JKCL-KABUM-02-KHA-033

From Khyentse Lineage - A Tsadra Foundation Project
Revision as of 17:02, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-02-KHA-033.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "kha"., Text 33, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "KHA" is not a number.

1 Texts in this Section (sde tshan or chos tshan)

"KHA" is not a number.

[edit]
རྗེ་བཙུན་འཕགས་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཆི་མེད་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྱ་ཏཱ་ར་ཙིནྟ་ཙཀྲཱ་ཡ། གང་གི་ཞལ་བཟང་ཡིད་ལ་དྲན་ཙམ་གྱིས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྦྱིན་མཛད་མ། །བླ་མ་བཅོམ་ལྡན་རྗེ་བཙུན་འཕགས་མ་ཡི། །ཞབས་མཐིལ་ཆུ་སྐྱེས་སྤྱི་བོས་བཏུད་དེ་མཆོད། །གཟོད་ནས་རབ་ཞི་སྤྲོས་པ་ལས་འདས་ཀྱང་། །འགྲོ་ལ་བརྩེ་ཆེན་ཐུགས་རྗེའི་རླུང་ཤུགས་ཀྱིས། །རབ་བསྐྱོད་རྗེ་བཙུན་སྙིང་རྗེའི་ཟླ་བ་ནི། །གང་བ་བརྒྱ་ཕྲག་བརྩིགས་པའི་ཞབས་ལ་འདུད། །འཕགས་བཞིའི་བསྐྱེད་ཡུམ་ཤེས་རབ་ཕར་ཕྱིན་མ། །རྣམ་པ་རྗེ་བཙུན་ས་བཅུའི་སེམས་མའི་ཚུལ། །འགྲོ་ཀུན་སྒྲོལ་སླད་སྲིད་པར་རྗེས་ཆགས་པས། །བུད་མེད་གཟུགས་ཀྱིས་འགྲོ་བ་འདུལ་ལ་བསྟོད། །སྙིང་རྗེས་ཡོངས་གང་མཆོག་ཏུ་ཞི་ཞིང་འཛུམ། །ཐུགས་རྗེའི་སྤྱན་བདུན་རབ་ཏུ་བཀྲ་བ་ཡིས། །སྲིད་ཞི་མཉམ་པ་ཉིད་དུ་རིག་ཅིང་གཟིགས། །མཁྱེན་བརྩེའི་ཡེ་ཤེས་ཕུལ་དུ་བྱུང་ལ་བསྟོད། །གནག་སྣུམ་ཐོར་ཅོག་ལྟག་པར་བཅིངས་པ་ཡི། །ཟར་བུ་རིང་དུ་གྲོལ་བས་མཛེས་པར་བྱས། །རིན་ཆེན་རྒྱན་དང་པདྨའི་དོ་ཤལ་སོགས། །འདོད་ཡོན་མ་སྤངས་རྒྱན་དུ་རོལ་ལ་བསྟོད། །ཕྱག་གཡས་པདྨའི་ལྕུག་ཕྲན་རིང་དུ་བརྐྱང་། །སྐལ་བཟང་རྣམས་ལ་འཆི་མེད་མཆོག་སྦྱིན་མཛད། །གཡོན་པ་ཐུགས་ཀར་གཏོད་པའི་མཐེབ་སྲིན་ལས། །གྲོལ་བའི་ཨུཏྤལ་སྡོང་པོ་འཛིན་ལ་བསྟོད། །སྲབ་འཇམ་ཡང་བའི་པཉྩ་ལི་ཀ་ཡི། །ལྷ་རྫས་སྟོད་གཡོགས་ཤམ་ཐབས་ལ་སོགས་པ། །མཛེས་པར་བཀླུབས་ཤིང་མཐོང་བས་ཡིད་འཕྲོག་པ། །བཅུ་དྲུག་ལང་ཚོས་མཛེས་སྐུ་ཁྱོད་ལ་བསྟོད། །ཡེ་ཤེས་སྐུ་གཅིག་དུ་མར་འཕྲུལ་པ་ཡི། །མཚན་མཆོག་བརྒྱ་རྩ་རྣམ་འཕྲུལ་ཉེར་གཅིག་སོགས། །བསམ་ཡས་དཀྱིལ་འཁོར་སྤྲོ་དང་སྡུད་མཛད་མ། །བཅོམ་ལྡན་ཡིད་བཞིན་འཁོར་ལོའི་ཞབས་ལ་བསྟོད། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །བདེ་ཆེན་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ། །དོན་གྲུབ་རྟ་ཡི་རྒྱལ་པོའི་རིགས་ཀྱི་ཡུམ། །དམ་ཚིག་སྒྲོལ་མ་རྣལ་འབྱོར་མ་དཔལ་བསྟོད། །དབྱིངས་ཀྱི་རང་བཞིན་ནམ་མཁའ་ལྟར་ཁྱབ་ཅིང་། །འཁོར་འདས་ཐམས་ཅད་སྤྲོ་དང་སྡུད་མཛད་མ། །གསང་མཆོག་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་མཛེས། །དབྱིངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་མོར་བསྟོད། །ཁྱོད་སྐུ་བསྒོམས་དང་རིག་སྔགས་བཟླས་པའི་མོད། །འཆི་བདག་བདུད་ཀྱི་མཆེ་བ་རྣོན་པོ་བཅག །འཆི་མེད་ཚེ་ཡི་རིང་འཚོའི་དཔལ་སྟེར་མ། །གྲུབ་གཉིས་བདུད་རྩིའི་བུམ་བཟང་མ་ལ་བསྟོད། །གསང་གསུམ་རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལ། །ཡུན་ཏུ་བསྙེན་པས་ཉོན་ཕུང་བདུད་ལས་གྲོལ། །ལྷ་བུའི་རྟོག་པ་སྐྱེ་མེད་དབྱིངས་སུ་ཞི། །མཆོག་གི་གྲུབ་པ་ཆེན་པོ་སྦྱིན་ལ་བསྟོད། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས། །བྱང་ཆུབ་སྒྲུབ་ལ་འཚེ་བའི་བར་ཆད་རྣམས། །ཁྱོད་སྐུའི་གཟི་བྱིན་སྣང་བའི་ཆ་ཤས་ཀྱིས། །རྩད་ནས་བཟློག་མཛད་མྱུར་མ་དཔལ་མོར་བསྟོད། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་འཕགས་མ་ཁྱོད་ལ་གསོལ་འདེབས་ན། །ཐུགས་རྗེའི་ཕྱག་གིས་བཟུང་ཞིང་འབྲལ་མེད་སྐྱོང་། །བསམ་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ། །ཟག་མེད་ཚུལ་ཁྲིམས་དཔལ་གྱི་གཟི་བརྗིད་འཕྲོ། །ཐོས་བསམ་སྒོམ་པའི་ལང་ཚོ་རབ་ཏུ་རྒྱས། །མཁྱེན་གཉིས་ཡེ་ཤེས་སྣང་བའི་རྩལ་ཆེན་རྫོགས། །འགྲོ་དོན་དཔག་མེད་འབྱུང་བར་མཛད་དུ་གསོལ། །གང་སྐུ་བདག་གི་ལུས་ལ་ཞུགས་ནས་སུ། །རྩ་རླུང་ཐིག་ལེའི་སྦུབས་རྒྱ་ལས་གྲོལ་ཏེ། །མི་ཤིགས་རྟག་པ་དམ་པའི་སྲོག་གྲུབ་ནས། །འཆི་མེད་ཡེ་ཤེས་རྡོ་རྗེར་བསྒྲུབ་ཏུ་གསོལ། །གསུང་གསང་ངག་ལ་ཞུགས་པས་འཕོ་བའི་རླུང་། །རང་དག་གཞོམ་མེད་རྡོ་རྗེ་ནཱ་དར་སྨིན། །གྲགས་སྟོང་བརྗོད་བྲལ་གསུང་གི་ཕྲིན་ལས་ཀྱིས། །འགྲོ་རྣམས་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཐུགས་གསང་དཔལ་གྱི་བེའུའི་ཀློང་ཆེན་པོ། །བདག་གི་ཙིཏྟའི་དབུས་སུ་ཞུགས་པ་ལས། །ཏིང་འཛིན་སྒོ་མོ་བརྒྱ་ཕྲག་འབྱེད་པ་དང་། །སྐུ་གསུམ་གོ་འཕང་མངོན་གྱུར་མཛད་དུ་གསོལ། །ཡོན་ཏན་ནོར་བུའི་རྒྱན་ཕྲེང་མཐའ་ཀླས་པ། །འཕགས་མ་ཁྱོད་དང་དབྱེར་མེད་དུ་གྱུར་ནས། །དེ་བཞིན་གཤེགས་པ་ཀུན་དང་དགོངས་སྤྱོད་གཅིག །ཡོན་ཏན་གཏེར་ལ་དབང་འབྱོར་མཛད་དུ་གསོལ། །ཇི་སྲིད་ནམ་མཁའ་གནས་ཀྱི་བར་ཉིད་དུ། །སྲིད་པའི་སེམས་ཅན་ཟད་པར་མི་འགྱུར་བ། །དེ་སྲིད་བར་དུ་འགྲོ་སྒྲོལ་འབྱོར་སླད་རྟག །ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །མདོར་ན་དེང་བཟུང་བྱང་ཆུབ་སྙིང་པོའི་བར། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་པ་དང་། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་ཡི། །གོ་འཕང་ལག་མཐིལ་སྦྱིན་པར་མཛད་དུ་གསོལ། །འབྲེལ་པ་ཐོགས་པའི་སེམས་ཅན་མཐའ་ཡས་དང་། །བདག་གི་མིང་ཙམ་ཐོས་པ་ཐམས་ཅད་ཀྱང་། །