DKR-KABUM-11-DA-003

From Khyentse Lineage - A Tsadra Foundation Project
Revision as of 10:29, 1 December 2022 by Mort (talk | contribs)

DKR-KABUM-11-DA-003

ཁྱུང་བདུད་གསོལ་མཆོད་དགེ་ལེགས་བཀྲ་ཤིས་ཆར་འབེབས།
Wylie title khyung bdud gsol mchod dge legs bkra shis char 'bebs DKR-KABUM-11-DA-003.pdf
Location dil mgo mkhyen brtse bka' 'bum
Volume 11, Text 3, Pages 19-24 (Folios 1a to 6b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Khyung bdud gsol mchod dge legs bkra shis char 'bebs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 19-24. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Deity khyung bdud
Colophon

།ཅེས་ཀྲོང་གསར་ཆོས་རྩེའི་རབ་སྡེའི་ལེགས་མཛད་ཕྲིན་ལས་ཀྱི་ཁ་ལོ་པ་བླ་མ་འཇམ་དཔལ་ནས་བསྐུལ་ངོར་རྒྱལ་ཁམས་པ་བཀྲ་ཤིས་དཔལ་འབྱོར་གྱིས་ཡིག་རྙིང་གུང་སྡེབས་ཀྱི་ཚུལ་དུ་བྲིས་པ་བསྟན་འགྲོའི་དགེ་མཚན་རྒྱས་པའི་རྟེན་འབྱུང་དུ་གྱུར་ཅིག།

/ces krong gsar chos rtse'i rab sde'i legs mdzad phrin las kyi kha lo pa bla ma 'jam dpal nas bskul ngor rgyal khams pa bkra shis dpal 'byor gyis yig rnying gung sdebs kyi tshul du bris pa bstan 'gro'i dge mtshan rgyas pa'i rten 'byung du gyur cig/

[edit]
༄༅། ཁྱུང་བདུད་གསོལ་མཆོད་དགེ་ལེགས་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས།

༄༅། ཨོཾ་སྭ་སྟི། ཡུལ་ལྷ་གཉན་པོ་མཆོད་པར་འདོད་པས་གཙང་མའི་གནས་སུ་སྟེགས་མཐོ་བར་རིན་པོ་ཆེའི་སྣོད་དུ་ཁྱུང་བདུད་གཏོར་མ་བཙན་གཏོར། གཡས་སུ་དཔལ་བཤོས། གཡོན་དུ་སྨན་བཤོས་ལ་དཀར་གསུམ་མངར་གསུམ། འབྲུ་སྣ། ཟས་སྨན་བཅས་བརྒྱན་པའི་མདུན་དུ་ཉེར་སྤྱོད་ལྔ་དང༌། ཇ་ཆང་འོ་ཕུད། ཤིང་རྩི་བསང་སོགས་ཅི་འབྱོར་བར་བཤམས་ལ། བདག་ཉིད་ལྷའི་ང་རྒྱལ་ལ་གནས་པས་མཆོད་གཏོར། བསངས་སྦྱངས། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ། འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ། ཉེར་སྤྱོད། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཐམས་ཅད་པ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། མདུན་རྟེན་ལྷར་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྟེན་འབྱུང་སྒྱུ་མའི་སྣང་ཆ་ཡིད་འོང་ལྷ་ཡི་དགའ་ཚལ་བཀོད་པ་མཛེས་ཤིང་བལྟ་ན་སྡུག་པའི་དབུས་སུ་འདོད་འབྱུང་ནོར་བུའི་གཞལ་མེད་ཁང་རྒྱན་བཀོད་ཕུན་སུམ་ཚོགས་པ་གནོད་སྦྱིན་ནོར་ལྷའི་བང་མཛོད་རྒྱས་ཤིང་འབྱོར་བའི་དབུས་སུ་པདྨ་དང་ཟླ་བ་ཉ་གང་བའི་སྟེང་དུ་མྱུར་བདེའི་བཞོན་པ་རྨ་བྱའི་མགྲིན་པ་ལྟ་བུའི་སྤུ་སྡུག་གིས་སྒེག་པའི་རིན་པོ་ཆེ་ནོར་བུའི་རྒྱན་ཕྲེང་དར་གྱི་ལྷབ་ལྷུབ་རྣམ་པར་གཡོ་བའི་སྟེང་དུ་གསང་བདག་ཕྱག་ན་རྡོ་རྗེ་དང་པདྨ་འབྱུང་གནས་དབྱེར་མེད་པའི་བཀའ་སྡོད་རིན་ཆེན་གཏེར་གཞིའི་བདག་པོ་རྡོ་རྗེ་ཁྱུང་བདུད་རྩལ་མཛེས་བརྗིད་སྐུ་ཡི་ལྷུན་པོ་དབང་སྔོན་གྱི་མདོག་ཅན་ཁྲོ་འཛུམ་སྒེག་པའི་གཟི་བརྗིད་ཉི་མ་འབུམ་ལྟར་སྟོན་པ། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་གདེང་སྟབས་སུ་ཕྱར་བ། གཡོན་པས་དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་ཐུགས་ཀར་གཏོད་པ། དབུ་ལ་ནོར་བུ་བཻཌཱུར་ཡ་ལས་གྲུབ་པའི་རྨོག་ལ་དར་འཕྲུ་རྒྱལ་མཚན་ནོར་བུའི་ཏོག་ཅན་གྱི་སྤ་བ། ཟ་འོག་གི་བེར་ནག་དང་གཡུ་ཁྲབ་གསོལ་ཞིང༌། དར་དང་རིན་པོ་ཆེའི་རྒྱན་ཕྲེང་ལྷབ་ལྷུབ་དུ་གཡོ་ཞིང༌། ཞབས་གཉིས་འཇའ་ཚོན་གྱི་རི་མོ་བཀྲ་བའི་ལྷྭམ་དང་བཅས་ཏེ་རོལ་སྟབས་སུ་འགྱིང་བ། འཇའ་སྤྲིན་མེ་ཏོག་དང་ནོར་བུའི་ཆར་འབེབས་པའི་དབུས་ན་བཞུགས་ཤིང༌། ཕྱོགས་ཀུན་ཏུ་མེ་རླུང་ཆིལ་ཆིལ་གཡོ་བ། གཡོན་དུ་དགྱེས་སྡེ་སྨན་བཙུན་ལེ་སྒྲོན་འཆི་མེད་ལེགས་བྲིས་ཀྱི་བུ་མོ་ལྟ་བུས་ཟླ་བ་ཞུན་མའི་དཔལ་འཕྲོག་པ། ལྷ་ཡི་གོས་དང་ནོར་བུ་མེ་ཏོག་གི་རྒྱན་ཕྲེང་དུ་མས་བཀླུབས་ཏེ་རྐྱང་བུ་ཁ་དཀར་རིན་པོ་ཆེའི་སྒ་སྟན་གྱིས་ཀླུབས་པ་ལ་ཆིབས་ནས་རྒྱུ་བ། ཕྱག་གཡས་ཚེ་གཡང་གི་དཔལ་སྡུད་པའི་མདའ་དར་དང༌། གཡོན་གཏེར་བུམ་འཛིན་པ་འཇའ་སྤྲིན་འོད་ཀྱི་ཕྲེང་བའི་དབུས་ན་རྒྱུ་བ། སྤྲུལ་པའི་སྲས་མཆོག་ཟླ་འོད་རྒྱལ་མཚན་བཙན་རྒོད་མཐུ་རྩལ་ཐོགས་མེད་འཆར་ཀའི་ཉི་མ་ལྟར་དམར་བ་ཁྲོ་གཏུམ་རྔམས་པའི་ཚུལ་ཅན། དར་དམར་གྱི་བེར་དང་དབང་གི་བསྭེ་ཁྲབ་དང་བསྭེ་རྨོག་ཅན། འཁོར་གསུམ་སྐེད་ལ་བསྐོར་བའི་དཔའ་བོའི་ཆ་བྱད་བསྐལ་མེ་ལྟར་འབར་བ། གཡས་ཟ་འོག་གི་རྒྱལ་མཚན་ཕྱར་ཞིང༌། གཡོན་ཡིད་བཞིན་གྱི་ནོར་བུ་བསྣམས་པ་རྟ་དམར་རླུང་གཤོག་གི་སྟེང་ན་འགྱིང་བ། གློག་འོད་མེ་རླུང་འཚུབས་བཞིན་རྒྱུ་བ། གཞན་ཡང་ཕྱི་འཁོར་ནང་བློན། ཕྱོགས་བཞིའི་བཀའ་སྡོད། མངག་གཞུག་བདུད་བཙན་ཀླུ་སོགས་སྡེ་བརྒྱད་དྲེགས་པའི་དམག་དཔུང་གིས་གནམ་ས་བར་སྣང་གི་ཁྱོན་འགེངས་པ་ཆར་རླུང་དྲག་པོ་འཚུབས་པ་ལྟ་བུ་ཐམས་ཅད་སྔོན་གྱི་ཐ་ཚིག་གཉན་པོ་རྗེས་སུ་བསྐུལ་བས་མངོན་སུམ་ལྟ་བུར་བྱོན་པར་གྱུར། སྤྱན་འདྲེན་ནི། ཧཱུྃ། རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེ་གསང་བའི་བདག །དྭངས་པའི་མེ་ལོང་ཇི་བཞིན་མོས་པའི་ངོར། །སྣ་ཚོགས་སྒྱུ་འཕྲུལ་རོལ་མོ་བསམ་ཡས་ནས། །ཁྱུང་ཆེན་ལེགས་རྩལ་འབར་བ་སྤྱན་འདྲེན་གྱི། །བཙུན་མོ་སྲས་དང་ནང་མི་ཕྱི་ནང་བློན། །འབངས་འཁོར་མངག་གཞུག་དམག་དཔུང་སྡེ་བརྒྱད་སོགས། །བརྩེ་གདུང་སྙིང་ཉེའི་གར་གྱིས་གཤེགས་ནས་ཀྱང༌། །ཅི་བགྱིས་བཀོད་པའི་གདན་ལ་བརྟན་པར་བཞུགས། །དམ་བཞག་ནི། ཧཱུྃ། བཅོམ་ལྡན་ཕྱག་ན་རྡོ་རྗེ་དང༌། །སྣང་སྲིད་ཟིལ་གནོན་པད་འབྱུང་ལ། །རང་སྲོག་ཕུལ་ནས་དམ་བཞེས་ལ། །མ་གཡེལ་མ་འདའ་ཕྲིན་ལས་མཛོད། །མཆོད་པ་ནི། ཧཱུྃ། དཔའ་བོའི་ཛ་གད་གསེར་གྱི་སྐྱེམས། །ཞིང་བཅུ་མཐར་བྱེད་རཀྟའི་མཚོ། །ཁ་ཟས་ཀུན་གྱི་བ་ལིངྟ། །མདོག་དྲི་རོ་བཅུད་བཟང་པོས་མཆོད། །ལས་བཞིའི་རྗེས་མཐུན་ཉེར་སྤྱོད་ལྔ། །རྐང་གླིང་རོལ་མོ་སྣ་ཚོགས་དང༌། །སྤྱན་གཟིགས་ནོར་འབྲུ་རྒྱན་གོས་བཞོན། །གོ་མཚོན་དགྲ་སྲོག་ཤན་པས་མཆོད། །ཡིད་འབབ་ཉེར་མཁོ་ལྷ་མིའི་དངོས། །ཅི་མཆིས་དངོས་འབྱོར་ཏིང་འཛིན་ལྔ། །ཕྱག་རྒྱས་ནམ་མཁའ་མཛོད་སྤྲིན་ལས། །ཆར་དུ་ཕབ་སྟེ་འབུལ་གྱིས་བཞེས། །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་ཧོ། གཏོར་མ། ཨཱ་ཀ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་མ་ཧཱ་ཙིཏྟ་ནཱ་ག་དྷེ་ཤ་ཁྱུང་ལེགས་རྩལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། གཏེར་བདག་དགེ་བསྙེན་ཆེན་པོ་ཁྱུང་ལེགས་རྩལ་འཁོར་བཅས་མཆོད་སྦྱིན་རྒྱ་ཆེན་པོ་འདི་དགྱེས་ཤིང་ཚིམ་པར་རོལ་ལ། དཔལ་ཕྱག་ན་རྡོ་རྗེ་དང༌། སློབ་དཔོན་ཆེན་པོའི་བཀའ་དང་དམ་ཚིག་རྗེས་སུ་དགོངས་ཏེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ། ཡུལ་འཁོར་ཐམས་ཅད་བདེ་ལེགས་ཀྱིས་སྐྱོངས། བདག་ཅག་འཁོར་དང་བཅས་པའི་རྐྱེན་ངན་པ་ཐམས་ཅད་སོལ། ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབས། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཡང་བསང་བྱ་བར་འདོད་པས་བསང་ཕྱེ་ཤིང་སྣའི་དུད་པ་སྦྱར་བ་ཆབ་ཀྱིས་བྲན་ལ། ཀྱཻ། ཕུན་ཚོགས་སྣོད་བཅུད་རྟེན་འབྱུང་ལས། །རིན་ཆེན་བདུད་རྩི་ཅན་གྱི་ཤིང༌། །འབར་བའི་མེ་ཡིས་བསྐུལ་བ་ལས། །དུད་སྤྲིན་ཆུ་ཤེལ་ཕུང་པོ་ལྟའི། །དྲི་ཞིམ་ངད་པས་འཁོར་ཡུག་ཁྱབ། །ཟེགས་མ་འདོད་ཡོན་ཕུང་པོ་འཕྲོ། །གྲིབ་བསིལ་ཞི་བྱེད་སྨན་གྱིས་བསུང༌། །དཀར་ཕྱོགས་དགའ་བའི་དགྱེས་སྟོན་འདིས། །གསང་བདག་པདྨའི་བཀའ་ཡི་འབངས། །ཟབ་གཏེར་གཉན་པོའི་སྲུང་མ་ཆེ། །རྡོ་རྗེ་ཁྱུང་ལེགས་གསོལ་ཞིང་བསང༌། །དགྱེས་ཡུམ་སྨན་བཙུན་ལེ་སྒྲོན་བསང༌། །སྲས་མཆོག་བཙན་རྒོད་ཆེན་པོ་བསང༌། །བཀའ་ཡི་ཕོ་ཉ་ཐམས་ཅད་བསང༌། །བློན་པོ་རུ་འདྲེན་དཔུང་བཅས་བསང༌། །ཕྱོགས་བཞིའི་བཀའ་བློན་ཆེ་བཞི་བསང༌། །མངག་གཞུག་སྡེ་བརྒྱད་དམག་དཔུང་བསང༌། །ཁྱེད་རྣམས་དགྱེས་པ་བསྐྱེད་པའི་ཕྱིར། །སྔོན་གྱི་སྲིད་པའི་ལུགས་བཞིན་དུ། །བཀྲ་ཤིས་དགེ་མཚན་བསང་མཆོད་འདིས། །སྐུ་གསུང་ཐུགས་ལ་དགྱེས་པ་བསྐྱེད། །གྲིབ་མནོལ་འཁོན་འགྲས་ཐམས་ཅད་ཞི། །ཕོག་ཐུག་འགྲམ་འཁྲུགས་མཐོལ་ཞིང་བཤགས། །དགྱེས་པའི་ལྷ་ཞལ་ཟླ་ལྟར་དཀར། །གནས་མགྲོན་དམ་ཚིག་མི་གཡེལ་བས། །དགྲ་རྐུན་གདོན་གྱི་བར་ཆད་ཞི། །ཚེ་བསོད་རླུང་རྟ་དར་ཞིང་རྒྱས། །ཅི་འདོད་དབང་བསྡུས་རྣམ་པར་རྒྱལ། །ཁ་འཛིན་སྡོང་གྲོགས་མ་གཡེལ་མཛོད། །བསྟོད་པ་ནི། ཧཱུྃ། དུག་གསུམ་རྣམ་དག་རིགས་གསུམ་ལྷ་ཡི་གར། །རྡོ་རྗེ་ཁྱུང་བདུད་བཻཌཱུརྻ་ཡི་མདོག །ཕྱག་གཉིས་རྡོ་རྗེ་ཡིད་བཞིན་ནོར་བུས་མཚན། །ནོར་བུའི་རྨོག་དང་བེར་ནག་གཡུ་ཁྲབ་གསོལ། །དར་ཚོན་རིན་ཆེན་རྒྱན་བཟང་མེ་རླུང་དབུས། །ནམ་མཁའི་འོད་ཅན་མྱུར་མགྱོགས་རྟར་བཅིབས་ནས། །རྣོ་མྱུར་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །བསྟན་འགྲོའི་མེལ་ཚེ་མཛད་ལ་བདག་བསྟོད་དོ། །རྣམ་འཕྲུལ་ཅིར་ཡང་མི་རྫུ་མེད་པས་ན། །འཁོར་དང་གནས་མཐུའི་ངེས་པ་གཟུང་དཀའ་ཡང༌། །ལྷོ་མོན་རྒྱ་བོད་ཧས་གྲུ་འབྲས་ལྗོངས་སོགས། །ཡུལ་རྣམས་ཀུན་གྱི་དགྲ་ལྷ་མཛད་ལ་བསྟོད། །སྒྲུབ་ལ་སྙིང་ཉེའི་དམ་གཙང་ལས་ལ་མྱུར། །འཁོན་ཆུང་ངོ་ཡང་དཀར་པོ་སྤྱོད་ལ་དགྱེས། །མཐུ་རྣོ་རྫུ་འཕྲུལ་སྟོབས་ཆེ་ངང་རྒྱུན་རིང༌། །བརྩེ་གདུང་མ་འདྲ་ཁྱེད་ལ་བདག་བསྟོད་དོ། །བྷྱོཿ གང་ཐུགས་བདེ་བའི་ཞགས་པས་འཆིང་བ་མོ། །ཟླ་ཤེལ་མདངས་ཅན་གཟི་བཟང་སྨན་ལེ་སྒྲོན། །ཕྱག་གཉིས་མདའ་དར་འདོད་སྦྱིན་བུམ་པས་འབྲེལ། །ཡིད་འོང་རྒྱན་འཆང་རྐྱང་བུར་བཅིབས་ལ་བསྟོད། །རྫུ་འཕྲུལ་རྟ་དམར་སྟེང་ན་ཉི་མ་འབུམ། །འཆར་ཀའི་འོད་ལྟར་དམར་གསལ་ཟླ་འོད་རྒྱལ། །རྒྱལ་མཚན་ཡིད་བཞིན་ནོར་བུ་བསྣམས་པ་ཡིས། །ས་གསུམ་དབང་སྡུད་སྲས་མཆོག་དེ་ལ་བསྟོད། །ནང་འཁོར་ཕྱི་ནང་ཕྱོགས་བཞིའི་བཀའ་བློན་ཆེ། །མངག་གཞུག་ཀླུ་བཙན་བདུད་སོགས་སྡེ་བརྒྱད་རྣམས། །དྭངས་པའི་ཤེལ་ལྟར་རྐྱེན་གྱི་ངོ་བཟུང་བས། །མདོག་རྒྱན་ཆ་ལུགས་སྣ་ཚོགས་རོལ་ལ་བསྟོད། །བསྐང་བ་ནི། ཧཱུྃ། ཏིང་འཛིན་སྔགས་དང་ཕྱག་རྒྱས་ནམ་མཁའི་མཐའ། །ཁྱད་པར་སྤེལ་བའི་དམ་རྫས་ནམ་མཁའི་མཛོད། །ཐུགས་ལ་ཅི་བཞེད་དེ་དང་འདི་འཆར་བས། །གཏེར་བདག་ཆེན་པོ་འཁོར་བཅས་ཐུགས་དམ་བསྐང༌། །ཉེར་སྤྱོད་འདོད་ཡོན་རྣམ་ལྔ་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་བཀྲ་ཤིས་རྫས་རྟགས་བརྒྱད། །སྤྱན་གཟིགས་ནོར་སྣ་དགྲ་ཆ་རྒྱན་ཆ་སོགས། །མཁོ་དགུའི་འབྱོར་པ་རྒྱ་མཚོས་ཐུགས་དམ་བསྐང༌། །ཉམས་པའི་སྲོག་དབུགས་ཤ་ཁྲག་ནང་རོལ་དང༌། །སྨན་རཀ་གཏོར་མ་རྟ་གླང་མཁའ་ལྡིང་དང༌། །མདའ་དར་ལ་སོགས་ཕྱི་ནང་གསང་བའི་རྟེན། །མཐུན་རྫས་མ་ཚང་མེད་པས་ཐུགས་དམ་བསྐང༌། །དེ་ལྟར་བསྐང་བས་དགྱེས་ཤིང་ཚིམ་མཛོད་ལ། །རྒྱལ་བའི་བསྟན་སྲུང་འགྲོ་བའི་བདེ་སྐྱིད་སྤེལ། །བདག་ཅག་འཁོར་བཅས་བཀྲ་ཤིས་ཕུན་སུམ་ཚོགས། །ཅི་བསམ་བགེགས་མེད་འགྲུབ་པའི་ཕྲིན་ལས་མཛོད། །མཐར་ཕྲིན་ལས་བཅོལ་བ་ནི། ཀྱཻ། ཡུལ་ལྷ་གཉན་པོ་དཔང་བསྟོད་དོ། །དབུ་འཕང་དགུང་བས་མཐོ་བར་ཤོག །རྟག་ཆགས་ཟོ་དོར་ཁྱེད་རྣམས་ནི། །སྲིད་པ་ཆགས་པའི་ལྷ་རབས་ཏེ། །གནས་མགྲོན་དམ་ཚིག་རྗེས་སུ་དགོངས། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །བཀའ་ཡི་སྲུང་མ་གཉན་པོར་བསྐོས། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །ཟབ་གཏེར་གཉེར་དུ་གཏད་པ་ཡི། །མཐུ་སྟོབས་རྨད་བྱུང་འགོ་བའི་ལྷ། །དཀར་ཕྱོགས་ཆོས་ཀྱི་རྒྱབ་རྟེན་ལ། །གསོལ་ཞིང་མཆོད་པས་བརྔན་པའི་དོན། །སངས་རྒྱས་བསྟན་སྲུང་བསྟན་འཛིན་སྐྱོངས། །དགེ་འདུན་སྡེ་རྒྱས་ཁྲིམས་གཙང་མཐུན། །སྤོང་ཀློག་བྱ་བར་འདུན་ཅིང་སྤྱོད། །ལྗོངས་འདིའི་མཚོན་པའི་འཇིག་རྟེན་ཀུན། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད། །སྣོད་བཅུད་དཔལ་རྒྱས་ལོ་ཕྱུགས་ལེགས། །ནད་མུག་འཁྲུག་རྩོད་རྟག་ཏུ་ཞི། །ཚེ་རིང་ལོངས་སྤྱོད་རིགས་བརྒྱུད་འཕེལ། །ཀུན་ཀྱང་བསྟན་ལ་གུས་ཤིང་བཀུར། །རྣམ་དཀར་ལས་ལ་དགའ་ཞིང་སྤྱོད། །ཡིད་མཐུན་དཔལ་ཀུན་རྒྱས་པ་དང༌། །བདག་ཅག་མཆོད་ཅིང་སྒྲུབ་པ་པོར། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །ལེགས་དང་སྤྲོད་ལ་ཉེས་ཀུན་སྐྱོབས། །བསོད་ནམས་རླུང་རྟའི་སྟོབས་ཤུགས་རྒྱས། །ཅི་བསམ་ཡིད་བཞིན་འགྲུབ་པ་ཡི། །ཕྲིན་ལས་མ་ཐོགས་མྱུར་དུ་མཛོད། །ཞེས་བརྗོད་གཏོར་མ་གསེར་སྐྱེམས་འབུལ། བསང་གསོལ་གཞུང་གཞན་དང་མ་འབྲེལ་ན་རྗེས་ཀྱི་རིམ་པ་སྤྱི་ལྟར་བྱའོ། །ཅེས་ཀྲོང་གསར་ཆོས་རྩེའི་རབ་སྡེའི་ལེགས་མཛད་ཕྲིན་ལས་ཀྱི་ཁ་ལོ་པ་བླ་མ་འཇམ་དཔལ་ནས་བསྐུལ་ངོར་རྒྱལ་ཁམས་པ་བཀྲ་ཤིས་དཔལ་འབྱོར་གྱིས་ཡིག་རྙིང་གུང་སྡེབས་ཀྱི་ཚུལ་དུ་བྲིས་པ་བསྟན་འགྲོའི་དགེ་མཚན་རྒྱས་པའི་རྟེན་འབྱུང་དུ་གྱུར་ཅིག། །།
[edit]

