JKCL-KABUM-06-CHA-041

From Khyentse Lineage - A Tsadra Foundation Project
Revision as of 16:59, 13 December 2021 by Mort (talk | contribs)

JKCL-KABUM-06-CHA-041

Wylie title JKCL-KABUM-06-CHA-041.pdf
Location chos kyi blo gros bka' 'bum
Volume 6, Text 41, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཐང་སྟོང་རྒྱལ་པོ་ (thang stong rgyal po)
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: . Bir, H.P.: Khyentse Labrang, 2012.
Genre
Cycle གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ (gsang spyod mkha' 'gro'i snyan brgyud)

1 Texts in this Section (sde tshan or chos tshan)

[edit]
༄༅། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསང་སྤྱོད་སྙན་བརྒྱུད་ཀྱི་ཉམས་ལེན་ངག་འདོན་བཀླག་ཆོག་ཏུ་བཀོད་པ་གྲུབ་དབང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཌཱ་ཀི་ནཱི་ཡེ། །བདེ་ཆེན་རྡོ་རྗེའི་ཡེ་ཤེས་ནི། །དྲན་པའི་མོད་ལ་རབ་སྟེར་བ། །བླ་མ་མཁའ་འགྲོར་གུས་བཏུད་ནས། །བདུད་གཅོད་ཟབ་མོའི་ངག་འདོན་དབྱེ། །དེ་ལ་རྡོ་རྗེ་ཕག་མོའི་ཟབ་དབང་གིས་རྒྱུད་སྨིན་ཅིང་སྔོན་འགྲོའི་སྦྱངས་པ་མཐར་ཕྱིན་པ་དང་། ཡུམ་དོན་གྱི་ལྟ་བ་ལ་ཅུང་ཟད་བྱན་ཚུད་པས་གསང་སྤྱོད་བོགས་འདོན་གྱི་ཐབས་རྨད་དུ་བྱུང་བ་ལུས་མཆོད་སྦྱིན་བྱ་བར་འདོད་པས། གཉན་ས་སོགས་སུ་འགྲོ་ན་རྒྱས་པ་དེ་དག་གི་ཡི་གེ་རྣམས་སུ་བལྟ་ཞིང་། འདིར་ངག་འདོན་མདོར་བསྡུས་བཀོད་པ་ལ། ཟིལ་གནོན། འགྲོ་དམིགས། གནས་འཛིན་དང་། ས་གནོན་པ། ཕྱི་རྗེས་གཅོད་པ་དང་ལྔ་ལས། དང་པོ་ཕྱིའི་ཟིལ་གནོན། ནང་གི་ཟིལ་གནོན། གསང་བའི་ཟིལ་གནོན་དང་གསུམ། དང་པོ་རང་ཉིད་གཅོད་ལ་ཆས་འགྲོ་དུས། ཕྱིའི་ཐེམ་པ་རྐང་པ་གཡོན་གཏད་ལ། ལག་པ་གཡས་གུང་མཛུབ་ཀྱིས་སྣ་བུག་གཡས་བཀག་སྟེ། དེའི་སྟེང་མཛུབ་མོས་མནན། མཐེ་བོང་གིས་སྲིན་ལག་གི་འདྲེ་རྩ་མནན་སྟེ། སྣ་བུག་གཡོན་ནས་རླུང་རྔུབ་སྟེ་འབུད། དམིགས་པ་ཀུན་གྱི་སྔོན་འགྲོ་དུག་གསུམ་རླུང་འབུད་བྱས་ལ། ཟིལ་གནོན་དངོས་ཀྱི་རིམ་པ་ནི། རང་ཉིད་མ་གཅིག་ལབ་སྒྲོན་དུ་གསལ་བའི་ཐུགས་ཀ་ནས། འོད་ཟེར་ཟླ་བའི་དཀྱིལ་འཁོར་ལྟ་བུ་སྤྲོས་ཏེ། ས་ཕྱོགས་དེ་ན་གནས་པའི་འདྲེ་གདོན་ཐམས་ཅད་འོད་དཀར་པོ་དེས་རྗིབ་སྟེ་མནན་པར་བསམ་ལ། ཕཊཿདྲག་པོ་གཅིག་རྒྱབ་པ་དེ་ཕྱིའི་ཟིལ་གནོན་ནོ། །གཉིས་པ་ནང་གི་ཟིལ་གནོན་ནི། རང་ཉིད་མ་གཅིག་ཏུ་གསལ་བའི་ཐུགས་ཀ་ནས་མ་གཅིག་དཔག་ཏུ་མེད་པའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་སྤྲོས་ཏེ་ས་ཕྱོགས་དེ་ཐམས་ཅད་ཀྱི་འདྲེ་གདོན་རྣམས་རང་དབང་མེད་པར་བསམ་ལ། ཕཊཿདྲག་པོ་གཅིག་རྒྱབ། གསུམ་པ་གསང་བའི་ཟིལ་གནོན་ནི། རང་གི་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཀྱང་དེ་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་པའི་ངང་ནས། ཕཊཿབརྗོད་དེ་སེམས་ཉིད་སྤྲོས་བྲལ་གཉུག་མ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ །གཉིས་པ་འགྲོ་དམིགས་གཏོང་བ་ནི། རྐང་པ་གཡོན་སྔར་ཉིད་ལས། རྐང་པ་གཡས་ཐེམ་པའི་ཕྱིར་རྒྱག་པ་དང་། ངག་ནས་བརྡ་ཟེར། ལག་གཡས་ཐལ་མོ་བརྐྱང་ནས་བསྣུན་པའི་ཚུལ་དུ་བྱེད་པའོ། །དེ་ནས་རབ་ལྟ་བའི་ངང་ནས་འགྲོ། འབྲིང་རླུང་འབྱུང་འཇུག་གནས་གསུམ་ལ་བརྟེན་པ་རྡོ་རྗེའི་བཟླས་པ་བྱེད་པའི་ངང་ནས་འགྲོ། ཐ་མ་སྐྱབས་འགྲོ་སེམས་བསྐྱེད་བྱེད་ཅིང་འགྲོ་བའོ། །དེ་ཡང་དཔའ་བོའི་སྟབས་འགྲོས་ཀྱིས་མིག་གིས་མཐོང་ཚད་ཀྱི་ལྷ་འདྲེ་དེད་པར་བསམ། མཁའ་འགྲོའི་གར་འགྲོས་ཀྱིས་རང་ལུས་ལ་ལྷ་འདྲེ་ཐམས་ཅད་ཡང་ཡང་བསྟིམ་ནས་འགྲོ། སྦྲུལ་ནག་འཕྱུགས་འགྲོས་ཀྱིས་ས་བདག་ཀླུ་གཉན་གནས་མལ་དང་བཅས་པ་གཉན་ཁྲོད་དུ་ཁྱེར་ནས་འགྲོ་བར་བསམ། རྣལ་འབྱོར་པའི་ལྡིང་འགྲོས་ཀྱིས་ལམ་གྱི་སྟེང་འོག་ཐམས་ཅད་དུ་ལྷ་འདྲེ་རྣམས་ལྟ་སྟངས་ཀྱིས་གཟིར་ཞིང་འགྲོ་བའོ། །གསུམ་པ་གནས་འཛིན་བྱ་བ་ནི། གནས་དེ་ཉིད་དུ་སླེབ་པ་དང་། ཌཱཀྐི་དབང་སྡུད་ཀྱི་རྐང་གླིང་ཁམས་གསུམ་ཟིལ་གནོན་གཏོང་ལ། ལུས་དང་ལུས་གདོན་ལ་གནས་པ་གཅོད་པའི་ཕྱིར། ཕཊཿགཅིག་རྒྱབ། དེ་ནས་དབྱིངས་དང་རིག་པ་འདྲེས་པའི་ངང་ནས་ཅོག་པུའི་ཕུར་པ་ཟུར་གྲུ་བཞིར་རྒྱག་པ་དང་། ཕཊཿརེ་བསྟུན་ནས་འཛིན་མེད་ཀྱི་ངང་ནས་ཅོག་པུ་དེ་བརྟན་པར་ཕུབ་པ་དང་། བཞི་པ་ས་གནོན་གྱི་དམིགས་པ་བྱ་བ་ནི། རང་གི་གདན་དེ་མི་ལྤགས་ཀྱི་གཡང་གཞི་ཆེན་པོ་གཅིག་ཏུ་བསམ། གནས་དེ་ཉིད་ཀྱི་གཞི་བདག་གིས་གཙོར་བྱས་གནས་བདག་དཀོར་བདག་གྲོང་བདག་སོགས་ཐམས་ཅད་གདན་དེའི་འོག་ཏུ་བཅུག་ལ་དེའི་ཁར་རང་ཉིད་རྡོ་རྗེ་ཕག་མོ་ནག་མོ་རི་རབ་ཙམ་གཅིག་ཏུ་བསྒོམས་ལ་གདན་དེའི་ཁར་རྗིབ་དེ་མནན་ནས་སྡོད། ངག་ནས། གནས་འདི་ཉིད་ཀྱི་གནས་བདག་གཞི་བདག་གི་གཙོར་བྱས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ངའི་བཀའ་ལ་ཉོན་ཅིག །ང་འདི་ཉིད་དུ་རྗེ་བཙུན་བྱམས་པའི་བསྟན་པ་མ་ཤར་གྱི་བར་དུ་སྡོད་པ་ཡིན་པས། ལོ་ཕྱུགས་རྟག་ཏུ་ལེགས། ཆར་ཆུ་དུས་སུ་ཕོབ། མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད། མདོར་ན་ཁྱོད་རང་རྣམས་རང་རང་སོ་སོ་ནས་ངེད་མ་གཅིག་གི་བརྒྱུད་པ་འཛིན་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཇི་ལྟར་བཀའ་བསྒོས་པ་བཞིན་ཕན་བདེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱིས་ཤིག །གལ་ཏེ་ཁྱོད་རང་རྣམས་ངའི་སྐུ་ལ་བརྡོ། གསུང་ཅོག་ཐུགས་དཀྲུགས་ན། ང་རྣལ་འབྱོར་པས་ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་གྱི་ཐུགས་རྒྱུད་བསྐུལ་ཏེ། བདེན་པའི་སྟོབས་བརྗོད། དྲག་པོས་ཚར་གཅོད་ཁྱོད་རང་རྣམས་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་བྱུང་ན་མི་སྐྲག་པ་ཨེ་ཡིན་བྱས་པས། ཁོང་རྣམས་རྣལ་འབྱོར་པའི་ཟིལ་མི་བཟོད་པར་གུས་པས་བཏུད་ནས་འོང་བ་ནི་རྟེན་འབྲེལ་གྱི་གནད་ཡིན་པས་ཆེད་དུ་གཅེས་འཛིན་མ་ཞུགས་པ་གལ་ཆེའོ། །མདོར་ན་རྣལ་འབྱོར་པ་རང་ཉིད་ཀྱིས་གནས་ལུགས་ཟབ་མོའི་ངང་ལ་མཉམ་པར་ཅུང་ཟད་རེ་བཞག་ན་ཡང་ལྷ་འདྲེ་མི་གསུམ་གྱིས་མི་ཐུབ་པ་ཡིན་ནོ། །དེ་ནས་ཆོག་ཁྲིག་རྒྱས་འབྲིང་བསྡུས་གསུམ་གང་རུང་བཏང་ནས་བླ་མ་ལ་གསོལ་བ་འདེབ་ཤིང་དབང་བླང་བ་དང་། བླ་མ་རང་ལ་བསྟིམ་ཞིང་འོག་ཏུ་ལུས་སྦྱིན་ལ་འཇུག་ཀྱང་རུང་། སྐུ་རྡོ་རྗེའི་ཉམས་ལེན་དང་འབྲེལ་བ་འཁོར་འདས་བསྲེ་བའི་རྣལ་འབྱོར་བསྒོམ། དེ་ཡང་སྔོན་འགྲོ་དུག་གསུམ་རླུང་འབུད་ནི་ཉམས་ལེན་གང་གི་ཡང་སྔོན་དུ་བྱ་དགོས་པས། དེ་ཡང་། སྣ་བུག་གཡས་ནས་རླུང་གཅིག་འབུད་པ་དང་། འདོད་ཆགས་བྱ་གཟུགས་ཕུག་རོན་རྣམ་པ་ཅན། །ཕྱི་རོལ་རྒྱང་གིས་དོན་པར་གྱུར་པར་བསམ། །དེ་བཞིན་སྣ་བུག་གཡོན་ནས་ཞེ་སྡང་སྦྲུལ། །དབུས་ནས་གཏི་མུག་ཕག་གི་རྣམ་པ་ཡི། །རླུང་དོན་ལུས་ནང་སྟོང་སངས་གྱུར་པར་བསམ། །ཞེས་བརྗོད་ལ་རླུང་རོ་ལན་གསུམ་བསལ། རང་ལུས་དབུ་མའི་མས་སྣ་ལྟེ་འོག་དང་། །ཡས་སྣ་ཚངས་པའི་བུ་གར་ཟུག་པ་ཡི། །སྦོམ་ཕྲ་སྦ་ལྕག་ཙམ་དུ་གསལ་བར་གྱུར། །རླུང་རྔུབ་དབུ་མའི་ནང་ནས་སོང་བ་དང་། །ལྟེ་བར་ཁ་སྦྱོར་ཆོ་གས་རབ་བཟུང་སྟེ། །དབུ་མའི་མས་སྣར་རང་སེམས་ཐིག་ལེ་དཀར། །ཅོ་གའི་སྒོང་ཙམ་གསལ་ལ་འཚེར་བ་བསྒོམ། །སྤྱི་བོ་ཚངས་བུག་རྒྱ་མཐོང་མཐེབ་སྐོར་ཙམ། །ཧ་རེར་ཡོད་ཅིང་ཕཊ་ཅེས་བརྗོད་པ་ཡི། །མར་སྣེ་དབུ་མའི་ཐིག་ལེ་ལྟེ་བར་སླེབས། །འོག་རླུང་དྲག་འཐེན་ཕཊ་བརྗོད་སྙིང་གར་འཕོ། །རླུང་ཡང་ཡར་དྲངས་ཕཊ་བརྗོད་མགྲིན་པར་དྲངས། །རླུང་ཡང་ཡར་དྲངས་ཕཊ་བརྗོད་སྤྱི་བོར་འཕོས། །མགྲིན་རླུང་སྤྱིར་དྲངས་ཕཊ་བརྗོད་ཡར་སྣ་ཡི། །རླུང་སེམས་ཐིག་ལེ་དེ་ཉིད་ནམ་མཁར་ཡལ། །མཁའ་དང་རང་སེམས་བསྲེས་ཏེ་ཡུམ་ཆེན་གྱི། །དགོངས་པའི་ཀློང་དུ་རིག་པ་བཟོ་མེད་བཞག །ཕུང་པོ་གཟན་བསྐྱུར་གྱི་དམིགས་པ་ནི། ཕཊ། རང་ལུས་ཕུང་པོ་ཆེ་ཞིང་སྣུམ་པ་དེ། །གནོད་བྱེད་འདྲེ་གདོན་རྣམས་ལ་ལྟོས་མེད་དུ། །གཟན་དུ་བསྐྱུར་བས་འདྲེ་གདོན་ཀུན་ཚིམ་ཞིང་། །ཤ་མཁོན་བུ་ལོན་ལན་ཆགས་བྱང་བར་གྱུར། ཕཊཿའཁོར་གསུམ་འཛིན་པ་གཅོད་དེ་དམིགས་མེད་བཞག །དེ་ནས་སྐུ་རྡོ་རྗེའི་ལམ་ཁྱེར་འཁོར་འདས་བསྲེ་བའི་ཉམས་ལེན་དངོས་གཞི་ནི། ཕཊཿརང་ལུས་བེམ་པོ་ཆེ་ཞིང་བརྗིད་ལ་སྣུམ། །སྟོང་གསུམ་ཁྱོན་དང་མཉམ་པ་གསལ་བ་ཡི། །ལྟག་པའི་བདུད་སྒོ་ཧར་གྱིས་བྱེ་བ་དང་། ཕཊཿགནོད་བྱེད་འདྲེ་གདོན་ཐམས་ཅད་ནང་དུ་བཅུགཕཊཿལྟག་པའི་བདུད་སྒོ་བཅད་དེ་ཕྱིར་མི་ཐོན། ཕཊཿཁྱེད་རྣམས་བདག་གི་ཤ་ཁྲག་རུས་པ་ཟོ། །ཅི་དགར་སྤྱོད་པས་རབ་ཏུ་ཚིམ་པར་གྱུར། ཕཊཿལྟག་པའི་བདུད་སྒོ་ཧར་གྱིས་བྱེ་བ་དང་། ཕཊཿའདྲེ་གདོན་ཐམས་ཅད་ཕྱི་རོལ་དོན་པར་གྱུར། ཕཊཿལྟག་པའི་བདུད་ཀྱི་སྒོ་བཅད་རང་ལུས་ནི། །སྒྲིབ་ཐོགས་བྲལ་བའི་འོད་གྱི་སྟོང་ར་གསལ། །ཕཊཿརང་ལུས་ཕག་མོ་དམར་མོའི་སྐུར་གྱུར་པའི། །ལུས་ནི་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི། །ལུས་དབུས་དྲང་པོ་དྷཱུ་ཏི་གསལ་བ་ཡི། །ཡར་སྣ་སྟོང་རའི་ལྟག་པའི་སྒོ་ཕྱེ་ནས། །ཕཊཿའཁོར་འདས་མགྲོན་རྣམས་ཐམས་ཅད་ནང་དུ་བཅུག །ཕཊཿའདས་པའི་མགྲོན་རྣམས་སྐེད་པ་ཡན་ཆད་བཞུགས། །དད་ཅིང་མོས་གུས་གདུང་བས་གསོལ་བ་འདེབས། །ཕཊཿགཉིས་སུ་འཛིན་པའི་རྟོག་པ་ཀུན་བཅད་དེ། །མཁའ་ཁྱབ་རིགས་དྲུག་མགྲོན་ལ་སྙིང་རྗེ་བསྒོམ། །ཕཊཿའཛིན་རྟོག་ཐམས་ཅད་སྐྱེ་མེད་ངང་དུ་བཅད། །ཕཊཿའཁོར་འདས་གཉིས་སུ་སྣང་བ་ཐམས་ཅད་བསྲེས། །དག་པ་རབ་འབྱམས་ཡེ་ཤེས་འཁོར་ལོར་སད། །དེ་རྣམས་སྤྱི་བོར་རྣམ་སྣང་ཡབ་ཡུམ་དང་། །མགྲིན་པར་འོད་དཔག་མེད་མགོན་ཡབ་དང་ཡུམ། །སྙིང་གར་མི་བསྐྱོད་རྡོ་རྗེ་ཡབ་ཡུམ་དང་། །ལྟེ་བར་རིན་འབྱུང་གསང་གནས་དོན་གྲུབ་རྣམས། །ཡབ་ཡུམ་མཉམ་སྦྱོར་རང་མདོག་ཕྱག་མཚན་བསྣམས། །རང་རང་རིགས་ཀྱི་དཔའ་བོ་ཌཱ་ཀིས་བསྐོར། །སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བར་གྱུར། །ཕཊཿརྣམ་པར་སྣང་མཛད་འཁོར་རྣམས་གཙོ་བོར་བསྡུ། །ཕཊཿའོད་དཔག་རྒྱལ་པོ་འཁོར་རྣམས་གཙོ་བོར་ཐིམ། །ཕཊཿམི་བསྐྱོད་ཡབ་ཡུམ་འཁོར་རྣམས་གཙོ་བོར་ཐིམ། །ཕཊཿརིན་ཆེན་འབྱུང་ལྡན་འཁོར་རྣམས་གཙོ་བོར་ཐིམ། །ཕཊཿདོན་ཡོད་གྲུབ་པའི་འཁོར་རྣམས་གཙོ་བོར་ཐིམ། །ཕཊཿསྤྱི་བོའི་རྣམ་སྣང་མགྲིན་པའི་གཙོ་ལ་ཐིམ། །དོན་གྲུབ་རིན་ཆེན་འབྱུང་ལྡན་ལ་ཐིམ་དང་། །འོད་དཔག་སྙིང་གའི་མི་བསྐྱོད་ལ་ཐིམ་ཞིང་། །རིན་འབྱུང་སྙིང་གའི་མི་བསྐྱོད་པ་ལ་ཐིམ། །མི་བསྐྱོད་ཐུགས་ཀར་ཧཱུྃ་ཡིག་སྔོན་པོས་མཚན། །མདུན་ཨ་གཡས་སུ་ནུ་དང་རྒྱབ་ཏུ་ཧ། །གཡོན་དུ་ར་རྣམས་ཤིན་ཏུ་གསལ་བར་གྱུར། །ཕཊཿཕྱོགས་བཞིའི་ཡིག་འབྲུ་དབུས་ཀྱི་ཧཱུྃ་ལ་ཐིམ། ཕཊཿཕཊཿཕཊཿཕཊཿཞབས་ཀྱུ་ཁོག་པར་ཁོག་པ་མགོ་བོར་ཐིམ། །མགོ་བོ་ཟླ་ཚེས་དེ་ཉིད་ཐིག་ལེར་ཐིམ། །ཐིག་ལེ་ནཱ་ད་ལ་ཐིམ་ཇེ་ཕྲར་སོང་། །རིག་པ་དབྱིངས་སུ་དག་པའི་རང་ལ་བཞག །དེ་ནས་རྗེས་ཐོབ་བོགས་འདོན་ལུས་སྦྱིན་བྱ་བ་ལ། དཀར་འགྱེད་ཆེན་པོའི་དམིགས་པ་ནི། ཕཊཿཆོས་དབྱིངས་སྤྲོས་བྲལ་དག་པའི་ཀློང་ཆེན་པོར། །རང་རིག་ཡེ་ཤེས་མཁའ་འགྲོ་སྐུ་མདོག་དཀར། །ཕྱག་གཡས་གྲི་གུག་གཡོན་པས་ཐོད་པ་བསྣམས། །གར་སྟབས་ལིང་ལིང་སྟེང་གི་ནམ་མཁར་བྱོན། །ཕཊཿརང་ལུས་བོང་ཆེ་བརྗིད་ལ་སྣུམ། །སྟོང་གསུམ་ཁྱོན་དང་མཉམ་པར་གསལ་བ་ལ། །ཕག་མོས་གྲི་གུག་མགོ་བོའི་ཡ་ཐོད་ལ། །རེག་པས་ལིང་གིས་བཀོག་ནས་མི་མགོ་ཡི། །སྒྱེད་པུ་གསུམ་གྱི་ཁར་འཇོག་རྒྱ་ཆེ་ཞིང་། །དཔྲལ་བ་རང་ལ་བསྟན་པ་གཅིག་ཏུ་གྱུར། །ཕཊཿརང་ལུས་དུམ་བུར་བསིལ་ཞིང་ཐོད་ནང་བླུགས། །ཕཊཿརང་རིག་མཁའ་འགྲོ་ལྟེ་བའི་གཏུམ་མོ་ལས། །མེ་འཕྲོས་ཐོད་པའི་འོག་ཏུ་འཁྱིལ་བ་དང་། །བཅུད་རྣམས་འོད་ཞུ་ཡེ་ཤེས་བདུད་རྩིར་གྱུར། །ཕཊཿགཡོན་པ་ཐོད་པའི་བདུད་རྩི་བླུགས་པ་ཡི། །ཁ་དོག་དཀར་སྣུམ་དྲི་རོ་ཕུན་སུམ་ཚོགས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿ ཧཱུྃ། ལན་གསུམ་བརྗོད། རང་ཉིད་མཁའ་འགྲོའི་ཐུགས་ཀའི་འོད་ཀྱིས་བསྐུལ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་དང་། །ཆོས་སྐྱོང་ནོར་ལྷ་དམ་ཅན་གཏེར་གྱི་བདག །གནས་བདག་གཞི་བདག་གཉུག་མར་གནས་པ་དང་། །རིགས་དྲུག་སེམས་ཅན་རང་ལ་གནོད་བྱེད་ཀྱི། །དགྲ་གདོན་བགེགས་ཚོགས་ལ་སོགས་འཁོར་འདས་མགྲོན། །སྐད་ཅིག་ཉིད་ལ་མཆོད་སྦྱིན་གནས་འདིར་འདུས། །རང་གི་ཐུགས་ནས་མཁའ་འགྲོ་གྲངས་མེད་ཀྱིས། །ཐོད་པས་བདུད་རྩི་བཅུས་ནས་འཕགས་མཆོད་མཉེས། །དམ་ཅན་སྲུང་མ་ནོར་ལྷའི་ཐུགས་དམ་བསྐང་། །རིགས་དྲུག་མགྲོན་རྣམས་སྦྱིན་པས་ཚིམ་པ་དང་། །གདོན་བགེགས་ལན་ཆགས་ཤ་འཁོན་བྱང་གྱུར་ཅིག །རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། །བརྒྱུད་པའི་བླ་མའི་ཞལ་དུ༴། ཡི་དམ་ལྷ་ཚོགས༴། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱི༴། འཕགས་པ་ཉན་རང་རྣམས་ཀྱི༴། མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི༴། གཞི་བདག་གཉུག་མར་གནས་པ་རྣམས་ཀྱི༴། རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི༴། བདག་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། ཞེས་བརྗོད། ལས་བྱེད་རྣམས་ཀྱིས་བདུད་རྩི་ཕྱོགས་མཚམས་གཏོར། །ཕྱོགས་བཅུའི་འཁོར་འདས་མགྲོན་རྣམས་མ་ལུས་ཚིམ། །ཁྱད་པར་རང་ལ་གནོད་པའི་གདོན་བགེགས་ལ། །སྦྱིན་པས་གནོད་སེམས་གདུག་རྩུབ་ཞི་བར་གྱུར། །དམིགས་པ་དང་སྦྲགས། ཕཊཿབཅུ་བརྗོད། ཞི་དྲག་ཕྱེད་མའི་ཁྲ་འགྱེད་ནི། སྒེར་དུ་བྱེད་ན་ནམ་མཁའ་སྒོ་འབྱེད་བྱ། དཀྱུས་གཅིག་ཏུ་སྦྲེལ་ན་མི་དགོས། རང་རིག་མཁའ་འགྲོ་དམར་མོ་གྲི་ཐོད་ཅན། །གཡོན་བསྐོར་གར་སྟབས་ལིང་ངེ་ཕུང་པོ་ནི། །གན་རྒྱལ་གནས་པའི་མགོ་བོའི་ཐད་དུ་བབས། ཕཊཿཕུང་པོའི་རྐང་པའི་ཕྱོགས་སུ་རྒྱང་གིས་མཆོངས། ཕཊཿཕུང་པོའི་མགོ་བོའི་ཐད་དུ་དྲག་ཏུ་མཆོངས། ཕཊཿཕུང་པོའི་གཡས་ནས་གཡོན་དུ་མཆོངས་པ་དང་། ཕཊཿཕུང་པོའི་གཡོན་ནས་གཡས་ཀྱི་ཕྱོགས་སུ་མཆོངས། ཕཊཿརོ་ཡི་མགྲིན་པ་ནས་བཟུང་ཁ་སྦུབ་བརྡལ། ཕཊཿཕྱག་གཡས་གྲི་གུག་རྣོ་ངར་ལྡན་པ་དེས། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར་དུ་གཤགས། །ལྤགས་པ་སྟོང་གསུམ་ཁྱབ་པར་བཅལ་གྱིས་བཀྲམ། ཕཊཿཤ་རུས་དུམ་བུར་གཏུབ་ཅིང་རི་ལྟར་སྤུངས། །སྟེང་དུ་ཀླད་པའི་འདམས་རྫབ་བྱུག་པ་ཡིས། །རྫ་རི་དམར་པོར་གངས་རི་ལྟར་ཆགས་གྱུར། ཕཊཿདེ་སྟེང་ཕྱག་གཡོན་ཐོད་པའི་བདུད་རྩི་བླུགས། ཨོཾ་ཨཱཿ ཧཱུྃ། ལན་གསུམ་བརྗོད། ཕཊཿརང་ཉིད་མཁའ་འགྲོའི་ཐུགས་ཀའི་འོད་ཀྱིས་བསྐུལ། །སོགས་གོང་གི་དཀར་འགྱེད་ཀྱི་ངག་འདོན་ལྟར། མཆོད་སྦྱིན་གནས་འདིར་འདུས། །ཅེས་པའི་བར་དང་། མགྲོན་ཡུལ་གོང་མ་བདུད་རྩིའི་མཆོད་པས་མཉེས། །དམ་ཅན་སྲུང་མ་ནོར་ལྷའི་ཐུགས་དམ་བསྐང་། །རིགས་དྲུག་མགྲོན་རྣམས་སྦྱིན་པས་ཚིམ་པ་དང་། །གདོན་བགེགས་ལན་ཆགས་ཤ་འཁོན་བྱང་གྱུར་ཅིག །ཕཊཿཅེས་ཡུམ་དོན་ལ་འཇོག །ཡང་དམར་འགྱེད་སྦྱིན་གཏོང་ཆེན་མོ་ནི་ཟུར་བཀོལ་དུ་བྱ་ན་སྔོན་འགྲོ་རླུང་འབུད་འཕོ་བ་རྣམས་བྱ། ངག་འདོན་དཀྱུས་གཅིག་ཏུ་སྦྲེལ་ན་མི་དགོས། ཕཊཿགདོད་ནས་གྲུབ་པའི་དུར་ཁྲོད་ཆེན་པོ་བརྒྱད། །པདྨ་འདབ་བརྒྱད་ཚུལ་དུ་ཡོད་པ་ཡི། །རྩ་བ་རང་གི་སྟན་འོག་མནན་པར་གྱུར། །རྐང་གླིང་ཌཱ་མ་རུའི་སྒྲ་དང་བཅས་ཏེ། གཏུམ་དྲག་འཇིགས་བྱེད་ཐོད་པ་ཅན། །འབར་བ་ཧ་ཧ་རྒོད་པ་དང་། །དཔལ་དང་མུན་ཅན་ཅ་ཅོ་སྒྲོགས། །དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས། །བདག་ཉིད་མཆོད་སྦྱིན་རྒྱ་ཆེར་བགྱི། །ཞེས་བརྗོད་ཤར་ནས་བརྩམས་ཕྱོགས་གཡོན་བསྐོར། མཚམས་ནས་གཡས་བསྐོར་གྱིས་གྲུབ་ཆེན་བརྒྱད་ལ་ཕྱག་འཚལ་བར་མོས་ཏེ། ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་གནས། །ཨིནྡྲ་བོ་དྷི་ལ་ཕྱག་འཚལ། ཕཊཿཕཊཿབྱང་ཕྱོགས་འཇིགས་བྱེད་དུར་ཁྲོད་གནས། །ཀུ་ཀུ་རི་པ་ལ་ཕྱག་འཚལ། ཕཊཿཕཊཿནུབ་ཕྱོགས་ཐོད་ཅན་དུར་ཁྲོད་གནས། །པདྨ་རྡོ་རྗེ་ལ་ཕྱག་འཚལ། ཕཊཿཕཊཿལྷོ་ཕྱོགས་འབར་བའི་དུར་ཁྲོད་གནས། །ཀླུ་སྒྲུབ་སྙིང་པོ་ལ་ཕྱག་འཚལ། ཕཊཿཕཊཿབྱང་ཤར་ཧ་ཧ་རྒོད་པར་གནས། །ས་ར་ཧ་པ་ལ་ཕྱག་འཚལ། ཕཊཿཕཊཿཤར་ལྷོ་དཔལ་གྱི་དུར་ཁྲོད་གནས། །ཌོམྦྷི་པཱ་ད་ལ་ཕྱག་འཚལ། ཕཊཿཕཊཿལྷོ་ནུབ་མུན་ཅན་དུར་ཁྲོད་གནས། །དྲིལ་བུ་པ་ལ་ཕྱག་འཚལ་ལོ། །ཕཊཿཕཊཿནུབ་བྱང་ཅ་ཅོ་སྒྲོགས་པར་གནས། །ལོ་ཧི་པ་ལ་ཕྱག་འཚལ་ལོ། །ཕཊཿཕཊཿཅེས་ཕྱག་འཚལ་རྗེས་མགྲོན་རྣམས་འབོད་པ་ནི། ཕཊཿང་ནི་དེ་རིང་ལན་ཆགས་འཇལ། །བསྲུང་སྐྱོབས་རམ་ཟླ་སྒྲོན་རེ་ཤི། །དེ་རིང་འཁོར་འདས་ཤན་ཕུང་འབྱེད། །འདུས་ཤིག་འདུས་ཤིག་ཤ་ཟ་དང་། །དབུགས་ལེན་ཐམས་ཅད་རྩ་འདིར་འདུས། ང་ནི་ལན་ཆགས་སྟོན་མོ་བྱེད། །མགྲོན་རིགས་སྲིད་རྩེ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ན། །ལུས་དང་ལོངས་སྤྱོད་བྱ་དགའ་གཏོང་། །དབུགས་དང་མདངས་དང་གཟི་བརྗིད་རྣམས། །གང་ལ་གང་དགོས་ཐམས་ཅད་འདུས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཤོག །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཤོག །བྱིས་པའི་གདོན་ཆེན་བཅོ་ལྔ་ཤོག །ཕོ་བདུད་བདུད་ཀྱི་ཕོ་ཉ་ཤོག །མོ་བདུད་ལས་ཀྱི་སྲིན་མོ་ཤོག །ཐོག་མེད་དུས་ནས་གཅེས་བཟུང་བའི། །ཤ་ཁྲག་འདི་ལ་དགའ་བར་གྱིས། །ལན་ཆགས་ཟ་མ་ཕྱིས་མ་སྙེགས། །འཛིན་པ་ནང་དུ་བརླག་པར་གྱིས། །བཟུང་བ་ཕྱི་རུ་བརླག་པར་གྱིས། །ཆགས་སྡང་རང་སར་གྲོལ་བར་གྱིས། །ཕྱིས་ནས་སྡང་བ་མེད་པར་གྱིས། །དེ་ནས། ཕཊཿཅེས་རང་ཉིད་གན་རྒྱལ་དུ་འགྱེལ་ལ་ངག་ནས། དྲིན་ཅན་ཕ་མའི་དྲིན་ལན་དང་། །དཔལ་ལྡན་བླ་མའི་སྐུ་གླུད་དུ། །བདག་ལུས་རྣམ་སྨིན་ཕུང་པོ་འདིའི། །སྤྱི་བོ་ཚངས་པའི་བུ་ག་ནས། །མིག་གཉིས་འདོད་ན་མིག་གཉིས་ཁྱེར། །ཤ་འདོད་པ་རྣམས་ཤ་ཁྱེར་ཅིག །ཁྲག་འདོད་པ་རྣམས་ཁྲག་འཐུངས་ཤིག །རུས་པ་འདོད་རྣམས་རུས་པ་ཟོ། །མགོ་བོ་འདོད་ན་མགོ་བོ་ཁྱེར། །ཡན་ལག་ཉིང་ལག་འདོད་པ་རྣམས། །ཡན་ལག་ཉིང་ལག་ཐམས་ཅད་ཁྱེར། །ཕོ་གདོན་སྟོད་ལ་དགའ་རྣམས་སྟོད་ཁྱེར་ཅིག །མོ་གདོན་སྨད་ལ་དགའ་རྣམས་སྨད་ཁྱེར་ཅིག །རྒྱལ་པོ་དོན་སྙིང་ལ་དགའ་དོན་སྙིང་ཁྱེར། །ས་བདག་ཀླུ་གཉན་རྩ་དང་ཆུ་རྒྱུས་དགའ། །རྩ་དང་ཆུ་རྒྱུས་དགའ་རྣམས་དེ་ཁྱེར་ཅིག །མདོར་ན་སེམས་ཅན་གང་ལ་ཅི་དགོས་པ། །དེ་དང་དེ་བཞིན་ད་ལྟ་ཉིད་ལ་ཁྱེར་ཅིག །ཅེས་བརྗོད་པས་འདྲེ་གདོན་རྣམས་ཤ་རུས་ལ་སྦྲང་བུ་ཐིབ་ཀྱིས་བབས་པ་ལྟར། འདྲེ་གདོན་རྣམས་འུབ་ཀྱིས་འདུས། རང་ལུས་རྗེས་མེད་དུ་ཟོས་པར་བསམ་པ། ཕཊཿགྲངས་ངེས་མེད་པར་རང་གི་ལུས་རྗེས་མེད་དུ་སོང་བའི་ཉམས་ནས་བྱུང་བར་རྒྱབ། དེ་ནས། ཕཊཿདྲག་པོ་གཅིག་བརྗོད་ལ་འཛིན་པ་བཅད་དེ་གཞི་དེར་ཙོག་གིས་འདུག་ལ་ཅུང་ཟད་ཡུམ་གྱི་དགོངས་པའི་ངང་ལ་སིང་ངེ་བཞག །ཡང་དམར་འགྱེད་དུམ་བཞི་མ་བྱ་བར་སྤྲོ་ན། ཕཊཿརང་ལུས་དཀར་སྣུམ་ཆེ་ཞིང་བརྗིད་པར་གྱུར། ཕཊཿམཚོན་ཆ་རྣོན་པོས་ཕུང་པོའི་སྐེ་བཅད་བསྐྱུར། །མགྲོན་རིགས་རྣམས་ལ་རེ་རེར་ཐོབ་པར་གྱུར། ཕཊཿབྲང་ཁོག་ནང་དུ་དོན་ལྔ་བཅུག་ནས་བསྐྱུར། །སྔར་བཞིན་མགྲོན་རིགས་རྣམས་ལ་ཐོབ་པར་གྱུར། ཕཊཿརོ་སྟོད་རྒྱང་གིས་བསྐྱུར་བས་མགྲོན་རྣམས་ཚིམ། ཕཊཿརོ་སྨད་རྐང་པ་རྒྱུ་ལོང་ལ་སོགས་བསྐྱུར། །སྔར་བཞིན་ཐོབ་ཅིང་རབ་ཏུ་ཚིམ་པར་གྱུར། ཕཊཿཤ་ཁྲག་རུས་ལྤགས་གང་དགའ་ཟོས་ཚིམ་བསམ། །ཕཊཿཆོས་སྐུ་ཡུམ་ཆེན་དོན་ལ་མཉམ་པར་བཞག །ཡང་དམར་འགྱེད་དུམ་བསྐྱུར་ཆེན་མོ་ནི། དུག་གསུམ་རླུང་འབུད་སྔོན་དུ་འགྲོ་བས། ཕཊཿརང་གི་རྐང་གཡོན་རྒྱ་ཚིག་མན་ཆད་གཅོད། ཕཊཿགནོད་བྱེད་ལྷ་འདྲེ་རྣམས་ལ་རྒྱང་གིས་བསྐྱུར། །བོལ་གོང་མན་གྱི་རྣག་ཁྲག་བུན་ནུར་ཐོན། །གདོན་རྣམས་སྲོག་ཆགས་རྣམ་པར་ཕྱིར་ཐོན་ནས། །ས་འོག་སོང་ནས་སླར་ལྡོག་མེད་པར་གྱུར། །རྐང་གཡོན་རྩ་སྦུབས་ཐམས་ཅད་སྟོང་སངས་བསམ། ཕཊཿརྐང་གཡོན་ལོང་བུའི་ལྟག་ནས་རྦད་ཀྱིས་བཅད། ཕཊཿགནོད་བྱེད་ལྷ་འདྲེ་རྣམས་ལ་རྒྱང་གིས་བསྐྱུར། །པུས་ཚིགས་མན་གྱི་རྣག་ཁྲག་བུན་ནུར་ཐོན། ཕཊཿརྐང་གཡོན་པུས་ཚིགས་ལྟག་ནས་རྦད་ཀྱིས་བཅད། ཕཊཿགནོད་བྱེད་ལྷ་འདྲེ་རྣམས་ལ་རྒྱང་གིས་བསྐྱུར། ཕཊཿརྐང་པའི་དཔྱི་མགོ་མན་ཆད་རྦད་ཀྱིས་བཅད། ཕཊཿ། གནོད་བྱེད་ལྷ་འདྲེ་རྣམས་ལ་རྒྱང་གིས་བསྐྱུར། ཕཊཿལག་གཡས་དཔུང་པའི་སྟོད་ནས་རྦད་ཀྱིས་བཅད། ཕཊཿགནོད་བྱེད་ལྷ་འདྲེ་རྣམས་ལ་རྒྱང་གིས་བསྐྱུར། ཕཊཿཕུང་པོའི་མགྲིན་པ་རྦད་ཀྱིས་བཅད་བྱས་ཏེ། ཕཊཿགནོད་བྱེད་ལྷ་འདྲེ་རྣམས་ལ་རྒྱང་གིས་བསྐྱུར། ཕཊཿཕུང་པོའི་མགོ་བོ་རྫ་རིལ་སིང་གིས་བཅད། ཕཊཿགནོད་བྱེད་ལྷ་འདྲེ་རྣམས་ལ་རྒྱང་གིས་བསྐྱུར། ཕཊཿལུས་ཀྱི་རྐང་པ་ཡན་ཆད་རྦད་ཀྱིས་བཅད། ཕཊཿགནོད་བྱེད་ལྷ་འདྲེ་རྣམས་ལ་རྒྱང་གིས་བསྐྱུར། ཕཊཿལག་པ་གཡས་དང་ལུས་སྟོད་རྦད་ཀྱིས་བཅད། ཕཊཿགནོད་བྱེད་ལྷ་འདྲེ་རྣམས་ལ་རྒྱང་གིས་བསྐྱུར། ཕཊཿའཛིན་མེད་སྤྲོས་བྲལ་ངང་དུ་མཉམ་པར་བཞག །གང་ན་བར་དམིགས་པའི་ལྡེ་ཁ་བསྒྱུར་བ་ནི། དཔེར་ན་མགོ་ནད་ལ་མཚོན་ན། ཕཊཿཐོད་པ་ཡན་ཆད་བཅད། ཕཊཿཐོད་ཀླད་དང་བཅས་པ་བསྐྱུར། བཅད་མཚམས་ནས་ནང་རླངས་སྔོ་སྐྱ་བུན་ནེ་ཐོན་ཏེ་ནམ་མཁར་ཡལ་བར་བསམ། དེ་ནས་ཡ་མགལ་བཅད་བསྐྱུར། ཕཊཿགཉིས། དེ་བཞིན་མ་མགལ། རྐེ་ལག་གཡོན། རྐང་གཡས། རྐང་གཡོན། རོ་སྨད། ལག་གཡས། རོ་སྟོད་རྣམས་གང་ན་བ་དེ་བཅད་བསྐྱུར། ཕཊཿགཉིས་རེ་བརྗོད། བཅད་མཚམས་ནས་ནད་རླངས་ཐོན་པར་བསམ་པའོ། །ཡང་དམར་འགྱེད་ཁྲོལ་ཚགས་མ་ནི། རང་ཉིད་ཐ་མལ་གནས་པའི་ལུས་ཀྱི་ནང་། །དབུ་མ་གསལ་བའི་སྙིང་གར་ཕག་མོའི་སྐུ། །ཚོན་གང་ཕཊ་ཅེས་བརྗོད་པས་སྤྱི་གཙུག་ཐོན། །དབྱིངས་རིག་བསྲེས་ཤིང་ནམ་མཁར་ཕག་མོ་ནི། །རང་གི་ལུས་ཚད་ཙམ་དུ་གསལ་བར་གྱུར། །སྟོང་གསུམ་ཁྱབ་པའི་ས་གཞིའི་ཁར་ཁྱབ་པའི། །ལྕགས་ཁྲོལ་རྣོ་ངར་ལྡན་པ་གསལ་བའི་སྟེང་། །རང་ལུས་བེམ་ཆེན་དེ་ཉིད་ཁེངས་པར་གྱུར། ཕཊཿལྕགས་ཁྲོལ་བརྡབ་ཅིང་བཙིར་བས་ཤ་ཁྲག་རུས། །ཕྱེ་མར་གྱུར་པས་ས་གཞི་ཀུན་གང་གྱུར། ཕཊཿའཁོར་འདས་མགྲོན་རྣམས་མ་ལུས་འདུས་པར་གྱུར། ཕཊཿམགྲོན་རིགས་རྣམས་ཀྱིས་དགྱེས་ཤིང་ཚིམ་པར་རོལ། ཕཊཿའཇིག་རྟེན་མགྲོན་རྣམས་འདས་པའི་མགྲོན་ལ་འདུས། ཕཊཿམགྲོན་རྣམས་ནམ་མཁར་འཇའ་ལྟར་ཡལ་བར་བསམ། ཕཊཿའཛིན་མེད་ཡུམ་ཆེན་དགོངས་པའི་ངང་ལ་བཞག །ཡང་ཉ་རོ་ཧི་ཏའི་སྦྱིན་གཏོང་ནི། ཕཊཿརང་ལུས་ཉ་དམར་ཤིན་ཏུ་ཆེ་བར་གྱུར། ཕཊཿལྷ་སྲིན་སྡེ་བརྒྱད་གནོད་བྱེད་གདོན་བགེགས་རྣམས། །སྐད་ཅིག་ཉིད་ལ་གནས་འདིར་མགྲོན་དུ་བོས། ཕཊཿགཞོག་གཡས་ཕྱོགས་ཀྱི་ཤ་རྣམས་ཟོས་པར་གྱུར། ཕཊཿགཞོག་གཡས་འོག་བཅུག་གཡོན་ཕྱོགས་མགྲོན་རྣམས་འདུས། ཕཊཿགཡོན་ཕྱོགས་ཤ་རྣམས་ལྷག་མེད་ཟོས་པར་གྱུར། ཕཊཿགཞོག་གཡོན་འོག་བཅུག་གཡས་སུ་ཤ་གསར་སྐྱེས། ཕཊཿམགྲོན་རྣམས་དེར་འདུས་ཟོས་ཤིང་ཚིམ་པར་གྱུར། ཕཊཿདེ་བཞིན་གཡས་འོག་གཡོན་དུ་ཤ་གསར་སྐྱེས། །མགྲོན་བོས་ལྷག་མེད་ཟོས་ཤིང་ཚིམ་པར་མོས། ཕཊཿགྲངས་མང་བརྗོད་ལ་གཞོག་གཡས་གཡོན་རེས་མོས་སུ་ཟ་བར་བསྒོམས། ཐུན་མཐར། ཕཊཿབརྗོད་ལ་མ་བཅོས་འཛིན་མེད་ངང་ལ་ཁྲིག་གེར་བཞག །ཡང་འདྲེ་གདོན་རྣམས་སྨིག་རྒྱུ་ཆུར་སྣང་ལྟར་ཁ་བྲིད་ནས་སྐྱེངས་སུ་འཇུག་པ་ནི། ཕཊཿརང་ཉིད་ཐ་མལ་དབུ་མའི་མར་སྣེ་རུ། །རིག་པ་འོད་དཀར་ཅོག་སྒོང་ཙམ་དུ་གསལ། ཕཊཿཡར་འཕོས་སྙིང་གར་རྡོ་རྗེ་ཕག་མོར་གྱུར། ཕཊཿདེ་ཉིད་ནམ་མཁར་བྱོན་ཞིང་ཕག་མོ་ནི། །རང་ལུས་ཚད་དང་མཉམ་པ་ཞིག་ཏུ་གྱུར། ཕཊཿཤ་ཡི་ཕུང་པོ་རྫ་རི་དམར་པོ་ཙམ། །རུས་པའི་ཕུང་པོ་གངས་རི་ལྟར་བརྩེགས་ཤིང་། །ཁྲག་གི་འདམས་རྫབ་རྒྱ་མཚོ་འཁྱིལ་བ་ཙམ། །དྲོད་ཀྱི་རླངས་པ་དུད་སྤྲིན་འཁྲིགས་པ་ལྟར། །དབུགས་ཀྱི་ན་བུན་ཁུག་སྣ་འཐིབ་ལྟར་གྱུར། ཕཊཿམགྲོན་རྣམས་བོས་ཤིང་གཏི་མུག་ཤ་ཕུང་གི། མཐའ་རུ་འཁོད་ཅིང་རྐན་སྒྲ་ཏོག་ཏོག་འདུག །ཕཊཿཤ་ཡི་ཕུང་པོ་འབྱུང་བ་ས་ལ་ཐིམ། །རྗེས་མེད་སོང་བས་ཁ་སྐྱེངས་གནོད་སེམས་ཞི། ཕཊཿམགྲོན་རྣམས་བོས་ཤིང་ཞེ་སྡང་རུས་ཕུང་གི། མཐའ་རུ་འཁོད་ཅིང་སོ་སྒྲ་ཆེམ་ཆེམ་གནས། ཕཊཿརུས་པའི་ཕུང་པོ་སྲ་མཁྲེགས་རྡོ་ལ་ཐིམ། །རྗེས་མེད་སོང་བས་ཁ་སྐྱེངས་གནོད་སེམས་ཞི། ཕཊཿམགྲོན་རྣམས་བོས་ཤིང་འདོད་ཆགས་ཁྲག་མཚོ་ཡི། །མཐར་འཁོད་མཆུ་ནས་ཀྲོང་ཀྲོང་ཡོད་པ་ལ། ཕཊཿཁྲག་རྣམས་ཐམས་ཅད་འབྱུང་བ་ཆུ་ལ་ཐིམ། །རྗེས་མེད་སོང་བས་ཁ་སྐྱེངས་གནོད་སེམས་ཞི། ཕཊཿམགྲོན་རྣམས་བོས་ཤིང་ང་རྒྱལ་སེར་སྣ་ཡི། །ངོ་བོ་དྲོད་ཀྱི་དུད་སྤྲིན་འཐིབས་པ་ལ། །མདངས་འཕྲོག་མིག་སྒྲིམ་སྦ་བ་བཏེགས་ཏེ་འཁོད། ཕཊཿདྲོད་ནི་འབྱུང་བ་མེ་ལ་ཐིམ་པ་དང་། །རྗེས་མེད་སོང་བས་ཁ་སྐྱེངས་གནོད་སེམས་ཞི། ཕཊཿམགྲོན་རྣམས་བོས་ཤིང་ཕྲག་དོག་དབུགས་ལ་རྔམས། །དབུགས་འཕྲོགས་ཟེར་ནས་ངམ་ངམ་དུང་དུང་འཁོད། ཕཊཿདབུགས་ནི་འབྱུང་བ་རླུང་གི་ངོ་བོར་ཐིམ། །རྗེས་མེད་སོང་བས་ཁ་སྐྱེངས་གནོད་སེམས་ཞི། ཕཊཿམགྲོན་རྣམས་ལྕགས་རི་ནག་པོའི་ཕ་མཐར་བསྐྲད། །ཕྱིར་མི་ལྡོག་ཅིང་འཛིན་མེད་ངང་ལ་བཞག །ཡང་ཁྱུང་དམིགས་ནད་གཅོད་མ་ནི། ཕཊཿབེམ་རིག་བྲལ་ཏེ་རང་རིག་ཁྱུང་ཆེན་གྱུར། ཕཊཿཁྱུང་དེ་ནམ་མཁའི་དཀྱིལ་ནས་ཕུང་སྟེང་བབས། །རྐན་སྒྲ་ཏོག་ཏོག་ཕུང་པོ་ཟོས་པ་ན། །བུ་ག་དགུ་ནས་ས་བདག་ཀླུ་བདུད་རྣམས། །སྦྲུལ་གྱི་རྣམ་པས་ཕྱི་རོལ་ཐོན་པར་གྱུར། ཕཊཿསྦྲུལ་རྣམས་ལྷག་མ་ཙམ་ཡང་མ་ལུས་ཟོས། ཕཊཿཕུང་པོ་ཏིལ་འབྲུ་ཙམ་ཡང་མེད་པར་ཟོས། ཕཊཿཁྱུང་དེ་མཁའ་མཐོར་གཤེགས་ནས་འཇའ་ལྟར་ཡལ། །འཛིན་མེད་སྤྲོས་བྲལ་ཡུམ་ཆེན་ངོ་བོར་བཞག །ཡང་བྱད་ཁ་རྦོད་གཏོང་སོགས་ཕྱིར་བཟློག་པའི་གེགས་སེལ་དམིགས་པ་ནི། ཕཊཿརང་ལུས་ཐ་མལ་དབུ་མ་དང་བཅས་གསལ། །སྙིང་གར་རིག་པ་འོད་དཀར་ཅོག་སྒོང་ཙམ། ཕཊཿདབུ་མའི་ལམ་བརྒྱུད་མཁའ་དང་དབྱེར་མེད་གྱུར། ཕཊཿརང་ལུས་ས་ལ་བརྡབ་པས་ཕྱེ་མར་སོང་། །ཤ་ཁྲག་རུས་པས་ནས་ཕུང་བརྡལ་བཞིན་ཁྱབ། །དེ་དབུས་སྙིང་ནི་ཧྲིལ་གེ་ཡོད་པར་གྱུར། ཕཊཿགཞི་བདག་དཀོར་བདག་གཉུག་མར་གནས་པ་དང་། །ཁྱད་པར་བདག་ལ་བྱད་ཁ་རྦོད་གཏོང་སོགས། །གནོད་པར་བྱེད་པའི་མི་མིན་སྡེ་བརྒྱད་རྣམས། ཤ་ཁྲག་མཐའ་བསྐོར་མགྲོན་དུ་བོས་པར་གྱུར། ཕཊཿཤ་རུས་འཕགས་པ་ཉན་ཐོས་དགྲ་བཅོམ་དང་། ཕཊཿསྙིང་ནི་སེང་ཁྲིར་ཤཱཀ་ཐུབ་སྐུ་མདོག་སེར། །ས་གནོན་མཉམ་བཞག་བྱང་ཆུབ་ཤིང་ལ་བརྟེན། །འོད་ཟེར་གཟི་བརྗིད་འབར་བའི་སྐུ་རུ་གསལ། །མགྲོན་ནམས་ཁ་སྐྱེངས་སངས་རྒྱས་འཁོར་བཅས་ལ། །ཕྱག་འཚལ་པུས་བཙུག་གུས་པས་ཆོས་ཉན་གྱུར། །སངས་རྒྱས་ཞལ་ནས་ཆོས་ཀྱི་སྒྲ་དབྱངས་སྒྲོགས། གཟུགས་སྟོང་པའོ་ཞེས་སོགས་ནས། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཞེས་པའི་བར་བརྗོད། མི་མ་ཡིན་རྣམས་ཆོས་ཀྱིས་རྒྱུད་གྲོལ་ནས། །གནོད་ཅིང་གདུག་པའི་བསམ་ངན་སྦྱོར་རྩུབ་ཞི། ཕཊཿགནོད་བྱེད་རྦོད་གཏོང་རྒྱ་མཚོའི་མཐར་བསྐྲད་ཅིང་། ཕཊཿགཞི་བདག་ལ་སོགས་སྡེ་བརྒྱད་རང་གནས་གཤེགས། ཕཊཿཉན་ཐོས་འཁོར་ཚོགས་སངས་རྒྱས་ལ་ཐིམ་ཞིང་། །ཕཊཿསངས་རྒྱས་འོད་ཀྱི་གོང་བུ་ཆེན་པོར་གྱུར། །དེ་ཡང་ནམ་མཁར་འཇའ་བཞིན་ཡལ་བར་གྱུར། ཕཊཿསྐྱེ་མེད་ཡུམ་ཆེན་ཕར་ཕྱིན་ངང་ལ་བཞག །ཡང་ཤིན་ཏུ་རྩུབ་ཆེ་ཞིང་ཞི་འགྱེད་གྱིས་མི་ཐུལ་བའི་འདྲེ་གདོན་རྣམས་བཙོན་དུ་བཟུང་ཞིང་ཚར་གཅོད་པའི་དམིགས་པ་ནི། ཕཊཿརང་གི་ལྟག་པའི་བདུད་སྒོ་ཧག་གི་བྱེ། ཕཊཿགནོད་བྱེད་མགྲོན་རྣམས་ལུས་ཀྱི་ནང་དུ་བཅུག །ཕཊཿལྟག་པའི་སྒོ་དེ་ཁྲིགས་སེ་བཅད་པར་གྱུར། ཕཊཿཤ་ཁྲག་རུས་པ་གནོད་བྱེད་རྣམས་ལ་སྦྱིན། །ཅབ་སྒྲ་ཧུབ་སྒྲ་ཆེམ་སྒྲ་དང་བཅས་རོལ། །འགྲང་ཞིང་ཚིམ་ནས་འགྲོ་ས་མ་རྙེད་དེ། །པུར་པུར་སྔར་བྱས་ལས་ལ་འགྱོད་པར་བསམ། ཕཊཿརང་སེམས་སྤོས་དུད་ཙམ་ཞིག་སྤྱི་བོར་ཐོན། ཕཊཿཁང་པ་ཀ་བ་འགྱེལ་ནས་རྡིབ་པ་བཞིན། །ལུས་ནང་གནོད་བྱེད་རྡུལ་ཕྲན་ཕྱེ་མར་འཐགས། ཕཊཿཡུམ་དོན་སྐྱེ་མེད་ངང་ལ་མཉམ་པར་བཞག །འདི་ཅུང་རྩུབ་པས་རྒྱུན་དུ་མི་བྱའོ། །སྦྱིན་གཏོང་དེ་རྣམས་གང་ཡིན་ཀྱང་མཐར་ཕཊཿདྲག་པོ་བརྗོད་ལ། སྦྱིན་པའི་རྫས་དང་སྦྱིན་པ་གཏོང་བ་པོ། སྦྱིན་པ་ལེན་པ་པོ་ཐམས་ཅད་མི་དམིགས་པ་རྣམ་པར་མི་རྟོག་པའི་ངང་དུ་རོ་གཅིག་པའི་སྨྲ་བསམ་བརྗོད་བྲལ་ཡུམ་གྱི་དགོངས་པ་བསྐྱངས། ཐུན་ལས་ལྡང་བ་ན། ལུས་གདོན་གནས་གདོན་གྱིས་ཐོག་དྲངས་པའི་མི་མ་ཡིན་རྣམས་ལ་ཆོས་ཀྱི་སྦྱིན་པ་གཏོང་བ་ནི། ཆོས་རྣམས་ཐམས་ཅད་སོགས། སྒྱུ་མ་ལྟ་བུའི་དགེ་བའི་རྩ་བ་སོགས། ལྷ་འདྲེ་གདོད་ནས་མ་གྲུབ་ཀྱང་། སོགས་ནས། ལེན་པར་ཤོག །བར་དང་། །བདག་གིས་དགེ་བའི་རྩ་བ་ལ་བརྟེན་ནས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག །ཚར་གསུམ། འབྱུང་པོ་གང་དག་སོགས། སྐར་མ་རབ་རིབ་སོགས་ཀྱིས་བསྔོ་སྨོན་བྱའོ། །ལྔ་པ་རྗེས་གཅོད་ནི། གཉན་ས་དེ་ནས་སྤོ་བ་ན་ཐ་མ་མི་ལྡོག་པ་སྒོ་གཏན་ལྟ་བུའི་མན་ངག་གི་ཕྱག་ལེན་ནི། རང་ཉིད་འདུག་ཤུལ་ཐོ་བརྩེགས་ནས། ཕཊཿཔད་དཀར་དྲི་བྲལ་ཟླ་དཀར་གདན་སྟེང་དུ། །ཧྲཱིཿདཀར་ལས་འཁྲུངས་འཕགས་པ་སྤྱན་རས་གཟིགས། །རབ་དཀར་ཞལ་གཅིག་ཕྱག་བཞི་སྐྱིལ་ཀྲུང་བཞུགས། །པད་དཀར་ཕྲེང་འཛིན་ཐལ་སྦྱར་རྒྱན་སྤྲས་འདུད། ཨོཾ་ཨཱཿ ཧྲཱིཿཧཱུྃ་ཞེས་བརྗོད་པས་ཐོ་དེ་འཕགས་པ་སྤྱན་རས་གཟིགས་སུ་གྱུར་པར་བསམ། ངག་ནས། ཨ་ཨ་ཅེས་མང་དུ་བརྗོད་པས། སྟེང་གི་ནམ་མཁའ་ཨ་དཀར་པོ་ལས་བདུད་རྩི་འཛག་བཞིན་པའི་ཆར་བབས་པས། གནས་དེའི་གནས་བདག་གི་ནད་དང་སྡུག་བསྔལ་ཐམས་ཅད་ཞི། གནས་ཉམས་པ་ཐམས་ཅད་སོར་ཆུད་ཅིང་བྱིན་གྱིས་བརླབས་པར་བསམས། དེ་རྗེས་ཌཱ་མ་རུ་དཀྲོལ་བཞིན་དུ་ཐོ་དེ་ལ་བསྐོར་བ་བྱེད་པ་དང་མཉམ་དུ་མཁའ་འགྲོ་སྤྱན་འདྲེན་དང་བྱིན་བརླབ་གནད་འབེབས་མ་རྣམས་བྱེད། རྗེས་སྨོན་ལམ་བཏབ་པ་ནི། འདིར་གནས་བདག་གཞི་བདག་འདྲེ་གདོན་ཚོགས་རྣམས་ལ། སྐྱེ་མེད་ཨ་དཀར་ཆར་པ་འདི་ཕབ་པས། །ལུས་ཀྱི་ནད་སོས་སེམས་ཀྱི་སྒྲིབ་བྱང་ནས། །སྐྱེ་མེད་ས་ལ་མྱུར་དུ་གནས་པར་གྱུར། །གནས་འཛིན་ཐོ་འདི་སྤྱན་རས་གཟིགས་དབང་ཡིན། །འདི་ལ་ཕྱག་མཆོད་བསྐོར་བ་རྒྱུན་དུ་གྱིས། །བདག་གིས་སྦྱིན་པ་རྣམ་བཞི་སྦྱིན་པའི་མཐུས། །སྦྱིན་པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤིང་། །བྱམས་པའི་སྟོབས་དང་གནོད་སྦྱིན་སྤུན་ལྔ་ལྟར། །ཁྱེད་རྣམས་བདག་གི་གདུལ་བྱར་འགྱུར་བར་ཤོག །ཕཊཿཅེས་ཕྱི་མིག་མི་བལྟ་བར་འགྲོ། རྒྱུན་གྱི་ཉམས་ལེན་ལ་ཟིལ་གནོན་དང་ཐ་མའི་དམིགས་པ་རྣམས་མ་བྱས་ཀྱང་རུང་ངོ་། །ཡེ་ཤེས་དྷཱ་ཀིའི་གསང་སྤྱོད་ཀྱི། །སྙན་བརྒྱུད་རྒྱུན་གྱི་ཉམས་བླང་གི། ངག་འདོན་ཉུང་ངུར་སྤེལ་བ་འདིས། །རང་རིག་བླ་མ་ཐང་སྟོང་དང་། །དབྱེར་མེད་མཁའ་འགྲོས་རྗེས་བཟུང་ཤོག །ཅེས་པའང་རང་སློབ་དགེ་སློང་ཚེ་རིང་ཕུན་ཚོགས་ནས་བསྐུལ་བ་དང་། གཞན་ཉམས་ལེན་མཁན་ལ་ཕན་འདོད་ཀྱི་བློས་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
[edit]

@#/__/grub chen thang stong rgyal po'i gsang spyod snyan brgyud kyi nyams len ngag 'don bklag chog tu bkod pa grub dbang dgongs rgyan zhes bya ba bzhugs so/__/ na mo gu ru DA ki nI ye/__/bde chen rdo rje'i ye shes ni/__/dran pa'i mod la rab ster ba/__/bla ma mkha' 'gror gus btud nas/__/bdud gcod zab mo'i ngag 'don dbye/__/de la rdo rje phag mo'i zab dbang gis rgyud smin cing sngon 'gro'i sbyangs pa mthar phyin pa dang /__yum don gyi lta ba la cung zad byan tshud pas gsang spyod bogs 'don gyi thabs rmad du byung ba lus mchod sbyin bya bar 'dod pas/__gnyan sa sogs su 'gro na rgyas pa de dag gi yi ge rnams su blta zhing /__'dir ngag 'don mdor bsdus bkod pa la/__zil gnon/__'gro dmigs/__gnas 'dzin dang /__sa gnon pa/__phyi rjes gcod pa dang lnga las/__dang po phyi'i zil gnon/__nang gi zil gnon/__gsang ba'i zil gnon dang gsum/__dang po rang nyid gcod la chas 'gro dus/__phyi'i them pa rkang pa g.yon gtad la/__lag pa g.yas gung mdzub kyis sna bug g.yas bkag ste/__de'i steng mdzub mos mnan/__mthe bong gis srin lag gi 'dre rtsa mnan ste/__sna bug g.yon nas rlung rngub ste 'bud/__dmigs pa kun gyi sngon 'gro dug gsum rlung 'bud byas la/__zil gnon dngos kyi rim pa ni/__rang nyid ma gcig lab sgron du gsal ba'i thugs ka nas/__'od zer zla ba'i dkyil 'khor lta bu spros te/__sa phyogs de na gnas pa'i 'dre gdon thams cad 'od dkar po des rjib ste mnan par bsam la/__phaTaHdrag po gcig rgyab pa de phyi'i zil gnon no/__/gnyis pa nang gi zil gnon ni/__rang nyid ma gcig tu gsal ba'i thugs ka nas ma gcig dpag tu med pa'i sku che ba ri rab tsam/__chung ba rdul phran tsam spros te sa phyogs de thams cad kyi 'dre gdon rnams rang dbang med par bsam la/__phaTaHdrag po gcig rgyab/__gsum pa gsang ba'i zil gnon ni/__rang gi sems nyid rang bzhin gyis rnam par dag pa yin kyang de ma rtogs pa'i sems can rnams la snying rje bskyed pa'i ngang nas/__phaTaHbrjod de sems nyid spros bral gnyug ma phyag rgya chen po'i ngang la