དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྐང་བ་བསྡུས་པ།

From Khyentse Lineage - A Tsadra Foundation Project
Revision as of 08:39, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title dpal ldan dmag zor rgyal mo'i bskang ba bsdus pa JKCL-KABUM-11-DA-022.pdf
Location chos kyi blo gros bka' 'bum
Volume 11, Text 22, Pages 119-121 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal ldan dmag zor rgyal mo'i bskang ba bsdus pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 119-121. Bir, H.P.: Khyentse Labrang, 2012.
Genre Mending Rituals - bskang chog
Deity dmag zor rgyal mo
Colophon

།ཞེས་པའང་ཆུ་འབྲུག་ཟླ་བ་དང་པོའི་ཚེས་དགུ་ལ་ཆོས་ཀྱི་བློ་གྲོས་པས་སྦྱར་བ་དགེ་ལེགས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།།

/zhes pa'ang chu 'brug zla ba dang po'i tshes dgu la chos kyi blo gros pas sbyar ba dge legs phun sum tshogs pa'i rgyur gyur cig__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྐང་བ་བསྡུས་པ་བཞུགས་སོ། །དཔལ་ལྡན་ལྷ་མོར་ཐུགས་དམ་བསྐང་བའི་རིམ་པ་བསྡུས་པར་མོས་ན། བསྐང་རྫས་བྱིན་བརླབ་ནི། བསངས་སྦྱངས། སྟོང་པའི་ངང་ལས་གནས་ཁང་དྲག་པོའི་ཞིང་། །ཕྱི་ནང་གསང་བའི་མཆོད་གཏོར་རྟེན་སྐོང་རྫས། །ཟག་མེད་ཀུན་བཟང་མཆོད་པའི་སྤྲིན་སྤྲོ་བ། །དཔལ་ལྡན་ལྷ་མོའི་སྤྱན་ལམ་འབྱུང་གྱུར་ཅིག །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབས། བྷྱོཿ ཆོས་དབྱིངས་ངང་ལས་སྙིང་རྗེ་ཁྲོས་པའི་ཡུམ། །དམག་ཟོར་རྒྱལ་མོ་འཁོར་བཅས་བརྩེ་བས་གཤེགས། །དངོས་སུ་བཤམས་དང་ཡིད་ཀྱི་སྤྲུལ་པ་ཡིས། །ལྷ་མོ་འཁོར་བཅས་ཐུགས་དམ་གཉེན་པོ་བསྐང་། །ཕྱི་མཆོད་ཉེར་སྤྱོད་དགྲ་བགེགས་བསྒྲལ་བ་ཡི། །ནང་མཆོད་དྲག་པོའི་འདོད་ཡོན་རྣམ་ལྔ་དང་། །གསང་ཆེན་སྨན་དང་རཀྟ་གཏོར་མ་ཆེ། །བཟའ་བཅའ་བཏུང་བ་རོ་བརྒྱ་ལྡན་པས་བསྐང་། །རལ་གྲི་བེ་ཅོན་རྩེ་གསུམ་ཏྲི་ཤུལ་དང་། །མདུང་ཐུང་ཐོད་ཁྲག་ནད་རྐྱལ་ཁྲམ་ཤིང་དང་། །ཚོན་གྱི་གྲུ་གུ་ཤོ་རྡིལ་ལ་སོགས་པས། །དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་བསྐང་། །རྟ་མཆོག་དྲེའུ་བོང་བུ་དམར་གྭ་ལ། །སྲིན་པོའི་ཐོད་པའི་སྒ་དང་ཞིང་ལྤགས་གཡོགས། །སྦྲུལ་ནག་གོང་སྨེད་ཞིང་ཆེན་ཞིང་ཆུང་ནི། །སྲབ་སྨེད་རྒྱན་གྱིས་སྤྲས་པས་ཐུགས་དམ་བསྐང་། །དུར་ཁྲོད་ཆས་བརྒྱད་རེ་ལྡེའི་ན་བཟའ་དང་། །སེང་གེ་སྦྲུལ་གྱི་རྣ་ཆ་དྲིལ་གཡེར་ཅན། །རིན་ཆེན་རྒྱན་དང་ལྷ་རྫས་བཟང་པོའི་གོས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུས་བསྐང་། །རྨ་བྱའི་གདུགས་དང་བཀྲ་ཤིས་རྫས་རྟགས་བརྒྱད། །སྤུ་སྡུག་མཛེས་པའི་རི་དྭགས་སྣ་ཚོགས་དང་། །གཅན་གཟན་གཏུམ་པོ་འཇིགས་རུང་སྒྲ་སྒྲོགས་ཤིང་། །གཡག་རྒོད་ལུག་ནག་ཁྱི་ནག་ཚོགས་ཀྱིས་བསྐང་། །དམ་ཚིག་བྲིས་སྐུ་སྔགས་བྱང་ནལ་བུའི་སྙིང་། །སྲོག་འཁོར་བླ་རྡོ་སྨྱུག་རྒོད་རྟེན་མདའ་དང་། །གོ་ཁྲབ་གོས་དར་སྟག་གཟིག་ལྤགས་པའི་རིགས། །རིན་ཆེན་འབྲུ་སྨན་སོགས་ཀྱིས་ཐུགས་དམ་བསྐང་། །མདོར་ན་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད། །རང་སེམས་སྟོང་པའི་ཆོ་འཕྲུལ་ཤེས་པ་དང་། །རྩ་རླུང་ཐིག་ལེ་ལྷ་མོའི་གྲོང་ཁྱེར་དུ། །ལྷུན་རྫོགས་བདེ་བ་ཆེན་པོས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་དགྱེས་བསྐང་ཕུལ་བའི་མཐུས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཡི། །ལྷ་མོ་འཁོར་བཅས་མ་དགྱེས་འཁྲུགས་པ་རྣམས། །སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་སངས། །འཁོན་གཅུག་ཉེས་པའི་དྲི་མ་ཐམས་ཅད་བྱང་། །དགྱེས་ཞལ་ཟླ་བའི་དཀྱིལ་འཁོར་འཛུམ་པ་ལས། །བྱུང་བའི་གྲུབ་གཉིས་བདུད་རྩིས་འཚོ་བར་ཤོག །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །ནད་རིམས་དགྲ་གདོན་བྱད་ལྟེམ་གནོད་པ་བཟློག །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །རྣམ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པས་ཐུགས་དམ་བསྐང་བར་བྱའོ། །ཞེས་པའང་ཆུ་འབྲུག་ཟླ་བ་དང་པོའི་ཚེས་དགུ་ལ་ཆོས་ཀྱི་བློ་གྲོས་པས་སྦྱར་བ་དགེ་ལེགས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
[edit]