@#/_khyung bdud gsol mchod dge legs bkra shis char 'bebs zhes bya ba bzhugs/_oM swa sti/_yul lha gnyan po mchod par 'dod pas gtsang ma'i gnas su stegs mtho bar rin po che'i snod du khyung bdud gtor ma btsan gtor/_g.yas su dpal bshos/_g.yon du sman bshos la dkar gsum mngar gsum/_'bru sna/_zas sman bcas brgyan pa'i mdun du nyer spyod lnga dang*/_ja chang 'o phud/_shing rtsi bsang sogs ci 'byor bar bshams la/_bdag nyid lha'i nga rgyal la gnas pas mchod gtor/_bsangs sbyangs/_stong pa'i ngang las/_rin po che'i snod yangs shing rgya che ba'i nang du/_oM AHhU~M/_'od du zhu ba las byung ba'i gtor ma/_nyer spyod/_'dod pa'i yon tan lnga'i longs spyod thams cad pa/_ngo bo ye shes kyi bdud rtsi'i rgya mtsho chen por gyur/_oM AHhU~M/_nam mkha' mdzod kyi sngags rgyas byin gyis brlab/_mdun rten lhar bskyed pa ni/_oM swa b+hA was sbyangs/_stong pa'i ngang las rten 'byung sgyu ma'i snang cha yid 'ong lha yi dga' tshal bkod pa mdzes shing blta na sdug pa'i dbus su 'dod 'byung nor bu'i gzhal med khang rgyan bkod phun sum tshogs pa gnod sbyin nor lha'i bang mdzod rgyas shing 'byor ba'i dbus su pad+ma dang zla ba nya gang ba'i steng du myur bde'i bzhon pa rma bya'i mgrin pa lta bu'i spu sdug gis sgeg pa'i rin po che nor bu'i rgyan phreng dar gyi lhab lhub rnam par g.yo ba'i steng du gsang bdag phyag na rdo rje dang pad+ma 'byung gnas dbyer med pa'i bka' sdod rin chen gter gzhi'i bdag po rdo rje khyung bdud rtsal mdzes brjid sku yi lhun po dbang sngon gyi mdog can khro 'dzum sgeg pa'i gzi brjid nyi ma 'bum ltar ston pa/_/phyag g.yas gser gyi rdo rje rtse lnga pa nam mkhar gdeng stabs su phyar ba/_g.yon pas dgos 'dod kun 'byung yid bzhin nor bu thugs kar gtod pa/_dbu la nor bu baiDUr ya las grub pa'i rmog la dar 'phru rgyal mtshan nor bu'i tog can gyi spa ba/_za 'og gi ber nag dang g.yu khrab gsol zhing*/_dar dang rin po che'i rgyan phreng lhab lhub du g.yo zhing*/_zhabs gnyis 'ja' tshon gyi ri mo bkra ba'i l+h+wam dang bcas te rol stabs su 'gying ba/_'ja' sprin me tog dang nor bu'i char 'bebs pa'i dbus na bzhugs shing*/_phyogs kun tu me rlung chil chil g.yo ba/_g.yon du dgyes sde sman btsun le sgron 'chi med legs bris kyi bu mo lta bus zla ba zhun ma'i dpal 'phrog pa/_lha yi gos dang nor bu me tog gi rgyan phreng du mas bklubs te rkyang bu kha dkar rin po che'i sga stan gyis klubs pa la chibs nas rgyu ba/_phyag g.yas tshe g.yang gi dpal sdud pa'i mda' dar dang*/_g.yon gter bum 'dzin pa 'ja' sprin 'od kyi phreng ba'i dbus na rgyu ba/_sprul pa'i sras mchog zla 'od rgyal mtshan btsan rgod mthu rtsal thogs med 'char ka'i nyi ma ltar dmar ba