JKW-KABAB-07-JA-012

From Khyentse Lineage - A Tsadra Foundation Project
Revision as of 09:42, 16 November 2021 by Mort (talk | contribs) (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "")

JKW-KABAB-07-JA-012

དཔལ་བདེ་བ་ཆེན་པོ་རྡོ་རྗེའི་བདུད་རྩིའི་ཟབ་མོ་བླ་མ་སྒྲུབ་པའི་ལས་བྱང་བདེ་ཆེན་བདུད་རྩིའི་ཟེགས་མ།
Wylie title dpal bde ba chen po rdo rje'i bdud rtsi'i zab mo bla ma sgrub pa'i las byang bde chen bdud rtsi'i zegs ma JKW-KABAB-07-JA-012.pdf
Location mkhyen brtse'i bka' babs
Volume 7, Text 12, Pages 389-396 (Folios 1a to 4b6)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön ར་མོ་ཤེལ་སྨན་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (ra mo shel sman, 'jam dbyangs mkhyen brtse'i dbang po)
Citation Phun tshogs rnam rgyal. dpal bde ba chen po rdo rje'i bdud rtsi'i zab mo bla ma sgrub pa'i las byang bde chen bdud rtsi'i zegs ma. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 7: 389-396. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Activity Manual - las byang
Cycle དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ (dpal rdo rje bdud rtsi bde ba chen po)
Karchag page JKW-KABAB-Volume-07-JA-Karchag
Colophon

ཅེས་སོགས་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་རྒྱས་སུ་བྱའོ། །ཅེས་དཔལ་རྡོ་རྗེའི་བདུད་རྩིའི་ཟབ་མོ་བླ་མ་བསྒྲུབ་པའི་ལས་བྱང་འདི་ནི་གཏེར་གཞུང་ཞལ་གསལ་བཞུགས་ཀྱང་འཇུག་པ་བདེ་ཕྱིར་ཁོལ་དུ་ཕྱུང་བ་པོ་ནི། ཟབ་ཆོས་འདི་ཉིད་ལ་ལོངས་སུ་སྤྱོད་པའི་སྐལ་བས་སྦོམ་པ་ཕུན་ཚོགས་རྣམ་རྒྱལ་ཏུ་འབོད་པས། ༢༠༠༨ ལོར་༢ བཀའ་བབས་སྐོར་བསྐྱར་བསྒྲིག་སྐབས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་སྦྱར་བའི་དགེ་བས་འགྲོ་བ་ཀུན་ལ་འཆི་མེད་རྡོ་རྗེའི་བདུད་རྩིའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག།

ces sogs shis brjod ji ltar rigs pas mtha' rgyas su bya'o/__/ces dpal rdo rje'i bdud rtsi'i zab mo bla ma bsgrub pa'i las byang 'di ni gter gzhung zhal gsal bzhugs kyang 'jug pa bde phyir khol du phyung ba po ni/__zab chos 'di nyid la longs su spyod pa'i skal bas sbom pa phun tshogs rnam rgyal tu 'bod pas/__2008__lor 2__bka' babs skor bskyar bsgrig skabs rdzong sar bkra shis lha rtse'i chos grwar sbyar ba'i dge bas 'gro ba kun la 'chi med rdo rje'i bdud rtsi'i byin rlabs myur du 'jug pa'i rgyur gyur cig