རྗེ་བཙུན་ཁྱེད་ཀྱི་སྤྱན་གྱིས་གཟིགས་པ་དང་། །བདེ་ལྡན་ཞིང་དུ་འདྲེན་པར་མཛད་དུ་གསོལ། །བསྟན་འཛིན་སྐྱེས་རྣམས་ཞབས་པད་ཡུན་དུ་བརྟན། །ཆོས་སྐྱོང་རྒྱལ་པོའི་དབུ་འཕང་རབ་ཏུ་མཐོ། །འཇིག་རྟེན་རྒུད་པ་མིང་ཡང་མི་གྲགས་ཤིང་། །རྫོགས་ལྡན་སྣང་བ་རྒྱས་པར་མཛད་དུ་གསོལ། །བཀྲ་ཤིས་འཕགས་མ་ཐུགས་རྗེའི་ཟླ་བ་ཡིས། །སྲིད་ཞི་བརྟན་གཡོ་ཀུན་ལ་བཀྲ་ཤིས་ཤིང་། །བཀྲ་ཤིས་མེ་ཏོག་དཀར་པོ་བསྙིལ་བ་ཡིས། །ཕྱོགས་དང་དུས་རྣམས་ཀུན་ཏུ་བཀྲ་ཤིས་ཤོག །ཅེས་པའང་ཤིང་བྱ་གནམ་ལོ་གསར་ཚེས་ཀྱི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་གི་སྔ་དྲོའི་ཆར་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་བའི་ཚལ་ཆེན་པོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གུས་པས་གསོལ་བ་བཏབ་ཅིང་སྨོས་རིམ་བཞིན་དུ་ཡི་གེའི་བྱེད་པོ་ཉེ་བར་གནས་པ་དྲུང་ཚེ་རིང་བཀྲ་ཤིས་ཀྱིས་བགྱིས་པ་སྟེ། འདིས་ཀྱང་བསྟན་འཛིན་སྐྱེས་མཆོག་རྣམས་ཞབས་པད་བརྟན་ཅིང་། རང་གཞན་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་སུ་ཤྲིཿཡོ་བྷ་བ་ཏུ། ། །།
[edit]

rje btsun 'phags ma yid bzhin 'khor lo la bstod pa 'chi med mchog sbyin ces bya ba bzhugs so/____/na mo gu ru Ar+ya tA ra tsin+ta tsakrA ya/__gang gi zhal bzang yid la dran tsam gyis/____/tshe dang ye shes dngos grub sbyin mdzad ma/____/bla ma bcom ldan rje btsun 'phags ma yi/____/zhabs mthil chu skyes spyi bos btud de mchod/____/gzod nas rab zhi spros pa las 'das kyang /____/'gro la brtse chen thugs rje'i rlung shugs kyis/____/rab bskyod rje btsun snying rje'i zla ba ni/____/gang ba brgya phrag brtsigs pa'i zhabs la 'dud/____/'phags bzhi'i bskyed yum shes rab phar phyin ma/____/rnam pa rje btsun sa bcu'i sems ma'i tshul/____/'gro kun sgrol slad srid par rjes chags pas/____/bud med gzugs kyis 'gro ba 'dul la bstod/____/snying rjes yongs gang mchog tu zhi zhing 'dzum/____/thugs rje'i spyan bdun rab tu bkra ba yis/____/srid zhi mnyam pa nyid du rig cing gzigs/____/mkhyen brtse'i ye shes phul du byung la bstod/____/gnag snum thor cog ltag par bcings pa yi/____/zar bu ring du grol bas mdzes par byas/____/rin chen rgyan dang pad+ma'i do shal sogs/____/'dod yon ma spangs rgyan du rol la bstod/____/phyag g.yas pad+ma'i lcug phran ring du brkyang /____/skal bzang rnams la 'chi med mchog sbyin