །ས་ལ་བཀྲ་ཤིས་རྟགས་ཀྱི་ཁོར་ཡུག་མཛེས། །བར་དུ་རིན་ཆེན་སྣ་བདུན་རྒྱལ་སྲིད་ཀྱིས། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་གྱུར་ཅིག། །ཅེས་པའང་གྭ་ཟིའི་རིགས་ལས་བྱོན་པ་འབྲས་ལྗོངས་རྒྱལ་ཡུམ་ཀུན་བཟང་བདེ་ཆེན་མཚོ་མོས་གསུང་གི་གླིང་བུ་བསྒྱུར་བ་ན་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེས་ཉམས་མཚར་རྩེད་མོའི་ཚུལ་དུ་བྲིས་པའོ།། །། ༈ སྟོན་ཀའི་རི་བོང་འཛིན་པའི་དཀྱིལ་འཁོར་ཡང་། །གང་གི་དྲུང་དུ་ལྷགས་པ་དེ་ཡི་མོད། །རྒྱུ་སྐར་བཞིན་དུ་མོག་པོར་བྱེད་ནུས་པའི། །བཅོམ་ལྡན་འདས་མའི་ཞལ་དཀྱིལ་དེ་ལ་འདུད། །གང་གི་མཆུ་སྒྲོས་འཛུམ་པའི་སྦྲང་རྩི་དེ། བཅོམ་ལྡན་རྡོ་རྗེ་རྒྱལ་པོ་བདག་གྱུར་ཚེ། །དགྱེས་པས་ཁ་སྦྱོར་བདེ་ཆེན་མཆོག་དེ་ཉིད། །མངོན་གྱུར་དུས་དེར་མྱོང་བའི་དཔལ་དེ་ཐོབ། ཨེ་མ་ཌཱ་ཀི་ཀི་རི་ནི་རི་མ་ཧཱ་སུ་ཁ་པདྨ་བྷནྫ་མོ་ཀྵ་གི་རྟི་ཨ་ཧོཿཡེ། གནས་གསུམ་གྱི་དཔའ་བོ་མཁའ་འགྲོའི་ཚོགས། །རྡོ་རྗེ་ཡི་སྤྱན་དང་སྙན་ལྡན་རྣམས། །བུ་རྣལ་འབྱོར་བདག་ལ་དགོངས་པར་མཛོད། །དགོངས་ནས་ཀྱང་རྩ་ཁམས་བྱིན་གྱིས་རློབས། །བདག་རྡོ་རྗེའི་ལམ་མཆོག་རབ་བཟུང་བས། །རྡོ་རྗེ་ཡི་བྱིན་ཆེན་དབབ་ཏུ་གསོལ། །ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་འདིར། །མ་མཁའ་འགྲོ་རྒྱ་མཚོའི་ཕོ་བྲང་ཆོས། །བདེ་ཆེན་གྱི་བརྟུལ་ཞུགས་གྲུབ་པའི་གར། །ཁམས་གསུམ་དུ་བསྒྱུར་བར་མཛོད་ཅིག་ཨང་། །མི་ངེད་ཀྱི་གཉིས་སྣང་གྲོང་ཁྱེར་སྟོང་། །སེམས་སེམས་བྱུང་ཐམས་ཅད་དབྱིངས་སུ་སྒྲོལ། །མ་དག་པའི་འཛིན་རྟོག་ཡུལ་དང་བཅས། །མཁའ་འགྲོ་རྒྱ་མཚོའི་ཞལ་དུ་སྟོབས། །དགྱེས་བཞེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །གང་ཤར་དང་ཅིར་སྣང་ཐམས་ཅད་ཀུན། །དཔལ་གསང་བ་ཆེན་པོའི་ཆོས་ཀྱི་གཏེར། །འཛད་མེད་ཀྱི་ཀློང་སྒྲོམ་ཆེན་པོ་དེ། །དུས་ད་ལྟ་ཉིད་དུ་དབྱེ་བར་མཛོད། །སྣང་སེམས་ཀུན་ཆོས་དབྱིངས་ཟད་སར་སྐྱོལ། །ཡེ་གྲོལ་གྱི་རིག་པ་ཌཱ་ཀིའི་ཞལ། །ཡིད་དཔྱོད་དང་བྲལ་བ་མངོན་གྱུར་ནས། །ཤྲཱི་ཧེ་རུ་ཀ་དང་སྙོམས་པར་ཞུགས། །མཆོག་དགའ་བཞིའི་ཡེ་ཤེས་རྩེ་མོར་སོན། །སྲིད་གསུམ་ཐམས་ཅད་འུབ་ཆུབ་ཀྱི། །བློ་འདས་ཀྱི་ཐིག་ལེ་ཆེན་པོའི་ངང་། །མཉམ་པ་ཆེན་པོར་ལྷུན་རྫོགས་ཤོག། ངས་གར་བལྟས་ཨོ་རྒྱན་མཁའ་འགྲོའི་ཞིང་། །ང་ཡི་བླ་མ་རྡོ་རྗེ་ཕག་མོ་བཞུགས། །བུ་ང་ལ་བྱིན་རླབས་ཞིག་སྩོལ་རེ་རན། །ཐ་མལ་གྱི་རྟོག་ཚོགས་ཡེ་ཤེས་སུ། །བྱིན་གྱིས་རང་རློབས་ཤིག་དྷཱ་ཀིའི་ཚོགས། ཨ་ཧོ་ཡེ་ཨ་ཧྃ། ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། ཨ་ཧོ་མ་ཧཱ་མུ་ཏྲ་ས་མ་ཡ་ཤྲཱི་ཨ་ནུ་ར་ག་ས་མ་ཡ་སིདྡྷི་ཕ་ལ་ཨ་ལ་ཧོཿགསང་བ་ཡི་གྲོང་ཁྱེར་ཆེན་པོ་ན། །གསང་བའི་གར་མཁན་དགྱེས་པ་ཆེ། །དཔལ་བདེ་བའི་རྡོ་རྗེ་བདག་ཉིད་ཀྱི། །མ་རིག་མ་འབུམ་གྱི་ཚོགས་དང་བཅས། །རྡོ་རྗེ་ཡི་གར་སྟབས་ཁྲིགས་སེ་ཁྲིགས། །བདེ་ཆེན་གྱི་བདུད་རྩི་བཅུད་རེ་ཆེ། །བདེ་སྟོང་གི་རོལ་མོ་ཅིར་ཡང་འཁྲོལ། །དེ་འདྲའི་རྣལ་འབྱོར་སྐྱིད་པ་དེ། །དཔལ་པད་འབྱུང་དང་དཔའ་བོ་ས་ར་ཧ། །བིཪྺ་པ་ཡི་བུ་བརྒྱུད་ཡིན། །ཕ་རྣལ་འབྱོར་བརྟུལ་ཞུགས་གྲུབ་པ་རྣམས། །ཐུགས་དགྱེས་པ་ཆེན་པོའི་བཞད་སྒྲ་སྒྲོགས། །སྣང་སྲིད་ཀུན་འུར་འུར་ཤིག་ཤིག་གཡོ། །དཔལ་བདེ་མཆོག་གྲུབ་པ་ཨེ་མ་ཧོཿཨེ་མ་ཧོཿདང་ཨེ་མ་ཧོཿ། ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་དང་། །ཧེ་ཧེ་དང་ཧུ་ཧུ་ཧོ་ཧོའི་སྒྲས། །སྟོང་གསུམ་གང་བར་ཁྱབ་བྱས་ནས། །ཡེ་ཤེས་ཀྱི་གསལ་བའི་ཉི་མ་ཤར། །ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དེ་གྲུབ་བོ། །ཨ་ཧོ་ཡེ་བཀྲ་ཤིས་དཔལ་གྱི་ཉི་མ་དྲོ། །ཉི་མ་དེས་མུན་པ་མཐར་བྱེད་ཤོག། ས་བྱི་མགོ་ཟླའི་ཚེས་༢༥ལའོ།། །། ༈ བདེ་བ་ཆེན་པོའི་རྟོགས་བརྗོད་རྡོ་རྗེའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་ཌཱ་ཀི་མ་ཧཱ་སུ་ཁ་ཡེ། ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་ཚང་ཚིང་རྣམས། །བདེ་ཆེན་ཡེ་ཤེས་འབར་བའི་མེ་ཡིས་བསྲེགས། །ཤེས་རབ་རྗེས་ཆགས་སྒྱུ་མའི་རོལ་རྩེད་ཀྱི། །ངོ་མཚར་གྲུབ་པ་ཆེ་ལ་སྦྱོར་འདི་མཚར། །རྣལ་འབྱོར་ཐབས་ལྡན་སྔགས་ཀྱི་ཉེ་ལམ་ལ། །རབ་ཏུ་བརྩོན་པའི་རིག་པ་འཛིན་པ་ནི། །རྡོ་རྗེ་འཆང་ས་མངོན་དུ་བྱེད་པ་ཡི། །མྱུར་ལམ་ཟབ་མོ་རྒྱལ་བས་མཆོག་ཏུ་བསྔགས། །བུད་མེད་མཐོང་བས་དབང་པོའི་སྒོ་འགེགས་ཤིང་། །སྣང་བ་དགྲར་ལངས་སྐྱོན་དུ་བལྟ་བ་འདི། །ཐེག་པ་དམན་ལ་རིགས་ཤིང་འཐད་ན་ཡང་། །གོང་མའི་ལམ་དང་ཤིན་ཏུ་འགལ་བར་འགྱུར། །བྱང་སེམས་རྩི་ཡི་ཉོན་མོངས་ཟིན་པ་ན། །སྤོངས་བདུན་དགེ་འགྱུར་བསྐལ་མང་ཚོགས་ཆེན་རྫོགས། །རྒྱུད་སྡེ་འོག་མ་ལོངས་སྐུའི་དཀྱིལ་འཁོར་ཅན། །བལྟས་དགོད་ལག་བཅངས་བདེ་བའི་རེག་བྱ་ཡི། །ཡེ་ཤེས་དེ་ཉིད་མངོན་དུ་བྱེད་པ་དང་། །རྣལ་འབྱོར་ཆེན་པོ་ཐབས་ཀྱི་ཐེག་པ་ཡི། །བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་གང་བརྩོན་པ། །བདེ་ཆེན་ཕྱག་རྒྱའི་སྐུ་མཆོག་སྒྲུབ་པ་ཡི། །ཐབས་ཀྱི་རིམ་པ་ཁོ་ནར་གསུངས་པས་ན། །བུད་མེད་སྒྱུ་མ་སྤངས་བར་མི་རིགས་ཤིང་། །གུས་དང་བཅས་པས་དང་དུ་བླང་བར་བྱ། །རིགས་ལྡན་མཆོད་དང་ཚོགས་ཀྱི་འདུ་བ་ལ། །ཆོ་གའི་རིམ་པར་བརྩོན་པར་མ་བྱས་ཀྱང་། །བཟའ་བཏུང་དག་གིས་ཚིམ་པར་བྱེད་པ་དེས། །ཚོགས་ཀྱི་མཆོད་པ་བྱེད་དང་ཁྱད་མེད་གསུངས། །སེམས་ཅན་ཐམས་ཅད་ཤེས་རབ་མ་ལས་སྐྱེད། །འཕགས་བཞིའི་ཚོགས་ཀྱང་སྐྱེད་ཡུམ་ཤེས་ཕར་ཕྱིན། །འཁོར་འདས་ཀུན་ཁྱབ་ཀུན་ཏུ་བཟང་མོ་དང་། །ལམ་གྱི་མཆོག་གྱུར་ཤེས་རབ་སྟོང་པ་ཉིད། །དུས་གསུམ་རྒྱལ་བའི་བཞུགས་གནས་ཡུམ་གྱི་མཁའ། །དེ་ཕྱིར་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ལ། །ཐབས་ལྡན་རྡོ་རྗེས་རེག་པ་གང་ཡིན་དེས། །ལྷན་སྐྱེས་ཡེ་ཤེས་མངོན་སུམ་ཉིད་དུ་བྱེད། །གྲོལ་བའི་ལམ་ལ་གཙོ་བོར་འབད་རྣམས་ཀྱང་། །བདེ་བ་ཆེན་པོའི་རང་རྩལ་འབར་བ་ན། །སྟོང་གཟུགས་དགའ་མར་རྗེས་ཆགས་སྙོམས་ཞུགས་ཤིང་། །དངོས་རིག་བརྟུལ་ཞུགས་སྤྱོད་པས་བོགས་འདོན་པ། །སྙིང་ཐིག་ཆེན་མོ་རྣམས་སུ་མཆོག་ཏུ་བསྔགས། །ཐབས་མི་ལྡན་ལ་སྲེད་པའི་འཆིང་འདི་ཆེ། །ཐབས་ལྡན་རྣམས་ལ་གྲོལ་བ་འདི་མྱུར་ཞིང་། །གསར་རྙིང་བླ་མེད་རྒྱུད་སྡེ་ཆེ་རྣམས་ཀྱི། །མྱུར་ལམ་སྦས་པ་ཕྱག་རྒྱའི་ལམ་འདི་ཡིན། །གང་ཞིག་དད་པས་མོས་བསྟེན་བསྙེན་བཀུར་ན། །གནས་གསུམ་ཌཱ་ཀིའི་བྱིན་གྱིས་རློབས་པ་དང་། །རྩ་རླུང་ཐིག་ལེར་ཡེ་ཤེས་བཅུད་སྨིན་ནས། །ཚེ་འདིའམ་བར་དོར་གྲོལ་བ་ཉིད་དུ་ངེས། །རྒྱ་བོད་གྲུབ་བརྙེས་བྱེ་བ་འབུམ་ཕྲག་ཀྱང་། །རྡོ་རྗེའི་ལམ་གྱི་བསྒྲོད་པ་ལ་བརྟེན་ནས། །མཆོག་ཏུ་མི་འགྱུར་ཁ་སྦྱོར་བདེ་བ་ཆེ། །མི་སློབ་ཆོས་སྐུའི་རྒྱལ་སར་གཤེགས་པ་ཡིན། །དུས་ཀྱི་འཁོར་ལོར་འགྱུར་བཅས་བདེ་བ་ལ། །འགྱུར་མེད་བདེ་བ་དངོས་སུ་རློམ་ནས་ཞེན། །སྨྲ་བ་རྣམས་ལ་རྡོ་རྗེ་འཆང་གིས་བཀག། སྤྱིར་ནི་ཐབས་ལམ་བཀག་པ་མ་ཡིན་ཏེ། །རྗེས་ཏིང་རྣལ་འབྱོར་ཤེས་རབ་སྒྱུ་མ་ལ། །སྙོམས་ཞུགས་བདེ་བའི་ལམ་གྱི་རིམ་པ་བསྟན། །དེ་ཕྱིར་བླ་མེད་ཐེག་པར་མོས་པ་རྣམས། །ཐབས་ཆེན་གསང་བའི་ལམ་འདིར་བརྩོན་པར་བྱོས། །རྡོ་རྗེའི་སར་གཤེགས་རིག་འཛིན་རྒྱལ་བ་རྣམས། བསྒྲོད་པའི་ཤུལ་ལམ་གཅིག་པུར་གྱུར་པ་ཡིན། །མདོ་ལས་བྱང་སེམས་ཆོས་འཕགས་ཆེན་པོ་ནི། །བཙུན་མོའི་ཚོགས་དང་རོལ་པས་བཞུགས་པར་གསུངས། །བླ་མེད་དཀྱིལ་འཁོར་ཁ་སྦྱོར་ཆེན་པོ་ཡི། །བསམ་ཡས་རིགས་བརྒྱའི་ཚོམ་བུ་ཐམས་ཅད་པ། །ཡན་ལག་བདུན་ལྡན་ཧེ་རུ་ཀ་དཔལ་ཆེ། །བདེ་ཆེན་མཆོག་གི་དགྱེས་པའི་གར་གྱིས་རྩེན། །དེས་ན་ཉན་ཐོས་ཞི་བའི་སྡུག་བསྔལ་གྱི། །སྲེད་པས་བཅིངས་ནས་བྱང་ཆུབ་ཆེ་ལས་རིང་། །དེ་བས་སྲེད་པ་ཆགས་པ་ཆེན་པོ་ཡི། །ལམ་དུ་ཁྱེར་བས་ཆགས་བྲལ་བདེ་ཆེན་གྱི། །ཡེ་ཤེས་སྒྱུ་མའི་སྐུ་མཆོག་ཐོབ་པར་འགྱུར། །དགེ་འདིས་བླ་མེད་ཚུལ་ཆེན་མོས་ལྡན་རྣམས། །རྡོ་རྗེ་ཐེག་པའི་རིགས་སུ་ངེས་གྱུར་ནས། །བཙུན་མོའི་ཚོགས་དང་དགྱེས་རྒུར་སྤྱོད་ནས་ཀྱང་། །རྡོ་རྗེ་སེམས་དཔའི་གོ་འཕང་མཆོག་འགྲུབ་ཤོག། །ཅེས་པའང་མེ་ཁྱི་ཟླ་༤ཚེས་༢༣ལ་པདྨ་ཡེ་ཤེས་རྡོ་རྗེས་སྐད་ཅིག་ལ་བྲིས་པ་མཆོག་ཏུ་གསང་བའི་སྡེའོ། །རྒྱ་རྒྱ་རྒྱ།། །། ༈ ཨ་ཧོཿདངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །རང་བཞིན་འོད་གསལ་དགྱེས་པའི་རྡོ་རྗེའི་གར། །བཅོམ་ལྡན་འདས་མ་དབང་མཛད་ལྷ་མོ་ཡི། །ཐུགས་ཀྱི་དཔྱིད་ཐིག་སྙིང་གི་དབུས་སུ་ཞུགས། །བཅུ་དྲུག་ལང་ཚོས་རབ་མྱོས་བིནྡྷུ་ལྟར། །རབ་དམར་རྗེས་སུ་ཆགས་པའི་ལང་ཚོ་ཡི། །གཟི་འོད་ལྕགས་ཀྱུ་ལྟར་གུག་རྩེ་མོ་དེས། །ལྷ་ཆེན་ཚངས་པའི་ཡིད་ཀྱང་བརྟན་པ་འཕྲོག། གང་གི་གསང་གསུམ་ཕྱག་རྒྱའི་གསེར་འགྱུར་རྩིས། །བདག་གི་སྒོ་གསུམ་ལྕགས་ཁམས་ལ་རེག་པས། །བདེ་ཆེན་ཡེ་ཤེས་དགྱེས་སྤྲིན་སྟོང་འཕྲོ་བས། །སྲས་བཅས་རྒྱལ་བ་རྣམས་དང་སྙོམས་པར་ཞུགས། །དེ་ཚེ་མཆོག་ཏུ་མི་འགྱུར་ཡེ་ཤེས་ཀྱི། །ཐིག་ལེ་ཆེན་པོའི་དགའ་འཁྱིལ་རྟག་འཁོར་བས། །སྣོད་བཅུད་ཐམས་ཅད་རྗེས་ཆགས་ཞུ་བའི་གཟུང་། །ཨེ་ཝཾ་འཁོར་ལོའི་དབྱིངས་སུ་རྣམ་པར་སྡོམ། །ཞེས་པའང་བདེ་བའི་རྡོ་རྗེས་སོ།། །། ༈ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་དང་སྡུག་བསྔལ་ཅི་མཆིས་པ། །བདག་གི་སྟེང་དུ་འབབ་པར་ཤོག། བདག་གི་བདེ་བ་དང་དགེ་བ་ཅི་མཆིས་པ། །མ་སེམས་ཅན་རྣམས་ཀྱིས་ཐོབ་པར་ཤོག། སྐྱེ་བ་གྲངས་མེད་བླང་བླང་ཡང་། །སྐྱེས་པའི་དོན་གོ་ད་རེས་ཆེ། །ཕ་རིག་འཛིན་བརྒྱུད་པའི་བུ་རུ་སྐྱེས། །རྒྱལ་བའི་བསྟན་དང་ཆུང་ནས་འཕྲད། །ཡོངས་འཛིན་དགེ་བའི་བཤེས་དང་མཇལ། །ཆོས་ཟབ་རྒྱས་གདམས་པ་རྒྱ་མཚོ་ཙམ། །ཐོབ་པས་ཀྱང་སྐལ་བ་བཟང་ངམ་དྲན། །ཡང་གཅིག་ཏུ་བསམ་ཡང་ཆོས་ཐོབ་པ། །ཚིག་གཅིག་ཀྱང་ཉམས་ལེན་བྱེད་མ་གྲུབ། །མི་ཚེ་ཐམས་ཅད་དཀོར་ལ་ཟད། །ཆགས་སྡང་གི་ཚེར་མ་རྣོན་པོ་གཟིང་། །ཚེ་ཕྱི་མ་ངན་སོང་གི་རྒྱུ་སྒྲུབ་པ། །ཚུལ་འདི་ལ་བསམ་ན་སྙིང་རླུང་ལྡང་། །ལས་བཟང་བཟང་འདྲ་ལ་ལས་ངན་པོ། །རྗེ་ཐམས་ཅད་མཁྱེན་པ་ཆེན་