[edit]
༄༅། །དཔལ་བདེ་བ་ཆེན་པོ་རྡོ་རྗེའི་བདུད་རྩིའི་ཟབ་མོ་བླ་མ་སྒྲུབ་པའི་ལས་བྱང་བདེ་ཆེན་བདུད་རྩིའི་ཟེགས་མ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། འོད་གསལ་ཆོས་སྐུ་སྟོང་པའི་དབྱིངས། །འགགས་མེད་ལོངས་སྤྱོད་བདེ་ཆེན་རྩལ། །མ་ཧཱ་གུ་རུ་ལ་བཏུད་ནས། །ལས་བྱང་བདུད་རྩིའི་ཟེགས་མ་སྤེལ། །དེ་ལ་འདི་ཡི་དབང་ཐོབ་ཅིང་དམ་ཚིག་རྣམ་པར་དག་པའི་གང་ཟག་མོས་གུས་དང་ལྡན་པ་གང་ཞིག་གིས། བླ་མ་བདེ་བ་ཆེན་པོའི་རྣལ་འབྱོར་ཟབ་མོ་བསྒྲུབ་པར་འདོད་པས་དབེན་པའི་གནས་སུ་དམ་ཚིག་གི་བྲིས་སྐུ་དང༌། གཏོར་མ་རིན་ཆེན་འབར་བ་ཕྱི་ནང་གི་མཆོད་པ་ཚོགས་ཀྱི་ཡོ་བྱད་དང་བཅས་པ་བཤམ། བདེ་བའི་སྟན་ལ་འདུག་ཅིང་ངེས་འབྱུང་དང་མོས་གུས་དྲག་པོས་མཚམས་སྦྱར་ནས། ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལ་གསུམ་ལས་དང་པོ་སྐྱབས་སེམས་ནི། སྐྱབས་ཡུལ་གསལ་བཏབ་ལ། ན་མོ༔ བླ་མ་དཔལ་ལྡན་བདེ་བ་ཆེར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ གཞན་དོན་འཆི་མེད་སྐུ་བསྒྲུབ་ཕྱིར༔ ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི༔ ལན་གསུམ། གཉིས་པ་བགེགས་གཏོར་མཚམས་གཅད་ནི། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀཿསོགས་དཀར་གཏོར་སྤྱི་འགྲོ་བཏང༌། བགེགས་གཏོར་རྃ་ཡྃ་ཁྃ་གིས་བསང༌། ཨོཾ་ཨཱཿཧཱུྃལན་གསུམ་གྱིས་བརླབ། སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿས་མགྲོན་དགུག ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐ་ག་ཏ་སོགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ གསང་སྔགས་སྒྲུབ་ལ་བར་གཅོད་ཀུན༔ རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས༔ རྡོ་རྗེ་ཧཱུྃ་གི་ཏིང་འཛིན་གྱིས༔ ཡེ་ཤེས་སྲུང་མཚམས་ལྷུན་གྱིས་གྲུབ༔ ཨོཾ་སརྦ་བིགྷྣཱན་ཨུ་ཙཊྚ་ཡ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ གསུམ་པ་བྱིན་འབེབས་ཅིང་མཆོད་པ་བརླབ་པ་ནི་སྤོས་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས་པས། ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ རིག་འཛིན་བླ་མའི་ལྷ་ཚོགས་ཀྱིས༔ གནས་འདིར་བྱིན་ཕོབ་དབང་མཆོག་སྐུར༔ མཆོད་རྫས་འདོད་ཡོན་བཅུད་དུ་སྐྱིལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ མ་ཧཱ་སུ་ཁ་སརྦ་པཱུ་ཛ་ས་མ་ཡ་ཨཱཿཧཱུྃ༔ གཉིས་པ་དངོས་གཞིའི་ལས་ཀྱི་རིམ་པ་ལ་དྲུག་ལས་དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ༔ དབྱིངས་དང་རིག་པ་དབྱེར་མེད་པའི༔ རྡོ་རྗེ་བདུད་རྩིའི་ཡེ་ཤེས་ལས༔ བདེ་བ་ཆེན་པོའི་ཞིང་ཁམས་དང་༔ གཞལ་ཡས་ཁང་ཆེན་མཚན་ཉིད་རྫོགས༔ དེ་དབུས་པདྨའི་ཉི་ཟླའི་སྟེང་༔ རིག་པ་མི་འགྱུར་གཉུག་མའི་ལྷ༔ མ་ཧཱ་གུ་རུ་བདེ་བ་ཆེ༔ དཀར་དམར་དམངས་ལྡན་བཅུ་དྲུག་ཉམས༔ རིན་ཆེན་རུས་པ་མེ་ཏོག་བརྒྱན༔ དར་གྱི་སྟོད་གཡོགས་སྟག་ཤམ་འཕྱང་༔ དྲིལ་བུ་གཡེར་ཁའི་དྲྭ་བས་སྤྲས༔ ཁྲོ་འཛུམ་རྗེས་ཆགས་སྤྱན་གསུམ་གཡོ༔ རལ་པའི་ཐོར་ཚུགས་རྡོ་རྗེས་མཚན༔ པདྨ་གསར་པའི་ཕྲེང་བས་བཅིངས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ སྦྱོར་ཡུམ་རིན་ཆེན་མཱ་མ་ཀཱི༔ ཤཱཀྱ་དེ་ཝཱི་ལྷ་མོའི་ཚུལ༔ གཞོན་སྒེག་རིན་ཆེན་རུས་པས་བརྒྱན༔ ཕྱག་གཡས་གྲི་གུག་ཡབ་ལ་འཁྱུད༔ གཡོན་པས་བདུད་རྩིའི་ཐོད་པ་སྟོབ༔ རྡོ་རྗེའི་སྐྱིལ་ཀྲུང་དང་བཅས་ཏེ༔ རྡོ་རྗེ་པདྨ་མཉམ་སྦྱོར་བའི༔ ཨ་ཧཾ་བདེ་བའི་སྒྲ་ཆེན་སྒྲོགས༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེའི༔ རོལ་པ་ཆེན་པོའི་འོད་ཟེར་གྱིས༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་གྱུར༔ གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་ནི་ སྤོས་རོལ་དབྱངས་དང་བཅས་པས། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ རྡོ་རྗེའི་ཡེ་ཤེས་བྱིན་ཆེན་ཕོབ༔ འཆི་མེད་བདུད་རྩིའི་དབང་མཆོག་སྐུར༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ འོད་ལུས་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་བཞུགས་གསོལ་བརྡ་ཕྱག་ནི། ཧཱུྃ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་འཁོར་ལོར་དབྱེར་མེད་བཞུགས༔ གཉིས་མེད་མཉམ་པ་ཆེན་པོའི་ངང་༔ གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཛཿཧཱུྃ་བྃ་ཧོཿས་མ་ཡཏིཥྛནྟུ༔ ཨ་ཏི་པཱུ་ཧོཿ ཨ་ལ་ལ་ཧོཿ བཞི་པ་མཆོད་པ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་ཉེར་སྤྱོད་ཀུན་བཟང་སྤྲིན༔ ནང་མཆོད་འདོད་ཡོན་རོལ་མོ་ཆེ༔ གསང་བ་རྨད་བྱུང་སྨན་གཏོར་རཀ༔ སྦྱོར་སྒྲོལ་བདེ་བའི་ཚོགས་མཆོད་འབུལ༔ ཨོཾ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཧོ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སྟ་ན་གྷ་ན་པཱུ་ཛ་ས་མ་ཡ་ཧོཿ ལྔ་པ་བསྟོད་པ་ནི། ཧཱུྃ༔ རྡོ་རྗེ་སྙིང་པོའི་ཡེ་ཤེས་ཆོས་ཀྱི་སྐུ༔ ཁ་སྦྱོར་བདུད་རྩིའི་བདག་ཉིད་ལོངས་སྤྱོད་རྫོགས༔ བདེ་བ་ཆེན་པོའི་རྣམ་འཕྲུལ་མཐའ་ཡས་སྟོན༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ དེ་ནས་ལྷ་ཡི་སྐུ་ལ་སེམས་བཟུང་ཤིང་གསལ་སྣང་གཙོ་བོར་འདོན་པ་ལ་བསླབ་པས་ཏིང་ངེ་འཛིན་བརྟན་པར་གྱུར་པ་ན་དྲུག་པ་བཟླས་པས་ཐུགས་དམ་བསྐུལ་བ་ནི། ཐུགས་ཀར་པདྨ་ཉི་མའི་སྟེང་༔ ཡེ་ཤེས་སེམས་དཔའ་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་ཁ་ཊྭཾ་གསོར༔ རང་འོད་ཡུམ་འཁྱུད་ཁྲོ་བོའི་ཉམས༔ དེ་ཡི་ཐུགས་ཀར་བདེ་སྟོང་གི༔ རང་གཟུགས་ཉི་ཟླ་ཁ་སྦྱོར་དབུས༔ ཟུང་འཇུག་ཏིང་འཛིན་སེམས་དཔའ་ཧཱུྃ༔ མཐའ་སྐོར་སྔགས་ཀྱི་ཕྲེང་བས་མཚན༔ བཟླས་པས་སྔགས་ཕྲེང་བར་མེད་འཕྲོས༔ ཡབ་ཡུམ་ཞལ་དང་གསང་བར་བརྒྱུད༔ བར་མ་ཆད་པར་རབ་ཏུ་འཁོར༔ བདེ་ཆེན་ཡེ་ཤེས་གཟི་བྱིན་བསྐྱེད༔ རོལ་པའི་འོད་ཀྱིས་དོན་གཉིས་བྱས༔ སྣང་གྲགས་ལྷ་དང་སྔགས་ཀྱི་སྒྲ༔ དྲན་རྟོག་འོད་གསལ་ཐིག་ལེར་འཁྱིལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ ཅེས་བཟླ། གཞུང་ལས། བསྙེན་སྒྲུབ་ལས་གསུམ་གཅིག་དྲིལ་གྱི༔ བཟླས་བརྗོད་འབུམ་ཕྲག་བཞི་རུ་བྱ༔ ཞལ་མཐོང་གསུང་ཐོས་བྱིན་རླབས་འབེབས༔ རིག་སྟོང་གཉུག་མའི་དོན་མཐོང་འགྱུར༔ ཅེས་གསུངས་སོ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱས་བརྟན་པར་བྱས་ལ་མཆོད་ཅིང་བསྟོད། སྤྲོ་ན་ཆོས་སྲུང་གཏོར་འབུལ་དང་བསྐང་བཤགས་ཇི་ལྟར་རིགས་པར་བྱ། གསུམ་པ་རྗེས་ཀྱི་བྱ་བ་ལ་བཞི་ལས། དང་པོ་ཚོགས་ཀྱི་འཁོར་ལོ་ནི། ཅི་འབྱོར་པའི་བཟའ་བཏུང་དམ་ཚིག་གི་རྫས་སུ་འོས་པ་ཚོགས་སུ་བཤམ་ལ་བདུད་རྩིས་བྲན་ཞིང་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ ཡེ་ཤེས་རིག་རྩལ་རོལ་པའི་འོད་ཟེར་གྱིས༔ ཚོགས་རྫས་བག་ཆགས་གཟུང་འཛིན་བསྲེགས་གཏོར་བཀྲུས༔ ཨཱ་ལས་པདྨ་བྷཉྫའི་སྣོད་ཡངས་པར༔ འབྲུ་གསུམ་འོད་ཞུ་བདུད་རྩིའི་བཅུད་དུ་འཁྱིལ༔ ཨོཾ་ཨཱཿཧཱུྃ་ལན་གསུམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ རྩ་གསུམ་ཀུན་འདུས་གུ་རུ་བདེ་བ་ཆེ༔ མཁའ་འགྲོའི་སྤྲིན་ཕུང་འཁྲིགས་པའི་འཁོར་དང་བཅས༔ དམ་ཚིག་ཚོགས་ཀྱི་མཆོད་པར་སྤྱན་འདྲེན་གཤེགས༔ དབང་སྐུར་བྱིན་ཕོབ་རྡོ་རྗེའི་ཡེ་ཤེས་སྐྱེད༔ བཛྲ་ས་མ་ཡ་ཛཿ ཚོགས་དང་པོ་མཆོད་སྐོང་བསྒྲལ་བཤགས་ནི། ཨོཾ་ཨཱཿཧཱུྃ༔ དཔག་མེད་འདོད་ཡོན་ཚོགས་ཀྱི་མཆོད་པ་འདིས༔ གུ་རུ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ འཁོར་གྱི་མཁའ་འགྲོའི་ཚོགས་རྣམས་དགྱེས་པར་རོལ༔ དམ་ཚིག་ཉམས་ཆགས་ཉེས་ལྟུང་བྱང་བ་དང་༔ གཟུང་འཛིན་འཁྲུལ་པའི་དགྲ་བགེགས་དབྱིངས་སུ་སྒྲོལ༔ རྡོ་རྗེ་བདུད་རྩི་ཁ་སྦྱོར་བདེ་བ་ཆེས༔ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད༔ ཡེ་ཤེས་ཕྱག་རྒྱ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་སརྦ་ཌཱ་ཀི་ནཱི་མཎྜ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཚོགས་བར་པ་རྣལ་འབྱོར་ཕོ་མོས་ལོངས་སུ་སྤྱོད་ཅིང་རོལ། སྤྲོ་ན་རྡོ་རྗེའི་གླུ་དང་གར་ཀྱང་བྱ། ཚོགས་ཐ་མ་ལྷག་མའི་བདུད་རྩིར་བསྔོ་བ་ནི་ལྷག་མ་བསྡུས་ལ་ཁ་ཕྲུས་བཏབ། ཨོཾ་ཨཱཿཧཱུྃ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ རྫུ་འཕྲུལ་ཤུགས་འཆང་མཁའ་འགྲོའི་ཚོགས༔ གིང་དང་ལངྐ་གནས་ཡུལ་བདག༔ རྣལ་འབྱོར་ཚོགས་ཀྱི་ཕ་འབབས་ལོངས༔ རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨོཾ་ཨུཙྪིཥྟ་བ་ལིཾ་ཏ་ཁཱ་ཧིཿ དེ་ནས་གཏང་རག་གི་མཆོད་ཅིང་བསྟོད་ལ། གཉིས་པ་དངོས་གྲུབ་གསོལ་བ་ནི། ཨོཾ༔ བདེ་མཆོག་བདེ་སྤྱོད་བདུད་རྩིའི་དཀྱིལ་འཁོར་ནས༔ བདེ་ཆེན་སྐུ་བརྙེས་པདྨ་སཾ་བྷ་ཝ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་སྩོལ༔ ཡོན་ཏན་ཕྲིན་ལས་རྫོགས་པར་བྱིན་གྱིས་རློབས༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། གསུམ་པ་བསྡུ་ལྡང་ནི། ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀློང་༔ ལྷ་སྔགས་མཚན་མའི་རྟོག་པ་ཐིམ༔ སླར་ཡང་ཁ་སྦྱོར་བདུད་རྩིའི་སྐུ༔ བདེ་བ་ཆེན་པོའི་རོལ་པར་ཤར༔ ཨོཾ་ཨཱའ་ཧཱུྃ༔ བཞི་པ་བསྔོ་བ་ཤིས་བརྗོད་ནི། ཧོ༔ དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན༔ བདེ་ཆེན་ཡེ་ཤེས་བླ་མའི་སྐུ་ཐོབ་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ཆེན་པོས༔ འཇིག་རྟེན་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་རྒྱས་སུ་བྱའོ། །ཅེས་དཔལ་རྡོ་རྗེའི་བདུད་རྩིའི་ཟབ་མོ་བླ་མ་བསྒྲུབ་པའི་ལས་བྱང་འདི་ནི་གཏེར་གཞུང་ཞལ་གསལ་བཞུགས་ཀྱང་འཇུག་པ་བདེ་ཕྱིར་ཁོལ་དུ་ཕྱུང་བ་པོ་ནི། ཟབ་ཆོས་འདི་ཉིད་ལ་ལོངས་སུ་སྤྱོད་པའི་སྐལ་བས་སྦོམ་པ་ཕུན་ཚོགས་རྣམ་རྒྱལ་ཏུ་འབོད་པས། ༢༠༠༨ ལོར་༢ བཀའ་བབས་སྐོར་བསྐྱར་བསྒྲིག་སྐབས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་སྦྱར་བའི་དགེ་བས་འགྲོ་བ་ཀུན་ལ་འཆི་མེད་རྡོ་རྗེའི་བདུད་རྩིའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག། །།

Footnotes

Other Information