dpal ldan dmag zor rgyal mo'i bskang ba bsdus pa bzhugs so/__/dpal ldan lha mor thugs dam bskang ba'i rim pa bsdus par mos na/__bskang rdzas byin brlab ni/__bsangs sbyangs/__stong pa'i ngang las gnas khang drag po'i zhing /__/phyi nang gsang ba'i mchod gtor rten skong rdzas/__/zag med kun bzang mchod pa'i sprin spro ba/__/dpal ldan lha mo'i spyan lam 'byung gyur cig__/nam mkha' mdzod kyi sngags rgya lan gsum gyis brlabs/__b+h+yoHchos dbyings ngang las snying rje khros pa'i yum/__/dmag zor rgyal mo 'khor bcas brtse bas gshegs/__/dngos su bshams dang yid kyi sprul pa yis/__/lha mo 'khor bcas thugs dam gnyen po bskang /__/phyi mchod nyer spyod dgra bgegs bsgral ba yi/__/nang mchod drag po'i 'dod yon rnam lnga dang /__/gsang chen sman dang rak+ta gtor ma che/__/bza' bca' btung ba ro brgya ldan pas bskang /__/ral gri be con rtse gsum tri shul dang /__/mdung thung thod khrag nad rkyal khram shing dang /__/tshon gyi gru gu sho rdil la sogs pas/__/dmag zor rgyal mo 'khor bcas thugs dam bskang /__/rta mchog dre'u bong bu dmar gwa la/__/srin po'i thod pa'i sga dang zhing lpags g.yogs/__/sbrul nag gong smed zhing chen zhing chung ni/__/srab smed rgyan gyis spras pas thugs dam bskang /__/dur khrod chas brgyad re lde'i na bza' dang /__/seng ge sbrul gyi rna cha dril g.yer can/__/rin chen rgyan dang lha rdzas bzang po'i gos/__/lcags kyu zhags pa lcags sgrog dril bus bskang /__/rma bya'i gdugs dang bkra shis rdzas rtags brgyad/__/spu sdug mdzes pa'i ri dwags sna tshogs dang /__/gcan gzan gtum po 'jigs rung sgra sgrogs shing /__/g.yag rgod lug nag khyi nag tshogs kyis bskang /__/dam tshig bris sku sngags byang nal bu'i snying /__/srog 'khor bla rdo smyug rgod rten mda' dang /__/go khrab gos dar stag gzig lpags pa'i rigs/__/rin chen 'bru sman sogs kyis thugs dam bskang /__/mdor na snang zhing srid pa'i chos thams cad/__/rang sems stong pa'i cho 'phrul shes pa dang /__/rtsa rlung thig le lha mo'i grong khyer du/__/lhun rdzogs bde ba chen pos thugs dam bskang /__/de ltar thugs dam dgyes bskang phul ba'i mthus/__/rtsa ba yan lag dam tshig nyams pa yi/__/lha mo 'khor bcas ma dgyes 'khrugs pa rnams/__/snying nas gnong 'gyod drag pos mthol lo bshags/__/sku gsung thugs la grib kyis phog pa sangs/__/'khon gcug nyes pa'i dri ma thams cad byang /__/dgyes zhal zla ba'i dkyil 'khor 'dzum pa las/__/byung ba'i grub gnyis bdud rtsis 'tsho bar shog__/bdag cag dpon slob 'khor dang bcas pa la/__/nad rims dgra gdon byad ltem gnod pa bzlog__/tshe bsod dpal 'byor lung rtogs yon tan rgyas/__/rnam bzhi'i phrin las lhun gyis grub par mdzod/__/ces pas thugs dam bskang bar bya'o/__/zhes pa'ang chu 'brug zla ba dang po'i tshes dgu la chos kyi blo gros pas sbyar ba dge legs phun sum tshogs pa'i rgyur gyur cig__/mang+ga laM//__//

Footnotes

Other Information