པོ་ཡིས། །སྤྲུལ་པ་རུ་མིང་བཏགས་དོན་རེ་ཆུང་། །བསྟན་ཞབས་སུ་ཐགས་པ་འདོགས་པ་ཡི། །རྒྱལ་བསྟན་ལ་ཞབས་འདྲེན་ཞུས་སོང་སྙམ། །དེ་བསམ་གྱིན་བསམ་གྱིན་མཆི་མ་དཀུ། །ཡང་བསམ་ན་ཐམས་ཅད་སྒྱུ་མ་ཡིན། །སྒྱུ་མའི་ངོ་བོ་སྟོང་པ་ཉིད། །སྟོང་པ་ཐམས་ཅད་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་ཚུལ་འདི་བརྗོད་པ་བྲལ། །བརྗོད་པ་དང་བྲལ་བའི་ཆོས་ཉིད་ལ། །གོ་བ་ཕྱོགས་ཙམ་ཡོད་པ་འདི། །ཕ་བླ་མའི་དྲིན་གྱིས་བྱུང་བ་དེར། །འཇོག་ལོ་ཙམ་འདི་ཡིས་ཞེ་བློ་བདེ། །ད་ཚེ་ཡི་ལྷག་མ་ཅི་ཡོད་ཀྱང་། །ལས་ངན་གྱི་དབང་དུ་མ་གཏོང་ཞིག། སྡིག་ལྡན་བདག་ཐུགས་རྗེས་བསྐྱབ་ཏུ་གསོལ། །ལས་ཅི་བྱས་གཞན་ལ་ཕན་པར་ཤོག། འབྲེལ་ཚད་ཀུན་བདེ་ལྡན་ཞིང་སྐྱེས་ཤོག། །ཅེས་པའང་བྱ་ལོ་ཧོར་ཟླ་༦པའི་ཚེས་༢༣ལ་བྲོ་ནད་འཚལ་བ་དང་། དུས་ཀྱི་རྒུད་པ་སྣ་ཚོགས་པའི་རྐྱེན་གྱིས་ཡིད་སྐྱོ་དུང་ངེེ་བའི་ངང་ནས་ཚིག་དེ་སྐད་ཐོལ་བྱུང་དུ་ཐལ་ལོ།། །། ༈ ངེས་དོན་ཕྱག་རྒྱ་ཆེན་པོའི་རྟོགས་པ་མ་འཁྲུལ་བར་བརྗོད་པ་ངེས་དོན་ལམ་བཟང་ཞེས་བྱ་བ། ཁྱབ་བདག་རྡོ་རྗེ་འཆང་དང་ཏཻ་ལོ་པ། །ན་རོ་མཻ་ཏྲི་མར་མི་དྭགས་པོ་སོགས། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཐུགས་རྗེས་གཟིགས། །རང་སེམས་ཞེས་པ་མི་དྲན་དགུ་དྲན་གྱི། །གྱ་གྱུ་རིག་རིག་ཝལ་ཝལ་འདི་ཉིད་ནི། །མ་བརྟགས་ཉམས་དགའ་ཡོད་ཡོད་འདྲ་བས་བཅིང་། །གཟུང་འཛིན་འཁྲུལ་རྟོག་སྤང་བླང་སྣ་ཚོགས་ཀྱི། །རེ་དང་དོགས་པས་བཅིངས་ནས་སྲིད་པར་དུབ། །བླ་མའི་དྲིན་གྱིས་འདི་ལ་དཔྱད་པ་ན། བྱུང་དང་གནས་དང་འགྲོ་བས་རྣམ་པར་སྟོང་། །གཞི་རྩ་བྲལ་ཞིང་སེམས་ཉིད་སྟོང་པ་ཆེ། །འཁོར་འདས་དངོས་པོ་ཀུན་གྱི་གནས་ལུགས་ཡིན། །ཆོས་དབྱིངས་མཐའ་བྲལ་ཡངས་པ་ཆེན་པོ་སྟེ། །རིག་དང་མ་རིག་འཁོར་འདས་ཞེས་སུ་གདགས། །རྟོག་ན་སངས་རྒྱས་མ་རྟོག་སེམས་ཅན་ཏེ། །དོན་ལ་འཁོར་འདས་གཉིས་སུ་གྲུབ་པ་མེད། །འདི་མིང་ཆོས་དབྱིངས་བདེ་གཤེགས་སྙིང་པོ་དང་། །སེམས་ཀྱི་རྡོ་རྗེ་རྣམ་མཆོག་སྟོང་ཉིད་སོགས། །མཚན་གྱི་རྣམ་གྲངས་མང་ཡང་དོན་ལ་གཅིག། དེ་ཉིད་རྟོགས་བྱེད་ལམ་གྱི་རིམ་པ་ནི། །རང་རྒྱུད་སྨིན་ཅིང་བློ་སྦྱོང་ཚོགས་བསགས་དང་། །སྒྲིབ་སྦྱོང་མོས་གུས་གནད་དུ་བསྣུན་པ་ལས། །བླ་མའི་བྱིན་རླབས་བརྡ་ཐབས་ཙམ་དང་ནི། །ཡང་ནམ་གསུང་མ་བསྒོམ་སྐད་ཅིག་གིས། །བླ་སློབ་ཆོས་ཉིད་གཅིག་ཏུ་འདྲེས་གྱུར་ན། །རིག་པ་ཧར་སངས་བརྗོད་བྲལ་ཕྱག་རྒྱ་ཆེ། །ཤེས་པས་མ་བསླད་གསལ་སྟོང་ཟུང་འཇུག་ནི། །དུས་གསུམ་དུས་མེད་རྟག་ཏུ་ཉམས་སུ་མྱོང་། །འཛིན་རྩོལ་བྲལ་ཞིང་ཡེངས་པར་མ་ཤོར་བ། །བསྒོམ་འདོད་བློ་ཡི་སྤྲོས་པའི་གཟེབ་ལས་གྲོལ། །ཚོགས་དྲུག་རྟོག་ཚོགས་རང་གྲོལ་རང་ཡལ་དུ། །ཤར་ཙམ་ཉིད་ནས་གྲོལ་བར་ཆས་པ་དང་། །གནས་འགྱུ་རིག་གསུམ་མཉམ་པ་ཆེན་པོར་ཤེས། །རྣམ་རྟོག་གང་སྐྱེས་ཆོས་སྐུའི་རོལ་པར་འཆར། །མཁྱེན་བརྩེ་ནུས་པའི་ཡོན་ཏན་དཔག་མེད་ཐོབ། །རླུང་སེམས་སྣང་བ་དབྱེར་མེད་འདྲེས་པ་ན། །ལམ་གྱི་ཕྱག་རྒྱ་ཆེན་པོ་ཚད་དུ་ཕྱིན། །འབྲས་བུའི་ཕྱག་ཆེན་ལུས་སེམས་སྒྲིབ་པ་བྲལ། །མཁའ་ལྟར་ཀུན་ཁྱབ་ཡན་ལག་བདུན་ལྡན་པ། །སྐུ་དང་ཡེ་ཤེས་ཡོན་ཏན་རྒྱ་མཚོའི་མཛོད། །དཔལ་ལྡན་རྡོ་རྗེ་འཆང་དབང་ཐོབ་པར་འགྱུར། །ཅེས་པའང་ཡེ་ཤེས་རྡོ་རྗེས་བྲིས་པའོ།། །། ༈ ཀྱེ་ཧོ། བུ་རྟག་པར་བླ་མ་དྲན་པ་དང་། །ཅིར་སྣང་བླ་མར་ཤེས་པ་ཡི། །མོས་གུས་ལམ་གྱི་སྲོག་མཁར་ལ། །ཕ་རྒན་ས་སྐྱ་པ་ཆེན་པོའི། །རྟོགས་པའི་ཡེ་ཤེས་རྒྱུད་ལ་འཕོ། །ལུས་ནི་ལྷ་རུ་སྒོམ་པ་དང་། །ངག་ནི་བཟླས་པ་ལམ་དུ་ཁྱེར། །དྲན་རྟོག་ཡེ་ཤེས་ཆེན་པོའི་ངང་། །ནམ་ཡང་འདའ་བ་མེད་པར་མཛོད། །མདོར་ན་མང་དུ་སྨྲས་པས་ཅི་བྱ་སྟེ། །རང་སེམས་འདུལ་ཞིང་རང་རྒྱུད་ཆོས་དང་བསྲེ། །ཆོས་ཀྱི་སྙིང་པོ་ཀུན་རྫོབ་དོན་དམ་གྱི། །བྱང་ཆུབ་སེམས་གཉིས་བསྒོམ་ལ་ནན་ཏན་བྱ། །ཞེས་པ་འདི་ནི་རང་སློབ་འཇམ་དབྱངས་བློ་གསལ་བཟང་པོའི་ཆེད་ཆོས་ཀྱི་བློ་གྲོས་པས་སོ།། །།


Footnotes

Other Information