mdzad/____/g.yon pa thugs kar gtod pa'i mtheb srin las/____/grol ba'i ut+pal sdong po 'dzin la bstod/____/srab 'jam yang ba'i pany+tsa li ka yi/____/lha rdzas stod g.yogs sham thabs la sogs pa/____/mdzes par bklubs shing mthong bas yid 'phrog pa/____/bcu drug lang tshos mdzes sku khyod la bstod/____/ye shes sku gcig du mar 'phrul pa yi/____/mtshan mchog brgya rtsa rnam 'phrul nyer gcig sogs/____/bsam yas dkyil 'khor spro dang sdud mdzad ma/____/bcom ldan yid bzhin 'khor lo'i zhabs la bstod/____/dus gsum rgyal ba thams cad bskyed pa'i yum/____/bde chen lhan skyes rdo rje rnal 'byor ma/____/don grub rta yi rgyal po'i rigs kyi yum/____/dam tshig sgrol ma rnal 'byor ma dpal bstod/____/dbyings kyi rang bzhin nam mkha' ltar khyab cing /____/'khor 'das thams cad spro dang sdud mdzad ma/____/gsang mchog rdo rje btsun mo'i chu skyes mdzes/____/dbyings kyi yum chen kun tu bzang mor bstod/____/khyod sku bsgoms dang rig sngags bzlas pa'i mod/____/'chi bdag bdud kyi mche ba rnon po bcag__/'chi med tshe yi ring 'tsho'i dpal ster ma/____/grub gnyis bdud rtsi'i bum bzang ma la bstod/____/gsang gsum rdo rje'i rnal 'byor zab mo la/____/yun tu bsnyen pas nyon phung bdud las grol/____/lha bu'i rtog pa skye med dbyings su zhi/____/mchog gi grub pa chen po sbyin la bstod/____/'jigs pa chen po brgyad dang bcu drug sogs/____/byang chub sgrub la 'tshe ba'i bar chad rnams/____/khyod sku'i gzi byin snang ba'i cha shas kyis/____/rtsad nas bzlog mdzad myur ma dpal mor bstod/____/deng nas bzung ste tshe rabs thams cad du/____/rje btsun 'phags ma khyod la gsol 'debs na/____/thugs rje'i phyag gis bzung zhing 'bral med skyong /____/bsam pa'i don rnams 'grub par mdzad du gsol/____/zag med tshul khrims dpal gyi gzi brjid 'phro/____/thos bsam sgom pa'i lang tsho rab tu rgyas/____/mkhyen gnyis ye shes snang ba'i rtsal chen rdzogs/____/'gro don dpag med 'byung bar mdzad du gsol/____/gang sku bdag gi lus la zhugs nas su/____/rtsa rlung thig le'i sbubs rgya las grol te/____/mi shigs rtag pa dam pa'i srog grub nas/____/'chi med ye shes rdo rjer bsgrub tu gsol/____/gsung