bzhag go__/gnyis pa 'gro dmigs gtong ba ni/__rkang pa g.yon sngar nyid las/__rkang pa g.yas them pa'i phyir rgyag pa dang /__ngag nas brda zer/__lag g.yas thal mo brkyang nas bsnun pa'i tshul du byed pa'o/__/de nas rab lta ba'i ngang nas 'gro/__'bring rlung 'byung 'jug gnas gsum la brten pa rdo rje'i bzlas pa byed pa'i ngang nas 'gro/__tha ma skyabs 'gro sems bskyed byed cing 'gro ba'o/__/de yang dpa' bo'i stabs 'gros kyis mig gis mthong tshad kyi lha 'dre ded par bsam/__mkha' 'gro'i gar 'gros kyis rang lus la lha 'dre thams cad yang yang bstim nas 'gro/__sbrul nag 'phyugs 'gros kyis sa bdag klu gnyan gnas mal dang bcas pa gnyan khrod du khyer nas 'gro bar bsam/__rnal 'byor pa'i lding 'gros kyis lam gyi steng 'og thams cad du lha 'dre rnams lta stangs kyis gzir zhing 'gro ba'o/__/gsum pa gnas 'dzin bya ba ni/__gnas de nyid du sleb pa dang /__DAk+ki dbang sdud kyi rkang gling khams gsum zil gnon gtong la/__lus dang lus gdon la gnas pa gcod pa'i phyir/__phaTaHgcig rgyab/__de nas dbyings dang rig pa 'dres pa'i ngang nas cog pu'i phur pa zur gru bzhir rgyag pa dang /__phaTaHre bstun nas 'dzin med kyi ngang nas cog pu de brtan par phub pa dang /__bzhi pa sa gnon gyi dmigs pa bya ba ni/__rang gi gdan de mi lpags kyi g.yang gzhi chen po gcig tu bsam/__gnas de nyid kyi gzhi bdag gis gtsor byas gnas bdag dkor bdag grong bdag sogs thams cad gdan de'i 'og tu bcug la de'i khar rang nyid rdo rje phag mo nag mo ri rab tsam gcig tu bsgoms la gdan de'i khar rjib de mnan nas sdod/__ngag nas/__gnas 'di nyid kyi gnas bdag gzhi bdag gi gtsor byas snang srid kyi lha 'dre thams cad nga'i bka' la nyon cig__/nga 'di nyid du rje btsun byams pa'i bstan pa ma shar gyi bar du sdod pa yin pas/__lo phyugs rtag tu legs/__char chu dus su phob/__mi nad dang phyugs nad thams cad rgyun chad/__mdor na khyod rang rnams rang rang so so nas nged ma gcig gi brgyud pa 'dzin pa'i rnal 'byor pho mo rnams kyis ji ltar bka' bsgos pa bzhin phan bde byang chub kyi sems dang ldan par gyis shig__/gal te khyod rang rnams nga'i sku la brdo/__gsung cog thugs dkrugs na/__nga rnal 'byor pas chos sku yum chen sher phyin gyi thugs rgyud bskul te/__bden pa'i stobs brjod/__drag pos tshar gcod khyod rang rnams thal ba rdul phran bzhin du brlag byung na mi skrag pa e yin byas pas/__khong rnams rnal 'byor pa'i zil mi bzod par gus pas btud nas 'ong ba ni rten 'brel gyi gnad yin pas ched du gces 'dzin ma zhugs pa gal che'o/__/mdor na rnal 'byor pa rang nyid kyis gnas lugs zab mo'i ngang la mnyam par cung zad re bzhag na yang lha 'dre mi gsum gyis mi thub pa yin no/__/de nas chog khrig rgyas 'bring bsdus gsum gang rung btang nas bla ma la gsol ba 'deb shing dbang blang ba dang /__bla ma rang la bstim zhing 'og tu lus sbyin la 'jug kyang rung /__sku rdo rje'i nyams len dang 'brel ba 'khor 'das bsre ba'i rnal 'byor bsgom/__de yang sngon 'gro dug gsum rlung 'bud ni nyams len gang gi yang sngon du bya dgos pas/__de yang /__sna bug g.yas nas rlung gcig 'bud pa dang /__'dod chags bya gzugs phug ron rnam pa can/__/phyi rol rgyang gis don par gyur par bsam/__/de bzhin sna bug g.yon nas zhe sdang sbrul/__/dbus nas gti mug phag gi rnam pa yi/__/rlung don lus nang stong sangs gyur par bsam/__/zhes brjod la rlung ro lan gsum bsal/__rang lus dbu ma'i mas sna lte 'og dang /__/yas sna tshangs pa'i bu gar zug pa yi/__/sbom phra sba lcag tsam du gsal bar gyur/__/rlung rngub dbu ma'i nang nas song ba dang /__/lte bar kha sbyor cho gas rab bzung ste/__/dbu ma'i mas snar rang sems thig le dkar/__/co ga'i sgong tsam gsal la 'tsher ba bsgom/__/spyi bo tshangs bug rgya mthong mtheb skor tsam/__/ha rer yod cing phaT ces brjod pa yi/__/mar sne dbu ma'i thig le lte bar slebs/__/'og rlung drag 'then phaT brjod snying gar 'pho/__/rlung yang yar drangs phaT brjod mgrin par drangs/__/rlung yang yar drangs phaT brjod spyi bor 'phos/__/mgrin rlung spyir drangs phaT brjod yar sna yi/__/rlung sems thig le de nyid nam mkhar yal/__/mkha' dang rang sems bsres te yum chen gyi/__/dgongs pa'i klong du rig pa bzo med bzhag__/phung po gzan bskyur gyi dmigs pa ni/__phaT/__rang lus phung po che zhing snum pa de/__/gnod byed 'dre gdon rnams la ltos med du/__/gzan du bskyur bas 'dre gdon kun tshim zhing /__/sha mkhon bu lon lan chags byang bar gyur/__phaTaH'khor gsum 'dzin pa gcod de dmigs med bzhag__/de nas sku rdo rje'i lam khyer 'khor 'das bsre ba'i nyams len dngos gzhi ni/__phaTaHrang lus bem po che zhing brjid la snum/__/stong gsum khyon dang mnyam pa gsal ba yi/__/ltag pa'i bdud sgo har gyis bye ba dang /__phaTaHgnod byed 'dre gdon thams cad nang du bcugaphaTaHltag pa'i bdud sgo bcad de phyir mi thon/__phaTaHkhyed rnams bdag gi sha khrag rus pa zo/__/ci dgar spyod pas rab tu tshim par gyur/__phaTaHltag pa'i bdud sgo har gyis bye ba dang /__phaTaH'dre gdon thams cad phyi rol don par gyur/__phaTaHltag pa'i bdud kyi sgo bcad rang lus ni/__/sgrib thogs bral ba'i 'od gyi stong ra gsal/__/phaTaHrang lus phag mo dmar mo'i skur gyur pa'i/__/lus ni stong chen sgrib thogs dang bral ba'i/__/lus dbus drang po d+hU ti gsal ba yi/__/yar sna stong ra'i ltag pa'i sgo phye nas/__/phaTaH'khor 'das mgron rnams thams cad nang du bcug__/phaTaH'das pa'i mgron rnams sked pa yan chad bzhugs/__/dad cing mos gus gdung bas gsol ba 'debs/__/phaTaHgnyis su 'dzin pa'i rtog pa kun bcad de/__/mkha' khyab rigs drug mgron la snying rje bsgom/__/phaTaH'dzin rtog thams cad skye med ngang du bcad/__/phaTaH'khor 'das gnyis su snang ba thams cad bsres/__/dag pa rab 'byams ye shes 'khor lor sad/__/de rnams spyi bor rnam snang yab yum dang /__/mgrin par 'od dpag med mgon yab dang yum/__/snying gar mi bskyod rdo rje yab yum dang /__/lte bar rin 'byung gsang gnas don grub rnams/__/yab yum mnyam sbyor rang mdog phyag mtshan bsnams/__/rang rang rigs kyi dpa' bo DA kis bskor/__/snang stong zung 'jug chen por gsal bar gyur/__/phaTaHrnam par snang mdzad 'khor rnams gtso bor bsdu/__/phaTaH'od dpag rgyal po 'khor rnams gtso bor thim/__/phaTaHmi bskyod yab yum 'khor rnams gtso bor thim/__/phaTaHrin chen 'byung ldan 'khor rnams gtso bor thim/__/phaTaHdon