ཁྱུང་ལྟག་གནས་ཡིག་རྒྱ་རོང་མཁའ་འགྲོ་ཆེན་མོའི་དགོངས་ཉམས།

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-034
Wylie title khyung ltag gnas yig rgya rong mkha' 'gro chen mo'i dgongs nyams JKCL-KABUM-10-THA-034.pdf
Location chos kyi blo gros bka' 'bum
Volume 10, Text 34, Pages 317-324 (Folios 1a1 to 4b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. khyung ltag gnas yig rgya rong mkha' 'gro chen mo'i dgongs nyams. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 317-324. Bir, H.P.: Khyentse Labrang, 2012.
Genre Pilgrimage Guides - gnas yig
Colophon

ཅེས་པའང་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་ལོར་གྲོ་བཞིན་ཟླ་ཚེས་བརྒྱད་ལ་ཌཱ་ཀི་དྷརྨ་ཙནྡྲ་ལ་ཆོས་ཀྱི་བློ་གྲོས་པས་བསྐུལ་བན་ཉམས་ངོར་ཇི་ལྟར་གསལ་བ་གསུང་རིམ་བཞིན་དུ་བསྐུལ་བ་པོ་རང་ཉིད་ཀྱིས་ཡི་གེར་བཏབ་པ་དགེ་ལེགས་སུ་གྱུར་ཅིག།

ces pa'ang rab byung bcu drug pa'i chu sbrul lor gro bzhin zla tshes brgyad la DA ki d+harma tsan+d+ra la chos kyi blo gros pas bskul ban nyams ngor ji ltar gsal ba gsung rim bzhin du bskul ba po rang nyid kyis yi ger btab pa dge legs su gyur cig/

1 Texts in this Section (sde tshan or chos tshan)

[edit]
ཁྱུང་ལྟག་གནས་ཡིག་རྒྱ་རོང་མཁའ་འགྲོ་ཆེན་མོའི་དགོངས་ཉམས། ཨེ་མ་ཧོ༔ འགགས་མེད་རང་བྱུང་རྣལ་འབྱོར་མ༔ མཉམ་པ་ཉིད་ཀྱི་ཀློང་ཆེན་ལས༔ མ་འགགས་རིག་པའི་བརྡའ་རིས་ཤར༔ རིག་འཛིན་དཔའ་མོ་དགྱེས་པའི་གླུ༔ ཕྱོགས་བཞིར་དོ་ར་ཡངས་པར་བརྡལ༔ ཕྱི་ལྟར་འོག་མིན་ཆོས་དབྱིངས་ཞིང་༔ ནང་ལྟར་དཔའ་བོ་མཁའ་འགྲོའི་གྲོང་༔ གསང་བ་བདེ་མཆོག་ཐུགས་ཀྱི་གནས༔ ཤར་ཕྱོགས་གནས་ནི་མགོན་པོ་ཆེ༔ མ་ནིང་དང་ནི་ཚོགས་ཀྱི་བདག༔ དཔལ་མགོན་བདུན་ཅུའི་ཚོགས་ཀྱིས་བསྐོར༔ ཕྱག་མཚན་སྣ་ཚོགས་མངོན་པར་གསལ༔ ཐུགས་ཀར་ཤྲཱི་ཧེ་རུ་ཀའི༔ ཕྱག་རྒྱའི་གཟུགས་བརྙན་མངོན་པར་བཀྲ། ལྷོ་ཕྱོགས་བྲག་རི་དམར་གཏོར་འདྲ༔ རོལ་པ་རྐྱ་བདུན་འཁོར་གྱིས་བསྐོར༔ མཚམས་སུ་རྦོད་གཏོང་མ་མོའི་གནས༔ མི་ལྤགས་བླ་བྲེ་ཞིང་རྒྱ་མཚན༔ རྒྱུ་མ་གློ་སྙིང་དྲྭ་ཕྱེད་འཕྱང་༔ མདུན་དུ་མི་ལྤགས་རྐང་གསུམ་དབྱིབས༔ ཚིལ་ཆེན་དུད་པའི་སྤྲིན་ཕུང་འཕྲོ༔ དྲག་པོའི་ཤིང་ནི་རྔམ་བརྗིད་ལྡན༔ སྐམ་རིང་དག་གིས་མཐའ་ནས་བསྐོར༔ ནུབ་ཕྱོགས་པདྨ་དབང་གི་གནས༔ བྲག་རི་ཟླ་གམ་དབྱིངས་ཅན་ལ༔ མཐའ་ནས་པདྨ་འབུམ་གྱིས་བསྐོར༔ པདྨའི་རིགས་ཀྱི་མཁའ་འགྲོ་མ༔ ལྕགས་ཀྱུ་ཞགས་ཐོགས་གྲངས་མེད་བཞུགས༔ གཡས་སུ་དགེ་བསྙེན་རྟ་ནག་ཞོན༔ ལག་ན་བ་དན་མདུང་དར་ཐོགས༔ འཁོར་དུ་དགེ་བསྙེན་འབུམ་སྡེས་བསྐོར༔ པདྨ་གསུང་གི་ཟབ་གཏེར་བཞུགས༔ བྱང་ཕྱོགས་དམོད་པ་དྲག་སྔགས་ཞིང་༔ བྲག་རི་ཁྱུང་ཆེན་གནམ་ལྡིང་འདྲ༔ ཕྱོགས་མཚམས་བཀའ་བརྒྱད་ལྷ་ཚོགས་ཞིང་༔ བདུན་བརྒྱ་ཉེར་ལྔའི་ཚོམ་བུ་བཀྲ༔ ལོགྟི་ཟབ་གཏེར་དངོས་གྲུབ་འབྱུང་༔ མ་རུང་རྒྱལ་བསེན་དམ་སྲི་འདུལ༔ བྱད་ཁ་རྦོད་གཏོང་མཁན་དག་གིས༔ ནམ་ཡང་རྦོད་པར་མི་ནུས་ཤིང་༔ ཨ་ཀྲོ་ཏེ་ཀའི་རང་བྱོན་རྡོལ༔ བྱང་ཤར་མཚམས་སུ་རྣམ་སྲས་ལ༔ ཛཾ་ལྷ་རིགས་ལྔའི་འཁོར་གྱིས་བསྐོར༔ ཛཾ་གླིང་ནོར་གཏེར་དབུལ་ཕོངས་སེལ༔ ནེའུ་དང་ནི་ནོར་བུ་སྤུངས༔ བསྐོར་བས་འདོད་རྒུ་འབད་མེད་འབྱུང་༔ བྱང་ཤར་མཚམས་ན་དུར་ཁྲོད་ནི༔ ཧེ་ཆེན་བརྡལ་བར་མི་ལྤགས་བརྒྱང་༔ རྡོ་ཡི་ལིངྒ་རྟགས་ཀྱིས་མཚན༔ ཤར་ལྷོའི་མཚམས་ན་དུར་ཁྲོད་ནི༔ ཀླུ་མོ་ཆེ་ལ་དུར་བྱ་དང་༔ རྡོ་ཡི་དུར་མི་མཆོད་རྟེན་ཡོད༔ བར་མཚམས་དུར་ཁྲོད་ལངྐ་བརྩེགས༔ ཆུ་གླང་མདོག་དབྱིབས་བྲག་རིའི་རྩེར༔ དུར་ཤིང་ཡོད་པའི་མཐའ་བསྐོར་དུ༔ ཆུ་མིག་མང་པོ་དག་གིས་བསྐོར༔ ནུབ་བྱང་དུར་ཁྲོད་བཾམ་རོ་བརྩེགས༔ གཡང་གཞི་གན་རྐྱལ་བསྒྱེལ་བའི་སྟེང་༔ དུར་བདག་ཕོ་མོ་མང་པོ་ནི༔ རུས་པའི་རྒྱན་ལྡན་བྲོ་གར་བྱེད༔ དེ་ཡི་གཡས་ཕྱོགས་འཇིགས་བརྒྱད་ལས༔ སྐྱོབས་པའི་སྒྲོལ་མའི་སྐུ་དང་སྔགས༔ ཡི་གེ་བཅུ་པའི་རང་བྱོན་དང་༔ མདུན་དུ་ཀ་པཱ་ལ་ཡི་གཟུགས༔ བྲག་གི་མདུན་ནས་ཚེ་ཆུ་ནི༔ ཆུ་བོའི་རྒྱུན་དང་འདྲེས་པར་ཡོད༔ ཏཱ་རེ་ཏཱྃ་སོགས་སྔགས་སྒྲ་སྒྲོགས༔ དེའི་གཡས་ཕུག་པ་གཤིན་རྗེའི་གནས༔ བྲག་རི་རྩེ་མཐོ་མཚོན་གཟིངས་འདྲ༔ དེ་རུ་བྲག་ཕུག་གཏིང་ཟབ་པ༔ ཡ་མནྟ་ཀའི་སྒྲ་སྒྲོགས་ཡོད༔ གཤིན་རྗེའི་དམག་ཚོགས་དཔག་མེད་བཞུགས༔ དེ་མཚམས་ཤ་ཟ་ཌཱ་ཀི་ཡི༔ འདུ་གླིང་ཤ་ཟ་འབུམ་ཁྲག་གནས༔ གཡས་གཡོན་ཆུ་རྒྱུན་དབུས་རྡོལ་ཁྲི༔ ཟུར་བཞིས་མཚན་པ་གནས་ཆེན་པོར༔ ཚོགས་མཆོད་འབུལ་བའི་ཚུལ་དུ་ཡོད༔ དེ་ནས་ཡར་ལ་འོང་བ་ན༔ སྨན་བླ་མཆེད་བརྒྱད་གནས་ཆེན་པོར༔ བྲག་རི་བུམ་པའི་དབྱིབས་ཅན་རྩེར༔ ཁ་རྒྱན་ཤིང་གི་སྡོང་པོས་བརྒྱན༔ འོག་ནས་ཆུ་བོ་ཤར་དུ་འབབས༔ ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆུས༔ ནད་རིགས་བཞི་བརྒྱ་རྩ་བཞི་སེལ༔ ཤར་ཕྱོགས་མ་ཅིག་ལབ་སྒྲོན་ཕུག༔ བྲག་དཀར་ནམ་མཁར་ལྡིང་བ་ཡོད༔ མ་ཡི་སྲས་བརྒྱུད་མཆེད་ལྔས་བསྐོར༔ མདུན་དུ་དུར་ཁྲོད་དགའ་བ་འཁྱིལ༔ དེ་རུ་གཉན་གཅོད་བྱས་གྱུར་ན༔ ཡུམ་ཆེན་སྐྱེ་མེད་དགོངས་པ་རྟོགས༔ སྐྲ་སེན་འཕང་བས་འབྲེལ་པ་ཐོབ༔ དེ་ནས་ཡར་ལ་འོང་བ་ན༔ སྨན་བཙུན་མཆེད་ལྔའི་གནས་མཆོག་ནི༔ བྲག་རི་ཌཱ་ཀི་གར་བྱེད་ལྟར༔ སྔ་ཚོམ་ཚུལ་དུ་ཡོད་པ་ལ༔ དཔག་བསམ་ཤིང་དང་ཆུ་མིག་བསྐོར༔ དེ་སྟེང་རང་བྱུང་ཤར་བའི་གནས༔ ཟབ་གཏེར་སྣ་ཚོགས་ལྡེའུ་མིག་ཡོད༔ དེ་གཡོན་རྡོ་རྗེ་གཡུ་སྒྲོན་གནས༔ བྲག་རི་ཤེལ་གྱི་བ་གམ་བརྩེགས༔ གཤམས་ལ་གོས་ཀྱི་སུལ་ལྟ་བུ༔ བྲག་དབྱིབས་ལྷ་མོའི་སྐུ་ཡི་ཚུལ༔ མཐའ་བསྐོར་སྨན་མོ་འབུམ་ཕྲག་གནས༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་འབྱུང་༔ དེ་བསྐོར་ལོངས་སྤྱོད་ལྡན་པར་བྱེད༔ དེ་རྣམས་སྒོ་སྲུངས་ཚུལ་དུ་ཡོད༔ དབུས་ཀྱི་རྡོ་རྗེའི་ཁྱུང་བྲག་ཆེ༔ ཕྱི་ལྟར་དེ་ཝཱི་ཀོ་ཊི་དང་༔ ནང་དུ་བདེ་མཆོག་འཁོར་ལོ་སྡོམ༔ གསང་བ་ཡེ་ཤེས་ཁྱུང་ཆེན་ཕུག༔ གཡས་སུ་མཁར་ཆེན་མཚོ་རྒྱལ་ཕུག༔ གཡོན་དུ་ཚོགས་ཁང་པདྨ་བརྩེགས༔ དབུས་སུ་རིག་འཛིན་གསང་བའི་ཕུག༔ འབུམ་ཕྲག་དཔའ་བོ་མཁའ་འགྲོ་འདུ༔ བསྙེན་སྒྲུབ་ཟབ་མོའི་དོན་བསྒོམ་ན༔ མཆོག་ཐུན་དངོས་གྲུབ་ངེས་ཐོབ་ཅིང་༔ མཆོག་རྣམས་ཕུང་པོ་འོད་སྐུར་གྲོལ༔ ཤར་ཕྱོགས་ཡང་དག་སྒྲུབ་གནས་ཆེར༔ ཕུག་དཀར་ཟླ་བ་ཚེས་པ་འདྲ༔ ཧཱུྃ་ཆེན་ཀཱ་རའི་སྒྲུབ་ཕུག་ཡོད༔ རྡོ་རྗེ་སེམས་དཔའི་ཆོས་སྐོར་སྦས༔ དེ་ནས་ཡར་ལ་འོང་བ་ན༔ རྡོ་རྗེ་ཕུར་བུའི་གནས་ཆེན་པོ༔ ཕུར་པའི་དབལ་དབྱིབས་སློབ་དཔོན་ནི༔ ཤཱནྟིཾ་གརྦྷའི་སྒྲུབ་ཕུག་ཡོད༔ དམོད་པ་དྲག་སྔགས་ཆོས་གཏེར་བཞུགས༔ དེ་རུ་བསྙེན་སྒྲུབ་བརྩོན་བྱས་ན༔ བདུད་ལས་རྒྱལ་ཞིང་མཐའ་དམག་གིས༔ བྱད་ཁ་རྦོད་གཏོང་གནོད་པ་བཟློག༔ དེ་ནས་ཚུར་ལ་འོང་བ་ན༔ དབུས་ཀྱི་ཡང་རྩེར་རྒྱ་གར་གྱི༔ ས་ར་ཧ་པའི་རང་བྱོན་དང་༔ གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ཡི༔ བྲག་སྐྱིབས་ཆེ་ཆུང་མ་ངེས་ཡོད༔ རིན་ཆེན་ནོར་བུ་སྤུངས་འདྲ་བའི༔ དིལ་འབུར་ཆེ་ཆུང་མཆོད་པའི་ཚུལ༔ དབུས་གནས་ཤར་རི་སྤང་བྲག་གི༔ རི་བོ་དཔལ་ལྡན་ལྷ་མོའི་གནས༔ མི་ལྤགས་རྒྱལ་མཚན་རྨ་བྱའི་གདུགས༔ ཙིཏྟའི་ཏོག་གིས་མཛེས་པར་བརྒྱན༔ འཁོར་དུ་མ་མོ་མདུང་ཐུང་ཅན༔ འབུམ་ཕྲག་ཚོགས་ཀྱི་དབུས་ན་བཞུགས༔ མདུན་དུ་དུར་ཁྲོད་རོ་ཐང་བརྡལ༔ མི་རོ་ཞིང་ལྤགས་གདན་བཏིངས་འདྲ༔ དེ་འོག་སྨན་མོའི་བྲོ་ར་ནི༔ གྲུ་བཞི་ཆོས་འབྱུང་བསྣོལ་མ་ན༔ སྨན་མོས་བྲོ་གར་ཁྲིག་སེ་ཁྲིག༔ ཁ་ནས་བརྡ་གླུ་སྣ་ཚོགས་སྟོན༔ ལྷོ་ཕྱོགས་འཇམ་དཔལ་བཤེས་གཉེན་ཕུག༔ དྷཱིཿདང་ཧྲཱིཿཡིག་རང་བྱོན་གསལ༔ དེ་ཡི་བར་གྱི་མཚམས་ཤེད་ན༔ ཨོ་རྒྱན་སྤྲིན་ནག་འཁྲིགས་པའི་ཕུག༔ མདུན་དུ་ལྗོན་ཤིང་ལོ་འདབས་ཀྱིས༔ བསྐོར་བའི་སྐྱེད་ཚལ་རྔམས་ཆེན་བརྗིད༔ ཉེ་བར་སྨན་གྱི་དྲང་སྲོང་གི༔ བཞུགས་གནས་བྲག་སྐྱིབས་ཁ་ནུབ་བསྟན༔ དྲང་སྲོང་ཚོམ་བུའི་དབྱིབས་ཅན་དང་༔ སྨན་ཤིང་སྣ་ཚོགས་མང་དུ་གསལ༔ དེ་ནས་ཕར་ལ་བསྒྲོད་པ་ན༔ གཤིན་རྗེའི་སྒྲུབ་གནས་ཕྱི་ལྟར་ན༔ མེ་དུད་འཁྲིགས་པའི་དབྱིབས་ཅན་དང་༔ ནང་དུ་གཤིན་རྗེའི་ཕོ་བྲང་ཆེ༔ དེ་རུ་གཤིན་རྗེའི་དོང་ཁ་ནི༔ ཞལ་ནང་ལིངྒའི་རང་བྱོན་ཅན༔ འཐོར་རླུང་དྲག་པོ་རབ་ཏུ་འཁྲུགས༔ ཡང་ཅིག་ཡར་ལ་སོང་བ་ན༔ ཀུ་རུ་ཀུལླེའི་སྒྲུབ་གནས་དེར༔ དབྱངས་ཅན་ལྷ་མོའི་སྐུ་དང་ནི༔ ཕྱག་མཚན་རང་བྱོན་མ་འདྲེས་གསལ༔ མདའ་གཞུ་ལྕགས་ཀྱུ་མེ་ཕྲེང་སོགས། དེ་ནས་ཚུར་ལ་འོང་བ་ན༔ རི་ནི་བུམ་པའི་དབྱིབས་ཅན་ནི༔ སྟེང་དུ་བུག་པ་ཡོད་པ་ནི༔ དཔལ་གྱི་རྡོ་རྗེའི་སྒྲུབ་པའི་ཕུག༔ རླུང་སེམས་དབུ་མར་ཐིམ་པའི་རྟགས༔ བྲག་གི་ཀླད་པའི་མཐིལ་ཟངས་ཐལ༔ སྟེང་ནས་ཕར་ལ་བསྒྲོད་པ་ན༔ རི་དབྱིབས་མཁའ་འགྲོ་གར་བྱེད་ལ༔ བྲག་དམར་རྔམ་བརྗིད་ཆེ་བ་རུཿཁ་ཊྭཱྃ་གྲི་ཐོད་རང་བྱོན་གསལ༔ མཁའ་སྤྱོད་སྒྲུབ་པའི་ཕུག་པ་ནི༔ བྷ་གའི་དབྱིབས་ཅན་གནས་དེ་རུ༔ བསྙེན་སྒྲུབ་བརྩོན་པས་མཆོག་དངོས་མྱུར༔ གཡས་བྲག་མ་ཧཱ་དེ་ཝའི་གནས༔ དབང་གི་ཟབ་གཏེར་མང་པོ་སྦས༔ གཡོན་ཕྱོགས་མ་ཧཱ་གུ་རུའི་ཕུག༔ པད་འབྱུང་ཡབ་ཡུམ་བྱང་སེམས་ཀྱི༔ གཏེར་ཡོད་ཚོས་དུས་བཟང་པོར་འབབ༔ མྱོང་བས་དགའ་བཞིའི་ཡེ་ཤེས་བསྐྱེད༔ དེ་ནས་ཚུར་འོང་བྲག་སྐྱིབས་ནི༔ བི་མ་མི་ཏྲའི་འོད་གསལ་ཕུག༔ དམ་པ་རྒྱ་གར་བཞུགས་པའི་གནས༔ དེ་ཡི་སྐུ་རྗེས་རང་བྱོན་དང་༔ ཌཱ་མ་རུ་དང་གླིང་བུའི་རྗེས༔ དེ་རུ་འོད་གསལ་བསྒོམ་བྱས་ན༔ ཚེ་འདིར་གྲོལ་བའི་གདིང་ཆེན་རྙེད༔ དེ་ལྟའི་གནས་མཆོག་དམ་པ་དེའི༔ ཚེས་གྲངས་དུས་ཆེན་བཟང་པོ་ལ༔ རྩེ་བསྐོར་གཅིག་ལ་ཡིག་དྲུག་དང་༔ སིདྡྷི་དུང་གཉིས་ཕན་ཡོན་ཐོབ༔ རྒྱུན་བསྐོར་ཉི་ཤུ་རྩ་ལྔ་ལ༔ ཡིག་དྲུག་སིདྡྷི་དུང་ཕྱུར་རེ༔ བར་བསྐོར་གཅིག་ལ་ལྷག་བསམ་བཟང་༔ རྣལ་འབྱོར་དག་པས་བསྐོར་བ་རེར༔ ཡིག་དྲུག་དུང་དང་སིདྡྷི་ནི༔ དུང་ཕྱུར་གསུམ་གྱི་འགྱུར་ཁྱད་ཡོད༔ མཐའ་བསྐོར་གནས་རི་ཡོངས་རྫོགས་ནི༔ བསྐོར་བ་གཅིག་ལ་ཡིག་དྲུག་དང་༔ སིདྡྷི་དུང་ཕྱུར་བདུན་རེ་ཡི༔ ཕན་ཡོན་ཐོབ་ཅིང་གནས་འདི་རུ༔ ཕྱག་མཆོད་བསྐོར་དང་ཚོགས་འཁོར་དང་༔ བསྙེན་སྒྲུབ་སྦྱིན་བསྲེག་བརྩོན་གྱུར་ན༔ དུས་འཁྲུགས་བཟློག་ཅིང་བསྟན་ལ་ཕན༔ རང་གཞན་བསོད་ནམས་ཚོགས་ཆེན་རྫོགས༔ སྒྲིབ་དག་ཕྱི་མར་རྔ་ཡབ་ཀྱི༔ དཔལ་རི་པདྨ་འོད་ཞིང་དུ༔ གུ་རུའི་ཞལ་མཐོང་དབང་བསྐུར་ཐོབ༔ རིག་འཛིན་གྲལ་དུ་འཁོད་པར་འགྱུར༔ དེ་འོག་བྲག་རི་རྟ་ཕག་གནས༔ རྟ་མགྲིན་ཕག་མོའི་རང་བྱོན་དང་༔ དེ་ཡི་ཤར་འདབས་ཨེ་ཡི་གྲུ་གསུམ་གླིང་༔ ཕུག་ཏུ་ཟབ་གཏེར་ལྡེའུ་མིག་ཡོད༔ དཔལ་གྱི་མིང་ཅན་སྙིང་ག་རུ༔ སྨེ་བས་མཚན་པས་སྤྱོད་པར་འགྱུར༔ ཅེས་པའང་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་ལོར་གྲོ་བཞིན་ཟླ་ཚེས་བརྒྱད་ལ་ཌཱ་ཀི་དྷརྨ་ཙནྡྲ་ལ་ཆོས་ཀྱི་བློ་གྲོས་པས་བསྐུལ་བན་ཉམས་ངོར་ཇི་ལྟར་གསལ་བ་གསུང་རིམ་བཞིན་དུ་བསྐུལ་བ་པོ་རང་ཉིད་ཀྱིས་ཡི་གེར་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།

Footnotes

Other Information