khro gtum rngams pa'i tshul can/_dar dmar gyi ber dang dbang gi bswe khrab dang bswe rmog can/_'khor gsum sked la bskor ba'i dpa' bo'i cha byad bskal me ltar 'bar ba/_g.yas za 'og gi rgyal mtshan phyar zhing*/_g.yon yid bzhin gyi nor bu bsnams pa rta dmar rlung gshog gi steng na 'gying ba/_glog 'od me rlung 'tshubs bzhin rgyu ba/_gzhan yang phyi 'khor nang blon/_phyogs bzhi'i bka' sdod/_mngag gzhug bdud btsan klu sogs sde brgyad dregs pa'i dmag dpung gis gnam sa bar snang gi khyon 'gengs pa char rlung drag po 'tshubs pa lta bu thams cad sngon gyi tha tshig gnyan po rjes su bskul bas mngon sum lta bur byon par gyur/_spyan 'dren ni/_hU~M/_rgyal kun thugs kyi rdo rje gsang ba'i bdag_/dwangs pa'i me long ji bzhin mos pa'i ngor/_/sna tshogs sgyu 'phrul rol mo bsam yas nas/_/khyung chen legs rtsal 'bar ba spyan 'dren gyi/_/btsun mo sras dang nang mi phyi nang blon/_/'bangs 'khor mngag gzhug dmag dpung sde brgyad sogs/_/brtse gdung snying nye'i gar gyis gshegs nas kyang*/_/ci bgyis bkod pa'i gdan la brtan par bzhugs/_/dam bzhag ni/_hU~M/_bcom ldan phyag na rdo rje dang*/_/snang srid zil gnon pad 'byung la/_/rang srog phul nas dam bzhes la/_/ma g.yel ma 'da' phrin las mdzod/_/mchod pa ni/_hU~M/_dpa' bo'i dza gad gser gyi skyems/_/zhing bcu mthar byed rak+ta'i mtsho/_/kha zas kun gyi ba ling+ta/_/mdog dri ro bcud bzang pos mchod/_/las bzhi'i rjes mthun nyer spyod lnga/_/rkang gling rol mo sna tshogs dang*/_/spyan gzigs nor 'bru rgyan gos bzhon/_/go mtshon dgra srog shan pas mchod/_/yid 'bab nyer mkho lha mi'i dngos/_/ci mchis dngos 'byor ting 'dzin lnga/_/phyag rgyas nam mkha' mdzod sprin las/_/char du phab ste 'bul gyis bzhes/_/oM ma hA pU dza me g+ha ar+g+haM nas shab+da pra tIts+tsha ho/_gtor ma/_A ka ro lan gsum gyis byin gyis brlabs la/_lha rnams kyi ljags 'od zer gyi sbu gus gtor ma'i bcud drangs te gsol bar gyur/_oM ma hA tsit+ta nA ga d+he sha khyung legs rtsal sa pa ri wA ra i daM ba liM ta kha kha khA hi khA hi/_lan gsum/_gter bdag dge bsnyen chen po khyung legs rtsal 'khor bcas mchod sbyin rgya chen po 'di dgyes shing tshim par rol la/_dpal phyag na rdo rje dang*/_slob dpon chen po'i bka' dang dam tshig rjes su dgongs te/_sangs rgyas kyi bstan pa rin po che 'dzin skyong spel/_yul 'khor thams cad bde legs kyis skyongs/_bdag cag 'khor dang bcas pa'i rkyen ngan pa thams cad sol/_phun sum tshogs pa thams cad sgrubs/_bsam pa thams cad chos bzhin du 'grub pa'i phrin las mdzad du gsol/_yang bsang bya bar 'dod pas bsang phye shing sna'i dud pa sbyar ba chab kyis bran la/_kyai/_phun tshogs snod bcud rten 'byung las/_/rin chen bdud rtsi can gyi shing*/_/'bar ba'i me yis bskul ba las/_/dud sprin chu shel phung po lta'i/_/dri zhim ngad pas 'khor yug khyab/_/zegs ma 'dod yon phung po 'phro/_/grib bsil zhi byed sman gyis bsung*/_/dkar phyogs dga' ba'i dgyes ston 'dis/_/gsang bdag pad+ma'i bka' yi 'bangs/_/zab gter gnyan po'i srung ma che/_/rdo rje khyung legs gsol zhing bsang*/_/dgyes yum sman btsun le sgron bsang*/_/sras mchog btsan rgod chen po bsang*/_/bka' yi pho nya thams cad bsang*/_/blon po ru 'dren dpung bcas bsang*/_/phyogs bzhi'i bka' blon che bzhi bsang*/_/mngag gzhug sde brgyad dmag dpung bsang*/_/khyed rnams dgyes pa bskyed pa'i phyir/_/sngon gyi srid pa'i lugs bzhin du/_/bkra shis dge mtshan bsang mchod 'dis/_/sku gsung thugs la dgyes pa bskyed/_/grib mnol 'khon 'gras thams cad zhi/_/phog thug 'gram 'khrugs mthol zhing bshags/_/dgyes pa'i lha zhal zla ltar dkar/_/gnas mgron dam tshig mi g.yel bas/_/dgra rkun gdon gyi bar chad zhi/_/tshe bsod rlung rta dar zhing rgyas/_/ci 'dod dbang bsdus rnam par rgyal/_/kha 'dzin sdong grogs ma g.yel mdzod/_/bstod pa ni/_hU~M/_dug gsum rnam dag rigs gsum lha yi gar/_/rdo rje khyung bdud baiDUr+Ya yi mdog_/phyag gnyis rdo rje yid bzhin nor bus mtshan/_/nor bu'i rmog dang ber nag g.yu khrab gsol/_/dar tshon rin chen rgyan bzang me rlung dbus/_/nam mkha'i 'od can myur mgyogs rtar bcibs nas/_/rno myur thogs pa med pa'i rdzu 'phrul gyis/_/bstan 'gro'i mel tshe mdzad la bdag bstod do/_/rnam 'phrul cir yang mi rdzu med pas na/_/'khor dang gnas mthu'i nges pa gzung dka' yang*/_/lho mon rgya bod has gru 'bras ljongs sogs/_/yul rnams kun gyi dgra lha mdzad la bstod/_/sgrub la snying nye'i dam gtsang las la myur/_/'khon chung ngo yang dkar po spyod la dgyes/_/mthu rno rdzu 'phrul stobs che ngang rgyun ring*/_/brtse gdung ma 'dra khyed la bdag bstod do/_/b+h+yoH_gang thugs bde ba'i zhags pas 'ching ba mo/_/zla shel mdangs can gzi bzang sman le sgron/_/phyag gnyis mda' dar 'dod sbyin bum pas 'brel/_/yid 'ong rgyan 'chang rkyang bur bcibs la bstod/_/rdzu 'phrul rta dmar steng na nyi ma 'bum/_/'char ka'i 'od ltar dmar gsal zla 'od rgyal/_/rgyal mtshan yid bzhin nor bu bsnams pa yis/_/sa gsum dbang sdud sras mchog de la bstod/_/nang 'khor phyi nang phyogs bzhi'i bka' blon che/_/mngag gzhug klu btsan bdud