yod grub pa'i 'khor rnams gtso bor thim/__/phaTaHspyi bo'i rnam snang mgrin pa'i gtso la thim/__/don grub rin chen 'byung ldan la thim dang /__/'od dpag snying ga'i mi bskyod la thim zhing /__/rin 'byung snying ga'i mi bskyod pa la thim/__/mi bskyod thugs kar hU~M yig sngon pos mtshan/__/mdun a g.yas su nu dang rgyab tu ha/__/g.yon du ra rnams shin tu gsal bar gyur/__/phaTaHphyogs bzhi'i yig 'bru dbus kyi hU~M la thim/__phaTaHphaTaHphaTaHphaTaHzhabs kyu khog par khog pa mgo bor thim/__/mgo bo zla tshes de nyid thig ler thim/__/thig le nA da la thim je phrar song /__/rig pa dbyings su dag pa'i rang la bzhag__/de nas rjes thob bogs 'don lus sbyin bya ba la/__dkar 'gyed chen po'i dmigs pa ni/__phaTaHchos dbyings spros bral dag pa'i klong chen por/__/rang rig ye shes mkha' 'gro sku mdog dkar/__/phyag g.yas gri gug g.yon pas thod pa bsnams/__/gar stabs ling ling steng gi nam mkhar byon/__/phaTaHrang lus bong che brjid la snum/__/stong gsum khyon dang mnyam par gsal ba la/__/phag mos gri gug mgo bo'i ya thod la/__/reg pas ling gis bkog nas mi mgo yi/__/sgyed pu gsum gyi khar 'jog rgya che zhing /__/dpral ba rang la bstan pa gcig tu gyur/__/phaTaHrang lus dum bur bsil zhing thod nang blugs/__/phaTaHrang rig mkha' 'gro lte ba'i gtum mo las/__/me 'phros thod pa'i 'og tu 'khyil ba dang /__/bcud rnams 'od zhu ye shes bdud rtsir gyur/__/phaTaHg.yon pa thod pa'i bdud rtsi blugs pa yi/__/kha dog dkar snum dri ro phun sum tshogs/__/ye shes bdud rtsi'i rgya mtsho chen por gyur/__/oM AH_hU~M/__lan gsum brjod/__rang nyid mkha' 'gro'i thugs ka'i 'od kyis bskul/__/rtsa brgyud bla ma yi dam lha tshogs dang /__/sangs rgyas byang sems 'phags pa nyan rang dang /__/chos skyong nor lha dam can gter gyi bdag__/gnas bdag gzhi bdag gnyug mar gnas pa dang /__/rigs drug sems can rang la gnod byed kyi/__/dgra gdon bgegs tshogs la sogs 'khor 'das mgron/__/skad cig nyid la mchod sbyin gnas 'dir 'dus/__/rang gi thugs nas mkha' 'gro grangs med kyis/__/thod pas bdud rtsi bcus nas 'phags mchod mnyes/__/dam can srung ma nor lha'i thugs dam bskang /__/rigs drug mgron rnams sbyin pas tshim pa dang /__/gdon bgegs lan chags sha 'khon byang gyur cig__/rtsa ba'i bla ma'i zhal du oM AH_hU~M/__/brgyud pa'i bla ma'i zhal du=/__yi dam lha tshogs=/__phyogs bcu'i sangs rgyas byang sems rnams kyi=/__'phags pa nyan rang rnams kyi=/__mkha' 'gro chos skyong srung ma rnams kyi=/__gzhi bdag gnyug mar gnas pa rnams kyi=/__rigs drug sems can thams cad kyi=/__bdag la gnod cing 'tshe bar byed pa'i dgra bgegs log par 'dren pa'i tshogs rnams kyi zhal du oM AH_hU~M/__zhes brjod/__las byed rnams kyis bdud rtsi phyogs mtshams gtor/__/phyogs bcu'i 'khor 'das mgron rnams ma lus tshim/__/khyad par rang la gnod pa'i gdon bgegs la/__/sbyin pas gnod sems gdug rtsub zhi bar gyur/__/dmigs pa dang sbrags/__phaTaHbcu brjod/__zhi drag phyed ma'i khra 'gyed ni/__sger du byed na nam mkha' sgo 'byed bya/__dkyus gcig tu sbrel na mi dgos/__rang rig mkha' 'gro dmar mo gri thod can/__/g.yon bskor gar stabs ling nge phung po ni/__/gan rgyal gnas pa'i mgo bo'i thad du babs/__phaTaHphung po'i rkang pa'i phyogs su rgyang gis mchongs/__phaTaHphung po'i mgo bo'i thad du drag tu mchongs/__phaTaHphung po'i g.yas nas g.yon du mchongs pa dang /__phaTaHphung po'i g.yon nas g.yas kyi phyogs su mchongs/__phaTaHro yi mgrin pa nas bzung kha sbub brdal/__phaTaHphyag g.yas gri gug rno ngar ldan pa des/__/spyi bo'i gtsug nas rkang mthil bar du gshags/__/lpags pa stong gsum khyab par bcal gyis bkram/__phaTaHsha rus dum bur gtub cing ri ltar spungs/__/steng du klad pa'i 'dams rdzab byug pa yis/__/rdza ri dmar por gangs ri ltar chags gyur/__phaTaHde steng phyag g.yon thod pa'i bdud rtsi blugs/__oM AH_hU~M/__lan gsum brjod/__phaTaHrang nyid mkha' 'gro'i thugs ka'i 'od kyis bskul/__/sogs gong gi dkar 'gyed kyi ngag 'don ltar/__mchod sbyin gnas 'dir 'dus/__/ces pa'i bar dang /__mgron yul gong ma bdud rtsi'i mchod pas mnyes/__/dam can srung ma nor lha'i thugs dam bskang /__/rigs drug mgron rnams sbyin pas tshim pa dang /__/gdon bgegs lan chags sha 'khon byang gyur cig__/phaTaHces yum don la 'jog__/yang dmar 'gyed sbyin gtong chen mo ni zur bkol du bya na sngon 'gro rlung 'bud 'pho ba rnams bya/__ngag 'don dkyus gcig tu sbrel na mi dgos/__phaTaHgdod nas grub pa'i dur khrod chen po brgyad/__/pad+ma 'dab brgyad tshul du yod pa yi/__/rtsa ba rang gi stan 'og mnan par gyur/__/rkang gling DA ma ru'i sgra dang bcas te/__gtum drag 'jigs byed thod pa can/__/'bar ba ha ha rgod pa dang /__/dpal dang mun can ca co sgrogs/__/dur khrod chen po brgyad kyi dbus/__/bdag nyid mchod sbyin rgya cher bgyi/__/zhes brjod shar nas brtsams phyogs g.yon bskor/__mtshams nas g.yas bskor gyis grub chen brgyad la phyag 'tshal bar mos te/__shar phyogs gtum drag dur khrod gnas/__/in+d+ra bo d+hi la phyag 'tshal/__phaTaHphaTaHbyang phyogs 'jigs byed dur khrod gnas/__/ku ku ri pa la phyag 'tshal/__phaTaHphaTaHnub phyogs thod can dur khrod gnas/__/pad+ma rdo rje la phyag 'tshal/__phaTaHphaTaHlho phyogs 'bar ba'i dur khrod gnas/__/klu sgrub snying po la phyag 'tshal/__phaTaHphaTaHbyang shar ha ha rgod par gnas/__/sa ra ha pa la phyag 'tshal/__phaTaHphaTaHshar lho dpal gyi dur khrod gnas/__/Dom+b+hi pA da la phyag 'tshal/__phaTaHphaTaHlho nub mun can dur khrod gnas/__/dril bu pa la phyag 'tshal lo/__/phaTaHphaTaHnub byang ca co sgrogs par gnas/__/lo hi pa la phyag 'tshal lo/__/phaTaHphaTaHces phyag 'tshal rjes mgron rnams 'bod pa ni/__phaTaHnga ni de ring lan chags 'jal/__/bsrung skyobs ram zla sgron re shi/__/de ring 'khor 'das shan phung 'byed/__/'dus shig 'dus shig sha za dang /__/dbugs len thams cad rtsa 'dir 'dus/__nga ni lan chags ston mo byed/__/mgron rigs srid rtse man chad nas/__/dmyal khams bco brgyad yan chad na/__/lus dang longs spyod bya dga' gtong /__/dbugs dang mdangs dang gzi brjid rnams/__/gang la gang dgos thams cad 'dus/__/bgegs rigs stong phrag brgyad cu shog__/gdon rigs sum brgya drug cu shog__/byis pa'i gdon chen bco lnga shog__/pho bdud bdud kyi pho nya shog__/mo bdud las kyi srin mo shog__/thog med dus nas gces