gsang ngag la zhugs pas 'pho ba'i rlung /____/rang dag gzhom med rdo rje nA dar smin/____/grags stong brjod bral gsung gi phrin las kyis/____/'gro rnams smin cing grol bar mdzad du gsol/____/thugs gsang dpal gyi be'u'i klong chen po/____/bdag gi tsit+ta'i dbus su zhugs pa las/____/ting 'dzin sgo mo brgya phrag 'byed pa dang /____/sku gsum go 'phang mngon gyur mdzad du gsol/____/yon tan nor bu'i rgyan phreng mtha' klas pa/____/'phags ma khyod dang dbyer med du gyur nas/____/de bzhin gshegs pa kun dang dgongs spyod gcig__/yon tan gter la dbang 'byor mdzad du gsol/____/ji srid nam mkha' gnas kyi bar nyid du/____/srid pa'i sems can zad par mi 'gyur ba/____/de srid bar du 'gro sgrol 'byor slad rtag__/phrin las lhun gyis grub par mdzad du gsol/____/mdor na deng bzung byang chub snying po'i bar/____/skad cig tsam yang 'bral ba med pa dang /____/don gnyis lhun grub chos kyi rgyal po yi/____/go 'phang lag mthil sbyin par mdzad du gsol/____/'brel pa thogs pa'i sems can mtha' yas dang /____/bdag gi ming tsam thos pa thams cad kyang /____/rje btsun khyed kyi spyan gyis gzigs pa dang /____/bde ldan zhing du 'dren par mdzad du gsol/____/bstan 'dzin skyes rnams zhabs pad yun du brtan/____/chos skyong rgyal po'i dbu 'phang rab tu mtho/____/'jig rten rgud pa ming yang mi grags shing /____/rdzogs ldan snang ba rgyas par mdzad du gsol/____/bkra shis 'phags ma thugs rje'i zla ba yis/____/srid zhi brtan g.yo kun la bkra shis shing /____/bkra shis me tog dkar po bsnyil ba yis/____/phyogs dang dus rnams kun tu bkra shis shog__/ces pa'ang shing bya gnam lo gsar tshes kyi cho 'phrul zla ba'i tshes gcig gi snga dro'i char bkra shis 'chi med grub pa'i dga' ba'i tshal chen por 'jam dbyangs chos kyi blo gros pas gus pas gsol ba btab cing smos rim bzhin du yi ge'i byed po nye bar gnas pa drung tshe ring bkra shis kyis bgyis pa ste/__'dis kyang bstan 'dzin skyes mchog rnams zhabs pad brtan cing /__rang gzhan thams cad 'chi med ye shes kyi sku mngon du byed pa'i rgyur gyur cig__/sarba dA mang+ga laM su shriHyo b+ha ba tu/__/____//__

Footnotes

Other Information