sogs sde brgyad rnams/_/dwangs pa'i shel ltar rkyen gyi ngo bzung bas/_/mdog rgyan cha lugs sna tshogs rol la bstod/_/bskang ba ni/_hU~M/_ting 'dzin sngags dang phyag rgyas nam mkha'i mtha'/_/khyad par spel ba'i dam rdzas nam mkha'i mdzod/_/thugs la ci bzhed de dang 'di 'char bas/_/gter bdag chen po 'khor bcas thugs dam bskang*/_/nyer spyod 'dod yon rnam lnga rgyal srid bdun/_/nye ba'i rin chen bkra shis rdzas rtags brgyad/_/spyan gzigs nor sna dgra cha rgyan cha sogs/_/mkho dgu'i 'byor pa rgya mtshos thugs dam bskang*/_/nyams pa'i srog dbugs sha khrag nang rol dang*/_/sman raka gtor ma rta glang mkha' lding dang*/_/mda' dar la sogs phyi nang gsang ba'i rten/_/mthun rdzas ma tshang med pas thugs dam bskang*/_/de ltar bskang bas dgyes shing tshim mdzod la/_/rgyal ba'i bstan srung 'gro ba'i bde skyid spel/_/bdag cag 'khor bcas bkra shis phun sum tshogs/_/ci bsam bgegs med 'grub pa'i phrin las mdzod/_/mthar phrin las bcol ba ni/_kyai/_yul lha gnyan po dpang bstod do/_/dbu 'phang dgung bas mtho bar shog_/rtag chags zo dor khyed rnams ni/_/srid pa chags pa'i lha rabs te/_/gnas mgron dam tshig rjes su dgongs/_/gsang bdag phyag na rdo rje yis/_/bka' yi srung ma gnyan por bskos/_/slob dpon pad+ma thod phreng gis/_/zab gter gnyer du gtad pa yi/_/mthu stobs rmad byung 'go ba'i lha/_/dkar phyogs chos kyi rgyab rten la/_/gsol zhing mchod pas brngan pa'i don/_/sangs rgyas bstan srung bstan 'dzin skyongs/_/dge 'dun sde rgyas khrims gtsang mthun/_/spong klog bya bar 'dun cing spyod/_/ljongs 'di'i mtshon pa'i 'jig rten kun/_/bde skyid rdzogs ldan dpal la spyod/_/snod bcud dpal rgyas lo phyugs legs/_/nad mug 'khrug rtsod rtag tu zhi/_/tshe ring longs spyod rigs brgyud 'phel/_/kun kyang bstan la gus shing bkur/_/rnam dkar las la dga' zhing spyod/_/yid mthun dpal kun rgyas pa dang*/_/bdag cag mchod cing sgrub pa por/_/kha 'dzin sdong grogs rgyab rten mdzod/_/legs dang sprod la nyes kun skyobs/_/bsod nams rlung rta'i stobs shugs rgyas/_/ci bsam yid bzhin 'grub pa yi/_/phrin las ma thogs myur du mdzod/_/zhes brjod gtor ma gser skyems 'bul/_bsang gsol gzhung gzhan dang ma 'brel na rjes kyi rim pa spyi ltar bya'o/_/ces krong gsar chos rtse'i rab sde'i legs mdzad phrin las kyi kha lo pa bla ma 'jam dpal nas bskul ngor rgyal khams pa bkra shis dpal 'byor gyis yig rnying gung sdebs kyi tshul du bris pa bstan 'gro'i dge mtshan rgyas pa'i rten 'byung du gyur cig/__//

Footnotes

Other Information