bzung ba'i/__/sha khrag 'di la dga' bar gyis/__/lan chags za ma phyis ma snyegs/__/'dzin pa nang du brlag par gyis/__/bzung ba phyi ru brlag par gyis/__/chags sdang rang sar grol bar gyis/__/phyis nas sdang ba med par gyis/__/de nas/__phaTaHces rang nyid gan rgyal du 'gyel la ngag nas/__drin can pha ma'i drin lan dang /__/dpal ldan bla ma'i sku glud du/__/bdag lus rnam smin phung po 'di'i/__/spyi bo tshangs pa'i bu ga nas/__/mig gnyis 'dod na mig gnyis khyer/__/sha 'dod pa rnams sha khyer cig__/khrag 'dod pa rnams khrag 'thungs shig__/rus pa 'dod rnams rus pa zo/__/mgo bo 'dod na mgo bo khyer/__/yan lag nying lag 'dod pa rnams/__/yan lag nying lag thams cad khyer/__/pho gdon stod la dga' rnams stod khyer cig__/mo gdon smad la dga' rnams smad khyer cig__/rgyal po don snying la dga' don snying khyer/__/sa bdag klu gnyan rtsa dang chu rgyus dga'/__/rtsa dang chu rgyus dga' rnams de khyer cig__/mdor na sems can gang la ci dgos pa/__/de dang de bzhin da lta nyid la khyer cig__/ces brjod pas 'dre gdon rnams sha rus la sbrang bu thib kyis babs pa ltar/__'dre gdon rnams 'ub kyis 'dus/__rang lus rjes med du zos par bsam pa/__phaTaHgrangs nges med par rang gi lus rjes med du song ba'i nyams nas byung bar rgyab/__de nas/__phaTaHdrag po gcig brjod la 'dzin pa bcad de gzhi der tsog gis 'dug la cung zad yum gyi dgongs pa'i ngang la sing nge bzhag__/yang dmar 'gyed dum bzhi ma bya bar spro na/__phaTaHrang lus dkar snum che zhing brjid par gyur/__phaTaHmtshon cha rnon pos phung po'i ske bcad bskyur/__/mgron rigs rnams la re rer thob par gyur/__phaTaHbrang khog nang du don lnga bcug nas bskyur/__/sngar bzhin mgron rigs rnams la thob par gyur/__phaTaHro stod rgyang gis bskyur bas mgron rnams tshim/__phaTaHro smad rkang pa rgyu long la sogs bskyur/__/sngar bzhin thob cing rab tu tshim par gyur/__phaTaHsha khrag rus lpags gang dga' zos tshim bsam/__/phaTaHchos sku yum chen don la mnyam par bzhag__/yang dmar 'gyed dum bskyur chen mo ni/__dug gsum rlung 'bud sngon du 'gro bas/__phaTaHrang gi rkang g.yon rgya tshig man chad gcod/__phaTaHgnod byed lha 'dre rnams la rgyang gis bskyur/__/bol gong man gyi rnag khrag bun nur thon/__/gdon rnams srog chags rnam par phyir thon nas/__/sa 'og song nas slar ldog med par gyur/__/rkang g.yon rtsa sbubs thams cad stong sangs bsam/__phaTaHrkang g.yon long bu'i ltag nas rbad kyis bcad/__phaTaHgnod byed lha 'dre rnams la rgyang gis bskyur/__/pus tshigs man gyi rnag khrag bun nur thon/__phaTaHrkang g.yon pus tshigs ltag nas rbad kyis bcad/__phaTaHgnod byed lha 'dre rnams la rgyang gis bskyur/__phaTaHrkang pa'i dpyi mgo man chad rbad kyis bcad/__phaTaH/__gnod byed lha 'dre rnams la rgyang gis bskyur/__phaTaHlag g.yas dpung pa'i stod nas rbad kyis bcad/__phaTaHgnod byed lha 'dre rnams la rgyang gis bskyur/__phaTaHphung po'i mgrin pa rbad kyis bcad byas te/__phaTaHgnod byed lha 'dre rnams la rgyang gis bskyur/__phaTaHphung po'i mgo bo rdza ril sing gis bcad/__phaTaHgnod byed lha 'dre rnams la rgyang gis bskyur/__phaTaHlus kyi rkang pa yan chad rbad kyis bcad/__phaTaHgnod byed lha 'dre rnams la rgyang gis bskyur/__phaTaHlag pa g.yas dang lus stod rbad kyis bcad/__phaTaHgnod byed lha 'dre rnams la rgyang gis bskyur/__phaTaH'dzin med spros bral ngang du mnyam par bzhag__/gang na bar dmigs pa'i lde kha bsgyur ba ni/__dper na mgo nad la mtshon na/__phaTaHthod pa yan chad bcad/__phaTaHthod klad dang bcas pa bskyur/__bcad mtshams nas nang rlangs sngo skya bun ne thon te nam mkhar yal bar bsam/__de nas ya mgal bcad bskyur/__phaTaHgnyis/__de bzhin ma mgal/__rke lag g.yon/__rkang g.yas/__rkang g.yon/__ro smad/__lag g.yas/__ro stod rnams gang na ba de bcad bskyur/__phaTaHgnyis re brjod/__bcad mtshams nas nad rlangs thon par bsam pa'o/__/yang dmar 'gyed khrol tshags ma ni/__rang nyid tha mal gnas pa'i lus kyi nang /__/dbu ma gsal ba'i snying gar phag mo'i sku/__/tshon gang phaT ces brjod pas spyi gtsug thon/__/dbyings rig bsres shing nam mkhar phag mo ni/__/rang gi lus tshad tsam du gsal bar gyur/__/stong gsum khyab pa'i sa gzhi'i khar khyab pa'i/__/lcags khrol rno ngar ldan pa gsal ba'i steng /__/rang lus bem chen de nyid khengs par gyur/__phaTaHlcags khrol brdab cing btsir bas sha khrag rus/__/phye mar gyur pas sa gzhi kun gang gyur/__phaTaH'khor 'das mgron rnams ma lus 'dus par gyur/__phaTaHmgron rigs rnams kyis dgyes shing tshim par rol/__phaTaH'jig rten mgron rnams 'das pa'i mgron la 'dus/__phaTaHmgron rnams nam mkhar 'ja' ltar yal bar bsam/__phaTaH'dzin med yum chen dgongs pa'i ngang la bzhag__/yang nya ro hi ta'i sbyin gtong ni/__phaTaHrang lus nya dmar shin tu che bar gyur/__phaTaHlha srin sde brgyad gnod byed gdon bgegs rnams/__/skad cig nyid la gnas 'dir mgron du bos/__phaTaHgzhog g.yas phyogs kyi sha rnams zos par gyur/__phaTaHgzhog g.yas 'og bcug g.yon phyogs mgron rnams 'dus/__phaTaHg.yon phyogs sha rnams lhag med zos par gyur/__phaTaHgzhog g.yon 'og bcug g.yas su sha gsar skyes/__phaTaHmgron rnams der 'dus zos shing tshim par gyur/__phaTaHde bzhin g.yas 'og g.yon du sha gsar skyes/__/mgron bos lhag med zos shing tshim par mos/__phaTaHgrangs mang brjod la gzhog g.yas g.yon res mos su za bar bsgoms/__thun mthar/__phaTaHbrjod la ma bcos 'dzin med ngang la khrig ger bzhag__/yang 'dre gdon rnams smig rgyu chur snang ltar kha brid nas skyengs su 'jug pa ni/__phaTaHrang nyid tha mal dbu ma'i mar sne ru/__/rig pa 'od dkar cog sgong tsam du gsal/__phaTaHyar 'phos snying gar rdo rje phag mor gyur/__phaTaHde nyid nam mkhar byon zhing phag mo ni/__/rang lus tshad dang mnyam pa zhig tu gyur/__phaTaHsha yi phung po rdza ri dmar po tsam/__/rus pa'i phung po gangs ri ltar brtsegs shing /__/khrag gi 'dams rdzab rgya mtsho 'khyil ba tsam/__/drod kyi rlangs pa dud sprin 'khrigs pa ltar/__/dbugs kyi na bun khug sna 'thib ltar gyur/__phaTaHmgron rnams bos shing gti mug sha phung gi/__mtha' ru 'khod cing rkan sgra tog tog 'dug__/phaTaHsha yi phung po 'byung ba sa la thim/__/rjes med song bas kha skyengs gnod sems zhi/__phaTaHmgron rnams bos shing zhe sdang rus phung gi/__mtha' ru 'khod cing so sgra chem chem gnas/__phaTaHrus pa'i phung po sra mkhregs rdo la thim/__/rjes med song bas kha skyengs gnod sems zhi/__phaTaHmgron rnams bos shing 'dod chags khrag mtsho yi/__/mthar 'khod mchu nas krong krong yod pa la/__phaTaHkhrag rnams thams cad 'byung ba chu la thim/__/rjes med song bas kha skyengs gnod sems zhi/__phaTaHmgron rnams bos shing nga rgyal ser sna yi/__/ngo bo drod kyi dud sprin 'thibs pa la/__/mdangs 'phrog mig sgrim sba ba btegs te 'khod/__phaTaHdrod ni 'byung ba me la thim pa dang /__/rjes med song bas kha skyengs gnod sems zhi/__phaTaHmgron rnams bos shing phrag dog dbugs la rngams/__/dbugs 'phrogs zer nas ngam ngam dung dung 'khod/__phaTaHdbugs ni 'byung ba rlung gi ngo bor thim/__/rjes med song bas kha skyengs gnod sems zhi/__phaTaHmgron rnams lcags ri nag po'i pha mthar bskrad/__/phyir mi ldog cing 'dzin med ngang la bzhag__/yang khyung dmigs nad gcod ma ni/__phaTaHbem rig bral te rang rig khyung chen gyur/__phaTaHkhyung de nam mkha'i dkyil nas phung steng babs/__/rkan sgra tog tog phung po zos pa na/__/bu ga dgu nas sa bdag klu bdud rnams/__/sbrul gyi rnam pas phyi rol thon par gyur/__phaTaHsbrul rnams lhag ma tsam yang ma lus zos/__phaTaHphung po til 'bru tsam yang med par zos/__phaTaHkhyung de mkha' mthor gshegs nas 'ja' ltar yal/__/'dzin med spros bral yum chen ngo bor bzhag__/yang byad kha rbod gtong sogs phyir bzlog pa'i gegs sel dmigs pa ni/__phaTaHrang lus tha mal dbu ma dang bcas gsal/__/snying gar rig pa 'od dkar cog sgong tsam/__phaTaHdbu ma'i lam brgyud mkha' dang dbyer med gyur/__phaTaHrang lus sa la brdab pas phye mar song /__/sha khrag rus pas nas phung brdal bzhin khyab/__/de dbus snying ni hril ge yod par gyur/__phaTaHgzhi bdag dkor bdag gnyug mar gnas pa dang /__/khyad par bdag la byad kha rbod gtong sogs/__/gnod par byed pa'i mi min sde brgyad rnams/__sha khrag mtha' bskor mgron du bos par gyur/__phaTaHsha rus 'phags pa nyan thos dgra bcom dang /__phaTaHsnying ni seng khrir shAka thub sku mdog ser/__/sa gnon mnyam bzhag byang chub shing la brten/__/'od zer gzi brjid 'bar ba'i sku ru gsal/__/mgron nams kha skyengs sangs rgyas 'khor bcas la/__/phyag 'tshal pus btsug gus pas chos nyan gyur/__/sangs rgyas zhal nas chos kyi sgra dbyangs sgrogs/__gzugs stong pa'o zhes sogs nas/__rnam par shes pa rnams stong pa'o/__/zhes pa'i bar brjod/__mi ma yin rnams chos kyis rgyud grol nas/__/gnod cing gdug pa'i bsam ngan sbyor rtsub zhi/__phaTaHgnod byed rbod gtong rgya mtsho'i mthar bskrad cing /__phaTaHgzhi bdag la sogs sde brgyad rang gnas gshegs/__phaTaHnyan thos 'khor tshogs sangs rgyas la thim zhing /__/phaTaHsangs rgyas 'od kyi gong bu chen por gyur/__/de yang nam mkhar 'ja' bzhin yal bar gyur/__phaTaHskye med yum chen phar phyin ngang la bzhag__/yang shin tu rtsub che zhing zhi 'gyed gyis mi thul ba'i 'dre gdon rnams btson du bzung zhing tshar gcod pa'i dmigs pa ni/__phaTaHrang gi ltag pa'i bdud sgo hag gi bye/__phaTaHgnod byed mgron rnams lus kyi nang du bcug__/phaTaHltag pa'i sgo de khrigs se bcad par gyur/__phaTaHsha khrag rus pa gnod byed rnams la sbyin/__/cab sgra hub sgra chem sgra dang bcas rol/__/'grang zhing tshim nas 'gro sa ma rnyed de/__/pur pur sngar byas las la 'gyod par bsam/__phaTaHrang sems spos dud tsam zhig spyi bor thon/__phaTaHkhang pa ka ba 'gyel nas rdib pa bzhin/__/lus nang gnod byed rdul phran phye mar 'thags/__phaTaHyum don skye med ngang la mnyam par bzhag__/'di cung rtsub pas rgyun du mi bya'o/__/sbyin gtong de rnams gang yin kyang mthar phaTaHdrag po brjod la/__sbyin pa'i rdzas dang sbyin pa gtong ba po/__sbyin pa len pa po thams cad mi dmigs pa rnam par mi rtog pa'i ngang du ro gcig pa'i smra bsam brjod bral yum gyi dgongs pa bskyangs/__thun las ldang ba na/__lus gdon gnas gdon gyis thog drangs pa'i mi ma yin rnams la chos kyi sbyin pa gtong ba ni/__chos rnams thams cad sogs/__sgyu ma lta bu'i dge ba'i rtsa ba sogs/__lha 'dre gdod nas ma grub kyang /__sogs nas/__len par shog__/bar dang /__/bdag gis dge ba'i rtsa ba la brten nas sbyin pa'i pha rol du phyin pa yongs su rdzogs par gyur cig__/tshar gsum/__'byung po gang dag sogs/__skar ma rab rib sogs kyis bsngo smon bya'o/__/lnga pa rjes gcod ni/__gnyan sa de nas spo ba na tha ma mi ldog pa sgo gtan lta bu'i man ngag gi phyag len ni/__rang nyid 'dug shul tho brtsegs nas/__phaTaHpad dkar dri bral zla dkar gdan steng du/__/hrIHdkar las 'khrungs 'phags pa spyan ras gzigs/__/rab dkar zhal gcig phyag bzhi skyil krung bzhugs/__/pad dkar phreng 'dzin thal sbyar rgyan spras 'dud/__oM AH_hrIHhU~M zhes brjod pas tho de 'phags pa spyan ras gzigs su gyur par bsam/__ngag nas/__a a ces mang du brjod pas/__steng gi nam mkha' a dkar po las bdud rtsi 'dzag bzhin pa'i char babs pas/__gnas de'i gnas bdag gi nad dang sdug bsngal thams cad zhi/__gnas nyams pa thams cad sor chud cing byin gyis brlabs par bsams/__de rjes DA ma ru dkrol bzhin du tho de la bskor ba byed pa dang mnyam du mkha' 'gro spyan 'dren dang byin brlab gnad 'bebs ma rnams byed/__rjes smon lam btab pa ni/__'dir gnas bdag gzhi bdag 'dre gdon tshogs rnams la/__skye med a dkar char pa 'di phab pas/__/lus kyi nad sos sems kyi sgrib byang nas/__/skye med sa la myur du gnas par gyur/__/gnas 'dzin tho 'di spyan ras gzigs dbang yin/__/'di la phyag mchod bskor ba rgyun du gyis/__/bdag gis sbyin pa rnam bzhi sbyin pa'i mthus/__/sbyin pa'i pha rol phyin pa yongs rdzogs shing /__/byams pa'i stobs dang gnod sbyin spun lnga ltar/__/khyed rnams bdag gi gdul byar 'gyur bar shog__/phaTaHces phyi mig mi blta bar 'gro/__rgyun gyi nyams len la zil gnon dang tha ma'i dmigs pa rnams ma byas kyang rung ngo /__/ye shes d+hA ki'i gsang spyod kyi/__/snyan brgyud rgyun gyi nyams blang gi/__ngag 'don nyung ngur spel ba 'dis/__/rang rig bla ma thang stong dang /__/dbyer med mkha' 'gros rjes bzung shog__/ces pa'ang rang slob dge slong tshe ring phun tshogs nas bskul ba dang /__gzhan nyams len mkhan la phan 'dod kyi blos 7'jam dbyangs chos kyi blo gros pas bkra shis 'chi med grub pa'i dga' tshal du bris pa dge legs su gyur cig__/sarba dA mang+ga laM//___//

Footnotes

Other Information