DKR-KABUM-19-DZA-017: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས། རང་བྱུང་པདྨ་རྡོ་རྗེ་ཚེ་ཡི་རྒྱུད་ཀྱི་ཁྲིད་ཡིག་པདྨ་དགྱེས་པའི་ཞལ་གྱི་བདུད་རྩིའི་ཉིང་ཁུ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 19: . Delhi: Shechen Publications, 1994. | |fulltitle='chi med pad+ma tshe yi snying thig las/ rang byung pad+ma rdo rje tshe yi rgyud kyi khrid yig pad+ma dgyes pa'i zhal gyi bdud rtsi'i nying khu | ||
|citation=[[Khyentse, Dilgo]]. '''chi med pad+ma tshe yi snying thig las rang byung pad+ma rdo rje tshe yi rgyud kyi khrid yig pad+ma dgyes pa'i zhal gyi bdud rtsi'i nying khu''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 19: 243-281. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Contemplative Guide Books and Instructional Manuals - khrid yig | |||
|tibgenre= | |||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|cycle='chi med pad+ma tshe yi snying thig | |cycle='chi med pad+ma tshe yi snying thig | ||
|cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | |cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | ||
| | |language=Tibetan | ||
|volumenumber=019 | |volumenumber=019 | ||
|volnumtib=༡༩ | |volnumtib=༡༩ | ||
|volyigtib=ཛ་ | |volyigtib=ཛ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=017 | |||
|pagenumbers=243-281 | |||
|totalpages=78 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=39b4 | ||
|totalfolios=39 | |||
|multivolumework=No | |||
|rectonotes=rgyud khrid | |||
|versonotes=pad+ma tshe yi snying thig | |versonotes=pad+ma tshe yi snying thig | ||
| | |colophontib=།ཅེས་རྡོ་རྗེ་གསང་བའི་ཚིག་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་པའི་གསང་ལམ་ཀུན་ཚང་ནོར་བུ་དབང་གི་རྒྱལ་པོའི་སྙིང་པོ་འདི་ལ་གདོད་ནས་དག་པའི་ཐུགས་བསྐྱེད་ཀྱིས་འབྲེལ་བའི་རིགས་ཀུན་ཁྱབ་བདག་འཇམ་དབྱངས་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་སྤྱན་སྔར་ཚུལ་འདིའི་སྨིན་གྲོལ་བདུད་རྩིའི་མཆོད་སྤྲིན་ཐོག་མར་ཕུལ་བའི་ཚེ་ཁྲིད་རིམ་འདི་ལྟར་ཡིད་ལ་འཆར་བས་སླད་ནས་ཡི་གེར་འགོད་འོས་པའི་བཀའ་ལུང་ནོར་བུའི་ཅོད་པན་ཚངས་གནས་སུ་བསྩལ་བ་དང༌། ལུང་ཟིན་ཆོས་ཀྱི་བདག་པོ་སངས་རྒྱས་མཉན་པ་མཆོག་གི་སྤྲུལ་པའི་སྐུ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མས་ཀྱང་ཐུགས་དམ་ཉམས་བཞེས་སུ་གསུང་གིས་བསྐུལ་བ་ལྟར་རང་ཉིད་ཀྱིས་ཉམས་ལེན་གྱི་གཡར་ཁྲལ་སྐབས་མན་ངག་གི་གནད་གསང་ཅུང་ཟད་རིག་པའི་ཁུལ་གྱིས་རྡོ་རྗེའི་ལམ་མཆོག་འདི་ཉིད་ཀྱི་བཀའ་བབ་པདྨ་གར་གྱི་དབང་ཕྱུག་འོད་གསལ་མདོ་སྔགས་གླིང་པ་ཚེ་དབང་གྲུབ་པའི་རྡོ་རྗེ་མི་ཤིགས་གཡུང་དྲུང་རྩལ་གྱིས་ཡིད་འོང་ལྟ་ན་སྡུག་གི་སྨན་ལྗོངས་ཆོས་གླིང་སྒྲུབ་སྡེ་ངེས་དོན་འོད་གསལ་རིག་པའི་ཕོ་བྲང་དུ་རྫོགས་པའི་སངས་རྒྱས་ཞེ་ཆེན་པ་པདྨ་དགྱེས་པའི་དུས་ཆེན་གྱི་མཆོད་པ་ནས་དབུ་བརྩམས་ནས་རིམ་གྱིས་ཡི་གེར་བཏབ་པ་ཡེ་ཤེས་ཌཱ་ཀིའི་ཐུགས་ཐིག་ཏུ་མཆིས་ཕྱིར་སྐལ་ལྡན་ངེས་པའི་སྣོད་གྱུར་ལ་ལེགས་པར་བསྟན་ཞིང་སྣོད་མིན་ལ་ཁྱབ་བརྡལ་དུ་སྦྱིན་མི་རུང་བའི་གདམས་པ་འདིས་ཀྱང་རྒྱལ་བསྟན་འཛིན་པའི་སྐྱེས་བུ་རྣམས་ཀྱི་སྐུ་ཚེའི་དགའ་སྟོན་མཆོག་ཏུ་འཕེལ་བའི་རྟེན་འབྱུང་རྨད་དུ་བྱུང་བའི་དཔལ་ཁོ་ནར་གྱུར་ཅིག །བཀྲ་ཤིས་དགེ་ལེགས་འཕེལ། །འཆི་མེད་པདྨ་དགྱེས་པའི་བྱིན་རླབས་བདུད་རྩིའི་ཟིལ་མངར་སྙིང་ལ་སིམ། །ཟབ་གསང་རྡོ་རྗེའི་རྒྱུད་ཀྱི་གླིང་བུ་ཌཱ་ཀིའི་གཱིརྟིའི་ཐོས་འཛིན་སྙན། །བླ་མེད་གསང་མཆོག་དགའ་ཚལ་བསྙེན་པའི་རིག་འཛིན་གཞོན་ནུའི་བརྣག་པའི་ཆོས། །ལས་སྨོན་ཤིང་རྟས་མངོན་སུམ་སྣང་བའི་དཔལ་གྱི་དུམ་བུའི་འཛུམ་དཀར་རྨད། ཅེས་ཀྱང་སྨྲས་སོ། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། སངས་རྒྱས་པདྨའི་ཐུགས་ཏིག་ཟབ་གསང་ཆོས། །རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་ཁྲིད་ཀྱི་རིམ། །མདོ་སྔགས་བསྟན་འཛིན་ནོར་བུས་པར་བསྐྲུན་མཐུས། །བདག་སོགས་འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་དམ་པ་མཆོག་གི་བཀའ་ཡིས་བསྐུལ་བ་བཞིན་གར་དབང་མདོ་སྔགས་གླིང་པས་ཆེད་དུ་བརྗོད་པ་ཨཱ་ཡུ་ཏིཥྛནྟུ། སརྦ་མངྒ་ལཾ། དགེའོ།། | ||
|colophonwylie=/ces rdo rje gsang ba'i tshig 'chi med rdo rje'i tshe sgrub pa'i gsang lam kun tshang nor bu dbang gi rgyal po'i snying po 'di la gdod nas dag pa'i thugs bskyed kyis 'brel ba'i rigs kun khyab bdag 'jam dbyangs bla ma pad+ma ye shes rdo rje'i spyan sngar tshul 'di'i smin grol bdud rtsi'i mchod sprin thog mar phul ba'i tshe khrid rim 'di ltar yid la 'char bas slad nas yi ger 'god 'os pa'i bka' lung nor bu'i cod pan tshangs gnas su bstsal ba dang*/_lung zin chos kyi bdag po sangs rgyas mnyan pa mchog gi sprul pa'i sku karma bshad sgrub bstan pa'i nyi mas kyang thugs dam nyams bzhes su gsung gis bskul ba ltar rang nyid kyis nyams len gyi g.yar khral skabs man ngag gi gnad gsang cung zad rig pa'i khul gyis rdo rje'i lam mchog 'di nyid kyi bka' bab pad+ma gar gyi dbang phyug 'od gsal mdo sngags gling pa tshe dbang grub pa'i rdo rje mi shigs g.yung drung rtsal gyis yid 'ong lta na sdug gi sman ljongs chos gling sgrub sde nges don 'od gsal rig pa'i pho brang du rdzogs pa'i sangs rgyas zhe chen pa pad+ma dgyes pa'i dus chen gyi mchod pa nas dbu brtsams nas rim gyis yi ger btab pa ye shes DA ki'i thugs thig tu mchis phyir skal ldan nges pa'i snod gyur la legs par bstan zhing snod min la khyab brdal du sbyin mi rung ba'i gdams pa 'dis kyang rgyal bstan 'dzin pa'i skyes bu rnams kyi sku tshe'i dga' ston mchog tu 'phel ba'i rten 'byung rmad du byung ba'i dpal kho nar gyur cig_/bkra shis dge legs 'phel/_/'chi med pad+ma dgyes pa'i byin rlabs bdud rtsi'i zil mngar snying la sim/_/zab gsang rdo rje'i rgyud kyi gling bu DA ki'i gIrti'i thos 'dzin snyan/_/bla med gsang mchog dga' tshal bsnyen pa'i rig 'dzin gzhon nu'i brnag pa'i chos/_/las smon shing rtas mngon sum snang ba'i dpal gyi dum bu'i 'dzum dkar rmad/_ces kyang smras so/__/oM swa sti shrI bi dza yan+tu/_sangs rgyas pad+ma'i thugs tig zab gsang chos/_/rdo rje'i tshe mchog sgrub pa'i khrid kyi rim/_/mdo sngags bstan 'dzin nor bus par bskrun mthus/_/bdag sogs 'chi med rdo rje'i sku thob shog_/ces dam pa mchog gi bka' yis bskul ba bzhin gar dbang mdo sngags gling pas ched du brjod pa A yu tiSh+Than+tu/_sarba mang+ga laM/_dge'o// | |||
|pdflink=File:DKR-KABUM-19-DZA-017.pdf | |pdflink=File:DKR-KABUM-19-DZA-017.pdf | ||
}} | }} | ||
Line 37: | Line 38: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས། རང་བྱུང་པདྨ་རྡོ་རྗེ་ཚེ་ཡི་རྒྱུད་ཀྱི་ཁྲིད་ཡིག་པདྨ་དགྱེས་པའི་ཞལ་གྱི་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས། རང་བྱུང་པདྨ་རྡོ་རྗེ་ཚེ་ཡི་རྒྱུད་ཀྱི་ཁྲིད་ཡིག་པདྨ་དགྱེས་པའི་ཞལ་གྱི་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ན་མོ་གུ་རུ་ཨཱ་ཡུ་དེ་བ་མཎྜལ་བྷྱཿ ཡོངས་གྲུབ་རྡོ་རྗེ་ཚེ་ཡི་བདུད་རྩིའི་ཆར། །མཚན་མཆོག་རྔ་སྒྲའི་དབྱངས་སྙན་ཁོ་ནས་ཀྱང༌། །འབེབས་མཛད་འཆི་མེད་པདྨའི་དཀྱིལ་འཁོར་ལྷ། །མི་ཕྱེད་རིག་པའི་དཔལ་བེར་དགྱེས་པར་རོལ། །མཆོག་གི་བྱིན་རླབས་ཉིན་བྱེད་ཀྱིས། །ལེགས་ཕྱེ་རིག་པའི་པདྨོ་ལས། །སྣང་བའི་ཟབ་གསང་སྦྲང་རྩིའི་བཅུད། །སྐལ་བཟང་ཀུན་དགའི་གསོས་སུ་ཤར། །འདིར་མཆོག་ཐུན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། རྡོ་རྗེ་ཚེ་ཡི་རིག་འཛིན་སྒྲུབ་པའི་ཉེ་ལམ། བླ་མེད་ནང་རྒྱུད་ཡོ་ག་གསུམ་གྱི་དགོངས་པ་དང་གཙོ་བོར་འབྲེལ་བའི་འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་གི་ཟབ་དོན་ཉམས་སུ་ལེན་པའི་སྨིན་ཁྲིད་འཆད་པ་ལ་གསུམ། ཐོག་མར་དགེ་བ་ལོ་རྒྱུས་དང་བཅས་པའི་གླེང་གཞི། བར་དུ་དགེ་བ་རྣལ་འབྱོར་ཟབ་མོའི་སྙིང་པོ་དངོས། ཐ་མར་དགེ་བ་ཉམས་ལེན་གྱི་སྤྱི་སྡོམ་འབྲས་བུ་དང་བཅས་པའོ། །དང་པོ་ལ་གསུམ། མཚན་གྱི་དོན། གླེང་གཞི། བབས་ལུགས་བཤད་པའོ། །དང་པོ་ནི། གཏེར་གཞུང་ལས། འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་སོགས་ནས། ཅེས་བྱ་བ༔ ཞེས་པའི་བར་ཏེ། ཨ་མཱ་ར་ཞེས་པའི་སྒྲ་ལས་དྲངས་ན་འཆི་བ་མེད་པ་སྟེ། དེ་ཡང་ཀུན་འབྱུང་སྲིད་པའི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དུ་སྣང་བ་ཀུན་རྫོབ་ཀྱི་བདེན་པ་དང༌། རང་བཞིན་དེ་ལས་འདས་པའི་སྐྱེ་འགག་གནས་མེད་ཀྱི་གཤིས་ལུགས་སྟོང་ཉིད་ཀྱི་ངོ་བོ་དོན་དམ་བདེན་པ་སྟེ། དེ་གཉིས་ཀྱང་འགལ་འདུར་མི་གནས་པ་རྣམ་པ་རྒྱུ་རྐྱེན་རྟེན་འབྱུང་གི་སྣང་ཆས་འཁོར་འདས་སྣང་སྲིད་ཀྱི་གཉིས་ཆོས་ཐམས་ཅད་སྐྱེ་འགག་གནས་པ་ལྟར་སྣང་བ་གང༌། ངོ་བོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཅིག་གི་རང་བཞིན་ལས་གཞན་དུ་མི་འགྱུར་ཞིང་བྲི་གང་བྲལ་བས་ན། སྣང་སྟོང་དེ་གཉིས་རེས་འཇོག་མ་ཡིན་པར་གདོད་ནས་ཟུང་འཇུག་གི་གཤིས་སུ་ལྷུན་གྱིས་གྲུབ་པའི་ཕྱིར་ཆོས་ཉིད་ཅིར་ཡང་མ་ཡིན་པ་ཆོས་ཅན་ཅིར་ཡང་འཆར་བ་སྟེ། དེས་ན་ཀུན་རྫོབ་འཁྲུལ་པའི་གཞན་དབང་ནི་ཆོས་ཡིན་པས་འཁྲུལ་སྣང་ཐམས་ཅད་སྐྱེ་འགག་གནས་གསུམ་དུ་ཤར་ཕྱིར་འཆི་བའི་སྒྲས་འགག་པ་སྟོན་པའི་ཤུགས་ཀྱིས་སྐྱེ་གནས་གཉིས་ཀྱང་མཚོན་པ་སྟེ། མདོར་ན་འཁྲུལ་པ་རྒྱུ་འབྲས་ལས་འདས་པའི་ཡེ་ཤེས་རང་བཞིན་གདོད་མའི་གནས་ལུགས་གཉུག་མ་ཡོངས་གྲུབ་ཆེན་པོའི་གཤིས་ལུགས་ནི་དུས་གསུམ་ཀུན་ཏུ་བྲི་གང་འཕོ་འགྱུར་མེད་པས་ན་ཀུན་རྫོབ་རྫུན་ཆོས་ཀྱིས་མ་གོས་པའི་ཕྱིར་དགག་པའི་སྒྲ་སྦྱར་ཏེ་འཆིྃ་མེདྃ་ཅེས་གསུངས་པ་ནི་སྐབས་འདིའི་སྒྲུབ་བྱའི་གཞི་བསྟན་པ་སྟེ། དེ་ཉིད་ལམ་དུ་བྱེད་པ་བསྐྱེད་རྫོགས་ཀྱི་ཏིང་འཛིན་ཡང་སྡུག་བསྔལ་ཀུན་གྱི་ཉེས་པའི་རྙོག་མས་མ་གོས། ཟབ་མོའི་གནད་དོན་དང་ལྡན་པའི་ཐབས་ཀྱི་སྒོ་དུ་མའི་འདབ་མ་ཡངས་ཤིང་བཀྲ །དོན་གྱི་གནས་ལུགས་ལ་མ་རྨོངས་པའི་ཁ་དོག་གསལ། དངོས་གྲུབ་ཀྱི་སྦྲང་རྩིའི་ཟིལ་མངར་མི་ཟད་པ་རྟག་ཏུ་འཇོ། སྐལ་བཟང་དབང་རབ་ཀྱི་ལང་ཚོ་ཅན་རྣམས་ལ་རྒྱན་དུ་འོས་པའི་ཁྱད་ཆོས་རྣམས་དང་ལྡན་པས་ན་པྃདྨྃ་ནི་སྒྲུབ་བྱེད་ཀྱི་ལམ་དང༌། ཐབས་དེའི་བྱེད་པས་རང་གི་སྒོ་གསུམ་ལ་གནས་པའི་མི་འགྱུར་རྟག་པའི་ཚེ་ཆོས་ཉིད་མི་ཤིགས་པ། འཕོ་བཅས་ཐིག་ལེའི་ཚེ་དབུ་མའི་ཡར་མར་གྱི་སྣེའི་དཔྱིད་ཐིག་གཉིས་སོགས་དྭངས་མའི་ཁམས། དེ་དག་ཀྱང་ཡེ་ཤེས་དང་འབྲེལ་བའི་དགའ་བཞིའི་འཕོ་བ། རྣམ་ཤེས་དང་འབྲེལ་བའི་ལུས་ཀྱི་ཟུང་སམ་བླ། དེ་གཉིས་ཀའི་རྟེན་བརྟེན་པར་གྱུར་པའི་དབང་རྟེན་ཁ་དོག་དང་བཅས་པ་སྲོག་གི་ཚེ་སྟེ་རིམ་པ་བཞིན་ཟུང་འཇུག །རྫོགས་རིམ། བསྐྱེད་པའི་རྣལ་འབྱོར་རྣམ་པ་གསུམ་གྱི་ནུས་པས་ལྟར་སྣང་སྲོག་གི་ཀ་བ་སྐྱེ་འཆིའི་བདུད་ལས་རྒྱལ། འཕོ་བཅས་ཐིག་ལེའི་ཚེ་རྟེན་དྭངས་མ་རྒྱས་པས་འཆི་མེད་ལང་ཚོའི་མཐུ་ཐོབ་ཅིང་བརྟེན་པ་ཡེ་ཤེས་འཕེལ་བས་བདེ་ཆེན་གྱི་དཔྱིད་དུ་གྲུབ་པ་གཟུགས་སྐུ་གཉིས་དང༌། མི་འགྱུར་གཉུག་མའི་ཚེ་ཡེ་ཤེས་ཆེན་པོའི་བཅུད་ལེན་གྱི་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་ཟག་མེད་ཡེ་ཤེས་ལྔ་ཡི་རང་བཞིན་མངོན་དུ་བྱེད་པས་ཆོས་སྐུ་སྟེ། དེ་གཉིས་སྒྲུབ་པའི་འབྲས་བུ་ཡིན་པས་རྒྱུ་མིང་འབྲས་བུར་བཏགས་ཏེ་ཚེྃ་ཞེས་གསུངས་ལ། དབྱེ་བ་གང་ལྟར་བཤད་ཀྱང་པཎ་ཆེན་ངག་དབང་གྲགས་པས། འཚོ་བ་ལས་གཞན་སྙིང་པོ་ནི། །འགའ་ཡང་ཡོད་པར་མ་མཐོང་སྟེ། །དེ་ཕྱིར་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བར་ཡང་དག་བརྩོན། །ཅེས་གསུངས་པ་ལྟར་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། གནས་སྐབས་དང་མཐར་ཐུག་གི་མངོན་མཐོ་ངེས་ལེགས་ཀྱི་དཔལ་ཡོན་མཐའ་དག་སྒྲུབ་པའི་དགོས་པ་དུ་མ་དང་བཅས་ཤིང༌། དོན་གཉིས་ཡིད་བཞིན་དུ་སྒྲུབ་པའི་ཐབས་ཀྱི་སྒོ་རྨད་དུ་བྱུང་བ་ནི་རྡོ་རྗེའི་ཚེ་སྒྲུབ་པ་གཅིག་པུར་བསྔགས་ཏེ་ཨོ་རྒྱན་གྱི་སློབ་དཔོན་མ་ཧཱ་གུ་རུས། ཆོས་སྤྱོད་བསླབ་ལྡན་རྣལ་འབྱོར་པའི༔ ཚེ་རིང་བ་ནི་དགེ་བ་སྟེ༔ འདི་དང་ཕྱི་མའི་དོན་འགྲུབ་ཅིང༔ དངོས་གྲུབ་ཀུན་ཀྱང་མངོན་དུ་འགྱུར༔ ཞེས་གསུངས། དེ་ལྟ་བུའི་དགོས་པ་དང་ལྡན་པའི་ལམ་ནི་བཀའ་གཏེར་དུ་མ་ཞིག་བསྟན་པའི་ནང་ནས་བསྐྱེད་རྫོགས་ཀྱི་ལམ་ཡོངས་སུ་རྫོགས་པ། རྩ་བ་གསུམ་ཀའི་སྨིན་གྲོལ་ཡན་ལག་དང་བཅས་པ་ཚང་བ། སྤྲོས་བཅས་སྤྲོས་མེད་ཀྱི་རིང་འཚོའི་ཐབས་ཀྱི་སྒོ་ཐམས་ཅད་གཅིག་ཏུ་འདུས་པའི་བདུད་རྩིའི་ཉིང་ཁུ་ལྟ་བུ་ཡིན་པས་སྙིངྃ་ཐིགྃ་ཅེས་གསུངས། ཚུལ་དེ་ཡང་འཁྲུལ་རྟོག་གི་བསྲེ་བསླད་མ་ཞུགས། གཞན་ཟེར་གྱི་ངག་སྒྲོས་མ་བསྡུས། རྟོག་གེའི་བློ་ཡིས་མ་བཅོས་པ་དཀྱིལ་འཁོར་གྱི་སྟོན་པ་འཁོར་ལོའི་དབང་ཕྱུག་ཉིད་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་གསང་མཛོད་ལས་ཆོས་ཉིད་རྡོ་རྗེའི་རང་སྒྲ་དུས་གསུམ་དུས་མེད་དུ་ཤར་བས་ན་རངྃ་བྱུངྃ༌། གླེང་གཞིའི་སྐབས་བཞིན་ཕུན་ཚོགས་ངེས་པ་ལྔ་ལྡན་གྱི་སྟོན་འཁོར་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་པདྨའི་རིགས་གཙོ་བོར་ཤར་བས་པྃདྨྃ། བརྡ་མ་བཅོས། དོན་མ་ནོར། ཚིག་མ་འཁྲུལ་པའི་བརྗོད་བྱ་རྗོད་བྱེད་གཉིས་ཀ་རྡོ་རྗེ་གསང་བའི་ཚིག་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བར་སྣང་བས་རྡོྃ་རྗེྃ། གཞུང་ལམ་གྱི་དོན་དང་གཙོ་བོར་འབྲེལ་བའི་དབང་གིས་ཚེྃ་ཡིྃ་རྒྱུདྃ་ཅེསྃ་བྱྃ་བྃ་བཞུགས་སོ༔ ཞེས་གསུངས་པའོ། །གཉིས་པ་ནི། འཆི་མེད་རྩ་བ་གསུམ་སོགས་ནས། འདི་གསུངས་སོ༔ ཞེས་གསུངས་ཏེ། འོད་གསལ་བྱང་ཆུབ་སེམས་ཀྱི་གནས་ལུགས་ཡེ་ཤེས་གསུམ་ལྡན་དུ་གདོད་ནས་བཞུགས་པའི་དབྱིངས་རྣམ་དག་གི་ལྷ་དམ་ཚིག་སེམས་དཔའ། ཟག་མེད་ཡོན་ཏན་བྱེ་བའི་སྙིང་པོས་གང་བའི་ཡེ་ཤེས་འོད་གསལ་གྱི་བདག་ཉིད་ལ་ཡེ་ཤེས་སེམས་དཔའ། དེ་གཉིས་དབྱེར་མེད་དུ་གདོད་ནས་བཞུགས་པའི་རྩལ་ལས་ཤར་བ་ལ་མཚན་མའི་ལྷ་ཞེས་གསུངས་ལ། དོན་རྟགས་དེ་དང་ལྡན་པའི་ལྷ་ལ་དབྱེ་ན། ངོ་བོ་བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི་རྩ་བར་གྱུར་པའི་བླ་མ་ཡི་དམ་མཁའ་འགྲོ། རྣམ་པ་ཞི་ཁྲོ་ཆགས་བྲལ་ཆགས་བཅས་གཙོ་འཁོར་གྱི་དབྱེ་བས་དུ་མ་ཤར་ཡང༌། དོན་ལ་རྟག་གཙང་བདེ་བ་བདག་དམ་པའི་ཕ་རོལ་དུ་ཕྱིན་པའི་མི་ཤིགས་མཆོག་གི་འབྲས་བུའི་གོ་འཕང་ལ་དགྱེས་པར་རོལ་པས་སྐྱེ་འཆི་འཁོར་ཆོས་ཀྱིས་མ་ནོངས་པས་ན་འཆི་མེད་རྩ་བ་གསུམ་ཞེས་ཕྱག་གི་ཡུལ་མཆོག་ལ། བཀའ་ཡི་སྡུད་པ་པོས་ཡུལ་ཅན་ཡེ་ཤེས་ཀྱི་དགོངས་པས་གཉིས་སུ་མེད་པའི་ཚུལ་གྱི་ཕྱག་མཛད་པས་ཟབ་མོའི་རྒྱུད་འབྱུང་བར་ཤུགས་ཀྱིས་གྲུབ་པས་གླེང་གཞིར་གཏོགས་པ་སྟེ། གཏེར་གཞུང་དངོས་ཀྱིས་གསལ་བར་བསྟན་པའི་དུས། གནས། སྟོན་པ། འཁོར། ཆོས་ངེས་པ་ལྔ་ལྡན་བཤད་པའོ། །གསུམ་པ་ནི། རྨད་དུ་བྱུང་བའི་ཏནྟྲའི་སྙིང་སོགས་ནས། སརྦ་ཨརྠ་སིདྡྷི་ཧཱུྃ༔ ཞེས་གཤམ་དུ་གསལ་བ་ལྟར་སྔོན་དང་ད་ལྟ་ཆོས་འདིའི་བབས་ལུགས་སྨོས་པ་སྟེ་དེ་ཡང་གླེང་གཞིའི་དོན་གྱིས་རྒྱལ་བ་དགོངས་བརྒྱུད། བབས་ལུགས་སྔ་ཕྱིས་རིག་འཛིན་བརྡ་དང༌། གང་ཟག་སྙན་བརྒྱུད་དངོས་སུ་བརྟན་ཅིང༌། མཁའ་འགྲོ་གཏད་རྒྱ། སྨོན་ལམ་དབང་བསྐུར། ཤོག་སེར་ཚིག་བརྒྱུད་གསུམ་གཏེར་ཆོས་ཡིན་པའི་ཤུགས་ལས་གྲུབ་པ་སྟེ། སྤྱིར་གཏེར་ཆོས་ཞེས་པ་གང་ཟག་རྩ་ཁམས་དྭངས་པའི་ཡིད་ཀྱི་ཆོ་འཕྲུལ་ཙམ་དུ་ཕལ་མོ་ཆེས་འཛིན་པར་འདུག་ཀྱང་སྒྲ་ཇི་བཞིན་པའི་གཏེར་ཆོས་ཞིག་ཡིན་ན་བསྟན་བཅོས་ལས་ཀྱང་གཏེར་ཆོས་དཀའ་སྟེ། བསྟན་བཅོས་ཚད་མ་རྩོམ་པ་པོ་རྒྱུ་གསུམ་ཚང༌། བརྩམ་བྱའི་བསྟན་བཅོས་ངན་པ་དྲུག་བྲལ་ཚུལ་གསུམ་དང་ལྡན་དགོས་ན། གཏེར་ཆོས་ནི། དེ་ལས་ཀྱང་ཡོན་ཏན་ཆེ་བ་ཞིག་མེད་པར་སྟོན་མི་ནུས་པའི་རྒྱུ་མཚན་ཡོད་དེ། ཡེ་ཤེས་ཀྱི་མཁའ་འགྲོ་ལ་གཉེར་དུ་གཏད་ཅིང་ལོངས་སྐུའི་སྟོན་པའི་ཐུགས་ཀྱི་གསང་མཛོད་རྡོ་རྗེའི་ཚིག་གི་རྒྱུད་རྣམས་གྲངས་མཐའ་མི་མངོན་ཞིང༌། དོན་གནས་ལྔ་རིག་པས་ཀྱང་རྟོགས་པར་མི་ནུས་པའི་རྡོ་རྗེའི་གསང་བ་གུ་ཧྱ་གྷརྦྷ་དང༌། ཧེ་བཛྲ་ལྟ་བུ་ཞིག །སྟོན་པ་རྒྱལ་ཀུན་གསང་བའི་མཛོད་ལ་དབང་ཐོབ་པའི་རིག་འཛིན་གྱི་དབང་ཕྱུག་པདྨ་འབྱུང་གནས་ཀྱི་དོན་གྱི་དགོངས་པ་རྒྱུད་ལུང་མན་ངག་གསུམ་དང་ལྡན་པའི་ཆོས། ཚིག་གསུང་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་པས་རྡོ་རྗེའི་གསུང་འཁྲུལ་པ་མེད་པ། རྒྱུད་སྟོན་པ་དེ་ཡིས་རང་དང་གཉིས་སུ་མེད་པའི་ལས་ཅན་དག་པའི་འཁོར་ལ་ཐུགས་ཀྱི་བརྣག་པ། སྙིང་པོའི་མན་ངག །སྣོད་དང་འཚམས་པས་ཉམས་སུ་བླང་པས་གྲུབ་པ་ཐོབ་པ་ལ་མི་བསླུ་ཞིང་བྱ་སླ་ལ་ཚེགས་ཆུང་བ་ཞིག་གདམས་པས། འཁོར་གྱིས་ཀྱང་དུས་དེ་ཉིད་ནས་རྟགས་ཚད་ཀྱི་གདེངས་ཐོབ་པས་རིག་པ་འཛིན་པའི་གོ་སར་དངོས་སུ་ཕྱིན་ཏེ། གཉིས་ཀའི་ཡེ་ཤེས་ཀྱི་གཟིགས་པས་ཐ་མའི་གདུལ་བྱ་རིས་སུ་མ་བོར་བར་སྨོན་ལམ་གྱི་མཐུས་ད་ལྟ་སྣང་བས་སངས་རྒྱས་ཉིད་ཀྱི་ཞལ་སྒོ་ལ་རེག་པ་ལྟ་བུ་ལས། ཐོས་བསམ་གྱིས་ངེས་པ་རྙེད་པའི་ལག་རྗེས། གཞུང་རྙིང་དང་གོ་བསྟུན་པའི་ཆོག་ཁྲིགས་ཙམ་ཡང་མ་ཡིན་པ་སྟེ་གུ་རུ་རིན་པོ་ཆེས། རྒྱུད་ལུང་མན་ངག་ངེས་པའི་དོན༔ སྙིང་པོ་ལས་ཀྱང་སྙིང་པོའི་བཅུད༔ ཐུགས་ཀྱི་ཐིག་ལེར་རབ་བཞུགས་པ༔ ཆོས་ཉིད་རང་སྒྲར་སྣང་བས་ན༔ རྒྱུད་དང་མི་འགལ་ལུང་དང་མཐུན༔ མན་ངག་མྱོང་བ་ཁྱད་འཕགས་པ༔ ཞེས་གསུངས་པ་ལྟ་བུའོ། །གཉིས་པ་བར་དུ་དགེ་བ་རྣལ་འབྱོར་ཟབ་མོའི་སྙིང་པོ་ཉམས་ལེན་དངོས་བཤད་པ་ལ་གཞུང་འདི་ཉིད་ལས། འཆི་མེད་གཉུག་མ་རྡོ་རྗེའི་སྐུ༔ སྒྲུབ་པའི་རྒྱུ་རྐྱེན་ཐབས་ཀྱི་མཆོག༔ འབྲས་བུ་བཅས་པ་བསྟན་དུ་གསོལ༔ ཞེས་གླེང་བསླངས་པ་བཞིན་རྒྱུ་ཤེས་པའི་མཚན་ཉིད་གཞི་ལྟ་བའི་གནས་ལུགས་གཏན་ལ་ཕབ། རྐྱེན་འཇུག་པའི་ལམ་བསྐྱེད་རྫོགས་ཀྱི་ལམ་ཟབ་དྲིལ་ཁ་ཚང་དུ་བསྟན། འབྲས་བུ་ཡོངས་ཤེས་ཀྱི་དོན་ལམ་གྱུར་གྱི་རིག་འཛིན་བཞིས་བསྡུས་ཏེ་བཤད་པ་ནི་སྔ་འགྱུར་གྱི་རྡོ་རྗེ་ཐེག་པའི་བཤད་སྲོལ་ཐུན་མིན་ཏེ་སྙིང་པོའི་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ཞེས་གསུངས་པ་སྟེ་དེ་ལྟར་གསུམ་ལས། དང་པོ་གཞི་ལ། ངོ་བོ་ཆོས་ཉིད་ཀྱི་གཞི་དང་ཆོས་ཅན་བཏགས་པའི་གཞི་གཉིས། དང་པོ་ནི། དངོས་གྲུབ་ཀུན་གྱི་སྙིང་པོ་ནི༔སོགས་ནས། རྟོགས་པས་འཆི་མེད་མཆོག་གྲུབ་འགྱུར༔ ཞེས་པ་སྟེ་སྤྱིར་རྒྱུད་ལས། མི་འགྱུར་རྟག་པ་གཉུག་མའི་ཚེ། །ཉམས་ཤིང་འཕོ་བ་ཐིག་ལེའི་ཚེ། །གློ་བུར་ལྟར་སྣང་སྲོག་གི་ཚེ། །ཞེས་དབྱེ་བ་གསུམ་དུ་གསུངས་པའི་དང་པོ་སྟེ་སྨྲ་བསམ་བརྗོད་མེད་ཆོས་ཉིད་གཉུག་མ་མི་ཤིགས་པའི་ཐིག་ལེའི་སྲོག་ཆེན་པོ་སྟེ་དེ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་དངོས་མཚན་གང་དུའང་མ་གྲུབ་པས་སངས་རྒྱས་ཀྱི་སྤྱན་གྱིས་ཀྱང་བལྟར་མེད་པའི་གཞི་མེད་རྩ་བྲལ་དུ་གནས་པ་སྟེ། གོ་བའི་ཚིག་དང་མཚོན་པའི་དཔེ་ཀུན་ལས་འདས་པ། བློའི་སྤྱོད་ཡུལ་མ་ཡིན་པའི་རང་བཞིན་སྟོང་པ་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཏེ། དེས་ནི་བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་ཅིང་ཐམས་ཅད་ཀྱི་སྲོག་གི་སྙིང་པོར་གྱུར་ཀྱང་ཡོད་མེད་སྣང་སྟོང་ཡིན་མིན་གང་གིའང་ཕྱོགས་སུ་མ་ལྷུང་བ་ནམ་མཁའ་ལ་སྣོད་བཅུད་ཀྱི་འཇིག་རྟེན་བརྟེན་པ་མེད་པའི་ཚུལ་གྱིས་བརྟེན་ཏེ། འཁོར་འདས་གང་གི་ཡང་ཕྱོགས་སུ་མ་ལྷུང་བའི་ངོ་བོ། རང་བཞིན་ལྷུན་གྲུབ་ཀྱི་ཆས་གཞལ་ན་ཟག་མེད་ཀྱི་ཆོས་ཐམས་ཅད་ཉི་མ་དང་འོད་ཟེར་བཞིན་ལྷུན་གྱིས་རྫོགས་པའི་རང་བཞིན། གློ་བུར་གྱི་དྲི་མས་གཞར་ཡང་མ་གོས་པའི་འོད་གསལ་བའི་ཡེ་ཤེས་ཟུང་འཇུག་མཐར་ཐུག་གི་བཞུགས་ཚུལ་སྒྲ་ཇི་བཞིན་དུ་རྟོགས་ན་སྐྱེ་འཆི་འཕོ་འགྱུར་ཡོངས་ཡེ་མི་མངའ་བའི་དབྱིངས་སུ་བཙན་ས་ཟིན་པས་འཁྲུལ་ཆོས་ཐམས་ཅད་རང་སར་དག་པས་འཆི་མེད་རྟག་པའི་གོ་འཕང་མངོན་དུ་བྱེད་ནུས་པའོ། །གཉིས་པ་ནི། རྩལ་ལས་ཤར་བ་རིག་པའི་བློ༔སོགས་ནས། ལེའུ་དང་པོའོ༔ ཞེས་པ་སྟེ་གཞི་གཉུག་མའི་ཡེ་ཤེས་ཀྱི་ཚེ་ལ་གདོད་ནས་འཕོ་འགྱུར་བྲལ་ཡང་གཞི་སྣང་ཡེ་ཤེས་རིག་པའི་རང་རྩལ་ཅིར་ཡང་འཆར་བ་ལས་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་ཆ་ཐམས་ཅད་ལ་སྒྲིབ་བྱེད་ལས་ཀྱི་རྩ་རླུང་ཐིག་ལེ་ལས་སྨིན་པའི་སྒོ་གསུམ་རྟེན་བརྟེན་པར་སྣང་སྟེ་དེ་དག་གི་བྱེད་ལས་ཀྱིས་ཡུལ་སེམས་གཟུང་འཛིན་དུ་ཞེན་པའི་འབྲེལ་བས་ཕན་ཚུན་འདོད་པའི་ཚོར་བས་ཉམས་ཤིང་མི་བརྟན་པ་འཕོ་བའི་རྟེན་ཀུན་རྫོབ་རྫས་ཀྱི་ཐིག་ལེ་ཁམས་དཀར་དམར་ཏེ། དེ་ལ་བརྟེན་པའི་རླུང་སེམས་བཅས་དྭངས་མ་ཡེ་ཤེས་ཀྱི་སྟོབས་ཉམས་ཤིང་མི་མངོན་པར་འགྱུར་བ་ལས་ན་རྒ་འཆི་བའི་གནས་སྐབས་འབྱུང་བས་སྲིད་པའི་སྡུག་བསྔལ་ཉམས་སུ་མྱོང་ལ། དེ་དག་གི་རྟེན་མི་ལྡན་པའི་འདུ་བྱེད་ལུས་ཀྱི་ངོ་བོ་འབྱུང་ལྔ་བདེ་བ་དང་བཅས་པའི་ཁམས་དྲུག་འདུས་པ་རགས་པའི་གཟུགས་ཅན་ཏེ་བསྒྲུབ་གཞི་དེ་རྣམས་ལ་ཡེ་ཤེས་ཀྱི་སྟོབས་འཕེལ་ཞིང་སྒྲིབ་པའི་ཚོགས་སེལ་ཕྱིར་དངོས་བརྒྱུད་ནས་བཤད་པའི་སྲིད་ཞིའི་བཅུད་ལེན་གྱི་ནུས་པས་དྭངས་མའི་རྩ་རླུང་ཐིག་ལེའི་ཁམས་རྒྱས་ཤིང་བརྟན་པས་ཚེ་དང་ལུས་ཀྱི་བཅུད་ལེན་གྲུབ་ནས་སྐྱེ་འཆིའི་འཁྲུལ་སྣང་རྒྱུ་འབྲས་དང་བཅས་པ་དག་སྟེ་མི་འགྱུར་རྟག་བརྟན་རྡོ་རྗེ་སེམས་དཔའ་འཆི་མེད་རྟག་པ་འབྲས་བུའི་གོ་འཕང་དམ་པ་མངོན་དུ་བྱེད་ནུས་པ་སྟེ། མདོར་ན་གཞི་གཞི་སྣང་དང་བཅས་པས་འཁྲུལ་གྲོལ་གྱི་སྒོ་བཤད་པའི་ཚུལ་གྱིས་ཚེ་ཡི་རྣམ་གཞག་གསུམ་ག་བསྟན་པའོ། །གཉིས་པ་རྐྱེན་འཇུག་པའི་ལམ་ལ་བྱང་གཏེར་ལས། གསང་བ་ཚེ་ཡི་དྭངས་མ་དེ༔ བསྐྱེད་རིམ་དབང་དང་རླུང་གིས་གསོ༔ ཞེས་པ་ལྟར་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ། སྔོན་འགྲོ་དབང་དང་དམ་ཚིག །དངོས་གཞི་བསྐྱེད་རྫོགས་ཀྱི་རྣམ་དབྱེ། རྗེས་ལམ་གྱི་མདོ་ཆིངས་ཐུན་མོང་དུ་གདམས་པའོ། །དང་པོ་ལ། སྨིན་པར་བྱེད་པ་དབང༌། དབང་སྲོག་འཛིན་པ་དམ་ཚིག་གི་རྣམ་གཞག་གོ །དང་པོ་ནི། དེ་ནས་གཉིས་སུ་མེད་པའི་སོགས་ནས། ལེའུ་སྟེ་གཉིས་པའོ༔ ཞེས་པའི་བར་ཏེ་གཞུང་འདི་ཉིད་ལས། གཞི་ལ་གནས་པ་ནུས་པའི་དབང༔ སད་བྱེད་རྒྱུ་ཡི་དབང་བསྐུར་ཏེ༔ སོགས་ཀྱིས་གཙོ་བོར་བསྟན་པ་ལྟར་དོན་ཡེ་ཤེས་ཀྱི་དབང་གདོད་ནས་གནས་པའི་སྐུ་བཞིའི་ས་བོན་བདེ་གཤེགས་སྙིང་པོའི་རྒྱུད་དུ་བཞུགས་པའི་ནུས་པ་སད་པའི་ཕྱིར་ཀུན་རྫོབ་བརྡ་ཡི་དབང་བསྐུར་བྱ་ཡུལ་སློབ་མའི་དབང་པོ་ཐ་མ་འབྲིང་མཆོག་རབ་ཀྱི་སྣོད་ཅན་ལ། བྱེད་པ་པོ་སློབ་དཔོན་སྔགས་ཀྱི་དེ་ཉིད་ལྔ་ལ་རང་བྱན་ཚུད་པས། བྱ་བའི་ལས་ས་ཆོག་ལྷ་བུམ་སློབ་མ་ལྷག་གནས་ཐིག་ཚོན་རྒྱན་བཀོད་དཀྱིལ་འཁོར་སྒྲུབ་མཆོད་སྔོན་འགྲོས་བདག་ཉིད་འཇུག་སྟེ་གནང་བ་ནོད་པས། ཕྱི་མཚན་མ་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་རྒྱུད་སྦྱངས་ཏེ། བྱེད་པ་རྫས་སྔགས་ཏིང་འཛིན་གསུམ་ཚོགས་ཀྱི་ཆོ་གས་ཕན་ནུས་ཟབ་མོའི་དབང་བསྐུར་བས། བྱ་བ་སློབ་མའི་སྒོ་གསུམ་ཕྲ་རགས་ཀྱི་དྲི་མ་སྦྱངས་ཤིང་ཡེ་ཤེས་རང་གནས་ཀྱི་ནུས་པའི་གསོས་དངོས་བརྒྱུད་ཅི་རིགས་ནས་ཐེབས་པས་རྒྱུད་དག་ནུས་པ་རྫོགས་པ་སྟེ། འདིར་རྩ་བ་ནང་སྒྲུབ་ཀྱི་དབང་ཆེན་སྟ་གོན་དངོས་གཞི། ཁྱེར་བདེའི་དོན་དབང༌། ཡན་ལག་ཕྱི་སྒྲུབ་ཀྱི་ཁྲུས་དབང༌། གསང་སྒྲུབ་མཁའ་འགྲོའི་བརྡ་དབང༌། ཡང་ཟབ་རིག་འཛིན་བླ་མའི་དབང་བཞི། བར་ཆད་སེལ་བ་དབང་གི་རྒྱལ་པོའི་རྗེས་གནང༌། གཉེར་འཛིན་ཌཱ་ཀིའི་བཀའ་གཏད་བཅས་བཞུགས་པའི་ཆོ་ག་ཞིབ་མོ་ཀུན་གཟིགས་འཇམ་མགོན་བླ་མའི་དབང་གི་ཆོ་ག་ལྟར་ཤེས་པར་བྱ་དགོས་ཤིང་གྲུབ་པ་ལགས། གཉིས་པ་ནི། དབང་སྲོག་རྒྱུད་ལ་འཛིན་པ་ནི༔སོགས་ནས། ལེའུ་སྟེ་གསུམ་པའོ༔ ཞེས་པ་སྟེ་ངོ་བོ་བསྲུང་བྱའི་དོན་ལས་མི་འདའ་བའི་སེམས་ས་བོན་དང་བཅས་པ། ངེས་ཚིག་ཇི་ལྟར་དམ་བཅས་པའི་ཚིག་ལས་མི་འདའ་བས་སྔགས་ཀྱི་འདུལ་བའམ་རྡོ་རྗེ་ཐེག་པའི་ཡལ་གམ། དབྱེ་ན་རྩ་བ་ཡན་ལག་སྤྱི་དང་ཁྱད་པར་ལྷག་པའམ་འདིར་བཤད་པའི་ཕྱི་ནང་གསང་བ་དེ་ཁོ་ནའི་དམ་ཚིག །དོན་དམ་དང་ཀུན་རྫོབ་ཀྱི་ལྟ་བས་སྲུང་ཚུལ། ཕན་ཡོན། ཉེས་དམིགས་བཅས་ཤེས་པར་བྱས་ཏེ་བླང་དོར་ལ་འབད་པས་དངོས་གྲུབ་དཀའ་བ་མེད་པར་ཐོབ་པའི་ཐབས་ཀྱི་ཁྱད་པར་རྨད་དུ་བྱུང་བའོ། །གཉིས་པ་དངོས་གཞི་བསྐྱེད་རྫོགས་ཀྱི་རྣམ་དབྱེ་རྒྱས་པར་བཤད་པ་ལ། ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་དང་སྦྱར་ཏེ་བཅོས་ཤིང་བརྟག་པ་རྗེས་དཔག་གི་ལྷའི་རྣལ་འབྱོར་བསྐྱེད་པའི་རིམ་པ་དང༌། དོན་དམ་འཇིག་རྟེན་འགག་པའི་རིམ་པ་དང་སྦྱར་ཏེ་བཅོས་མིན་གྱི་ལྷ་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣལ་འབྱོར་དུ་བྱ་བ་མངོན་སུམ་པའི་ལྷའི་རྣལ་འབྱོར་རྫོགས་པའི་རིམ་པ་བཤད་པའོ། །དང་པོ་ལའང་གཞུང་ལས། ཐབས་ལ་ཕྱི་ནང་གསང་བ་དང༔ བླ་ན་མེད་པའི་སྒྲུབ་ཚུལ་བཞི༔ ཞེས་པ་ལྟར་ཕྱི་རྒྱུད་སྡེ་འོག་མའི་དགོངས་པ་ལྟར་ཚེ་འོད་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་བསག་སྦྱོང་སྙིང་པོར་དྲིལ་བ། ནང་མ་ཧཱ་ཡོ་ག་དང་མཐུན་པར་བླ་མ་ལོངས་སྐུ་ཚེ་དཔག་མེད་ལྷ་བཅུ་བདུན་མའི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ། གསང་བ་རྫོགས་རིམ་གྱི་སྔོན་འགྲོ་དབྱིངས་ཕྱུག་མནྡ་ར་རིགས་ལྔའི་མཁའ་འགྲོའི་བསྐྱེད་བཟླས། བླ་མེད་ཡང་ཟབ་རིག་འཛིན་བླ་མའི་ཚེ་སྒྲུབ་ཧེ་རུ་ཀ་འདུས་པའི་ཕྲིན་ལས་བཞི་ལས། དང་པོ་ལའང༌། ལམ་སྤྱིའི་སྔོན་འགྲོ་དང༌། ཕྱི་སྒྲུབ་དངོས་སོ། །དང་པོ་ནི། རིག་པའི་སེམས་དཔས་སོགས་ནས། གཅིག་ཅར་བརྩོན༔ ཅེས་པ་སྟེ་འཁོར་བའི་རྒྱུ་འབྲས་མཐའ་དག་གི་མཚང་ཤེས་པས་དེ་ལས་ཐར་འདོད་ཀྱི་བློ་བཅོས་མིན་དུ་རྒྱུད་ལ་སྐྱེ་བའི་ངེས་འབྱུང་གི་བསམ་པ་བསྐྱེད་ཕྱིར་ཆོས་ཀྱི་རྟེན་དལ་འབྱོར་རྙེད་དཀའ་ཚུལ། ཆོས་ལ་འཇུག་པའི་རྐྱེན་མི་རྟག་པར་བསྒོམ་པ། ཆོས་ཀྱི་དོན་རྒྱུ་འབྲས་བསླུ་མེད་ལ་ངེས་ཤེས་བསྐྱེད་པ། ཆོས་ཀྱི་འབྲས་བུ་འཁོར་བ་སྡུག་བསྔལ་དུ་ཤེས་པས་ཐར་པ་རྩེ་གཅིག་ཏུ་སྒྲུབ་པའི་བློ་རྣམས་ཁྲིད་རིམ་སྤྱི་ལྟར་བཤད་ཅིང་ཉམས་སུ་བླང་བར་བྱའོ། །གཉིས་པ་ནི། གནས་ཁང་བཀོད་པས་བརྒྱན་སོགས་ནས། ལེའུ་སྟེ་བཞི་པའོ༔ ཞེས་པ་སྟེ་འདི་ནི་འཕགས་ཡུལ་གྲུབ་པའི་སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུའི་སྒྲུབ་ཐབས་རྒྱ་གཞུང་དུ་གྲགས་པའི་དགོངས་པ་དང་ཆུ་བོ་གཅིག་ཏུ་འདྲེས་པ་སྟེ། སྤྱིར་སངས་རྒྱས་ཀྱི་ཕྲིན་ལས་གདུལ་བྱའི་ཡུལ་ལ་འཇུག་པའི་སྒོའི་གཙོ་བོ་ནི་གསུང་གི་གསང་བ་སྟེ། གསུང་གིས་འགྲོ་ལ་ཐར་པའི་ལམ་སྟོན་ཅིང་བླང་དོར་ཐམས་ཅད་ཡོངས་སུ་སྣང་བར་བྱེད། སྐུ་ཡི་སྣང་བ་མི་འཇུག་པའི་གདུལ་བྱའི་དོན་ཀྱང་གསུང་ཁོ་ནས་མཛད། སངས་རྒྱས་ཀྱི་ཡེ་ཤེས་ཟབ་མོའི་ནུས་པ་ད་ལྟ་སོ་སྐྱེའི་རྒྱུད་ལ་འདྲེན་པའི་ནུས་པའང་གསུང་ལ་མངའ། གཟུངས་རིགས་གསང་སྔགས་ཐམས་ཅད་ཀྱང་གསུང་ཡིན་པས་དེ་རེ་རེའི་བཟླས་པའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ། གསུང་དེ་གདུལ་བྱའི་ངོར་མཚན་མའི་ལྷ་སྐུར་བཞེངས་པ་གསུང་པདྨའི་རིགས་ཀྱི་ཁྱབ་བདག་ནི་འོད་དཔག་ཏུ་མེད་པ་ཡིན་པས་གང་དེ་བསྒྲུབ་པས་བྱིན་རླབས་དང་ཐུགས་རྗེ་ལྷག་པར་མྱུར་བ་སྟེ། ཐུན་མོང་གི་མཛད་པ་དང་སྒོ་བསྟུན་ན་སངས་རྒྱས་འོད་དཔག་མེད་པས་སྔོན་ཐུགས་བསྐྱེད་དེ་སྨོན་ལམ་ཆེན་པོ་བརྒྱ་ཕྲག་བཏབ་པས་ཚོགས་གཉིས་རྫོགས་སྨིན་སྦྱངས་པ་མངོན་དུ་གྱུར་ཏེ། ནུབ་ཕྱོགས་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན་སྣོད་བཅུད་རང་བྱུང་ཡེ་ཤེས་ཀྱི་བཀོད་པ་བསམ་མི་ཁྱབ་པ་ན་ད་ལྟ་མངོན་སུམ་དུ་སངས་རྒྱས་ཏེ་ཚེ་དང་ཡེ་ཤེས་འོད་སྣང་དཔག་དུ་མེད་པའི་འདྲེན་པར་འཚོ་ཞིང་གཞེས་ཏེ་བཞུགས་པས། ཞིང་དང་སྐུ་ཡི་ཡོན་ཏན་མདོ་རྒྱུད་ནས་གསུངས་པ་བསམ་སྟེ་དད་པ་དང་སྤྲོ་བ་བསྐྱེད། སངས་རྒྱས་དེའི་མཚན་ཙམ་ཐོས་པས་ཀྱང་དུས་མིན་གྱི་འཆི་བའི་འཇིགས་པ་གཙོ་བོར་གྱུར་པའི་ཉེས་པ་མཐའ་དག་སྐྱོབ་པའི་ཕན་ཡོན་དྲན་པས་མཆོད་པ་འབུལ་ཞིང་ཕྱག་བྱ། ཐུགས་རྒྱུད་བསྐུལ་བའི་ཕྱིར་གཟུངས་སྔགས་བཟླ་བ་དང༌། ཐུན་མཚམས་སུ་ལྷ་འདིའི་མདོ་རྒྱུད་བཀླག་པ་ལ་བརྩོན་པས་གནས་སྐབས་སུ་ཚེ་དང་བསོད་ནམས་འཕེལ་བ་དང༌། ཞིང་སྦྱོང་གི་ཆོ་ག་ཡང་ཞར་བྱུང་དུ་ཚང་བས། མཐར་ཐུག་འཆི་མེད་བདེ་ལྡན་མགོན་པོའི་གོ་འཕང་མངོན་དུ་བྱེད་པའི་ཐབས་མཆོག་ཏུ་ཟབ་པས་བརྩོན་པར་གཅེས་ཤིང༌། ཞར་བྱུང་འགལ་རྐྱེན་བསལ་བའི་ཁྲུས་དང༌། མཐུན་རྐྱེན་སྤེལ་བའི་མཆོད་སྡོང་བཞེངས་པ་དང་མཆོད་པ་སོགས་ཅི་ནུས་སྐབས་དང་སྦྱར་ཏེ་ཉམས་སུ་ལེན་དགོས་སོ། །གཉིས་པ་ནང་སྒྲུབ་ཀྱི་ཆོ་ག་ལ་བསྙེན་སྒྲུབ་ཡན་ལག་བཞིའམ། བསྙེན་སྒྲུབ་ལས་གསུམ་དུ་གསུངས་པས་སྐབས་འདིར་ཕྱི་མ་ལྟར་འབྲེལ་ཆེ་བས་བཤད་པ་ལ། དང་པོ་བསྐྱེད་རིམ་ཕྱག་རྒྱ་གཅིག་པ་བསྙེན་པའི་རྣལ་འབྱོར་ནི། ཁྱད་པར་རྒྱུན་གྱི་ཏིང་ངེ་འཛིན༔སོགས་ནས། སྙིང་པོའོ༔ ས་མ་ཡ༔ ཞེས་འོག་ནས་འབྱུང་བ་སྟེ་སྤྱིར་སྔ་འགྱུར་བཀའ་མ་སྒྱུ་འཕྲུལ་རྩ་རྒྱུད་ཀྱི་དགོངས་པ་ལྟར་ལམ་ཡོངས་རྫོགས་ཀྱི་དབང་དུ་བྱས་ཏེ་ལས་དང་པོའི་རྣལ་འབྱོར་བསྐྱེད་རིམ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་དགོས་པས་སྔོན་དུ་བཤད་པ་སྟེ། བསྐྱེད་རིམ་ལ་སྒོམ་ཚུལ་གྱི་དབྱེ་བས་བཞི་ལས་སྤྲོས་མེད་སྐད་ཅིག་དྲན་རྫོགས་ཀྱི་ཏིང་འཛིན་སྒོམ་སླ་བ་གཙོ་བོར་བཏོན་ནས་གསུངས་པ་སྟེ། རྒྱུ་ཏིང་འཛིན་གསུམ། འབྲས་བུ་རྟེན་བརྟེན་པའི་ལྷ་བསྒོམས་ཏེ་གསལ་བརྟན་དག་གསུམ་གྱི་བསྐྱེད་རིམ་ལ་རྩེ་གཅིག་ཏུ་བསླབས་པས་ཉམས་ལྔ་རིམ་གྱིས་འཆར། བྱིང་རྒོད་ཀྱི་སྐྱོན་བཅོས་པའི་ཕྱིར་ལྷ་ལམ་དུ་སློང་བ་སོགས་རྣམ་པ་དྲུག་གི་རྣལ་འབྱོར་གནད་དུ་བསྣུན་པས་གེགས་བསལ་ཞིང་བོགས་འབྱིན་བྱ། དེས་སྐྱོ་བའམ་སྐབས་སུ་ཐུགས་དམ་བསྐུལ་ཕྱིར་བཟླས་པའང་བྱ་ཞིང༌། གྲངས་བསྙེན་བྱེད་ན་རྩ་སྔགས་འབུམ་ཕྲག་གསུམ། གཟུངས་རིང་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་བར་གསུངས་སོ། །གཉིས་པ་ཕྱག་རྒྱ་སྤྲོས་བཅས་སྒྲུབ་པའི་རིམ་པ་ལ་བསྐྱེད་བཟླས་གཉིས་ལས། དང་པོ་ནི། གཉིས་པ་ནང་ལྟར་སྒྲུབ་པ་ལ༔སོགས་ནས། བསྟོད་པར་བགྱི༔ ཞེས་པ་སྟེ་རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་ཕུབ། འབྲས་བུ་རྟེན་དང་བརྟེན་པའི་ལྷ་བསྐྱེད་པ་བཅས་བསྐྱེད་རིམ་སྤྱི་ལྟར་སྤྲོས་ཏེ་ཤེས་པར་བྱ་བ་ལས་མ་སྨོས་ལ་ལས་ཀྱི་རིམ་པ་རྣམས་ཀྱང་གཞན་ལྟར་ཤེས་དགོས་སོ། །གཉིས་པ་ལ་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ནི། གསང་སྔགས་བཟླས་པའི་ཏིང་འཛིན་གྱིས༔སོགས་ནས། གདོན་མི་ཟ༔ ཞེས་པ་སྟེ་བསྐྱེད་རིམ་ཚུལ་བཞིན་སྒོམ་པའི་དབང་དུ་བྱས་ན་ནང་སྒྲུབ་འདི་བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་ཡིན་ཀྱང༌། དེང་སང་གི་མོས་སྒོམ་གཙོ་བོར་བཏོན་པའི་དབང་དུ་བྱས་ན། སྔར་བཤད་པའི་ཡང་ཟབ་སྙིང་པོའི་བསྐྱེད་བཟླས། རྒྱུན་གྱི་རྣལ་འབྱོར་གཙོ་བོ་ཡིན་པས་ཕྱི་ནང་གསང་བ་ཆིག་དྲིལ་གྱི་ཟབ་ཏིག་སྟེ། འདི་ཁོ་ན་ལའང་བསྙེན་སྒྲུབ་ལས་གསུམ་གསུངས་པས་ཐོག་མར་དང་པོ་བསྙེན་པ་ནི། ར་བ་བཞིའི་ཡར་ངོའི་གཟའ་སྐར་སྦྱོར་བྱེད་དགེ་བའི་སྔ་ཆར་དབེན་པའི་གནས་སུ་གཞུང་མཐུན་རྟེན་གྱི་དྲུང་བསྙེན་པའི་སྐབས་དཀྱིལ་འཁོར་མེད་ཀྱང་རུང་བས་སྨན་རཀ་གཏོར་མ་ཉེར་སྤྱོད་དང་བཅས་པ་བཤམས། བརྒྱུད་འདེབས་ནས་བརྩམ་ལས་བྱང་ཆོག་ཁྲིགས་ཅན་ལྟར་དཀར་གཏོར། བགེགས་གཏོར་བསྔོས་རྗེས་སྒོ་དྲུང་དུ་ཐོ་བརྩིགས་པར་རྒྱལ་ཆེན་ཐོ་འཛུགས་སྤྱི་ལྟར་བྱས་རྗེས། སྲུང་མཚམས་བཅད་པ་ནས་བསྙེན་པའི་བར་མཐར་ཆགས་སུ་བཏང༌། ཕྲེང་བ་དང་ངག་བྱིན་རླབས་བྱས་ལ། དམིགས་གནད་ནི། རང་གཙོ་བོའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་སྟེང་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཧྲཱིཿམཐར་སྔགས་ཕྲེང་དམར་པོས་བསྐོར་བའི་འོད་ལྔ་ལྡན་གྱིས་དག་པའི་ཞིང་གི་རྒྱལ་བ་སྲས་དང་བཅས་པ་ལ་བདེ་བ་ཆེན་པོའི་མཉེས་མཆོད་ཕུལ་བས་ཚོགས་གཉིས་ཡོངས་སུ་རྫོགས། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་བདུད་རྩིའི་འོད་ཟེར་ཁ་དོག་ལྔ་ལྡན་དུ་ཆར་ལྟར་བྲུལ་ནས་བྱུང་བ་གནས་ལྔར་ཐིམ་པས་ལུས་ཁྲ་ལྟེམ་གྱིས་གང༌། སླར་ཡང་སྔགས་ཕྲེང་ས་བོན་དང་བཅས་པའི་འོད་ཀྱིས་མ་དག་པའི་སྣོད་བཅུད་ཐམས་ཅད་ལ་ཁྱབ། སྐྱེ་འཆིའི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་སྦྱངས་ཏེ་དག་པ་ལྷ་ཡི་འཁོར་ལོར་སད། ཕྱི་འབྱུང་བ། ནང་སྐྱེ་འགྲོའི་ཚེ་དཔལ་ཐམས་ཅད་ཀྱང་སྔར་བཞིན་བསྡུས་ནས་ཐིམ་པས་མ་དག་པའི་སྒོ་གསུམ་མཐའ་དག་སྦྱངས་ཏེ་གཞོམ་མེད་རྡོ་རྗེའི་གསང་བ་གྲུབ་པའི་མོས་པས་བསྙེན་བཟླས་བྱ་བ་སྟེ། འདིར་ཤེས་པར་བྱ་བའི་གནད་ཀྱང་གཞུང་ལས། གསང་སྔགས་བཟླས་པའི་ཏིང་འཛིན་གྱིས༔ དངོས་གྲུབ་གནད་ལ་ངེས་པར་བསྐུལ། ཞེས་པ་ལྟར་སྔགས་བཟླ་བའི་ཚེ་དམིགས་པའི་ཏིང་འཛིན་དང་ལྡན་ན་ནུས་པ་ལྷག་པར་མྱུར་ཞིང་དེར་མ་ཟད་སངས་རྒྱས་ཀྱི་ཡེ་ཤེས་གསང་བ་གསུམ་ག་གཅིག་ཉིད་དུ་མར་འཕྲུལ་པའི་ཡེ་ཤེས་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་ལྷ་སྔགས་ཡེ་ཤེས་རོ་གཅིག་པ་བཞིན་བཟླས་པའི་སྐབས་སུ་ཡང་ཕྱག་རྒྱ་སྔགས་དང་ཏིང་འཛིན་རྣམས་ཆིག་དྲིལ་དུ་བྱ་དགོས་ཤིང་འགལ་འདུར་མི་གནས་པའི་གནད་མ་ཤེས་ན་དག་དྲན་གྱི་སྙིང་པོ་ལྷ་དང་གཞལ་ཡས་ཀྱི་རྟེན་བརྟེན་པ་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་འབའ་ཞིག་གི་རོལ་པ་ལས་མ་འདས་པའི་ཚུལ་བསྒོམ་མི་ནུས་ཤིང༌། སྔགས་ཀྱང་གསང་སྙིང་ལས། དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང༌། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱི། །རོལ་པ་ཅིར་ཡང་སྤྲུལ་ཞིང་སྟོན། །ཅེས་པ་ལྟར་ཤེས་པ་ནི་གཅེས་སོ། །ཚུལ་དེ་ལྟ་བུས་བཟླས་གྲངས་གཞུང་ལྟར་མ་གྲུབ་བར་དང༌། ཐུན་ལས་ལྡང་བ་ན་ལས་གཞུང་གི་ཚེ་འགུགས་དང་དབྱངས་གསལ་རྟེན་སྙིང་བཟླ་ཞིང༌། མཆོད་བསྟོད་ཡིག་བརྒྱ་དང་ནོངས་བཤགས་ནས་བརྩམས་བསྡུ་ལྡང་བྱ་བ་ལས་སྒྲུབ་པ་དང་ལས་སྦྱོར་གཉིས་མི་དགོས་སོ། །གཉིས་པ་སྒྲུབ་པ་ནི། བསྙེན་པའི་རྣལ་འབྱོར་ལས་རུང་བས༔སོགས་ནས། དངོས་གྲུབ་ཐོབ༔ ཅེས་པ་སྟེ་བསྙེན་བཟླས་རྫོགས་པའི་སྔ་ཆར་དངོས་གྲུབ་མདོར་བསྡུས་བླངས་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཏིང༌། བུམ་པ། ལྷ་ཙཀ །ཚེ་འབྲང༌། ཚེ་རིལ་ཆང་སོགས་དབང་གི་སྐབས་ལྟར་སྒྲུབ་རྫས་རྣམས་ཀྱང་བཀྲམ། རས་བྲིས་མ་འབྱོར་ན་ཚོམ་བུ་ལྷ་གྲངས་ཀྱིས་ཀྱང་རུང༌། སྟབས་བདེ་ཕྱིར་བསྙེན་པའི་དུས་ནས་དཀྱིལ་འཁོར་དང་ཚོམ་བུ་འདུ་བགྱིས་ཀྱང་ཆོག །གང་ལྟར་ཡང་ཉིན་དེ་གའི་ཕྱི་ཐུན་ནས་སྒྲུབ་པའི་དབུ་ཚུགས་པར་བྱ། ལས་བྱང་གི་བཟླས་པའི་དབུར་ཛཔ་ཁང་དབྱེ། བསྙེན་དམིགས་གསལ་བཏབ་ལ་བཟླས་པ་ཁྱུག་ཙམ་ཟིན་པ་དང་སྒྲུབ་པའི་ཛཔ་དགོངས་གཙོ་བོར་བྱ་སྟེ། དམིགས་པའི་ཁྱད་པར་རིགས་ལྔ་སོ་སོའི་ཐུགས་ཀར་རང་རང་གི་ས་བོན་སྔགས་ཕྲེང་གིས་བསྐོར་བའི་སྤྲོ་བསྡུས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡེ་ཤེས་རིག་ལྔའི་ཚེ། འབྱུང་ལྔའི་དྭངས་མ། འགྲོ་བ་རྒྱུད་ལྔའི་བླ་ཚེ་སྲོག་གི་སྙིང་པོ་བསྡུ་བསྟིམ་དང༌། སྣང་སྲིད་ཡེ་ཤེས་ཕྱག་རྒྱའི་འཁོར་ལོར་སད་པས་ཀུན་ཀྱང་ཛཔ་སྒྲ་སྒྲོགས་པར་བསམ་ལ་བཟླས་གྲངས་བསྐྱལ། ཐུན་མཐར་ཚེ་གཟུངས་ཀྱང་ཅུང་ཟད་བཟླ། གྲངས་བསྙེན་སྐབས་སྤྲོ་ན་གཟུངས་ཀྱང་འབུམ་ཕྲག་གཅིག་བཟླ། ལས་སྦྱོར་མི་དགོས། ཐུན་ལས་ལྡང་བ་ན་ཚེ་འགུགས་དབྱངས་གསལ་རྟེན་སྙིང་མཆོད་བསྟོད་ནོངས་བཤགས་སོགས་ལ་འཇུག །སྒྲུབ་པའི་སྐབས་འདིར་མཆོད་པ་ཚོགས་སྐོང་སོགས་ཇི་ཙམ་རྒྱས་བཞིན་ལེགས་པས་ཤེས་པར་བྱའོ། །གསུམ་པ་ལས་སྦྱོར་ནི། བསྙེན་དང་སྒྲུབ་པའི་ལྷ་སོགས་ནས། སིདྡྷི་བླང༔ ཞེས་པ་སྟེ་སྒྲུབ་པ་ཟིན་པ་དང༌། ལས་སྦྱོར་གྱི་བཟླས་པ་སྦྱར། ལས་སོ་སོའི་ཤམ་ཅན་ཁྲི་རེ་བཟླ། གྲངས་རྫོགས་པ་ན་དངོས་གྲུབ་བླང་བ་སོགས་སྤྱི་ལྟར་བྱ། དེ་ཡང་བསྙེན་སྒྲུབ་ལས་གསུམ་གྱི་ཐོག་མཐའ་དང༌། ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་རྣམས་དང༌། སྒྲུབ་པའི་སྐབས་ཉིན་བཞིན་ཚོགས་མཆོད་གྲུབ་ན་ལེགས། རྐྱེན་སེལ་ལྟ་བུར་ཟླ་གཅིག་ཙམ་དུ་བསྙེན་སྒྲུབ་བྱེད་ན་བསྙེན་པ་བདུན་གསུམ། སྒྲུབ་པ་བདུན་གཅིག །ལས་སྦྱོར་དང་གཏང་རག་ཚོགས་སྐོང་བཅས་ཞག་གསུམ་དུ་བགྱིས་པས་འབྲེལ་འཇོག་ཏུ་འགྱུར། རྒྱུན་གྱི་བསྐྱེད་རིམ་སྙིང་པོའི་སྟེང་ཁོ་ནར་བསྙེན་བཟླས་གྲངས་ཚད་གཞུང་ལྟར་བྱས་ཀྱང་རུང་ཞིང༌། དེའི་ཚེ་ལས་བྱང་རྒྱུན་ཁྱེར་ཁོ་བོས་བྲིས་པར་ཆོ་གའི་ཡན་ལག་ཅུང་ཟད་རྒྱས་ན་ལེགས་པས་ཀུན་གཟིགས་བླ་མའི་ཆོག་ཁྲིགས་ནང་སྒྲུབ་ཀྱི་གཤོམ་ལྟར་བྱའོ། །སྒྲུབ་པ་རྒྱས་པ་ཚོགས་སྒྲུབ་བྱ་བ་སྔོན་འགྲོ་སྟ་གོན་ནས་བརྩམ། མཇུག་དངོས་གྲུབ་ལེན་པའི་བར་སྒྲུབ་ཁོག་སྤྱིའི་ཆིངས་དང་བསྟུན་ཁོར་ཡུག་གསུང་མི་ཆད་པའི་བཟླས་པ་བཅས་བྱ་བའི་ཁྱད་པར་རོ། །གསུམ་པ་ལས་སྦྱོར་ནི། བསྙེན་དང་སྒྲུབ་པ་ལས་རུང་ནས༔སོགས་ནས། ལེའུ་སྟེ་བཅུ་པའོ༔ ཞེས་པའི་བར་ཏེ། དེ་ཡང་ལས་ཀྱི་ཚོགས་བྱ་བའི་ཡུལ་འཁོར་འདས་ཀྱི་བྱ་བ་ཐམས་ཅད་སྒོ་གསུམ་དང་རྟེན་ཅིང་འབྲེལ་བ་བཞིན། བྱེད་པའི་ཕྲིན་ལས་སངས་རྒྱས་རྣམས་ཐབས་མཁས་ཀྱི་སྤྱོད་ཡུལ་བསམ་མི་ཁྱབ་པས་དོན་གཉིས་ཀྱི་འདོད་པ་སྒྲུབ་པའི་སྒོ་ཐམས་ཅད་གསང་བ་མི་ཟད་རྒྱན་འཁོར་ལྔ་དང་འབྲེལ་བར་སྟོན་པས། བྱེད་ཚུལ་ནོར་བུ་རིན་པོ་ཆེ་གཅིག་གིས་ཡིད་ཀྱི་འདོད་པ་ཐམས་ཅད་རྗེས་སུ་འཇོ་བ་དང་མཚུངས་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དངོས་གཅིག་དུ་མར་ཤར་བའི་ཆོ་འཕྲུལ་གྱིས། བྱེད་པའི་ཐབས་རྫས་སྔགས་ཏིང་འཛིན་སུམ་འབྲེལ་དུ་སྟོན་པ་ཡིན་ལ། ཇི་ལྟར་བྱེད་ཚུལ་ཐོག་མར་རང་ཉིད་བསྙེན་སྒྲུབ་ལྟ་དགོངས་ཀྱི་གདེངས་དང་མ་ལྡན་ན་ལས་ཚོགས་མཐར་ཕྱིན་པར་མི་ནུས་པས་རྒྱས་པར་སྤྲོ་ན་ཕྱི་ནང་གསང་བ། རྩ་བ་ཡན་ལག་གི་སྒྲུབ་ཐབས་ཐམས་ཅད་དང༌། དེ་ཙམ་མ་གྲུབ་ནའང་ནང་སྒྲུབ་ཀྱི་བསྙེན་སྒྲུབ་ལས་གསུམ་གྲུབ་པ་ཞིག་ངེས་པར་དགོས་ཤིང༌། ལས་ཀྱི་དབྱེ་བ། སྐུ་ཕྱག་རྒྱ། གསུང་རིག་པ། ཐུགས་ཆོས་སྐུའི་རྟེན། ཡོན་ཏན་བཅུད་ལེན། ཕྲིན་ལས་མེ་རླུང་གི་སྦྱོར་བ། འགལ་རྐྱེན་ཚར་གཅོད་པ་དང་འབྲེལ་བའི་ཚེ་བདུད་བཟློག་མདོས་དང༌། པདྨ་དྲག་པོ་རྟ་མཆོག་རོལ་པའི་བསྐྱེད་བཟླས། མཐུན་རྐྱེན་རྗེས་འཛིན་གྱི་ཡན་ལག་བླ་ཚེ་བསླུ་བའི་ཆོ་ག་དང༌། འཆི་བདག་གཏོ་ཆེན་རྣམས་དང༌། གསང་བ་མི་ཟད་རྒྱན་འཁོར་གྱི་ལས་ཚོགས་རྣམས་ནང་སྒྲུབ་ཀྱི་ཡན་ལག་རིགས་ལྔ་བྱེ་བྲག་གི་སྒོས་སྒྲུབ་དང་འབྲེལ་བར་ཉམས་སུ་ལེན་དགོས་པས་གཞན་དུ་ཤེས་ལ། དགོས་པ་ཚེའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་གོང་འཕེལ་དུ་བགྱིས་པས་དཔྱིད་སོས་ཆར་གྱིས་བྲན་པའི་དབྱར་སྐྱེས་བཞིན་རྡོ་རྗེ་ཚེ་ཡི་རིག་འཛིན་བདེ་བླག་ཏུ་འགྲུབ་པ་ནི་ངེས་པའོ། །གསུམ་པ་གསང་བ་རྫོགས་རིམ་གྱི་སྔོན་འགྲོ་དབྱིངས་ཕྱུགས་མནྡ་ར་རིགས་ལྔའི་མཁའ་འགྲོའི་བསྐྱེད་བཟླས་ནི། དག་པ་ཡེ་ཤེས་རྩ་ཐིག་རླུང༔སོགས་ནས། ལེའུ་སྟེ་བཅུ་གཅིག་པའོ༔ ཞེས་པ་སྟེ་སྤྱིར་རྡོ་རྗེའི་ལུས་ལ་བརྟེན་པ་རྩ་རླུང་ཐིག་ལེའི་གནད་འཆིང་བ་རྫོགས་རིམ་སྟེ་ཐིག་ལེའི་ཁམས་གྲུབ་པ་ཙམ་ནས་བཅུད་དྭངས་མ་དཀྱིྃལ། རང་བྱུང་གི་སྣོད་འཁོྃར་གྱི་རང་བཞིན་ཤུགས་ཀྱིས་གྲུབ་པས་རྟོག་པས་གསར་དུ་སྒྲོ་བཏགས་ནས་བཅོས་མར་བྱས་པ་མིན་ཞིང༌། ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དང་མཐུན་པར་བསྒོམ་པ་སྔ་མ་ལས་ཟབ་པའི་ཕྱིར་ཟབ་མོའི་བསྐྱེད་རིམ་ཞེས་གྲགས། དེ་ཡང་རྩ་རླུང་ཐིག་ལེའི་ཁམས་ཐམས་ཅད་ཀྱང་དབུ་མ་ཆོས་ཉིད་ཀྱི་སྲོག་ཏུ་དག་དགོས་ཤིང༌། དེའི་རྐྱེན་བདེ་གསལ་མི་རྟོག་པའི་ཉམས་ལེན་མཐའ་དག་གི་གཞི་ལྟེ་བའི་ཙཎྜ་ལི་འབར་བའི་བྱེད་པས་བྱ་དགོས་པས་དེ་ནི་ཤེས་རབ་ཀྱི་བདག་ཉིད་ཡུམ་དུ་གནས་ལ། དེ་ཐམས་ཅད་ཀྱི་ངེས་དོན་རྣམ་ཐར་སྒོ་གསུམ་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ཀྱི་རྒྱ་ལས་མ་འདས་པས་ན་བསྐྱེད་རིམ་ཀྱང་དེ་དག་དང་མཐུན་པར་ཡུམ་བཀའ་ལྷན་ཅིག་སྐྱེས་མ་རིགས་ལྔའི་རྣལ་འབྱོར་སྟོན་པས་ལྷག་པར་ཡང་ཟབ་པའི་ཕྱིར་གསང་སྒྲུབ་ཏུ་བཞག་པ་སྟེ། གནད་དེ་ལྡན་གྱི་བསྐྱེད་རིམ་གྱི་སྐབས་རང་ལུས་གཞལ་ཡས་ཀྱི་ནང་ཙཎྜ་ལིའི་ཆོས་འབྱུང་དབུས་དཔྱིད་ཐིག་གི་ངོ་བོ་མནྡ་ར། ཡས་བབ་མས་བརྟན་གྱི་དགའ་བཞིའི་འཁོར་བརྒྱད། བདེ་ཆེན་གྱི་དྭངས་མ་རིགས་བདག་བླ་མ། ཀུན་ཀྱང་སེམས་ཉིད་ལྷན་སྐྱེས་ཀྱི་རོལ་རྩེད་གཅིག་ཏུ་ཤེས་པས་གཞུང་ལྟར་ཉམས་སུ་བླང་ངོ༌། །བཞི་པ་དེ་ཁོ་ན་ཉིད་བླ་མེད་ཡང་ཟབ་རིག་འཛིན་བླ་མ་ཧེ་རུ་ཀ་འདུས་པའི་ཕྲིན་ལས་ནི། ཡང་ཟབ་རིག་འཛིན་ཚེ་ཡི་སྒྲུབ་པ་བཞུགས༔ སོགས་གུད་དུ་ཕྱུང་བ་ལྟར་ཏེ། ཐོག་མར་རྒྱུད་སྦྱོང་བ་བསག་སྦྱང་གི་རིམ་པ་གཙོ་བོར་བཏོན་པའི་ཕྱི་སྒྲུབ་ནི་རྒྱལ་པོ་ལ་སྙན་གསན་དབབ་པ་ལྟ་བུ་བསྙེན་པའི་ཡན་ལག་ཏུ་དང་པོར་བསྟན། དེ་ནས་སྤྲོས་པ་ཅན་ཀུན་བཏགས་ཀྱི་ཞེན་པ་སྦྱང་ཕྱིར་མ་ཧཱ་དང་མཐུན་པའི་བསྙེན་སྒྲུབ་ལས་གསུམ་རྒྱས་པར་སྟོན་པ་ནང་སྒྲུབ་ནི་ཡུལ་གཉན་པོ་ལ་འདྲིས་*སྡེབ་པ་ལྟ་བུ་ཉེ་བསྙེན་གྱི་ཡན་ལག །སྤྲོས་མེད་རྡོ་རྗེའི་ལུས་ཀྱི་རྣལ་འབྱོར་ལ་གནད་དུ་བསྣུན་པས་གཞན་དབང་རླུང་སེམས་ཀྱི་མདུད་པ་ཨ་ཝ་དྷཱུ་ཏིར་བཤིག་ཕྱིར་སྙིང་པོའི་རྣལ་འབྱོར་ཨ་ནུ་དང་མཐུན་པར་སྟོན་པ་གསང་སྒྲུབ་ནི་གོང་མ་མཉེས་ནས་རང་གི་འདོད་དོན་སྒྲུབ་པ་ལྟ་བུ་སྒྲུབ་པའི་ཡན་ལག །དབང་རབ་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་དང་སྐུ་གསུམ་འོད་གསལ་རིག་པའི་རང་བཞིན་གཉིས་མེད་མཉམ་པ་ཆེན་པོ་ཡོངས་གྲུབ་རྟག་པ་རྡོ་རྗེའི་སྲོག་སྒྲུབ་ཕྱིར་མངོན་སུམ་ལམ་བྱེད་མོས་གུས་ཀྱི་རྣལ་འབྱོར་ཡང་ཟབ་རིག་འཛིན་བླ་མའི་སྒྲུབ་ཐབས་ཏེ་རང་ཉིད་ཀྱང་ཆེན་པོའི་གོ་སར་འཁོད་ནས་དབང་བསྒྱུར་བ་ལྟ་བུ་སྒྲུབ་པ་ཆེན་པོའི་ཡན་ལག་ཏུ་བསྟན་པ་སྟེ། བླ་མའི་རྣལ་འབྱོར་ཁོ་ན་ཉམས་སུ་བླང་པས་མདོ་སྔགས་ཀྱི་ལམ་གནད་ཚང་བ། བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི་སྒོ་རྩོམ་པ་ལ་ལམ་མྱུར་བ། གེགས་སོགས་ཕྱི་ནང་གི་བར་ཆད་མེད་པ། ཐབས་ཟབ་མོའི་གསེང་ལམ་ཐུན་མིན་ཡིན་པས་བསྐྱེད་རྫོགས་ཀུན་ལ་མེད་དུ་མི་རུང་བ་ཡིན་པའི་ཚུལ་ཤེས་པས་རང་གཞུང་ལྟར་ཉམས་ལེན་བྱའོ། །གཉིས་པ་དོན་དམ་འཇིག་རྟེན་འགགས་པའི་རིམ་པ་དང་སྦྱར་ཏེ་མངོན་སུམ་ལམ་བྱེད་རྫོགས་རིམ་གྱི་རྣལ་འབྱོར་ཟབ་མོས་རྡོ་རྗེའི་སྲོག་སྒྲུབ་པའི་མན་ངག་བཤད་པ་ལ། རྩོལ་བཅས་རང་གཞན་གྱི་རྡོ་རྗེའི་ལུས་ལ་བྱེད་བཅིང་གི་ཐབས་ལམ་དང༌། རྩོལ་མེད་གཉུག་མ་མི་ཤིགས་པའི་ཐིག་ལེ་ལ་བརྟེན་པའི་གྲོལ་ལམ་བསྟན་པའོ། །དང་པོ་ལའང་རང་ལུས་ཐབས་ལྡན་གྱི་མན་ངག་དང༌། གཞན་ལུས་ཕོ་ཉའི་མྱུར་ལམ་བཤད་པའོ། །དང་པོ་ལ་གསུམ། མི་རྟོག་ཆོས་སྐུའི་ཉམས་ལེན། བདེ་ཆེན་ལོངས་སྐུའི་རྩལ་སྦྱང༌། གསལ་སྟོང་སྤྲུལ་སྐུའི་བོགས་འབྱིན་ནོ། །དང་པོ་ལ་གཉིས། ཟབ་ལམ་ཕྲ་ཐིག་གི་རྣལ་འབྱོར་གྱིས་རླུང་ལས་རུང་དུ་སྒྲུབ། དབྱིངས་ཕྱུག་ནམ་མཁའི་རྣལ་འབྱོར་གྱིས་སྣང་བའི་བདེན་ཞེན་བཤིག་པའོ། །དང་པོ་ནི། དེ་ནས་སྙིང་པོའི་ཏིང་འཛིན་གྱིས༔སོགས་ནས། རྣལ་འབྱོར་ཏེ༔ ཞེས་པ་སྟེ་སྙིང་པོའི་རྒྱུད་ལས། ས་ཆུ་སྤྱན་དང་མཱ་མ་ཀི །མེ་རླུང་གོས་དཀར་དམ་ཚིག་སྒྲོལ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང༌། །ཞེས་གསུངས་པ་ལྟར་ཕྱི་ནང་གཞན་གསུམ་གྱི་འཇིག་རྟེན་ཐམས་ཅད་འབྱུང་བ་ལྔས་བསྡུས་ཤིང༌། འབྱུང་ལྔ་ཉིད་ཀྱང་དག་པ་ཡུམ་ལྔའི་ཡེ་ཤེས་ཀྱི་མཁའ་རུ་གདོད་ནས་གནས་ལ། མཁའ་ནི་བདེ་བའི་འབྱུང་གནས། ཀུན་ཀྱང་དེ་ལས་མི་འདའ་བ་རྣམ་ཐར་གསུམ་གྱི་ཆོས་སུ་གནས་པ་སྟེ། དེའི་དོན་རྟོགས་ན་རྣམ་ཀུན་མཆོག་ལྡན་བདེ་ཆེན་གྱི་ཡེ་ཤེས་གཅིག་པུ་དུ་མའི་གར་དུ་བསྒྱུར་བའི་ཆོ་འཕྲུལ་ཙམ་ལས་སྐྱེ་འཆི་ཞེས་པ་དངོས་མཚན་དུ་མ་གྲུབ་པས། འཁོར་བ་ཡེ་དག་མྱང་འདས་ལྷུན་རྫོགས་ཀྱི་དགོངས་པའི་གདེང་ཐོབ་པ་ཡིན་ལ། མ་རྟོགས་པའི་འགྲོ་ལ་འབྱུང་བཞིའི་བྱེར་སྡུད་ཀྱིས་ཕྱི་ཡི་སྣོད་ཆགས་འཇིག །ནང་གི་སེམས་ཅན་སྐྱེ་ཤི། གསང་བ་རླུང་སེམས་ཀྱི་ཚོགས་པ་འདུ་འབྲལ་སྣ་ཚོགས་སུ་སྟོན་པས་ཅིར་ཡང་སྣང་ཞིང་སྣ་ཚོགས་སུ་འཆར་བ་སྟེ། རྡོ་རྗེ་ཐེག་པའི་གནད་ཀྱིས་སྲོག་ནས་འཛིན་པས་དག་པའི་གནས་ཚུལ་དང་མཐུན་པར་བདེ་བ་ཆེན་པོར་ལམ་དུ་བྱས་པས་མ་དག་པའི་སྣང་བ་ནུབ་ཅིང་དོན་གྱི་ཡིན་ལུགས་མངོན་དུ་འགྱུར་བའི་ཐབས་ཀྱི་གསེང་ལམ་སྔ་མ་རྣམས་ལས་ཀྱང་ཆེས་ཟབ་མོ་ཞིག་སྟེ་སྔར་སྣང་བཅས་ཕྱིྃ་ཡི་འཇིག་རྟེན་གྱི་སྣོད་བཅུད་སྡུག་ཀུན་རང་རྒྱུད་པའི་བདེན་འཛིན། བདེ་གཤེགས་ཡབ་ལྔ་གཅིག་དྲིལ་གྱི་བསྐྱེད་རིམ་གཙོ་བོར་བཏོན་པས་སྦྱང་པ་ཡིན་ལ། འདིར་རང་སྣང་སྟོང་པའི་རང་གཟུགས་ནངྃ་ལུས་ཀྱི་འཇིག་རྟེན་གྱི་འཁྲུལ་པ། འབྱུང་ལྔ་དག་པའི་དབྱིངས་ཕྱུག་ཡུམ་ལྔའི་ཐབས་ཀྱི་རྣལ་འབྱོར་ལ་གནད་དུ་བསྣུན་པས་རྣམ་མེད་སྟོང་ཉིད་ཀྱི་རང་གཟུགས་རྣམ་བཅས་བདེ་ཆེན་རྡུལ་བྲལ་མཁའ་ཁྱབ་ནམ་མཁའི་རྡོ་རྗེའི་ལང་ཚོ་སྒྲུབ་པས། གཞནྃ་དུ་དེ་ཁོ་ན་ཉིད་ཟུང་འཇུག་སྐྱེ་འཆིའི་ཟུག་རྔུ་ཀུན་བྲལ་ཡེ་ཤེས་ཀྱི་སྐུ་འོད་གསལ་བདེ་ཆེན་འཆི་མེད་རྟག་པའི་གོ་འཕང་སྒྲུབ་པའི་རྡོ་རྗེ་ནང་གི་རྣལ་འབྱོར་གྱི་མན་ངག་ཐུན་མིན་ཏེ། བསྒྲུབ་གཞི་ཕྲ་བའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་རིགས་དྲུག་གི་ཁྱབ་བདག་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་དུ་དག་ཅིང་གནས་པས་དོན་ལ་ཕྱི་ནང་གཞན་གསུམ་གཉིས་མེད་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོའི་ངེས་གསང་གཅིག་ཏུ་གནས་ཀྱང༌། དེའི་རང་མདངས་ཀུན་རྫོབ་སྣང་ངོའི་ཆ་ནས་ཁུ་རྡུལ་རླུང་གི་རྟེན་རྩ་གསུམ། རླུང་སེམས་འཇུག་པ་གཅིག་པས་སེམས་ཀྱི་རྟེན་ཀྱང་ཡིན་ལ། དེ་ལས་རགས་སྣང་ལུས་ངག་སེམས་གསུམ་རྩ་རླུང་ཐིག་ལེའི་ཆོས་གྲུབ་པས་སྒོ་གསུམ་གྱི་འཇིག་རྟེན་རང་བྱུང་བཀོད་པ་སྟེ། རྒྱུ་རྐྱེན་གྱི་རྟེན་འབྱུང་གཅིག་ཏུ་ཚོགས་པ་ལས་སྐྱེ་བ། དེ་སོ་སོར་གྱེས་པ་ལས་འཆི་བ་སྟེ་དར་གུད་སྣ་ཚོགས་འབྱུང་བས་ལས་ཉོན་གྱི་ཚོགས་བསྐྲུན་ཀྱང༌། མཆོག་དབང་གོང་མ་གསུམ་དང་འབྲེལ་བའི་ཟབ་ལམ་གྱི་བྱེད་བཅིང་གི་ཡེ་ཤེས་ཀྱིས་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པས། འཁྲུལ་པའི་རྩ་རླུང་ཁམས་ཀྱི་སྙིགས་མ་གློ་བུར་མེད་སྣང་གི་སྒྲིབ་པ་དབུ་མའི་སྦུབས་སུ་དག་ནས། ཁྱབ་བྱ་དྲུག་པའི་རིགས་ཀྱི་རྡོ་རྗེའི་གསང་བ་མི་ཟད་པའི་ཁམས་ལ་ཁྱབ་བྱེད་མཆོག་ཏུ་མི་འགྱུར་བདེ་ཆེན་གྱིས་ཡོངས་སུ་གང་བའི་ཟག་མེད་རྡོ་རྗེའི་སྲོག་ཆེན་པོ་སྒྲུབ་ནུས་པ་སྟེ། འཁྲུལ་སྣང་དེ་ཐམས་ཅད་ཀྱི་གཡོ་སྡུད་ནི་རླུང་ཁོ་ནས་བྱེད་པས་བརྟེན་པ་སེམས་ཀྱི་ཆོས་ཀྱང་རིག་རྩལ་རླུང་གིས་ཡུར་བ་ལས་སྣང་བ་ཇེ་རགས་སུ་ཤར་ནས་གཟུང་འཛིན་གྱི་གཉིས་རྟོག་གྲུབ་ཅིང༌། རྟེན་ལུས་ཀྱང་འཕེལ་འགྲིབ་ཀྱི་བྱ་བ་རླུང་གིས་བྱེད། ཕྱིའི་སྣོད་ཀྱི་འབྱུང་ལྔའི་ཆོ་འཕྲུལ་ཀྱང་རླུང་གིས་གཙོ་བོར་བསྐུལ་བ་ནི་གསོ་རིག་ལས་ནད་ཀྱི་སྣ་འདྲེན་རྗེས་གཅོད་ཐམས་ཅད་རླུང་ཡིན་པར་གསུངས་པ་ལྟ་བུ་སྟེ། དེས་ན་ཐོག་མར་ཀུན་གྱི་བྱེད་པོ་ཐབས་ཀྱིས་ལམ་དུ་གཞུག་པས་གཞན་རྣམས་ཞར་བྱུང་དུ་དག་པར་དགོངས་ནས་དམ་ཚིག་སྒྲོལ་མའི་རྣལ་འབྱོར་དང་པོར་བསྟན་པར་མངོན་ལ། སྐྱེ་འཆི་རང་མཚན་དུ་ཞེན་པའི་རྒྱུ་གང་ལས་བྱུང་ན་བདེན་འཛིན་ལས་བྱུང༌། བདེན་པར་འཛིན་ཡུལ་ནི་ལུས་ངག་སེམས་ཀྱི་ཚོགས་པ་སྟེ་དཔྱད་ན་ལུས་ནི་ཤ་རུས་ཁྲག་སོགས་གདོས་བཅས་བེམ་པོའི་ཆོས། ངག་ནི་རླུང་སེམས་ཀྱི་སྒྲ་གློ་བུར་དུ་སྣང་བ་རྔ་ཡི་སྒྲ་ལྟ་བུ། སེམས་ནི་རྟོག་པའི་ཕྲེང་བ་རིག་རིག་ཏུར་ཏུར་དུ་གཡོ་ཡང་དོན་ལ་གང་དུའང་མི་གནས་པ་རླུང་ལྟ་བུ་སྟེ། མདོར་ན་དེ་ཐམས་ཅད་སིལ་བུར་བསིལ་ན་གཅིག་ཀྱང་མ་གྲུབ་པར་གཏན་ལ་ཕེབས་པས་རྟེན་འབྱུང་གི་སྣང་ཆ་ཙམ་ལས་མེད་ན་འཛིན་ཡུལ་མ་དམིགས་པའི་འཛིན་པ་ཞིག་གང་ལས་འབྱུང༌། མ་བརྟགས་ཉམས་དགའ་སྒྱུ་མ་ཙམ་དུ་ངེས་ཤེས་ཀྱི་གདིང་མ་རྙེད་བར་དུ་དཔྱད། གདིང་རྙེད་པ་ན་དེ་གར་ཀློད་ཅིང་བཞག་པས་བདེན་གཉིས་ཟུང་འཇུག་གི་མྱོང་བ་བཅོས་མིན་རྒྱུད་ལ་སྐྱེས་པ་ནི། རྫོགས་རིམ་ཆོས་དྲུག་གི་སྐབས་སུ་བཤད་པའི་མདོ་དང་མཐུན་པ་མ་དག་པའི་སྒྱུ་ལུས་ཏེ། དེ་ལ་གོམས་ནས་ལུས་སེམས་ཀྱི་སྣང་བ་ཐམས་ཅད་རང་སེམས་ཀྱི་འདུ་བྱེད་བཀོད་པའི་ཆོ་འཕྲུལ། སེམས་དེའང་སྣང་སྟོང་གཉིས་མེད་ཡེ་ཤེས་ཀྱི་རོལ་པ་ཙམ་སྟེ། དེས་ན་སེམས་དངོས་མེད་ལ་སྐྱེ་ཤི་མེད་པའི་སྟོང་པའི་རང་མདངས་ལྷ་སྐུ་འཇའ་ཚོན་ལྟ་བུ་སྐད་ཅིག་གིས་གཟུགས་རྫོགས་པ། སྐྱེ་མཆེད་སོགས་གསལ་ཞིང་མ་འདྲེས་པ། གཅིག་གིས་ཀུན་ལ་ཁྱབ་པའི་ཁྱད་པར་སུམ་ལྡན་གྱི་སྐུ་དབུ་མའི་ཐིག་ལེ་བཅས་གསལ་ལ་རླུང་བཅུད་བསྡུ་བའི་དམིགས་པ་བུམ་ཅན་དང་སྦྲགས་པ་བརྒྱ། ལྔ་བཅུ། ཉེར་ལྔ་སོགས་གོམས་ཚད་དང་བསྟུན་ཏེ་སྒོམ་ཞིང་སྐབས་སུ་རླུང་གེགས་བྱུང་ན་གེགས་སེལ་གྱི་ཏིང་འཛིན་གཞུང་གསལ་ལྟར་དང༌། འོག་ནས་འབྱུང་བའི་ཨོཾ་ཏཱ་རེ་ཛྙཱ་ན་ཀརྨ་ཌཱ་ཀི་སོགས་ཀྱི་སྔགས་ཀྱང་བཟླ། ཐུན་མཚམས་ལ་ཡན་ལག་ལྔ་སྦྱོང་གི་འཁྲུལ་འཁོར་ཀྱང་བྱ་བ་ནི་ཐུན་མིན་སྔགས་དང་མཐུན་པ་དག་པའི་སྒྱུ་ལུས་སྒོམ་པའོ། །གཉིས་པ་དབྱིངས་ཕྱུག་ནམ་མཁའི་རྣལ་འབྱོར་གྱིས་སྣང་བའི་བདེན་ཞེན་བཤིག་པ་ནི། བོགས་འབྱིན་མེ་ལོང་དྭངས་པ་ལ༔སོགས་ནས། ལེའུ་སྟེ་བཅུ་གཉིས་པའོ༔ ཞེས་པ་སྟེ་དེ་ལ་བོགས་འབྱིན་གྱི་ཚུལ་དུ་གནས་ཁང་གི་ཕྱོགས་བཞིར་མེ་ལོང་ངམ་དྭངས་ཤེལ་བཞི་བཏགས་ལ། རང་ཉིད་ལྷ་ཡི་ཆ་བྱད་དུ་གནས་པས་དབུས་སུ་འདུག་པ་དང་ཕྱོགས་བཞིར་གཟུགས་འཆར་བ་ལ་ལྟ། གྲོགས་ཞིག་གིས་གཟུགས་བརྙན་འགའ་ཞིག་ལ་བཀུར་སྟི་དང་མཆོད་པ་ཕུལ། འགའ་ཞིག་གིས་བརྡུང་བརྡེག་དང་མི་སྙན་པ་བརྗོད་དུ་བཅུག་ལ་དཔྱད། མེ་ལོང་གི་གཟུགས་ནི་སྣང་ཙམ་ལས་ཕྱི་ནང་གང་ནའང་མེད། དེ་ལ་མཆོད་པས་དགའ་བ་དང༌། བརྡེག་བཙོག་གིས་མི་དགའ་བའི་རེ་དོགས་ཅི་ཡང་མེད་དེ་ཐམས་ཅད་བར་སྣང་ལ་བྱས་པ་དང་མཚུངས། བཟང་ངན་གྱི་ཕན་གནོད་མེད་པའི་གནད་ནི་གཟུགས་སྟོང་ཉིད་ཡིན་པས་ཏེ་ཕན་ཡུལ་མ་གྲུབ་ན་ཕན་པའི་བྱ་བ་གང་དུ་བྱེད། མ་བརྟགས་པ་ཙམ་ལས་རང་གི་ལུས་སེམས་ཀྱང་དེ་དང་མཚུངས་ཏེ་སེམས་ཀྱི་མེ་ལོང་ལ་བག་ཆགས་ཀྱི་གཟུགས་བརྙན་འཆར་བ་ཙམ་ལས་དོན་དུ་གྲུབ་པ་མེད་པའི་སྟོང་ཉིད་ཡིན། བག་ཆགས་ནི་འཁྲུལ་སྣང་ཉིད་ལས་གཞན་དུ་མ་མཆིས། འཁྲུལ་སྣང་ལ་བདེན་པར་འཛིན་མཁན་སུ་ཡོད། དེ་ལ་རེ་དོགས་ཀྱིས་བཅིངས་པས་ཅི་བྱ་སྙམ་དུ་དཔེ་དོན་བསྲེས་ལ་ཡང་ཡང་དཔྱད། ཡང་མི་སྡུག་པའི་ཆས་སུ་བྱས་ལ་སྔ་མ་བཞིན་སྒོམས། གཟུགས་གཅིག་ལ་རྐྱེན་གྱིས་བསྒྱུར་བས་དུ་མར་སྣང་བ་འདི་ལྟ་བུའི་ཕྱིར་ལུས་སེམས་ཀྱི་ཕུང་པོ་དུ་མ་ཚོགས་པ་ལ་སྣ་ཚོགས་སུ་ཤར་བ་ལྟ་ཅི་སྨོས། འདི་དག་གི་རྗེས་སུ་མི་འབྲང་བར་འཁྲུལ་པའི་རྫུན་ཕུག་རིག་པར་བྱས་ཏེ་དཔྱད་སྒོམ་གྱིས་ངེས་ཤེས་འདྲོངས་པར་བྱ། སྟོང་ཉམས་སྐྱེས་པ་དང་ཕྱིའི་ནམ་མཁའ། ནང་གི་སེམས། བར་གྱི་སྣང་བ་བཅས་གཅིག་ཏུ་བསྲེས་ལ་མིག་བར་སྣང་ལ་གཏད་དེ་ཨ་ཞེས་འཇམ་ལ་སྙན་ཞིང་ཧ་ཅང་མི་གསལ་བའི་བཟླས་པ་དང་བཅས་བར་རླུང་བཟུང༌། གོམས་པའི་རྟགས་བྱུང་བ་དང་སྒྱུ་ལུས་སེམས་ཀྱི་ཚོགས་པ་འདུ་འབྲལ་ལས་འབྲས་བུ་སྐྱེ་ཤི་ཞེས་སྣང་ཡང་གཞི་མ་གྲུབ་ན་དེ་ལ་བརྟེན་པའི་ཁྱད་ཆོས་ཤིག་ཅིས་འགྲུབ། དེས་ན་ཀུན་བཏགས་ཀྱི་བློས་བཏགས་པ་ཙམ་དུ་ཤེས་པས་ལྟ་བའི་གདེང་བསྐྱེད་དེ་ནམ་མཁའ་ལ་འབྱུང་བཞིས་ཕན་གནོད་བྲལ་བ་བཞིན་ལུས་སེམས་ལ་སྐྱེ་འཆིས་མི་ཚུགས་པའི་གདེང་བསྐྱེད། ངེས་དོན་དབྱིངས་ཕྱུག་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཀྱི་ཀློང་དུ་མཉམ་པར་བཞག་པས་སྟོང་བཞིའི་ཉམས་དྲངས་ཏེ་དེའི་ཉེར་ཐོབ་འོད་གསལ་ལས་རླུང་སེམས་ཀྱི་ལྷ་སྐུར་ལྡང་ནུས་པའི་མཐུས་གནས་སྐབས་སུ་ལུས་ཡངས་ཤེས་པ་གསལ་བ་སོགས་དང༌། མཐར་ཐུག་ཕྱི་ནང་གི་འབྱུང་བ་གཅིག་ཏུ་འདྲེས་ཏེ་རི་བྲག་ཟང་ཐལ། མངོན་ཤེས་འཆར་བ་སོགས་འབྱུང་བ་ནི་སྦས་དོན་གྱི་སྒྱུ་ལུས། མཐར་གྱིས་ཆོས་བརྒྱད་ཀྱི་འཁྲུལ་རྟོག་མཐའ་དག་ཞི་སྟེ་མི་སློབ་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་གྲུབ་པས་སྣང་སྤྱོད་འོད་གསལ་སྒྱུ་མའི་རོལ་རྩེད་དུ་ཤར་བ་མཐར་ཐུག་གི་སྒྱུ་ལུས་ཞེས་གསུངས་པ་སྟེ། འདི་ལ་གཅིག་ཏུ་གོམས་པས་ཕུང་པོའི་བདུད་ཀྱིས་མི་ཚུགས་པ་ཟག་མེད་འོད་གསལ་གྱི་རྡོ་རྗེའི་སྲོག་འགྲུབ་པའི་ཨུ་པ་དེ་ཤའོ། །གཉིས་པ་བདེ་ཆེན་ལོངས་སྐུའི་རྩལ་སྦྱོང་ལ། གོས་དཀར་འབར་བའི་ཏིང་འཛིན་གྱིས་བདེ་དྲོད་ཀྱི་སྟོབས་བསྐྱེད། མཱ་ཀི་ཞུ་བདེའི་ཐབས་ཀྱིས་དགའ་བཞིའི་ཉམས་སྦྱར་བའོ། །དང་པོ་ནི། ལུས་ནི་རྣམ་སྣང་ཆོས་བདུན་གྱི༔སོགས་ནས། ལེའུ་སྟེ་བཅུ་གསུམ་པའོ༔ ཞེས་པ་སྟེ་སྤྱིར་ལུས་ཀྱི་ཁམས་ཐམས་ཅད་ཁུ་རྡུལ་མུན་གསུམ་དུ་འདུ་བ་ལས། དེ་ནི་ཕ་མ་ལས་ཐོབ་པའི་ཁམས་དཀའ་དམར་གྱི་ཐིག་ལེ་ལུས་ཀྱི་དྭངས་མ་ཐམས་ཅད་ཀྱི་བདག་པོ། དབུ་མའི་ཆ་ལ་བརྟེན་པ། རྣམ་ཤེས་ཀྱི་རྟེན་བྱེད་པ་དེ་ལས་དྭངས་སྙིགས་གཉིས་སུ་གྱུར་ཏེ་མངལ་དུ་མ་ཡི་རྩ་དང་འབྲེལ་བས་བསྐྱེད། བཙས་ནས་བཟའ་བཏུང་མྱང་བ་དང༌། མཁྲིས་པས་མདོག་འགྱུར། མེ་མཉམ་ཀྱིས་བཞུ་བ་སྟེ་མེ་དྲོད་གསུམ་གྱིས་སྦར་བཞུ་མྱངས་པས་དྭངས་མ་མཆིན་པར་ཁྲག །རྩ་ལ་བརྒྱུད་ནས་དེ་ཤ། ཚིལ་སོགས་དང༌། སྙིགས་མ་དྲི་ཆེན། མཁྲིས་པ་སོགས་དང་བཅས་ལུས་ཟུངས་བདུན་ཞེས་གྲགས། དེ་དག་གི་རྣམ་དབྱེ་སྤྱི་བོ་མི་ཕྱེད་མ་ནས་སོ་སེན་སོགས་ཁམས་ཉི་ཤུ་རྩ་བཞི། དེ་རེ་རེ་ལའང་ཐིམ་ལོངས་བདག་པོ་གསུམ་གྱིས་ཕྱེ་བས་ཁམས་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་སྟོང་ཕྲག་བདུན་བཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་སོགས་རྩ་ཇི་སྙེད་རླུང༌། རླུང་ཇི་སྙེད་ཐིག་ལེས་ཁྱབ་ཅིང༌། ནང་གི་ཆགས་སྡང་རྨོངས་གསུམ། རང་བཞིན་བརྒྱད་ཅུའི་རྟོག་པ། དེས་ལས་བསགས་ནས་འཁོར་བའི་འཁྲུལ་སྣང་སྣ་ཚོགས་པ་འབྱུང༌། དེ་དག་འཕོ་མེད་དུ་བཅིངས་པས་འཁོར་བ་ལྡོག་ཅིང་ཡང་དག་པའི་ལམ་དུ་འགྲོ་བས་ཐོག་མར་གནད་དུ་བསྣུན་བྱ་དཔེར་ན་འཇིག་རྟེན་དུ་སྣོད་བཅུད་ཀྱི་དྭངས་མའི་སྲོག་ཐམས་ཅད་མེ་ཡིས་སྡུད་ཅིང་སྨིན་པར་བྱེད་པ་ལྟར་འདིར་ཡང་ནང་གི་རྡོ་རྗེ་གཏུམ་མོའི་མེ་སྦར་བ་སྟེ། ངོ་བོ་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་ནང་གི་རྣལ་འབྱོར་མ་སྦས་པའི་རང་གཟུགས་ཀྱི་དཔྱིད། ངེས་ཚིག་ཙཎྜ་ལིའི་སྒྲ་ལས་གཏུམ་པའམ་ཟ་བ་མོ་སྟེ་གང་ལ་བསྣུན་པས་ཕུང་ཁམས་ཀྱི་མ་དག་པ་འཇོམས་ཤིང་རྣམ་རྟོག་དང་ཉོན་མོངས་བསྲེག་པ། གནས་ཚུལ་ཀུན་རྫོབ་ཐིག་ལེའི་དམར་ཆ། དབྱིབས་ཨ་ཤད། ཁ་དོག་དམར་ལ་རེག་བྱ་ཚ་བ་ངོ་བོ་སྟོང་པ་བདེ་བའི་རང་བཞིན་ཀུན་རྫོབ་ཐིག་ལེ་དོན་དམ་ཡེ་ཤེས་སུ་གནས་པ་གང༌། སྦར་བྱེད་བུམ་ཅན་སོགས་རླུང་གིས་བསྐུལ་བས་དབུ་མའི་སྦུབས་ལམ་དུ་ཞུགས་ཏེ་འཁོར་ལོ་བཞིར་རྩ་ཐིག་ཁ་སྦྱོར་གྱི་ལྷ་ལ་ཕུལ་བས། དབྱེ་བ་འབར་བ་དྲོད། ཞུ་བ་བདེ་བ། འདྲེས་པ་ཡེ་ཤེས་ཀྱི་གཏུམ་མོ་གསུམ་དབུ་མར་ཞུགས་གནས་ཐིམ་པས་འབར་བ་ཆུང་འབྲིང་ཆེ་གསུམ་དུ་མཆེད་དེ་སྣོད་བཅུད་མེ་ཡི་དཀྱིལ་འཁོར་དུ་ཆེ་བསྐྱེད་ཆུང་བསྐྱེད་གཞུང་ལྟར་བསྒོམ་ཞིང་སྐབས་སུ་སྔགས་ཀྱང་བཟླས་པས་ཕྱི་ཡི་སྣང་བའི་དངོས་འཛིན་བཤིག །ནང་གི་རྩ་རླུང་ཐིག་ལེའི་སྙིགས་མ་དག་ཅིང་དྭངས་མ་རྒྱས་པས་རྡོ་རྗེའི་ལང་ཚོ་སྒྲུབ་པའི་ཐབས་རྨད་དུ་བྱུང་བའོ། །གཉིས་པ་ནི། བདེ་བའི་སྟན་ལ་ལུས་བསྲང་སྟེ༔སོགས་ནས། ལེའུ་སྟེ་བཅུ་བཞི་པའོ༔ ཞེས་པ་སྟེ་འཇིག་རྟེན་ན་ཕྱི་ནང་གི་དཔལ་གང་ཡང་དྲོད་གཤེར་འཛོམས་པས་བསྐྱེད་ནུས་པ་ལྟར། འདིར་ཡང་ཕྱི་རྡོ་རྗེའི་ཚེ་དང་ལང་ཚོ། ནང་བདེ་སྟོང་གི་ཏིང་འཛིན། གསང་བ་ལྷན་སྐྱེས་ཀྱི་ཡེ་ཤེས་རྣམས་གང་བསྐྱེད་ཀྱང་འབར་འཛག་གཉིས་ཀའི་བྱེད་བཅིངས་ཚོགས་དགོས་ཤིང༌། དེར་མ་ཟད་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་དེ་ཉིད་ཟུང་དུ་མ་འཇུག་ན་ལམ་ཡ་བྲལ་གྱིས་རྩལ་རྫོགས་མི་ནུས་པས་འབར་བའི་དམིགས་པ་གོང་ལྟར་གསལ་བས་ལྟེ་བའི་མེ་སྤྱི་བོའི་ཧཾ་ལ་རེག །བདེ་བའི་རྒྱུན་ཐིག་ལེ་བ་ཐག་ལྟར་འཛག་པ་ལྟེ་བའི་གཏུམ་མོ་ལ་ཐིམ། སྡོང་རྩ་མར་ཁུས་བརླན་པ་ལྟར་གསོས་ནས་མེ་ཆེས་ཆེར་འབར་བྱང་སེམས་བསྐུལ་བའི་བདེ་བ་དང་འདྲེས། འཁོར་ལོ་བཞི་ནས་རིམ་པར་མཆེད། ལུས་རྩ་ཕྲ་མོའི་ཁམས་ཐམས་ཅད་ཁྱབ། དྲོད་དང་བདེ་བས་གང་བ་རང་རིག་གི་ངོ་བོར་རོ་མཉམ་དུ་ཤེས་ནས་རྩལ་སྦྱངས། ཞུ་བདེ་སྟོབས་སུ་གྱུར་པའི་བདེ་བའི་ཟིལ་གྱིས་སྣོད་བཅུད་དྭངས་མར་བཞུ་སྟེ་རང་གི་སྒོ་གསུམ་ལ་རེག་པས་མཱ་མ་ཀིའི་སྐུ་རུ་གསལ་ཏེ། མན་ངག་ཡིད་དང་འགོག་པའི་བཟླས་པ་ལ་བརྩོན་ཞིང༌། གེགས་སེལ་ཀྱང་དགོས་པའི་དུས་སུ་གནད་ལ་བརྡེག་པས་ཉོན་མོངས་ཀྱི་རྩ་བ་ཆགས་སྡང་གཉིས་ཡིན་ཞིང༌། དེ་ཉིད་དག་པ་བདེ་སྟོང་གི་རྣམ་པ་མཚུངས་ཤིང་ངོ་བོ་ཡེ་ཤེས་སུ་དག་པའི་ལམ་བྱེད་ཐབས་ཟབ་མོས་ཉོན་མོངས་པའི་བདུད་འཇོམས་ཤིང༌། བདེ་སྟོང་གི་ཡེ་ཤེས་ཀྱི་མྱོང་བ་ཁྱད་པར་ཅན་བསྐྱེད་པའོ། །གསུམ་པ་གསལ་སྟོང་སྤྲུལ་སྐུའི་བོགས་འབྱིན་ལ། སྤྱན་མ་ཟུང་འཇུག་གི་ཏིང་འཛིན་གྱིས་རྡོ་རྗེའི་སྲོག་སྒྲུབ་པ་དང༌། སྙིང་དབུས་ཐིག་ལེའི་སེམས་འཛིན་གྱིས་ཁམས་ལྔའི་བླ་ཚེ་གསོ་བ། ཡན་ལག་ཁ་སྦྱོར་བསྲེ་ཕོའི་ལམ་གྱི་སྤྱི་ཆིངས་བཤད་པས་མཇུག་བསྡུ་བའོ། །དང་པོ་ནི། དེ་ལྟར་འབར་དང་འཛག་པ་ཡི༔སོགས་ནས། པུཥྚིཾ་ཀུ་རུ་ཨོཾ༔ ཞེས་པ་སྟེ་སྔར་ཞུ་བདེས་དྲངས་པའི་བདེ་སྟོང་དེ་གཉིས་ཀྱང་རྣམ་པའི་བཞག་ཚུལ་ཙམ་ལས་དོན་ལ་གཉིས་སུ་མེད་པ་ཟུང་འཇུག་གི་ཡེ་ཤེས་ཏེ། བདེ་ཆེན་དེས་ཀུན་ནས་གང་བའི་རྣམ་བཅས་གཟུགས་སྐུ་ཟག་མེད་མཚན་དཔེས་བརྒྱན་པའི་ཕྱག་རྒྱའི་མཆོག་སྒྲུབ་པའི་རྣལ་འབྱོར་ནི་སྔར་ལྟར་འབར་འཛག་གིས་དཀར་དམར་ཐིག་ལེའི་རྒྱུན་གཅིག་ཏུ་འདྲེས་པའི་བདུད་རྩིས་ལུས་ཀྱི་ཁྱོན་ཐམས་ཅད་ཁྱབ་ཅིང་འཕོས་པ་ཙམ་གྱིས་ལྕགས་ལ་གསེར་རྩིས་ཐེབས་པ་བཞིན་དག་པ་ཡེ་ཤེས་འོད་ཀྱི་ལུས་འཁོར་ལོ་ལྔ་དང་བཅས་པར་ལམ་གྱིས་བསྒྱུར་བའི་གནས་ལྔར་མི་ཤིགས་ཐིག་ལེ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་རིགས་ལྔ་ཚེ་དཔག་མེད་སྟངས་དཔྱལ་གྱི་སྐུ་ཡི་བདེ་བའི་གཟི་བྱིན་རབ་ཏུ་རྒྱས་པས་འཇིག་རྟེན་ཀུན་ལ་ཁྱབ་སྟེ་སྣང་ཆ་ཐབས་བདེ་བ་ཆེན་པོ་པདྨ་ཧེ་རུ་ཀ་དང༌། སྟོང་ཆ་ཤེས་རབ་དཔའ་མོ་ཚེ་ཡི་དབྱིངས་ཕྱུག་ཡབ་ཡུམ་ཁོ་ནའི་ཡེ་ཤེས་གཅིག་གི་རང་མདངས་སུ་གྱུར་པའི་ཨ་བ་དྷཱུ་ཏིའི་དཀྱིལ་འཁོར་རང་བྱུང་ལྷུན་གྱིས་གྲུབ་པར་སྣང་སྲིད་གཞིར་བཞེངས་སུ་སད་པས་ཕྱི་ལུས་ཀྱི་ཕུང་པོ་དམ་ཚིག་སེམས་དཔའ། ནང་དྭངས་མའི་ཐིག་ལེ་ཏིང་འཛིན་སེམས་དཔའ། དེ་ཐམས་ཅད་ཀྱི་ཁྱབ་བྱེད་རིག་པ་ཡེ་ཤེས་སེམས་དཔའ་གསུམ་པོ་གདོད་ནས་དབྱེར་མེད་དུ་ཡིན་པ་ལ་ཡིན་ལུགས་ངོ་ཤེས་པའི་ང་རྒྱལ་གྱིས་གསལ་སྣང་ཁྱད་པར་ཅན་སྒྲུབས། མཐར་ཀུན་ཀྱང་གནས་ལྔའི་ལྷ་ལ་བསྡུས་ནས་མི་ཤིགས་རྡོ་རྗེའི་སྲོག་གི་བཅུད་དུ་རྒྱས་གདབ་པའི་སྤྲོ་བསྡུ་བཅས་སྔགས་ཉིད་བཟླ་བའོ། །སྤྱིར་ཐིག་ལེ་ལ་རྣམ་ཤེས་དང་ཡེ་ཤེས་ཀྱི་ཐིག་ལེ་གཉིས་ལས་སྔ་མ་ལ་རླུང་སྔགས་རྫས་ཀྱི་ཐིག་ལེ་གསུམ་ལས་རྫས་ཀྱི་ཐིག་ལེ་གནས་ལྔར་བསྒོམས་པས་བླ་ཚེ་གསོ་བ་སྟེ། དེ་ཡང་ཆུ་ཁམས་ཉམས་ཆེ་ན་སྤྱི་བོ། མེ་ཁམས་ཉམས་ན་མགྲིན་པས་མཚོན་འབྱུང་བ་དེ་དང་དེ་སྤྲོ་བསྡུ་གཙོ་བོར་བྱ་ཞིང༌། དེའི་དྭངས་མའི་འོད་ཀྱིས་ལུས་གནས་ཐམས་ཅད་ཁྱབ་པར་སྒོམ་པ་མན་ངག་ཡིན་ནོ། །གཉིས་པ་ནི། ལུས་གནས་སྲོག་གི་དྭངས་མའི་ཆ༔སོགས་ནས། ལེའུ་སྟེ་བཅོ་ལྔ་པའོ༔ ཞེས་པ་སྟེ་ལུས་ཟུངས་ཐིག་ལེའི་ཆ་ལ་ཡེ་ཤེས་དང་རྣམ་ཤེས་སུ་འབྲེལ་བ་གཉིས་ལས་ལུས་ཀྱི་ནུས་པའམ་ངོ་བོ་ཉིད་དུ་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཕོ་སྟེ་གནས་པ་བླ་གནས་ནི་རྣམ་ཤེས་དང་འབྲེལ་བ་ཡིན་ལ། དེ་ལ་དྭངས་མ་བསྡུ་བསྟིམ་བྱས་པས་ལང་ཚོའི་དཔལ་བསྐྱེད་པས་དེ་ཡི་ཏིང་འཛིན་ནི་སྙིང་དབུས་ཉི་ཟླའི་གྭ་འུར་ཧྲཱིཿདམར་གསལ། ལུས་ཀྱི་རྐང་པའི་སོར་ཚིགས་ཨ། བོལ་ཨཱ། ཉྭ་ཨི། ལོང་བུ་ཨཱི། པུས་མོ་ཨུ། དཔྱི་ཨཱུ། ལག་སོར་རྀ། རྩིབ་ལོགས་རཱྀ། མཁྲིག་མ་ལྀ། གྲུ་མོ་ལཱྀ། དཔུང་མགོ་ཨེ། མགྲིན་པ་ཨཻ། མཚོག་མ་ཨོ། དཔྲལ་བ་ཨཽ། ལྟག་པ་ཨཾ། སྐེ་ཨཱཿ སྙིང་ག་ཨི། དཔུང་ཚིག་ཨཱི། དཔུང་མགོ་ཨུ། རྩིབ་ལོགས་ཨཱུ། སོར་ཚིགས་རྀ། བརླ་རཱྀ། དཔྱི་རུས་ལྀ། པུས་མོ་ལཱྀ། ལོང་བུ་ཨེ། ལོང་ཚིགས་ཨཻ། ངར་གདོང་ཨོ། རྐང་མཐིལ་ཨཽ་རྣམས་སུ་ཕོ་གཡས་བསྐོར། མོ་གཡོན་བསྐོར་གྱིས་རྐང་པའི་སོར་ཚིགས་ནས་བརྩམ་ཏེ་ཨ། ཨཱ་སོགས་དབྱངས་ཡིག་བཅུ་དྲུག །སྤྱི་བོ་ཨཾ། རྐང་མཐིལ་ཨཿ རུ་བསྒོམས་ནས་དཔྱད་པའི་སྲིད་ཞིའི་དྭངས་བཅུད་བསྡུ་བསྟིམ་བྱས་པས་ཡིག་འབྲུ་རྣམས་གཟི་བྱིན་ལྷག་པར་རྒྱས། དེ་ལས་བྱུང་བའི་བདུད་རྩིས་ལུས་གང་སྟེ་བཅུ་དྲུག་ལང་ཚོའི་དཔལ་དང་ལྡན་པར་མོས་ལ་བུམ་ཅན་དང་སྦྲགས་ཏེ་བསྒོམ་པའོ། །གསུམ་པ་ལ་བསྲེ་ཕོའི་གནད་དངོས་དང༌། ལམ་གྱི་ཡན་ལག་གཉིས་ལས། དང་པོ་ནི། ཡང་ན་དམིགས་པའི་མདེའུ་ཁ་ནི༔སོགས་ནས། ལེའུ་སྟེ་བཅུ་དྲུག་པའོ༔ ཞེས་པ་སྟེ་བདེ་སྟོང་གི་ཏིང་འཛིན་རྩལ་སྦྱང་བའི་ཕྱིར་གནས་ལྔར་རླུང་གི་ཐིག་ལེ་ཁ་དོག་ལྔ་གསལ་ཞིང་འགུལ་འཕྲིགས་དངུལ་ཆུའི་གོང་བུ་ལྟ་བུར་གསལ། རླུང་དུག་དབྱུང་རྗེས་བུམ་པ་ཅན་བཟུང་བའི་སྐབས་གནས་ལྔའི་ཐིག་ལེའི་འོད་ཀྱིས་ཤ་ཁྲག་རུས་པ་སོགས་གདོས་བཅས་ནད་གདོན་བགེགས། ཁྱད་པར་གཟུང་འཛིན་ཉོན་མོངས་ཀྱི་རྟོག་པ་ཆ་དང་བཅས་པ་སྦྱངས། གནས་ལྔའི་ཐིག་ལེ་ལས་ཡེ་ཤེས་ལྔ་ཡི་རང་བཞིན་དབྱངས་གསལ་དཀར་དམར་འོད་ལྔའི་མདངས་ཅན་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་པས་རང་སྒྲ་འུ་རུ་རུ་འགུལ་འཕྲིགས་ཅན་གྱིས་ལུས་ཐམས་ཅད་མེར་གྱིས་ཁེངས། ཉོན་མོངས་ཆ་དང་བཅས་པ་སྦྱངས། གཟུངས་དྲན་མངོན་ཤེས་ཚེ་དང་ལང་ཚོ་སོགས་ཡོན་ཏན་ཐམས་ཅད་རྒྱས་པར་མོས་ལ་རླུང་སེམས་བསྲེ་ཞིང་གནས་ལྔའི་ཐིག་ལེ་ལ་རིག་པ་གཏད་དེ་སྔགས་བཟླ། དེ་ནི་གསལ་སྟོང་རླུང་གི་བོགས་འབྱིན་ནོ། །དེས་རླུང་ཤས་ཆེ་ན་རླུང་ནད་ལྡང་བ་སོགས་ཀྱི་སྐྱོན་བྱུང་བ་དང༌། མིན་ཀྱང་སྐབས་སུ་ཡང་དམིགས་པའི་ཁྱད་པར་གནས་ལྔའི་ཐིག་ལེ་ལས་བདེ་བའི་འོད་ཟེར་དམར་སེར་ལི་ཁྲིའི་ཉིང་ཁུ་ལྟ་བུ་སྣུམ་གཤེར་དང་ལྡན་པ་མར་ཁུའི་ཐིག་པ་བཞིན་བྱུང༌། ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས་པས་སྣུམ་ལྕིག་གིས་སོང་སྟེ་ལྷན་ནེར་གནས། གཡོ་བྱེད་ཀྱི་རླུང་གི་སྒོ་ལྟེམ་མེར་བཀག །ལུས་ཀྱང་སྙུག་དོང་མར་ཁུས་བཀང་བ་བཞིན་བདེ་དྲོད་ཀྱི་ཉམས་དང་བཅས་ཏེ་གནས་པར་བསམ་ལ་རླུང་ལྟེ་འོག་ཏུ་མནན། རིག་པ་དེ་ལ་གཅུན་ཏེ་རླུང་སེམས་བསྲེས་པས་ལྗོན་ཤིང་གི་རྩ་བར་ཆུ་ཡིས་བྲན་པའམ་མེ་ཏོག་ཆར་གྱིས་སིམ་པ་བཞིན་རྩ་རླུང་ཐིག་ལེའི་ཁམས་ཉམས་པ་ཐམས་ཅད་གསོས། སྟོབས་རྒྱས། ཡོན་ཏན་འཕེལ། མཉེན་ལྕུག་གི་དཔལ་དང་ལྡན་པར་བསམ་སྟེ་ངང་བསྐྱང་བ་ནི་བདེ་སྟོང་མི་འགྱུར་བའི་ཐིག་ལེའི་བོགས་འབྱིན་ནོ། །དེའི་ཚེའང་བྱིངས་པའི་ཉམས་བྱུང་ན་གེགས་སེལ་ནི། སྙིང་གི་རྩ་འཁོར་དབུས་སུ་ཨ་ཡིག་དཀར་གསལ་སྒོམ་པའི་འོད་ལྔ་ལྡན་གྱིས་ལུས་གང༌། རླུང་སེམས་ཐིག་ལེ་རྩ་དང་བཅས་པའི་མཚོན་སྣོད་བཅུད་ཐམས་ཅད་ལ་ཕོག །ལན་ཚྭ་ཆུར་ཞུ་བ་བཞིན་སིབ་སིབ་ཐིམ་ནས་ལུས་ལ་ཐིམ། ལུས་ཀྱང་འོད་དུ་འདྲིལ་ཏེ་སྙིང་ནང་གི་ཐིག་ལེར་འདུས། ཨ་ཡང་བར་སྣང་དུ་ལིང་ངེར་གནས་པ་ལ་སེམས་བཟུང་མ་ཐག་འཇའ་ལྟར་ཡལ་རྗེས་སྟོང་རིག་གི་ངང་བསྐྱང༌། རྟོག་པ་འཕྲོ་བར་བརྩམ་པ་ན་ཨ་ཞེས་དྲག་ཏུ་བརྗོད་ལ་མིག་བར་སྣང་དུ་གཟིར། རླུང་སེམས་བསྲེས་ལ་བུམ་ཅན་བཟུང་བས་སྣང་བའི་བདེན་འཛིན་ཞིག །སྲིད་པའི་འཁྲུལ་ཤེས་ཡལ། མི་རྟོག་ཆོས་སྐུའི་དབྱིངས་སུ་བཙན་ས་འཛིན་པའི་མན་ངག་སྟེ་སྒོམས། བྱད་ཕུར་དང་གདོན་བགེགས་ཀྱི་འཚུབ་ལྟས་ཆེ་ན་སྔར་ལྟར་ལ་དམིགས་པའི་ཁྱད་པར། སྙིང་གའི་ཨ་ཡི་འོད་ཀྱིས་གདོན་བགེགས། བྱད་ཕུར་སོགས་འགལ་རྐྱེན་གང་ཡིན་ལ་ཕོག་པས་སྟོང་ཉིད་དུ་སངས་ཀྱིས་དག །གནོད་བྱ་གནོད་བྱེད་ཀྱི་མཚོན་པའི་ཆོས་ཀུན་སྟོང་པ་གཅིག་ཏུ་ཤར་བ་ལ་སུ་དང་གང་གིས་གནོད། གཉིས་མེད་ཆོས་སྐུ་ཀ་དག་ངེས་དོན་དབུ་མའི་སྦུབས་སམ་དབྱིངས་སུ་དག་པར་ལྟ་བའི་གདེང་བསྐྱེད་ལ་ཨ་ཞེས་གླུ་དལ་བུས་ལེན་ཅིང་དབྱིངས་རིག་བསྲེ། རྩ་རླུང་ཐིག་ལེའི་རྐྱེན་གང་ལ་ཡང་འོད་ཀྱིས་སྟོང་པར་སྦྱངས་པར་བསམ་པས་གེགས་སེལ་ཁྱད་པར་ཅན་ཏེ་དེ་ནི་མི་རྟོག་ཨ་ཝ་དྷཱུ་ཏིའི་རྩ་ཡི་བོགས་འབྱིན་ནོ། །འདི་དག་གི་ཚེ་གསལ་སྟོང་གི་བོགས་འབྱིན་སྐབས་ལུས་སྦྱང༌། བདེ་སྟོང་གི་སྐབས་ཐེམས་བུ། མི་རྟོག་པའི་སྐབས་བྲབ་གཞིལ་གྱི་འཁྲུལ་འཁོར་གཙོ་བོར་གནད་དུ་བསྣུན་པའང་གཅེས་སོ། །གཉིས་པ་ནི། དེ་ལྟར་བདེ་གསལ་མི་རྟོག་པའི༔སོགས་ནས། ལེའུ་སྟེ་བཅུ་བདུན་པའོ༔ ཞེས་པ་སྟེ། རྡོ་རྗེའི་ཚེ་སྒྲུབ་པའི་སྙིང་པོ་སྐྱེ་འཆིའི་འཁྲུལ་སྣང་ཉིད་དག་དགོས་པ་ཡིན་ལ། དེས་ན་ད་ལྟ་ཉིན་སྣང་དང་མཚན་མོ་རྨི་ལམ། ནམ་ཞིག་སྐྱེ་བ་ཚེ་འདིའི་སྣང་བ་དང་འཆི་བ་བར་དོའི་སྣང་བ་རྣམས་དོན་གཅིག་པས་འདི་དག་གང་ལ་གནད་དུ་བསྣུན་ཀྱང་དོན་གྱི་བབས་སོ་གཅིག་ཏུ་དགོངས་ནས་བཀའ་གཏེར་རྣམས་ནས་རྨི་ལམ་དང་བར་དོའི་ལམ་ཁྱེར་མང་དུ་གསུངས་པ་གནད་དེའི་དབང་གིས་ཏེ་འདིར་ཡང་ཉིན་མཚན་གྱི་སྣང་བ་ལམ་ཁྱེར་ལ་བསྟེན་ནས་འཁྲུལ་སྣང་དག་པས་ངེས་དོན་གྱི་རྡོ་རྗེའི་ཚེ་སྒྲུབ་པའི་ཐབས་ཡན་ལག་གི་ཚུལ་དུ་བཤད་པ་སྟེ། སྤྱིར་བདག་བྱིན་རླབས་པའི་རིམ་པ་ལ་སྙིང་པོ་རྡོ་རྗེའི་ཆོས་དྲུག་ཏུ་གསུངས་པ་ལས། གནས་སྐབས་བཞི་ལས། སྙོམས་འཇུག་གི་འཕོ་བའི་སྒྲིབ་པ་སྦྱངས་ཤིང་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་པའི་ཕྱིར་སྟོང་ཉིད་ཀྱི་ཉམས་མྱོང་འདྲེན་པ་གཏུམ་མོ་ལམ་གྱི་གཞུང་ཤིང་དུ་བསྟན་པ་མཉམ་བཞག་གི་ཉམས་ལེན། དེའི་རྗེས་ཐོབ་སད་པའི་གནས་སྐབས་སྦྱང་ཕྱིར་སྒྱུ་ལུས། མཚན་མོའི་རྣལ་འབྱོར་གཉིད་འཐུག་སྦྱང་ཕྱིར་མཉམ་བཞག་གི་ཉམས་ལེན་འོད་གསལ། རྨི་ལམ་སྦྱང་བ་རྗེས་ཐོབ། དེའི་ཡན་ལག་ཏུ་ལམ་གྱི་བློ་ཆོད་བར་དོ་དང༌། བསུན་མ་འཕོ་བ་བཅས་བསྟན་པ་ལས། འདིར་དང་པོ་སྣང་ཆའི་བདེ་ཞེན་བཤིག་ཕྱིར་སྒྱུ་ལུས་ཀྱི་དཔྱད་སྒོམ་སྔོན་དུ་བསྒོམས་པས་ནི་གཏུམ་མོའི་སྐབས་སུ་སྟོང་ར་གསལ་བ་ལ་གནད་དུ་ཟབ་ཅིང་ཞར་བྱུང་མ་དག་པའི་སྒྱུ་ལུས་སོགས་སྒོམ་སླ་ཞིང༌། གཏུམ་མོའང་སྟོང་པའི་ཡེ་ཤེས་ཀྱི་རང་མདངས་སུ་ངེས་ཕྱིར་དངོས་ཞེན་བཤིག་པ་ལ་སྟོབས་ཆེ་བས་བསྐྱེད་རིམ་གྱི་ཐོག་མར་དེ་བཞིན་ཉིད་ཀྱི་ཏིང་འཛིན་གསུངས་པ་དང་མཚུངས་ལ། རྗེས་ཐོབ་ཀྱི་ཉམས་ལེན་སྔོན་དུ་བསྟན་པའང་མི་འགལ་ཏེ་སྣང་སྟོང་གི་ལམ་བྱེད་གཙོ་ཆེ་ཆུང་གི་དབྱེས་པ་ཙམ་ལས་དོན་གནད་ལྷན་སྐྱེས་ཀྱི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་གྱི་དེ་ཉིད་རྒྱུད་ལ་འདྲེན་པའི་ནུས་པ་གཅིག་པས་ཤེས་ལ། གང་ལྟར་ཡང་ཉིན་མཚན་སྐྱེ་འཆིའི་སྣང་བ་ཇི་སྙེད་འཁྲུལ་སྣང་གིས་སྒྲོ་བཏགས་ཁོ་ན་ལས་མ་འདས་པའི་གནས་ཚུལ་དངོས་འཆི་མེད་གཉུག་མ་མི་ཤིགས་རྟག་པ་དོན་གྱི་ཚེ་ཡི་དབྱིངས་ཉིད་ཡིན་པས་འཁྲུལ་པ་དེ་དག་ཕྱིར་རྩ་བ་དང་ཡན་ལག་གི་ལམ་དུ་མའི་ཐབས་ཀྱིས་གནད་དུ་བསྣུན་པས་དོན་གནད་གཅིག་ཏུ་འབབ་པར་ཤེས་པས་བསྒོམ་བྱ་དངོས་ལ་དང་པོ་རྨི་ལམ་གྱི་ལམ་ནི། ལུས་ཕྱི་ནང་གི་སྟོང་ར་གཏུམ་མོ་ལྟར་གསལ་བའི། གཉིད་འཐུག་འོད་གསལ་དུ་འཆར་མ་ནུས་པ་རླུང་རོ་རྐྱང་དུ་ཤོར་བ་མགྲིན་རྩར་བརྒྱུད་དེ་བག་ཆགས་ཀྱི་ལུས་ལ་ཉིང་འཁྲུལ་དུ་ཤར་བའི་གནད་ཀྱིས། མགྲིན་པའི་འཁོར་ལོའི་ལྟེ་བར་ཧྲཱིཿའདབ་བཞིར་ཧཱུྃ་སོགས་འབྲུ་བཞི་གསལ་ཏེ་གཉིད་དུ་ཕྱོགས་པ་དང་ཡི་གེ་རྣམས་ཨཱཿཨོཾ་ལ་འདུས་པས་མཚོན་གཅིག་ལ་གཅིག་ཐིམ་གྱིས་ཧྲཱིཿལ་འདུས། ཧྲཱིཿལས་འོད་ཀྱིས་ཐོ་ཕྱི་ཚུན་ཆད་ཁྱབ་པར་དམིགས་ལ་གཉིད་དུ་འགྲོ་བར་བྱ་ཞིང༌། རླུང་སེམས་དབུ་མར་བསྟིམས་ཏེ་ཉལ་བ་དང༌། ཉིན་པར་གྱི་སྣང་སྤྱོད་རྨི་ལམ་དུ་མོས་པའི་འདུན་པ་དྲག་པོས་ངོས་ཟིན་ཏེ་བརྟན་པ་བྱ། གཅིག་ལས་དུ་མ་དང༌། གང་འདུལ་སོགས་སྤྲུལ། དེའང་བརྟན་ནས་བསྒྱུར་སྤེལ་སྦྱང་ཞིང༌། རྩལ་རྫོགས་ནས་ཉིང་འཁྲུལ་སྟོང་པ་ཆེན་པོར་བསྡུ་ཞིང༌། སྙིང་རྗེ་སྒྱུ་མས་རླུང་སེམས་ལས་གྲུབ་པའི་ལྷ་སྐུ་ཕྱག་རྒྱ་གཅིག་སྤྲོས་སུ་བསྒོམ། མཁའ་ཁྱབ་ཀྱི་ཚོམ་བུ་སྤྲོ་ནུས་པའི་བར་རྩལ་སྦྱང༌། དེ་ཉིད་ཀྱི་མྱོང་བ་ཉིན་སྣང་དང་བསྲེས་ཏེ་ཐམས་ཅད་གཅིག་ཏུ་ཤེས་པས་བདེན་མེད་དུ་རྩལ་སྦྱང་ནན་དུ་བྱའོ། །སྤྱིར་བར་དོ་ལ་འཆི་ཁ་འོད་གསལ་གྱི་བར་དོ་ཡེ་ཤེས་གོང་འཕེལ་དང༌། བར་དོ་སྐུ་གསུམ་དུ་བསྲེ་བའི་གདམས་ངག་གཉིས་སུ་གསུངས་ཀྱང་སྐབས་འདིའི་བསྟན་བྱ་ཕྱི་མ་སྟེ་འཆི་ཁ་ལུགས་ལྡོག་གི་འོད་གསལ་ངོས་མ་ཟིན་པས་སྟོང་པ་ལས་ཉེར་ཐོབ་སོགས་སུ་ལྡང་ཞིང་རང་བཞིན་བརྒྱད་ཅུའི་རྟོག་པ་སྐྱེས་པའི་ཚེ་བར་དོའི་ཡིད་ལུས་མིང་གཞི་འདུས་པའི་ཕུང་པོར་གྲུབ་ནས་འཁྲུལ་སྣང་ལ་སྤྱོད་པའི་རླུང་སེམས་ཀྱི་སྣང་བ་ཡ་མ་ཟུང་དུ་འཆར་བ་གང༌། སྔར་གྱི་གདམས་ངག་གི་གནད་དྲན་པར་བྱས་ལ་འཁྲུལ་སྣང་བདེན་མེད་དུ་ཤེས་པས་ནང་གི་རིག་པ་མ་གཡོས་ན་ཕྱིའི་སྣང་བས་ཕན་གནོད་མི་ནུས་པའི་གནད་ཤེས་པའི་གདེང་གིས་སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀྱི་ངོ་བོར་བསྲེས་ཏེ་ཉམས་སུ་བླངས་པས་འཁྲུལ་སྣང་སྐད་ཅིག་ལ་གྲོལ་བའི་གདེང་རྙེད་དེ་འཇིགས་སྐྲག་སྡུག་བསྔལ་ཞི་བ་དང༌། གོམས་པ་མཆོག་ཏུ་བརྟན་པ་ཉིན་མཚན་གྱི་སྣང་བ་འདྲེས་པའི་འོད་གསལ་བཞིན་འདི་དང་བར་དོའི་འཁྲུལ་པ་གཉིས་མེད་དུ་དག་པས་རྡོ་རྗེ་ལྟ་བུའི་གོ་འཕང་ཀྱང་ཐོབ་པར་ནུས་སོ། །དེ་ལྟར་ཉིན་སྣང་གཏུམ་མོ་དང་སྒྱུ་ལུས། མཚན་སྣང་རྨི་ལམ་དང་བར་དོ་བསྲེ་བའི་ཉམས་ལེན་གྱིས་འཁོར་འདས་ཀྱི་ཆོས་ཀུན་རྩ་བ་གདོད་ནས་སྤྲོས་བྲལ་སྟོང་གསལ་གཞིར་གནས་ཀྱི་ཡེ་ཤེས་མྱོང་བ་བརྟན་པས། དུས་གནད་ཐོ་རེངས་ཀྱི་ཆར་གཉིད་སྲབ་པའི་སྐབས་ལུས་ཙོག་པུ། འདུན་པ་སྙིང་གར་དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་རྩེ་གཅིག་ཏུ་གཞུར་ནས་མཉམ་པར་བཞག་པའི་ངང་མནལ་ནས་སྔར་གྱི་ཉམས་མྱོང་ལ་གདེང་བསྐྱེད་པས། དབུ་མར་རླུང་སེམས་འདུས་པའི་དུ་བ་ལ་སོགས་པའི་རྟགས་སྣང་ཕྲ་མོ་དང༌། དཀར། དམར། ནག་ལམ་དང་བཅས་རྫོགས་ཏེ་གཞིར་གནས་ཀྱི་འོད་གསལ་འཆར་བའི་བར་སྟོང་བཞིའི་དེ་ཉིད་སོ་སོར་ངོས་ཟིན་པར་བྱས་ལ་ཅི་གནས་སུ་བསྐྱང༌། ཉམས་མྱོང་དེའི་རྒྱུན་ཉིན་མཚན་ཁ་སྦྱོར་དུ་དྲངས་པས་སྲབ་འཐུག་ཉམས་རྟོགས་ཀྱི་འོད་གསལ་རྣམས་རིམ་བཞིན་རང་དབང་ཐོབ་སྟེ་མཐར་ཐུག་དོན་གྱི་འོད་གསལ་ལ་སྦྱོར་ཞིང༌། འདི་དག་མཉམ་རྗེས་ཀྱི་ཉམས་ལེན་གྱིས་ཉིན་མཚན་གྱི་འཁྲུལ་སྣང་འོད་གསལ་གྱི་འཁོར་ལོར་འཆར་བར་བྱེད་པས་ཁ་སྦྱོར་གྱི་ལམ་ཞེས་བསྟན་པའོ། །གཉིས་པ་གཞན་ལུས་ཕོ་ཉའི་མྱུར་ལམ་བསྟན་པ་ལ། སྔོན་འགྲོ་བསྙེན་པ། དངོས་གཞི་ཉེ་བསྙེན་དང་སྒྲུབ་པ། རྗེས་སྒྲུབ་པ་ཆེན་པོའི་ཚུལ་དུ་བཤད་པའོ། །དང་པོ་རིག་མ་བརྟག་འགུགས་སྦྱང་གསུམ་ནི། ལས་ཀྱི་ཕྱག་རྒྱས་བོགས་དབྱུང་ན༔སོགས་ནས། ཡང་ཡང་གསོ༔ ཞེས་པ་སྟེ་འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་བྱིན་སྙིང་ལ་རྒྱས་པའི་ནུས་པས་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་ཀྱི་དྭངས་མ་སྟོབས་སུ་གྱུར་ཏེ་འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ་རྣམས་རྫས་སྔགས་ཀྱི་ནུས་པས་སྒྲུབ་པའི་ངལ་བ་ལ་མ་ལྟོས་པར་ནང་གི་རྣལ་འབྱོར་གྱི་བྱེད་པས་རྩོལ་མེད་དུ་འགྲུབ་ཅིང༌། ནུས་པའང་སྔ་མ་ལས་སྟོབས་ཆེ་བས་རྣལ་འབྱོར་དབང་ཕྱུག་ཐམས་ཅད་ལམ་ཕྱག་རྒྱའི་རྣལ་འབྱོར་དང་ལྡན་པར་ཚེ་ཡི་བརྒྱུད་བསྐུལ་སོགས་ལས་གསལ་བ་ལྟར་ཡིན་ལ། ཇི་ལྟར་བསྟེན་པའི་ཚུལ་དངོས་ལ། རང་བྱིན་རླབས་ཀྱི་ལམ་གྱིས་སྲོག་རྩོལ་སྒྲ་ཇི་བཞིན་དུ་འགྲུབ་པ་དང༌། འཕོ་མེད་ལ་གདེང་དུ་གྱུར་པས་མཚོན་ཉམས་རྟོགས་ཀྱི་རྩལ་ཁ་མཆེད་ཅིང་རྒྱས་པས་ལམ་འདི་ལ་འཇུག་པའི་གནད་ཤེས་པར་བྱས་ཏེ། གང་བསྟེན་བྱའི་ཡུལ་ལྷན་སྐྱེས། སྔགས་སྐྱེས། ཞིང་སྐྱེས་ཀྱི་ཌཱ་ཀི་མཆོག་ཡིན་ཀྱང་རྣལ་འབྱོར་དང་པོའི་རིགས་ཅན་གྱིས་རྙེད་དཀའ་ཞིང༌། ལས་སྐྱེས་ཀྱི་ཕྱག་རྒྱ་མི་མོ་མཚན་ལྡན་ལ་བསྟེན་པས་ཡོན་ཏན་དེ་དག་སྒྲུབ་ནུས་པའི་ཕྱིར་མཚན་ཉིད་རིགས་ཅན་ལྔར་གསུངས་པ་ལས་མཆོག་པདྨ་ཅན་ཏེ་དེ་ནི་ཤ་མདོག་དཀར་ལ་དམར་མདངས་ཤིན་ཏུ་ཆེ་བ། མཁུར་ཚོས་ཀྱི་མེ་ཏོག་སྨུག་ཐིག་གེས་བརྒྱན་པ། མིག་དཀྱུས་རིང་ཞིང་ཆེ་བ། མཛེས་ཤིང་སྙིང་དུ་སྡུག་པ་ནི་ཕྱི་རྟགས། ལྟེ་བ་ནས་གྱེན་འགྲེང་གི་རི་མོ་གསུམ་དང་ལྡན་པ་ནང་རྟགས། གསང་རྩ་པད་སྣ་ལྟར་ཕྲ་ཞིང་ཆུ་སྐྱེས་ཀྱིས་འབྱེད་འཛུམ་ནུས་པ། རྒྱུན་དུའམ་རེས་འགར་རཀྟ་འོ་མའི་མདོག་ཏུ་འབབ་པ་རྣམས་གསང་རྟགས་ཏེ་དེ་དང་ལྡན་ན་རུང་བ་དང༌། གཞན་ཡང་རི་མོ་ཅན་སོགས་རིགས་བཞི་གང་རུང་རང་ལ་དད་གུས་ལྡན། བློ་བརྟན། གསང་ཐུབ། རྩ་བཟང༌། ཆགས་པ་ཆེ། དར་ལ་བབ། སྒྱུ་རྩལ་མཁས་པ་ལོ་བཅུ་དྲུག་ནས་ཉི་ཤུ། ཉེར་ལྔ་རྣམས་རབ་འབྲིང་ཐ་མ་ཡིན་པས་བསྟེན་བྱ་སྟེ། དེ་ཉིད་རྫས་སྔགས་ཏིང་འཛིན་གྱི་ནུས་པས་དབང་དུ་བསྡུས་ལ། ཉམས་དགའ་བག་ཕེབས་དབེན་པའི་གནས་སུ། ངེས་འབྱུང་གི་གཏམ་དང་བསག་སྦྱང་གིས་རྒྱུད་སྦྱངས་ཏེ་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར། དམ་ཚིག་ཕོག་ལ་བསྐྱེད་རྫོགས་ཀྱི་གནད་བསྟན་ཏེ་རང་དང་ནུས་པ་མཉམ་པའམ། ཅུང་ཟད་དམན་ཀྱང་རུང་བས་དེ་ལྟ་བུར་མ་གྱུར་གྱི་བར་དུ་སྦྱང་ངོ༌། །གཉིས་པ་ལ། ཉེ་བསྙེན་དང༌། སྒྲུབ་པ་གཉིས་ལས། དང་པོ་ཐབས་ཉེར་བདུན་གྱིས་ཉེ་བསྙེན་ནི། བལྟས་དགོད་ལག་པ་བཅངས་པ་ཡིས༔སོགས་ནས། བདེ་བ་སྐྱེས་པ་དང༔ ཞེས་པ་སྟེ་མཚན་ལྡན་གྱི་གཟུངས་མ་ཁྲུས་བྱས། རྒྱན་གྱིས་སྤྲས་དྲི་དང་བཀུ་མཉེའི་བྱུག་པ་དང༌། བཅུད་ཆེན་གྱི་ཟས་བསྟེན་ཅིང་སྔར་གོམས་པའི་རྣལ་འབྱོར་ལ་སྦྱངས་ཏེ་སྟན་ནང་ཚང་ཅན་ལ་ཡབ་ཡུམ་ལྷན་ཅིག་ཏུ་འཁོད། འཛུམ་པའི་མིག་གིས་གཟུགས་ལ་བལྟ། ཆགས་པའི་གཏམ་སྨྲ། ཡིད་ཀུན་དགའི་མདངས་བསྐྱེད། ཆགས་པའི་རྣམ་འགྱུར་དྲག་ཏུ་བསྐྱེད་པས་སྒོ་གསུམ་འདོད་ཆགས་ལ་བསླབ། སྟངས་དཔྱལ་ལྷ། མཁའ་གསང་རྡོ་རྗེ་དང་པདྨ། གཞན་དོན་དུ་བདེ་ཆེན་རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་པའི་འདུ་ཤེས་གསུམ། ཕན་ཚུན་འཁྱུད་པ་དང༌། མཁའ་གསང་སྤྲོད་པ། དལ་བུས་སྲུབ་པའི་སྦྱོར་ཐབས་གསུམ་གྱིས་བདེ་བ་དབབ་སྟེ། དགའ་བཞི་ངོས་བཟུང་སྙོམས་འཇུག་ཇེ་དྲག་ཏུ་བཏང༌། རིལ་བ་ཞབས་ཚགས་ཅན་གྱི་རླུང་སྦྱོར་བྱ་བའི་བསྐྱིལ་ཐབས་གསུམ་གྱིས་བདེ་བ་སྤེལ། ནོར་བུའི་བུ་ག་དང་ཁཱ་ཁ་མུ་ཁ་སྣ་རྩེར་དཀར་དམར་གཉིས་ཀའི་རླུང་སེམས་ཁ་སྦྱོར་གསུམ་གྱིས་ལྷན་སྐྱེས་ཀྱི་བདེ་བས་རྟོག་པ་ཟིལ་གྱིས་མནན། སྒོ་གསུམ་གྱི་འཁྲུལ་འཁོར་གྱིས་བདེ་བའི་རྟེན་ཐིག་ལེ་མི་འཆོར་བར་བཟུང༌། དུད་འགྲོའི་འགྱུར་བ་བཞི་དང་ཐུར་སེལ་སྟེང་སྦུབས་རླུང་གནད་དམིགས་པ་ཧཾ་ལ་གཏོད་པའི་བཙན་ཐབས་སྦྱོར་བ་གསུམ་གྱིས་རྟེན་བརྟེན་པ་བཅས་རང་གནས་སུ་ལྡོག །གཞིལ་བའི་སྒྱུ་རྩལ་གསུམ་གྱིས་ཐིག་ལེ་རྩ་གནས་སུ་བཀྲམ་ལ། བདེ་བའི་རང་ངོ་སེམས། སེམས་གང་དུའང་འཛིན་མེད་རྒྱ་ཡན་ནམ་མཁའ་ལྟ་བུའི་ངང་དུ་འཇོག་པའི་རྒྱས་འདེབས་གསུམ་སྟེ་ཐབས་ལམ་གྱི་ཆོས་ཉེར་བདུན་གྱི་འདོད་པའི་སྒྱུ་རྩལ། བདེ་བའི་རོལ་མོ་སྦྱོར་བའི་དགའ་སྟོན་མིག་འཕྲུལ་ལྟར་བསླབ་བོ། །གཉིས་པ་ཡས་བབ་ཀྱི་དགའ་བཞིའི་ཉམས་བཤད་པ་སྒྲུབ་པ་ནི། ཡབ་ཡུམ་གནས་ལྔའི་ཚེ་ཡི་བདག༔སོགས་ནས། ཕྲུལ་གྱིས་བྱུང༔ ཞེས་པ་སྟེ་དེ་ལྟར་སྦྱོར་བའི་ཚེ་ཡབ་ཡུམ་གྱི་གནས་ལྔར་རིགས་ལྔའི་ཚེ་དཔག་མེད་གསལ་བ་ཡབ་ཡུམ་མཉམ་པར་སྦྱོར་བའི་འོད་ཀྱིས་སྙོམས་འཇུག་གི་བྱེད་པས་ལུས་སེམས་མྱོས་ཏེ་ལུས་ཀྱི་ནང་གི་དྭངས་མའི་དཀར་དམར་ཀྱང་དབང་མེད་གཡོ་བ་བཞིན་བདེ་སྟོང་གི་རྩལ་གྱིས་སྣོད་བཅུད་བརྟན་གཡོའི་དྭངས་མ་སྒུལ་ཞིང་གཡོས་པས་བསྡུས་པ་དང༌། ཆགས་པས་ཡིད་གཡོས་པ་དངོས་པོ་གཞན་གྱི་ནུས་པ་ལས་སེམས་ཀྱི་བརྟན་པ་འཕྲོག་ནུས་པ་དང་ཆོས་མཚུངས་པ་རྒྱལ་བ་ཀུན་ཀྱང་བདེ་བའི་འོད་ཟེར་གྱིས་བསྐུལ་བས་རྗེས་ཆགས་དབང་མེད་དུ་གཡོས་པས་འདོད་ཆགས་ཆེན་པོའི་རོས་སིམ་སྟེ་ཁུ་བའི་དྭངས་མའི་སེམས་སྤྲིན་དངུལ་ཆུའི་ཆར་པ་ལྟར་བབ། ཡུམ་གྱི་སྤྱི་བོའི་ཧཾ་ལ་ཐིམ། དེ་མར་གསར་མེས་ཞུ་བ་ལྟར་དྭངས་མ་ཆིལ་གྱིས་བྱུང་བ་དཔྲལ། མགྲིན། སྙིང༌། ལྟེ། གསང་གནས་ལྔར་བབ། དེའི་རྐྱེན་གྱིས་ཡབ་ཀྱི་འཁོར་ལོ་ལྔ་ནས་བྱང་སེམས་གཡོས་པ་ཡས་མར་བྱུང་བའི་དྭངས་མ་བདེ་བའི་ཟིལ་པ་གསང་བའི་སྣ་རྩེར་ཕྲུལ་གྱིས་བྱུང་བ་དང་གཅིག་ཏུ་འདྲེས་པར་བསམ། དེའི་ཚེ་དཔྲལ་བའི་འཁོར་ལོར་ཐིག་ལེ་བབ་པས་དགའ་བའི་ཡེ་ཤེས་སྐྱེས་པའི་རང་ངོ་ལ་ཡུན་རིང་དུ་བལྟས་ཏེ་རླུང་སེམས་གཅུན། ཐིག་ལེའི་དྭངས་མའི་ཟིལ་མངར་བརྟན་གཡོའི་སྲིད་ཞིའི་བཅུད་བུདྡྷ་ཚེ་དཔག་མེད་ཡབ་ཡུམ། རྩ་འདབ་ཀྱི་གྲངས་མཉམ་ཌཱ་ཀི་ལ་ཕོག་པས་བདེ་སྟོང་གི་ཉམས་བཟོད་མེད་དུ་འབར། ཀུན་ཀྱང་རང་འོད་ཀྱི་ཐབས་ཤེས་ཕན་ཚུན་སྦྱོར་བའི་འོད་ཀྱིས་སྤྱི་བོའི་རྩ་རླུང་ཐིག་ལེའི་ཁམས་ཉམས་པ་གསོས། ཆད་པ་མཐུད། ཡོ་བ་བསྲངས། འཁྱར་བ་བསྡུས་ཏེ་རྩ་སྦུབས་ཆེ་ཕྲས་མཚོན་སྤྱི་བོ་ལྟེམ་གྱིས་གང་བས་བདེ་བ་མི་བཟོད་པ་སྐྱེས་པར་བསམ། འདིས་མཚོན་ཏེ་གནས་ལྔར་མས་རིམ་དུ་དམིགས་པ་རིགས་འགྲེ་ཤེས་དགོས་སོ། །གསུམ་པ་རྗེས་སྒྲུབ་པ་ཆེན་པོའི་ཚུལ་ལ། མས་བརྟན་གྱི་དགའ་བཞི་ངོ་སྤྲད་པ་དང༌། ལམ་གྱི་ཡན་ལག་གཞན་བཤད་པའོ། །དང་པོ་ནི། ཡབ་ཀྱི་རྡོ་རྗེའི་ལྕེས་གཞིབ་སྟེ༔སོགས་ནས། བཟུང་བ་གཅེས༔ ཞེས་པ་སྟེ་མཁའ་གསང་གི་སྣ་རྩེར་ཁམས་འདྲེས་པ་ཐུར་སེལ་སྤྱི་བོར་དྲངས་པས་དྭངས་མའི་རྒྱུན་རྡོ་རྗེའི་བུ་ག་ནས་དྲངས་པའི་རྟགས་སུ་སྦྲིད་ཆིལ་དྲོད་དང་བཅས་ཏེ་བྱུང་བ་དང་གསང་གནས་ལྟེ་བ་སོགས་ནས་མས་བརྟན་གྱིས་སྤྱི་བོ་བར་ལྡོག །དེའི་ཚེ་ལུས་དཀྱིལ་གྱི་ལྷ་རྣམས་ལ་དྭངས་མའི་སེམས་སྤྲིན་གྱིས་མཆོད་པས་ལྷག་པར་མཉེས་ཏེ་གནས་ལྔའི་སྦྱོར་མཚམས་ནས་བྱང་སེམས་བབས་པས་ལུས་ཐམས་ཅད་ཁེངས། སྙིགས་མ་སྦྱངས། དྭངས་མ་འོད་ཀྱི་ཚུལ་དུ་མས་རིམ་ནས་ཞུ་བ་མཐར་ཀུན་ཀྱང་རིམ་གྱིས་སྤྱི་བོར་ཐིམ། རྩ་སྦུབས་ཐམས་ཅད་སྟོང་སང་ངེ་གནས་པར་བསམ་ལ་རླུང་སེམས་སྤྱི་གཙུག་ཏུ་གཏད། མཐར་ཐམས་ཅད་བདེ་བས་ཞུ་སྟེ་ཡབ་སྤྱི་བོའི་ཧཾ་ལ་ཐིམ། ཡུམ་རང་གི་ལྟེ་བའི་ཨ་ལ་ཐིམ། དེ་གཉིས་ཀྱང་ཉི་ཟླ་བཞིན་དུ་ཐིག་ལེ་དཀར་དམར་དུ་གྱུར་པ་བར་སྣང་ལ་ལིང་ངེར་གནས་པར་བསམ་ལ་སེམས་གཏད། མཐར་དེ་ཡང་སྟོང་ཆེན་སྐྱེ་མེད་ཀྱི་དབྱིངས་སུ་ཐིམ་པར་མོས་ལ་དབྱིངས་རིག་བསྲེ། སླར་ཡང་སྐད་ཅིག་གིས་ཚེ་བདག་ཡབ་ཡུམ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་ལམ་གྱིས་གསལ་བའི་སྤྱི་བོའི་ཧཾ་ལས་དྭངས་མའི་བདུད་རྩིའི་ཟིལ་མངར་བྱུང་ནས་འཁོར་ལོ་ལྔས་མཚོན་ལུས་ཀུན་གང༌། ཉིས་དྭངས་སུམ་དྭངས་ཀྱི་ཆ་ཐམས་ཅད་གནས་ལྔར་འདུས་པ་ཚེ་བདག་རིགས་ལྔ་ཕྲ་ལ་སྐྱེ་མཆེད་དོད་པ་བདེ་བའི་རང་བཞིན་སྟོང་པའི་ངོ་བོ། ཟུང་འཇུག་གི་ཡེ་ཤེས་ཀྱི་ཕྱག་རྒྱར་སད་པར་མོས་ལ་རྩ་འདར་དང་ལུས་སྤྲུགས་བྱའོ། །གཉིས་པ་ནི། བདེ་བ་སྲ་ན་སྒྱུ་རྩལ་ནི༔སོགས་ནས། ལེའུ་སྟེ་བཅོ་བརྒྱད་པའོ༔ ཞེས་པ་སྟེ། དེ་ལྟར་བརྩོན་པས་བདེ་བ་སྐྱེར་མ་གཏུབས་ཏེ་སྲ་ན་པདྨ་ཅན་ལ་སྟེང༌། རི་མོ་ཅན་ལ་རྒྱབ། དུང་ཅན་མ་ལ་འདེབས་ཚུལ། གླང་སྣ་ཅན་ལ་ཕན་ཚུན་མཉམ་པ། རི་དྭགས་ཅན་ལ་འོག་ནས་སྦྱོར་བའི་འཁྲིག་ཐབས་དང༌། གཡས་རོལ་གཡོན་རོལ་སོགས་སྒྱུ་རྩལ་གྱི་ཆོ་ག་མ་ངེས་པས་བསྐུལ་ཞིང༌། བྱང་སེམས་རྒྱས་པའི་སྨན་སྔགས་ཏིང་འཛིན་སོགས་ཀྱང་བྱ། ཧ་ཅང་ཆགས་རྟོག་རགས་པས་མྱོས་ན་སྟོང་ཉིད་ཀྱི་རྒྱས་འདེབས་དང་ཆགས་པ་ཆེན་པོའི་ཏིང་འཛིན་ཀྱང་སྒོམས། མདོར་ན་སྐབས་འདིར་ཤེས་བྱའི་གནད་ནི་སྤྱིར་མདོ་སྔགས་ཀྱི་ལམ་གང་བསྒོམས་ཀྱང་རྒྱུད་ཉོན་མོངས་ལས་གྲོལ་དགོས་པ་གནད་གཅིག་ཏུ་ཤེས་དགོས་པས་སོ་ཐར་གྱི་སྐབས་སུ་ངོ་བོ་མ་གྲུབ་པ། འདུ་ཤེས་གཞན་དུ་གྱུར་པ། འཛིན་ཞེན་མེད་པ་ལ་ཕམ་པ་དངོས་གཞི་མི་འགྱུར་གསུངས་པ་ལྟར་སྔགས་སུ་རྣམ་པ་བསྟེན་བྱ་ཆགས་ཡུལ་བུད་མེད། བསྟེན་ཚུལ་སྙོམས་འཇུག་ལ་བསླབ་ཀྱང༌། རྣལ་འབྱོར་པ་དང་པོའི་དུས་ནས་ལྷན་སྐྱེས་ཡེ་ཤེས་ཀྱི་དེ་ཉིད་ལ་དྲོད་ཐོབ་པའི་ལྟ་བས་གདེང་བཟུང་སྟེ་ཐོག་མཐའ་ཀུན་ཏུ་སྒྱུ་མ་རྨི་ལམ་ལྟ་བུའི་རོལ་རྩེད་ལས་དངོས་ཞེན་རང་རྒྱུད་པ་མི་གནས་པའི་ལྟ་བའི་གདེང་གིས་ཆགས་པའི་ཡུལ་དབང་ཤེས་གསུམ་གྱི་ངོ་བོ་མ་གྲུབ། ཕོ་མོ་སོགས་ཆགས་པའི་འདུ་ཤེས་རང་མཚན་པ་མ་ཡིན་པ་འདོད་ཆགས་ལམ་བྱེད་ཀྱི་འདུ་ཤེས་གསུམ་གྱིས་བསྒྱུར་བས་འདུ་ཤེས་གཞན་དུ་གྱུར། རྣམ་པ་གང་ལྟར་སྣང་ཡང་རྗེས་ཤེས་ལ་ཆགས་པའི་ཀུན་དཀྲིས་ཀྱི་འཆིང་བ་མེད་པ་ངོ་བོ་སྐྱེ་མེད་ཀློང་ཡངས་སུ་གྲོལ་བས་སྲིད་རྩའི་འཛག་བདེའི་འཆིང་བ་མི་གནས་པས་འཛིན་ཞེན་མེད་པ་གསུམ་སྒྲ་ཇི་བཞིན་དུ་བྱུང་ན་སྡོམ་གསུམ་འགལ་མེད་ཆིག་རྫོགས་སུ་ཡིན་པའི་གནད་དོན་ཤེས་པར་བྱས་ཏེ། རང་གི་སྐལ་བས་ཇི་ལྟར་འཚམས་པ་ལ་བརྩོན་པ་གནད་དུ་ཆེ་བར་ཤེས་ནས་རང་གཞན་དེང་དུས་ཀྱི་སྔགས་ལ་སྤྱོད་པ་རྣམས་ལ་ཕན་དུ་རེ་ནས་བྲིས་པའོ། །དེ་ལྟར་གོམས་པས་རྣམ་པ་སྣང་སྤྱོད་བདེ་བ་ཆེན་པོའི་ཡེ་ཤེས་སུ་ཤར་བའི་ཐབས་ལམ་ཟབ་མོའི་མཚོན་བྱེད་བྱས་ཏེ། ངོ་བོ་སྟོང་པ་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཚོན་བྱའི་དོན་རྟོགས་ཏེ། མྱོང་བས་མངོན་སུམ་དུ་ཤར་ཡང་ངག་གིས་སྨྲ་མི་བཏུབ། རང་སེམས་ལ་ངེས་ཤེས་རྙེད་ཀྱང་དཔེས་མཚོན་དུ་མེད། རྣམ་རྟོག་གི་འདུ་བྱེད་ཀྱིས་མ་བསླད་པའི་སྐྱེ་འགག་གནས་བྲལ་ནམ་མཁའ་ལྟ་བུར་འདུས་མ་བྱས་སུ་རང་ཤར་བ་སྲིད་ཞི་ཀུན་གྱི་ཡེ་ཤེས་སྲོག་གི་སྙིང་པོ་གང༌། ཐབས་ལས་ཐབས་བྱུང་གི་ནུས་པས་གསལ་ཞིང་དེར་འཛིན་མེད་པའི་རང་བཞིན་ཤེས་པའི་ཚུལ་དུ་ཤར་ཏེ་དོན་ལ་འཇུག་པར་ནུས་པས་ཉེ་རྒྱུའམ་ཕོ་ཉའི་ལམ་གྱིས་རྡོ་རྗེའི་ཚེ་སྒྲུབ་པའི་རིམ་པའོ། །རྩ་བའི་ས་བཅད་གཉིས་པ་རྩོལ་མེད་གཉུག་མ་མི་ཤིགས་པའི་ཐིག་ལེ་ལ་བརྟེན་པའི་གྲོལ་ལམ་བཤད་པ་ལ་གཉིས། མ་སྒོམ་པ་འཚང་རྒྱ་བའི་གནད་དབྱིངས་ལ་ལྟོས་ཏེ་སེམས་ཀ་དག་རྩ་བྲལ་དུ་ངོ་སྤྲད་ནས་རིག་པ་རྗེན་ལ་ཕུད་པའི་ལམ་ཁྲེགས་ཆོད། སྒོམ་པས་འཚང་རྒྱ་བ་སྣང་བ་ལ་ལྟོས་ཏེ་འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོད་ལུས་སུ་གྲོལ་བའི་ལམ་ཐོད་རྒལ་ལོ། །དང་པོ་ལ་བཞི། གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བས་ཐག་བཅད། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་ལེན། སྣང་བ་དབང་བསྒྱུར་གྱི་སྤྱོད་པས་བོགས་འབྱིན། བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུས་ལྷུན་གྱིས་གྲུབ་ཚུལ་ལོ། །དང་པོ་ནི། དེ་ལྟར་ལམ་རྣམས་ཐམས་ཅད་པའི༔སོགས་ནས། བསམ་གཏན་བྱ༔ ཞེས་པ་སྟེ་རྒྱུ་འབྲས་ཀྱི་ཐེག་པའི་ལམ་རིམ་མཐའ་དག་གི་སྐྱེལ་སོ་དོན་གྱི་ཡེ་ཤེས་རྗེན་ཅེར་དུ་སྟོན་པ་བཞི་པའི་དབང་གི་ལམ། མངོན་སུམ་གྱི་ཡེ་ཤེས་ལམ་དུ་བྱེད་པས་རྣལ་འབྱོར་ཀུན་གྱི་རྩེ་རྒྱལ། སྣང་གསུམ་འཕོ་སྒྲིབ་སྦྱང་བའི་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་འཛིན་དངོས་འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱིས་གཉུག་མ་རྡོ་རྗེའི་ཚེ་སྒྲུབ་པའི་ལམ་མཐར་ཐུག་གི་འབབ་སྟེགས་སུ་བསྟན་པ་སྟེ། གང་གཏན་ལ་དབབ་བྱའི་ལྟ་བའི་བཞུགས་ཚུལ་ངོ་བོ་རིག་སྟོང༌། རང་བཞིན་གསལ་སྟོང༌། ཐུགས་རྗེ་སྣང་སྟོང་དབྱེར་མེད་གསུངས་པའི་དང་པོ་དེ་ཡང་བློས་དཔྱད་སྒོམ་དང༌། ལུང་རིག་གཏན་ཚིགས་ཀྱིས་གཏན་ལ་དབབ་པའི་ངེས་ཤེས་ཙམ་མ་ཡིན་པར་གདོད་ནས་སྐྱེ་མེད་ཀ་དག་གི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བ་དོན་དམ་བདེན་པ་ཆོས་སྐུ་ཉག་གཅིག་གཤིས་ལུགས་ལ། གསལ་མདངས་འགག་པ་མེད་པའི་ཡེ་ཤེས་ཀྱི་རང་རྩལ་སྐུ་དང་ཡེ་ཤེས་རྒྱ་མཚོའི་ཆོས་རང་ངོ་དང་འབྲལ་མི་ཤེས་པ་ཉི་མ་དང་འོད་ཟེར་བཞིན་གཉིས་མེད་མཉམ་པའི་ཆོས་སུ་ལྷུན་གྱིས་གྲུབ་པའི་དཔལ་ནི་བདེ་ཆེན་ལོངས་སྐུའི་བདག་ཉིད་སྲིད་ཞི་ཀུན་ལས་འདས་པའི་ཡེ་ཤེས། གདོད་ནས་ཟུང་འཇུག་ཆེན་པོ། བློ་འདས་ཡིན་ལུགས་ཀྱི་ཆོས་ཉིད་སྒྲ་ཇི་བཞིན་པ་སྟེ་གནས་ལུགས་འདིའི་ངོས་ནས་གཞལ་ན་འཁོར་བ་སྡུག་ཀུན་གྱི་སྣང་བ་ཡང་སྐུ་དང་ཡེ་ཤེས་ཀྱི་ཆོས་ལས་སྤང་བྱར་མི་གནས་ཤིང༌། དག་པ་སངས་རྒྱས་ཀྱི་ཡོན་ཏན་ཀྱང་གསར་དུ་ཐོབ་པར་བྱར་མེད་པའི་བདེན་གཉིས་མཉམ་པ་ཐུགས་རྗེ་ཀུན་ལ་ཁྱབ་པའི་དེ་ཁོ་ན་ཉིད་དུ་བཞུགས་ཤིང༌། ཡུལ་ཡུལ་ཅན་གྱི་གཉིས་ཆོས་ལས་འདས་པའི་འཕགས་པའི་མཉམ་བཞག་གི་ལྟ་བ། བརྡ་ཐབས་མན་ངག་བྱིན་རླབས་ཀྱི་སྟོབས་ལས་ངོ་འཕྲོད་པས་སྐྱེ་ཤི་སྲིད་པའི་གྲོང་ཁྱེར་རྒྱུན་གཅོད་པའོ། །གཉིས་པ་ནི། བདེ་བའི་སྟན་ལ་བག་ཕབ་ཏེ༔སོགས་ནས། ལྷོད་དེ་བ༔ ཞེས་པའི་བར་ཏེ་ལྟ་བ་ཡེ་གྲོལ་དུ་རྟོགས་པ་དེ་ནས་སྒོམ་པས་ཡིན་ཐོག་ཏུ་བཞག་སྟེ་རིག་པའི་གཤིས་སུ་ཕེབས་པའི་བཙན་ས་ཟིན་དགོས་པས་ཉམས་སུ་བླང་བའི་ཚུལ་ནི་འཁོར་བ་ཞེས་པའི་འཁྲུལ་སྣང་ཡང་རང་གི་ལུས་ངག་སེམས་ཀྱི་ཚོགས་པ་ཙམ་པོ་བ་ཞིག་སྟེ། དེ་ལས་ལུས་ནི་གདོས་བཅས་ཀྱི་ཕུང་པོ་སིལ་བུར་བསིལ་ན་ཆ་མེད། ངག་ནི་ལུས་སེམས་ཀྱི་འདུས་པའི་རྐྱེན་ལས་རང་སྣང་བའི་སྟོང་སྒྲ། སེམས་ནི་འཁྲུལ་ངོར་བཏགས་པ་ཙམ་ལས་དོན་ལ་ཅིར་ཡང་མ་གྲུབ་པ། སྒོ་གསུམ་ཀུན་ཀྱང་མ་བརྟགས་ཉམས་དགའ་བའི་སྣང་བ་ཙམ་ལས་དོན་ལ་གང་དུའང་མ་གྲུབ་པའི་སྟོང་ཉིད་ཅིག་ལས་དུ་མར་མི་གནས་པ་སྟེ། སྟོང་པ་དེའི་གཤིས་ཀྱང་རིག་པ་ཟང་ཐལ་མཚན་མར་མ་གྲུབ་པའི་རང་བྱུང་གི་ཡེ་ཤེས་ཀྱི་སྙིང་པོ་ཅན་གཟུང་འཛིན་གྱི་རྟོག་པས་གཉིས་སུ་མི་ཕྱེད་པའི་རྡོ་རྗེ། འཁོར་འདས་གང་གི་ཕྱོགས་སུ་མ་ལྷུང་བའི་སེམས་དཔའ། རང་བཞིན་འགྱུར་མེད་མཁའ་ཁྱབ་ནམ་མཁའི་དབྱིངས་ལས་གཞན་དུ་མི་འཕྲོ་བའི་རང་བཞིན་རང་ལ་གནས་པའི་ངོ་རང་ཐོག་ཏུ་འཕྲོད་པ་ལ། འདས་པའི་རྗེས་མ་བཅད། མ་འོངས་པའི་མདུན་མ་བསུས། ད་ལྟ་ཕྱི་ཡུལ་ལ་མ་སྤྲོ། ནང་དུ་མི་བསྡུ། ཐད་ཀར་རང་བབ་སོ་མའི་ཡིན་ལུགས་ལ་བཞག་པས་ཀ་དག་བློ་འདས་ཀྱི་དགོངས་པ་བཞི་ཆ་སུམ་བྲལ་གྱི་ཤེས་པ་ཡིན་ལུགས་ཐོག་ཏུ་བཞག་པ་ཙམ་ལས། དམིགས་པའི་གཏད་སོ། ཡིན་མིན་གྱི་མཚན་འཛིན། རེ་དོགས་ཀྱི་དགག་སྒྲུབ། བསྒོམ་བྱའི་ཆོས་རྡུལ་ཙམ་ཡང་མི་དམིགས་པའི་སྟོང་ཉིད་དུ་རང་བབ་ལྷུག་པར་སྐྱོང་བ་ནི་ཐག་གཅིག་ཐོག་ཏུ་བཅད་པ་དང༌། དེའི་དུས་སུ་ཕྱི་ཆོས་ཅན་ཚོགས་དྲུག་ཡུལ་གྱི་འཁྲུལ་སྣང་ལ་ནང་གི་རྟོག་པ་ཤར་བའི་དུས་ནས་འཛིན་མེད་ཀློད་པས་རྦ་རླབས་ཆུར་ཐིམ་པ་ལྟར་འགྱུ་སྟོང་རྗེས་མེད་དུ་ཞིག །ནང་ཆོས་ཉིད་གཞི་མེད་རྩ་བྲལ་གྱི་ངང་དུ་ཡེངས་པ་མེད་པར་རང་བབ་ཀྱི་དྲན་པས་དགག་བཞག་སྟེ་དགག་སྒྲུབ་རྩོལ་བཅས་ཀྱི་རྟོད་ཕུར་ན་བུན་ནམ་མཁའ་ལ་དེངས་པ་ལྟར་རང་སར་གྲོལ་ཏེ་སྣང་ཤེས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བར་ཅིར་སྣང་ཆོས་སྐུའི་རང་བཞིན་རིག་སྟོང་བློ་བྲལ་རྗེན་པར་རྟོགས་པ་གདེང་གྲོལ་ཐོག་ཏུ་བཅས་པ་སྟེ། དམིགས་གཏད་མཚན་འཛིན་གང་ཡང་མེད་པའི་ངང་ལ་འབད་རྩོལ་ཅིའང་བྱར་མེད་པ་ཁ་ཡན་དུ་ཀློད་ནས་བཞག་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་གཞིར་རྫོགས་མཉམ་པ་ཆེན་པོར་བཙན་ས་ཟིན་པར་བྱེད་དོ། །གསུམ་པ་ནི། གཤིས་ལ་གང་དུའང་མི་འཛིན་པའི༔སོགས་ནས། སུ་ཞིག་གྲོལ༔ ཞེས་པ་སྟེ་ཅོག་བཞག་གི་དགོངས་པ་ཀློང་དུ་གྱུར་པར་གདེང་བཅས་པས་རིག་པའི་གཤིས་ཀ་དག་ཕྱོགས་ཡན་གྱི་དགོངས་པ་རྒྱ་ཡན་རང་གྲོལ་དུ་ཤར་བས་སྒོ་གསུམ་གྱི་སྤྱོད་ལམ་གང་དུ་ཞུགས་ཀྱང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པའི་ངང་ལས་ནམ་ཡང་མ་གཡོས་པས། ཚོགས་དྲུག་གི་ཡུལ་ལ་ཆགས་སྡང་གིས་དེར་འཛིན་གྱིས་མི་ཞེན་པར་ཐུག་འཕྲད་རང་གྲོལ་གང་དགར་རྒྱ་ཡན་དུ་བཏང་བས། སྣང་བཏགས་ཇི་ལྟར་སྣང་རུང་རིག་པ་ལས་གུད་ན་མེད་པས་སྤྱོད་ལམ་རྣམ་བཞི་ཡེ་ཤེས་ཆེན་པོའི་རོལ་རྩལ་དུ་འུབ་ཆུབ་པས། རྩ་བྲལ་གྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་སངས་རྒྱས་པས་ཆོས་སྐུ་སྤང་བླང་མེད་པའི་ངང་དུ་དམིགས་བཅས་མཚན་མའི་སྒོམ་གྱི་གཏད་སོ་ཞིག་སྟེ། ཀུན་བཟང་ཡེ་ཤེས་ཟང་ཐལ་དག་པ་རབ་འབྱམས་སུ་ཤར་ནས་ཆོས་ཉིད་བཅིང་གྲོལ་མེད་པའི་ཀློང་དུ་འོད་གསལ་ཆུ་བོ་རྒྱུན་གྱི་ཏིང་འཛིན་མ་བཙལ་ལྷུན་རྫོགས་སུ་འཆར་བས་གྲོལ་བའི་ཐ་སྙད་བཏགས་པའོ། །བཞི་པ་ནི། དོན་འདི་ངེས་པའི་གདེང་ཐོབ་ན༔སོགས་ནས། བདེ་ཆེན་ཤར༔ ཞེས་པ་སྟེ་མཁའ་ལ་འབྱུང་བཞིའི་འདུ་དགོད་ཇི་ལྟར་ཤར་ཡང་གོས་པ་མེད་ཅིང་བཅིང་པ་ཡང་མེད་པ་བཞིན་རང་རིག་ཆོས་ཉིད་ཀྱི་དགོངས་པ་བློ་བྲལ་ནམ་མཁའ་ལྟ་བུ་ལ་གདེང་ཐོབ་པའི་རྣལ་འབྱོར་པས་ལྟར་སྣང་གི་བྱ་བ་གང་བྱས་ཀྱང་གདོད་ནས་ཡེ་གྲོལ་དུ་དག་པའི་མཐུས་ལས་ཀྱི་བག་ཆགས་ཀུན་གཞི་ལ་མི་ཕོག་ཅིང་གང་ལྟར་སྤྱོད་ཀྱང་ཆོས་ཉིད་བདེ་བ་ཆེན་པོའི་རང་བཞིན་དུ་དག་པས་ཚོགས་གཉིས་ཀྱི་རྒྱུར་གྱུར་ནས། སེམས་རིག་ཤན་འབྱེད་ཀྱི་བསྙེན་པ། རིག་པ་རྗེན་ལ་བུད་དེ་ངོ་འཕྲོད་པ་ཉེ་བསྙེན། འཁོར་འདས་ཐམས་ཅད་རིག་པ་གཅིག་ཏུ་རྫོགས་པར་ཐག་ཆོད་པ་སྒྲུབ་པ། ཡེ་གྲོལ་ལ་གཉེན་པོས་བསྐྱར་མ་དགོས་པ་འབྲས་བུ་གཞིར་རྫོགས་སུ་ཐག་ཆོད་པ་སྒྲུབ་པ་ཆེན་པོའི་ངང་དུ་ས་ལམ་ཐམས་ཅད་མ་བགྲོད་པར་རྫོགས་པས་གཉུག་མ་ངེས་པ་དོན་གྱི་རྡོ་རྗེའི་སྲོག་ནས་ཟིན་ཏེ་འགྲུབ་པའོ། །གཉིས་པ་སྒོམ་པས་འཚང་རྒྱ་བ་སྣང་བ་ལ་ལྟོས་ཏེ་འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོད་ལུས་སུ་གྲོལ་བའི་ལམ་ཐོད་རྒལ་བཤད་པ་ལ། གནད་ཀྱི་ཆིངས། ཐོབ་བྱའི་ལམ། གྲོལ་ཚད་འབྲས་བུའོ། །དང་པོ་ནི། འོད་གསལ་དེ་ཉིད་བོགས་འབྱིན་ཕྱིར༔སོགས་ནས། སྒོམ་པ་ལས༔ ཞེས་པ་སྟེ་འོད་གསལ་གྱི་རིག་པ་ལུས་ལ་གནས་ཀྱང་མངོན་སུམ་དུ་སྟོན་པའི་གནད་མེད་པས་སྣང་མི་ནུས་པ་སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་མངོན་པ་དང་མཚུངས་ལ། དེས་ན་མངོན་སུམ་གྱི་ལམ་འདིར་གནད་དེ་དག་མ་སྦས་པར་བསྟན་པས་ཤེས་ཉམས་དང་རླུང་སེམས་འདུས་པའི་སྣང་བ་ཙམ་མ་ཡིན་པར་ཡེ་ཤེས་རང་སྣང་མངོན་སུམ་དུ་བསྟན་པས་ཡང་ཟབ་ཀྱི་མན་ངག་གནད་ཀྱི་གདམས་པ་ཨ་ཏིའི་ཁྱད་ཆོས་ཏེ། སྙིང་དབུས་མི་ཤིགས་པའི་ཐིག་ལེ་དྭངས་མ་འོད་གསལ་གྱི་རིག་པའི་ཡེ་ཤེས་ངོ་བོ་སྐུར་བཞུགས་པ་ཀ་དག་གི་དགོངས་པ་དང་མཐུན་པ་དོན། རང་བཞིན་འོད་གསལ་དུ་བསྟན་པས་གསང་སྐོར་ལུས་དཀྱིལ་དང་མཐུན་པའི་བརྡ། ཐུགས་རྗེ་སྒྲོན་མར་སྣང་བས་ཡང་གསང་སྙིང་ཐིག་དང་མཐུན་པའི་རྟགས་སུ་བསྟན་པ་གང༌། རང་བྱུང་རྡོ་རྗེ་སེམས་དཔའི་གསེང་ལམ་རྩ་ཀ་ཏི་ཤེལ་སྦུབས་ཅན་གྱི་ལམ་བརྒྱུད་དེ་འཆར་བས་མིག་དབང་རྒྱང་ཞགས་ཀྱི་སྒྲོན་མེ་ལས་སྣང༌། ཕྱི་དབྱིངས་ནམ་མཁའ་གོ་ཕྱེས་པའི་འོད་སྣང་མཐིང་ག །ནང་དབྱིངས་ལྔ་ལྡན་སྒྲོན་མེའི་སྣང་བ་རྣམས་ཐིག་ལེ་ལུག་རྒྱུད་དང་བཅས་པ་འཆར་བའི་ཐབས་སུ་ལུས་བཞུགས་སྟངས། མིག་གཟིགས་སྟངས། རླུང་གནད། ཡུལ་གྱི་གནད་རྣམས་ལ་བརྟེན་ཏེ་འཆར་བ་ལ་བསླབ་བོ། །གཉིས་པ་ནི། ནང་གི་རིག་པ་ཟང་ཐལ་གསལ༔སོགས་ནས། ཆེན་པོའི་སྣང་བ་སྟེ༔ ཞེས་པ་སྟེ་ནང་རིག་པའི་དགོངས་པ་གནད་ཀྱིས་གཅུན་ཏེ་སྒོམ་པའི་གདངས་ཕྱི་རུ་འཆར་བ་ལ་ནང་གི་རང་གདངས་སུ་ཤེས་པས་གཟིར་བས་དབྱིངས་ཀྱི་རྟགས་སུ་འོད་འཁྱིལ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་སུ་རང་གསལ། ངོ་བོའི་རྟགས་སུ་མི་རྟོག་པའི་ཡེ་ཤེས་གཞི་ལས་གཞི་སྣང་དུ་ཤར་ནས་ངོ་འཕྲོད་པ་ཆོས་ཉིད་མངོན་སུམ་གྱི་སྣང་བ། དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་དབྱིངས་སྣང་འོད་ཀྱི་རང་བཞིན་མ་ངེས་པའི་གཟུགས་དབྱིབས་དུ་མ་དང༌། ཟེར་ཐག །སྐུ་ཕྱེད་པའམ་རྐྱང་པ་འགུལ་འཁྲིགས་མེད་པར་འཆར་བ་ཉམས་གོང་འཕེལ། གདོས་བཅས་ཀྱི་སྣང་བ་དག་སྟེ་རང་སྣང་འོད་གསལ་ཆེན་པོ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔའི་ཡབ་ཡུམ་གྱི་ཚོམ་བུ་ལྔ་ཚན་ལྔ་ཡི་དཀྱིལ་འཁོར་ཚད་མེད་པར་འཆར་ཏེ་སྣང་སྲིད་སྐུ་དང་ཞིང་ཁམས་རང་བཞིན་ཡོངས་སུ་བརྡལ་བ་རིག་པ་སྐུར་སྨིན་པས་ཚད་ཕེབས། ཕྱི་སྣང་བའི་འཕེལ། ནང་སྒྱུ་ལུས་ཀྱི་ཆོས། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་དེ་བློ་འདས་གདོད་མའི་བཙན་ས་ཟིན་ཏེ་ཐོག་མའི་སྤྱི་གཞི་ལས་འཕགས་པའི་གཞི་སྣང་ཐིག་ལེ་ཆེན་པོར་སྐད་ཅིག་གིས་གྲོལ་ནས། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཀློང་དུ་འཕོ་འགྱུར་མེད་པར་སངས་རྒྱས་པའོ། །གསུམ་པ་ནི། དབྱིངས་ནི་ཀ་དག་གོས་དཀར་མོ༔སོགས་ནས། ལེའུ་སྟེ་བཅུ་དགུ་པའོ༔ ཞེས་པ་སྟེ་དབྱིངས་སྤྲོས་བྲལ་རྣམ་ཀུན་མཆོག་ལྡན་ཀ་དག་གི་དགོངས་པའི་རྩལ་རྫོགས་པ་ཆོས་ཀུན་འབྱུང་གནས་ཡུམ་ཆེན་ན་བཟའ་དཀར་མོ་དང༌། རིག་པ་བདེ་ཆེན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སྐུ་ལྔའི་དབང་ཕྱུག་ཚེ་བདག་སྣང་བ་མཐའ་ཡས་གཉིས་སུ་མེད་པ་དཀྱིལ་འཁོར་གཅིག་ཏུ་དག་ཅིང་རྫོགས་ནས་ནམ་མཁའ་ཇི་སྲིད་སྐྱེ་འཆི་བདུད་བཞིས་གཞོམ་དུ་མེད་པ་འཆི་མེད་ཡེ་ཤེས་རྡོ་རྗེ་ལྟ་བུའི་གསང་བ་གསུམ་དུ་བྱང་ཆུབ་པའོ། །གསུམ་པ་ཐ་མར་དགེ་བ་ཉམས་ལེན་གྱི་སྤྱི་སྡོམ་གཏད་རྒྱ་དང་གྲོལ་ཚད་བཅས་བཤད་པ་ལ། དང་པོ་ཉམས་ལེན་གྱི་སྤྱི་སྡོམ་བཤད་པ་ནི། རྨད་དུ་བྱུང་བའི་རྡོ་རྗེའི་ཚིག༔སོགས་ནས། ལེའུ་སྟེ་ཉི་ཤུ་པའོ༔ ཞེས་པ་སྟེ་དེ་ལྟར་བསྟན་པའི་ལམ་འདི་དག་ཀྱང་གང་ཟག་གི་དབང་པོའི་ཁྱད་པར་ཉམས་སུ་ལེན་པ་ལ་རིམ་ཅན། གཅིག་ཅར་དུ་མ་ལས་གང་ཟག་སྤྲོས་པ་ལ་དགའ་བ་དག་ལ་བསག་སྦྱང་གི་རིམ་པ་གཙོ་བོར་སྨྲོས་པའི་ཕྱི་སྒྲུབ། སྣང་སྲིད་དག་ཆེན་ཡེ་ཤེས་ཀྱི་འཁོར་ལོར་ལམ་དུ་ཁྱེར་ནུས་པའི་བློ་གྲོས་མཆོག་དང་ལྡན་པ་ལ་བསྐྱེད་རིམ་སྤྲོས་པ་ཅན་བསྙེན་སྒྲུབ་ཡན་ལག་བཞི་ལྡན་ནང་སྒྲུབ། སྒོ་གསུམ་གནད་ཀྱིས་གཅུན་ཏེ་ཉམས་ལེན་མཐར་དབྱུང་ནུས་པའི་བརྩོན་འགྲུས་ཅན་ལ་རང་ལུས་དང་ཕོ་ཉའི་མྱུར་ལམ། ཤིན་ཏུ་དབང་རབ་ནང་གི་རྣལ་འབྱོར་འབའ་ཞིག་ལམ་དུ་ཁྱེར་ནུས་པས་ནི་རྩོལ་མེད་ཐེག་མཆོག་གི་ཏིང་འཛིན་ཁོ་ན་སྟེ་སོ་སོའི་དབང་པོས་ཆུན་ཚོད་ཀྱི་ལམ་ལ་འབད་པ་རྩལ་དུ་བཏོན་པ་དང༌། བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་དུ་བསྒོམ་ན། སྔོན་འགྲོའི་བསག་སྦྱང་གི་རིམ་པ་རྩལ་དུ་བཏོན་པའི་སྐབས་ཕྱི་སྒྲུབ་ཀྱི་གྲངས་བསྙེན་འགྲོ་བར་བྱ། རྒྱུན་གྱི་ཏིང་འཛིན་ལ་བརྟེན་ཏེ་བསྐྱེད་རིམ་མོས་སྒོམ་ལ་འདྲིས་གདགས་ཤིང་བསྙེན་གྲངས་ཐེམས་པར་བྱ། དེ་ནས་ནང་སྒྲུབ་ཀྱང་བསྙེན་སྒྲུབ་ལས་གསུམ་དང༌། མཁའ་འགྲོའི་ཕྲིན་ལས། རིག་འཛིན་བླ་མའི་ཚེ་སྒྲུབ་བཅས་མཐར་ཕྱིན་པ་དང༌། རྩོལ་བཅས་རྩོལ་མེད་གང་རུང་གི་རྫོགས་རིམ་ལ་འཇུག་ཅིང་བརྩོན་པ་མཐར་དབྱུང༌། དེ་དག་སྐབས་ཇི་རིགས་པར་བར་ཆད་སེལ་ཕྱིར་རྟ་མགྲིན་གྱི་བསྐྱེད་བཟླས་དང༌། ཚེ་སྤེལ་ཞིང་གེགས་སེལ་བའི་ལས་རིམ་དང༌། སྤྲོས་བཅས་ཚོགས་སྒྲུབ་མོས་སློབ་སོགས་ཀྱང་སྤྲོ་ན་བྱས་པས་རབ་ཀྱིས་འཆི་མེད་ཡེ་ཤེས་ཀྱི་སྐུ། འབྲིང་གིས་ཚེ་བསོད་དཔལ་འབྱོར། ཐ་མས་ཀྱང་ཚེའི་འགལ་རྐྱེན་ཅི་རིགས་སེལ་ཞིང༌། མཐུན་རྐྱེན་འཕེལ་བའི་དངོས་གྲུབ་ཐོབ་པར་གདོན་མི་ཟའོ། །གཉིས་པ་འབྲས་བུའི་གྲོལ་ཚད་ནི། རྒྱལ་ཀུན་གསུང་གི་གསང་བ་ཆེ༔སོགས་ནས། ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ༔ ཞེས་པ་སྟེ་དེ་ལྟར་བསྐྱེད་རྫོགས་ངེས་པའི་ལམ་ལ་བརྟེན་པས་དབང་རྟུལ་ངོ་བོ་གདོས་བཅས་ཀྱི་ཕུང་པོ་དང་མ་བྲལ་བ་རྣམ་པར་སྨིན་པའི་ལུས་ལ། སེམས་ཉིད་བསྒྲུབ་བྱའི་ལྷ་ཡི་སྐུར་སྨིན་པས་ལུས་རྒྱ་དང་བྲལ་མ་ཐག་ཕྱག་རྒྱའི་རིག་འཛིན་ལ་སྦྱོར་བའི་མཚན་ཉིད་གསུམ་ལྡན་ལྷག་མེད་མྱང་འདས། དགོངས་པ་རྒྱུའི་ཐེག་པའི་མཐོང་ལམ་པ་དང་སྐལ་མཉམ། སྤྱོད་པ་བདག་དོན་དཀྱིལ་འཁོར་བྱ་བས་ཚོགས་གཉིས་རྫོགས་པར་བྱེད་ཅིང་ལྷ་ཡི་སྤྱན་སོགས་ཀྱིས་ཕྲིན་ལས་བཞིའི་འགྲོ་བའི་དོན་བྱེད་པ་རྣམ་སྨིན་རིག་འཛིན། དབང་རྣོན་ངོ་བོ་ལུས་ཟག་པ་གསུམ་ཟད་པ་ཚེ་ལ་དབང་བའི་རྡོ་རྗེའི་ལུས་ཐོབ་པ་ལྷག་བཅས་མྱང་འདས། དགོངས་པ་ས་བརྒྱད་པ་དང་སྐལ་མཉམ། སྤྱོད་པ་ལྟ་བ་ཆེད་འཛིན་ཀུན་འགྲོའི་དྲི་མ་བསལ། མངོན་ཤེས་དང་ཆོ་འཕྲུལ་གྱིས་གཞན་དོན་མཛད་པ་ཚེ་དབང་རིག་འཛིན། ངོ་བོ་མི་གཡོ་བའི་ཏིང་འཛིན་གྱིས་ལྷན་སྐྱེས་ཀྱི་དྲི་མ་སྦྱངས་པ་ལ་ཞུགས་པ་ཡེ་ཤེས་སྒྱུ་མའི་སྐུ་ཅན། དགོངས་པ་དག་པ་ས་གསུམ་དང་སྐལ་མཉམ། སྤྱོད་པ་དགོངས་པ་མི་གཡོ་བའི་ངང་ནས་ཞིང་རྣམས་སུ་སྤྲུལ་པས་གཞན་དོན་བྱེད་པ་ནི་ཕྱག་རྒྱའི་རིག་འཛིན་ངོ་བོ་ལམ་མཐར་ཕྱིན་སྐུ་ལྔ་ལྷུན་གྲུབ་ཀྱི་ས་ལ་སོན་པ། དགོངས་པ་སངས་རྒྱས་དང་མཉམ་པ། སྤྱོད་པ་ཤེས་སྒྲིབ་ཕྲ་བ་སྦྱངས་ནས་ཞིང་རབ་འབྱམས་སུ་གཞན་དོན་མཛད་པ་ལྷུན་གྲུབ་རིག་འཛིན་ལ་སྦྱོར་བས་ལམ་ལྔ་མཐར་སོན་ཏེ་སངས་རྒྱས་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་ལ་དབང་བསྒྱུར་བས་དོན་གཉིས་ལྷུན་གྲུབ་ཀྱི་ཕྲིན་ལས་ནམ་མཁའ་ཇི་སྲིད་དུ་སྣང་བའི་གོ་འཕང་མངོན་དུ་གྱུར་པའོ། །དེ་ཡང་སྤྱིར་བདག་ནི་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་གྱི་རྨོངས་འཁྲུལ་མ་རིག་ར་རིའི་རང་གཟུགས་ལ་སོམ་ཉིའི་གནས་སུ་མཆིས་མོད། སྒྲིབ་བྲལ་ཡེ་ཤེས་གཟིགས་པའི་ཆོས་ཀྱི་སྤྱན་རབ་པདྨའི་འདབ་ལྟར་རྒྱས་པ་ཀུན་མཁྱེན་འཇམ་པའི་དབྱངས་བློ་གྲོས་རྒྱ་མཚོའི་སྤྱན་སྔར་རྗེ་གོང་མའི་ཕྱག་བྲིས་ཛེ་ཏཱ་རིའི་ལུགས་ཚེ་དཔག་མེད་ལྷ་དགུའི་རྒྱ་གཞུང་ཞིག་སོན་པའི་རྐྱེན་གྱིས་ལྷ་སྔགས་རྣམ་པ་འདྲ་བའི་སྒྲུབ་སྐོར་ཞིག་རིག་སྟོང་ཡེ་ཤེས་ཀྱི་འཆར་སྒོར་གསལ་བ། ཕྱིས་གུས་ཞབས་རྨོངས་པས་ཆོས་སྐོར་འདི་གཟིགས་འབུལ་ཞུས་པའི་ཚེ་གཅིག་ཏུ་འདུག་པས་ཕྲན་གང་ཟག་དམན་ཆེས་པ་མ་གཏོགས་ཡིད་ཆེས་ཀྱི་གསོས་སུ་འདུག་གསུངས་པ་དང༌། ཡང་ཟབ་རིག་འཛིན་ཚེ་སྒྲུབ་ལ་ཉམས་བཞེས་གནང་བས་རྟགས་མཚན་དགེ་བར་བྱུང་ཚུལ་ཕེབས་པས་རང་ཉིད་ཀྱང་རྩ་གསུམ་དགྱེས་པའི་བྱིན་རླབས་ཀྱི་སྣང་བས་ཟབ་གསང་གི་སྒོ་ཞིག་སྟེས་དབང་གིས་ཐོལ་བྱུང་དུ་རྙེད་པ་ཡིན་སྲིད་སྙམ་དུ་ངེས་པ་བརྟན་པར་གྱུར་པས་སྐལ་བཟང་མོས་ལྡན་དག་གིས་ཀྱང་ཡིད་ཆེས་ཀྱི་གསོས་སུ་འདིར་སྨྲས་པའོ། །མཆོག་གི་བསྟན་དང་སྟོན་པའི་ལེགས་གསུང་བཅུད། །རྒྱུ་མཚན་ཤེས་པའི་བློ་ལྡན་མདུན་ས་རུ། །རྣམ་དཔྱོད་སོར་མོས་བསྟར་བའི་དགའ་སྟོན་འདི། །མཁའ་སྤྱོད་ཀུན་དགའི་ཚལ་ནས་བླངས་པ་བཞིན། །ཅལ་སྒྲོག་འུད་ཀྱི་གླིང་བུ་མ་ལགས་ཤིང༌། །བརྫུན་རིས་ཆུ་གཉེར་བགྲང་བའི་ངལ་མིན་ཀྱང༌། །དེང་དུས་མི་ཤེས་སྐྱེ་བོའི་ཚོགས་པ་ལ། །གསེར་དང་ཞ་ཉེ་ནོར་བ་རང་གི་གཤིས། །འོན་ཀྱང་ལས་སྨོན་སྤུ་སྡུག་དར་བབ་ཅིང༌། །རྣམ་གྲོལ་མཁའ་ལ་རྩེན་འདོད་མདོངས་མཐའ་ཅན། །ལེགས་བཤད་དབྱར་གྱི་རྔ་གསང་འདིས་བསྐུལ་ཏེ། །དགེ་ལེགས་ཟློས་གར་བསྒྱུར་བའི་རྒྱུར་གྱུར་ཅིག །ཅེས་རྡོ་རྗེ་གསང་བའི་ཚིག་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་པའི་གསང་ལམ་ཀུན་ཚང་ནོར་བུ་དབང་གི་རྒྱལ་པོའི་སྙིང་པོ་འདི་ལ་གདོད་ནས་དག་པའི་ཐུགས་བསྐྱེད་ཀྱིས་འབྲེལ་བའི་རིགས་ཀུན་ཁྱབ་བདག་འཇམ་དབྱངས་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་སྤྱན་སྔར་ཚུལ་འདིའི་སྨིན་གྲོལ་བདུད་རྩིའི་མཆོད་སྤྲིན་ཐོག་མར་ཕུལ་བའི་ཚེ་ཁྲིད་རིམ་འདི་ལྟར་ཡིད་ལ་འཆར་བས་སླད་ནས་ཡི་གེར་འགོད་འོས་པའི་བཀའ་ལུང་ནོར་བུའི་ཅོད་པན་ཚངས་གནས་སུ་བསྩལ་བ་དང༌། ལུང་ཟིན་ཆོས་ཀྱི་བདག་པོ་སངས་རྒྱས་མཉན་པ་མཆོག་གི་སྤྲུལ་པའི་སྐུ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མས་ཀྱང་ཐུགས་དམ་ཉམས་བཞེས་སུ་གསུང་གིས་བསྐུལ་བ་ལྟར་རང་ཉིད་ཀྱིས་ཉམས་ལེན་གྱི་གཡར་ཁྲལ་སྐབས་མན་ངག་གི་གནད་གསང་ཅུང་ཟད་རིག་པའི་ཁུལ་གྱིས་རྡོ་རྗེའི་ལམ་མཆོག་འདི་ཉིད་ཀྱི་བཀའ་བབ་པདྨ་གར་གྱི་དབང་ཕྱུག་འོད་གསལ་མདོ་སྔགས་གླིང་པ་ཚེ་དབང་གྲུབ་པའི་རྡོ་རྗེ་མི་ཤིགས་གཡུང་དྲུང་རྩལ་གྱིས་ཡིད་འོང་ལྟ་ན་སྡུག་གི་སྨན་ལྗོངས་ཆོས་གླིང་སྒྲུབ་སྡེ་ངེས་དོན་འོད་གསལ་རིག་པའི་ཕོ་བྲང་དུ་རྫོགས་པའི་སངས་རྒྱས་ཞེ་ཆེན་པ་པདྨ་དགྱེས་པའི་དུས་ཆེན་གྱི་མཆོད་པ་ནས་དབུ་བརྩམས་ནས་རིམ་གྱིས་ཡི་གེར་བཏབ་པ་ཡེ་ཤེས་ཌཱ་ཀིའི་ཐུགས་ཐིག་ཏུ་མཆིས་ཕྱིར་སྐལ་ལྡན་ངེས་པའི་སྣོད་གྱུར་ལ་ལེགས་པར་བསྟན་ཞིང་སྣོད་མིན་ལ་ཁྱབ་བརྡལ་དུ་སྦྱིན་མི་རུང་བའི་གདམས་པ་འདིས་ཀྱང་རྒྱལ་བསྟན་འཛིན་པའི་སྐྱེས་བུ་རྣམས་ཀྱི་སྐུ་ཚེའི་དགའ་སྟོན་མཆོག་ཏུ་འཕེལ་བའི་རྟེན་འབྱུང་རྨད་དུ་བྱུང་བའི་དཔལ་ཁོ་ནར་གྱུར་ཅིག །བཀྲ་ཤིས་དགེ་ལེགས་འཕེལ། །འཆི་མེད་པདྨ་དགྱེས་པའི་བྱིན་རླབས་བདུད་རྩིའི་ཟིལ་མངར་སྙིང་ལ་སིམ། །ཟབ་གསང་རྡོ་རྗེའི་རྒྱུད་ཀྱི་གླིང་བུ་ཌཱ་ཀིའི་གཱིརྟིའི་ཐོས་འཛིན་སྙན། །བླ་མེད་གསང་མཆོག་དགའ་ཚལ་བསྙེན་པའི་རིག་འཛིན་གཞོན་ནུའི་བརྣག་པའི་ཆོས། །ལས་སྨོན་ཤིང་རྟས་མངོན་སུམ་སྣང་བའི་དཔལ་གྱི་དུམ་བུའི་འཛུམ་དཀར་རྨད། ཅེས་ཀྱང་སྨྲས་སོ། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། སངས་རྒྱས་པདྨའི་ཐུགས་ཏིག་ཟབ་གསང་ཆོས། །རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་ཁྲིད་ཀྱི་རིམ། །མདོ་སྔགས་བསྟན་འཛིན་ནོར་བུས་པར་བསྐྲུན་མཐུས། །བདག་སོགས་འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་དམ་པ་མཆོག་གི་བཀའ་ཡིས་བསྐུལ་བ་བཞིན་གར་དབང་མདོ་སྔགས་གླིང་པས་ཆེད་དུ་བརྗོད་པ་ཨཱ་ཡུ་ཏིཥྛནྟུ། སརྦ་མངྒ་ལཾ། དགེའོ།། །།}} | ༄༅། །ན་མོ་གུ་རུ་ཨཱ་ཡུ་དེ་བ་མཎྜལ་བྷྱཿ ཡོངས་གྲུབ་རྡོ་རྗེ་ཚེ་ཡི་བདུད་རྩིའི་ཆར། །མཚན་མཆོག་རྔ་སྒྲའི་དབྱངས་སྙན་ཁོ་ནས་ཀྱང༌། །འབེབས་མཛད་འཆི་མེད་པདྨའི་དཀྱིལ་འཁོར་ལྷ། །མི་ཕྱེད་རིག་པའི་དཔལ་བེར་དགྱེས་པར་རོལ། །མཆོག་གི་བྱིན་རླབས་ཉིན་བྱེད་ཀྱིས། །ལེགས་ཕྱེ་རིག་པའི་པདྨོ་ལས། །སྣང་བའི་ཟབ་གསང་སྦྲང་རྩིའི་བཅུད། །སྐལ་བཟང་ཀུན་དགའི་གསོས་སུ་ཤར། །འདིར་མཆོག་ཐུན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། རྡོ་རྗེ་ཚེ་ཡི་རིག་འཛིན་སྒྲུབ་པའི་ཉེ་ལམ། བླ་མེད་ནང་རྒྱུད་ཡོ་ག་གསུམ་གྱི་དགོངས་པ་དང་གཙོ་བོར་འབྲེལ་བའི་འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་གི་ཟབ་དོན་ཉམས་སུ་ལེན་པའི་སྨིན་ཁྲིད་འཆད་པ་ལ་གསུམ། ཐོག་མར་དགེ་བ་ལོ་རྒྱུས་དང་བཅས་པའི་གླེང་གཞི། བར་དུ་དགེ་བ་རྣལ་འབྱོར་ཟབ་མོའི་སྙིང་པོ་དངོས། ཐ་མར་དགེ་བ་ཉམས་ལེན་གྱི་སྤྱི་སྡོམ་འབྲས་བུ་དང་བཅས་པའོ། །དང་པོ་ལ་གསུམ། མཚན་གྱི་དོན། གླེང་གཞི། བབས་ལུགས་བཤད་པའོ། །དང་པོ་ནི། གཏེར་གཞུང་ལས། འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་སོགས་ནས། ཅེས་བྱ་བ༔ ཞེས་པའི་བར་ཏེ། ཨ་མཱ་ར་ཞེས་པའི་སྒྲ་ལས་དྲངས་ན་འཆི་བ་མེད་པ་སྟེ། དེ་ཡང་ཀུན་འབྱུང་སྲིད་པའི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དུ་སྣང་བ་ཀུན་རྫོབ་ཀྱི་བདེན་པ་དང༌། རང་བཞིན་དེ་ལས་འདས་པའི་སྐྱེ་འགག་གནས་མེད་ཀྱི་གཤིས་ལུགས་སྟོང་ཉིད་ཀྱི་ངོ་བོ་དོན་དམ་བདེན་པ་སྟེ། དེ་གཉིས་ཀྱང་འགལ་འདུར་མི་གནས་པ་རྣམ་པ་རྒྱུ་རྐྱེན་རྟེན་འབྱུང་གི་སྣང་ཆས་འཁོར་འདས་སྣང་སྲིད་ཀྱི་གཉིས་ཆོས་ཐམས་ཅད་སྐྱེ་འགག་གནས་པ་ལྟར་སྣང་བ་གང༌། ངོ་བོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཅིག་གི་རང་བཞིན་ལས་གཞན་དུ་མི་འགྱུར་ཞིང་བྲི་གང་བྲལ་བས་ན། སྣང་སྟོང་དེ་གཉིས་རེས་འཇོག་མ་ཡིན་པར་གདོད་ནས་ཟུང་འཇུག་གི་གཤིས་སུ་ལྷུན་གྱིས་གྲུབ་པའི་ཕྱིར་ཆོས་ཉིད་ཅིར་ཡང་མ་ཡིན་པ་ཆོས་ཅན་ཅིར་ཡང་འཆར་བ་སྟེ། དེས་ན་ཀུན་རྫོབ་འཁྲུལ་པའི་གཞན་དབང་ནི་ཆོས་ཡིན་པས་འཁྲུལ་སྣང་ཐམས་ཅད་སྐྱེ་འགག་གནས་གསུམ་དུ་ཤར་ཕྱིར་འཆི་བའི་སྒྲས་འགག་པ་སྟོན་པའི་ཤུགས་ཀྱིས་སྐྱེ་གནས་གཉིས་ཀྱང་མཚོན་པ་སྟེ། མདོར་ན་འཁྲུལ་པ་རྒྱུ་འབྲས་ལས་འདས་པའི་ཡེ་ཤེས་རང་བཞིན་གདོད་མའི་གནས་ལུགས་གཉུག་མ་ཡོངས་གྲུབ་ཆེན་པོའི་གཤིས་ལུགས་ནི་དུས་གསུམ་ཀུན་ཏུ་བྲི་གང་འཕོ་འགྱུར་མེད་པས་ན་ཀུན་རྫོབ་རྫུན་ཆོས་ཀྱིས་མ་གོས་པའི་ཕྱིར་དགག་པའི་སྒྲ་སྦྱར་ཏེ་འཆིྃ་མེདྃ་ཅེས་གསུངས་པ་ནི་སྐབས་འདིའི་སྒྲུབ་བྱའི་གཞི་བསྟན་པ་སྟེ། དེ་ཉིད་ལམ་དུ་བྱེད་པ་བསྐྱེད་རྫོགས་ཀྱི་ཏིང་འཛིན་ཡང་སྡུག་བསྔལ་ཀུན་གྱི་ཉེས་པའི་རྙོག་མས་མ་གོས། ཟབ་མོའི་གནད་དོན་དང་ལྡན་པའི་ཐབས་ཀྱི་སྒོ་དུ་མའི་འདབ་མ་ཡངས་ཤིང་བཀྲ །དོན་གྱི་གནས་ལུགས་ལ་མ་རྨོངས་པའི་ཁ་དོག་གསལ། དངོས་གྲུབ་ཀྱི་སྦྲང་རྩིའི་ཟིལ་མངར་མི་ཟད་པ་རྟག་ཏུ་འཇོ། སྐལ་བཟང་དབང་རབ་ཀྱི་ལང་ཚོ་ཅན་རྣམས་ལ་རྒྱན་དུ་འོས་པའི་ཁྱད་ཆོས་རྣམས་དང་ལྡན་པས་ན་པྃདྨྃ་ནི་སྒྲུབ་བྱེད་ཀྱི་ལམ་དང༌། ཐབས་དེའི་བྱེད་པས་རང་གི་སྒོ་གསུམ་ལ་གནས་པའི་མི་འགྱུར་རྟག་པའི་ཚེ་ཆོས་ཉིད་མི་ཤིགས་པ། འཕོ་བཅས་ཐིག་ལེའི་ཚེ་དབུ་མའི་ཡར་མར་གྱི་སྣེའི་དཔྱིད་ཐིག་གཉིས་སོགས་དྭངས་མའི་ཁམས། དེ་དག་ཀྱང་ཡེ་ཤེས་དང་འབྲེལ་བའི་དགའ་བཞིའི་འཕོ་བ། རྣམ་ཤེས་དང་འབྲེལ་བའི་ལུས་ཀྱི་ཟུང་སམ་བླ། དེ་གཉིས་ཀའི་རྟེན་བརྟེན་པར་གྱུར་པའི་དབང་རྟེན་ཁ་དོག་དང་བཅས་པ་སྲོག་གི་ཚེ་སྟེ་རིམ་པ་བཞིན་ཟུང་འཇུག །རྫོགས་རིམ། བསྐྱེད་པའི་རྣལ་འབྱོར་རྣམ་པ་གསུམ་གྱི་ནུས་པས་ལྟར་སྣང་སྲོག་གི་ཀ་བ་སྐྱེ་འཆིའི་བདུད་ལས་རྒྱལ། འཕོ་བཅས་ཐིག་ལེའི་ཚེ་རྟེན་དྭངས་མ་རྒྱས་པས་འཆི་མེད་ལང་ཚོའི་མཐུ་ཐོབ་ཅིང་བརྟེན་པ་ཡེ་ཤེས་འཕེལ་བས་བདེ་ཆེན་གྱི་དཔྱིད་དུ་གྲུབ་པ་གཟུགས་སྐུ་གཉིས་དང༌། མི་འགྱུར་གཉུག་མའི་ཚེ་ཡེ་ཤེས་ཆེན་པོའི་བཅུད་ལེན་གྱི་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་ཟག་མེད་ཡེ་ཤེས་ལྔ་ཡི་རང་བཞིན་མངོན་དུ་བྱེད་པས་ཆོས་སྐུ་སྟེ། དེ་གཉིས་སྒྲུབ་པའི་འབྲས་བུ་ཡིན་པས་རྒྱུ་མིང་འབྲས་བུར་བཏགས་ཏེ་ཚེྃ་ཞེས་གསུངས་ལ། དབྱེ་བ་གང་ལྟར་བཤད་ཀྱང་པཎ་ཆེན་ངག་དབང་གྲགས་པས། འཚོ་བ་ལས་གཞན་སྙིང་པོ་ནི། །འགའ་ཡང་ཡོད་པར་མ་མཐོང་སྟེ། །དེ་ཕྱིར་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བར་ཡང་དག་བརྩོན། །ཅེས་གསུངས་པ་ལྟར་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། གནས་སྐབས་དང་མཐར་ཐུག་གི་མངོན་མཐོ་ངེས་ལེགས་ཀྱི་དཔལ་ཡོན་མཐའ་དག་སྒྲུབ་པའི་དགོས་པ་དུ་མ་དང་བཅས་ཤིང༌། དོན་གཉིས་ཡིད་བཞིན་དུ་སྒྲུབ་པའི་ཐབས་ཀྱི་སྒོ་རྨད་དུ་བྱུང་བ་ནི་རྡོ་རྗེའི་ཚེ་སྒྲུབ་པ་གཅིག་པུར་བསྔགས་ཏེ་ཨོ་རྒྱན་གྱི་སློབ་དཔོན་མ་ཧཱ་གུ་རུས། ཆོས་སྤྱོད་བསླབ་ལྡན་རྣལ་འབྱོར་པའི༔ ཚེ་རིང་བ་ནི་དགེ་བ་སྟེ༔ འདི་དང་ཕྱི་མའི་དོན་འགྲུབ་ཅིང༔ དངོས་གྲུབ་ཀུན་ཀྱང་མངོན་དུ་འགྱུར༔ ཞེས་གསུངས། དེ་ལྟ་བུའི་དགོས་པ་དང་ལྡན་པའི་ལམ་ནི་བཀའ་གཏེར་དུ་མ་ཞིག་བསྟན་པའི་ནང་ནས་བསྐྱེད་རྫོགས་ཀྱི་ལམ་ཡོངས་སུ་རྫོགས་པ། རྩ་བ་གསུམ་ཀའི་སྨིན་གྲོལ་ཡན་ལག་དང་བཅས་པ་ཚང་བ། སྤྲོས་བཅས་སྤྲོས་མེད་ཀྱི་རིང་འཚོའི་ཐབས་ཀྱི་སྒོ་ཐམས་ཅད་གཅིག་ཏུ་འདུས་པའི་བདུད་རྩིའི་ཉིང་ཁུ་ལྟ་བུ་ཡིན་པས་སྙིངྃ་ཐིགྃ་ཅེས་གསུངས། ཚུལ་དེ་ཡང་འཁྲུལ་རྟོག་གི་བསྲེ་བསླད་མ་ཞུགས། གཞན་ཟེར་གྱི་ངག་སྒྲོས་མ་བསྡུས། རྟོག་གེའི་བློ་ཡིས་མ་བཅོས་པ་དཀྱིལ་འཁོར་གྱི་སྟོན་པ་འཁོར་ལོའི་དབང་ཕྱུག་ཉིད་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་གསང་མཛོད་ལས་ཆོས་ཉིད་རྡོ་རྗེའི་རང་སྒྲ་དུས་གསུམ་དུས་མེད་དུ་ཤར་བས་ན་རངྃ་བྱུངྃ༌། གླེང་གཞིའི་སྐབས་བཞིན་ཕུན་ཚོགས་ངེས་པ་ལྔ་ལྡན་གྱི་སྟོན་འཁོར་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་པདྨའི་རིགས་གཙོ་བོར་ཤར་བས་པྃདྨྃ། བརྡ་མ་བཅོས། དོན་མ་ནོར། ཚིག་མ་འཁྲུལ་པའི་བརྗོད་བྱ་རྗོད་བྱེད་གཉིས་ཀ་རྡོ་རྗེ་གསང་བའི་ཚིག་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བར་སྣང་བས་རྡོྃ་རྗེྃ། གཞུང་ལམ་གྱི་དོན་དང་གཙོ་བོར་འབྲེལ་བའི་དབང་གིས་ཚེྃ་ཡིྃ་རྒྱུདྃ་ཅེསྃ་བྱྃ་བྃ་བཞུགས་སོ༔ ཞེས་གསུངས་པའོ། །གཉིས་པ་ནི། འཆི་མེད་རྩ་བ་གསུམ་སོགས་ནས། འདི་གསུངས་སོ༔ ཞེས་གསུངས་ཏེ། འོད་གསལ་བྱང་ཆུབ་སེམས་ཀྱི་གནས་ལུགས་ཡེ་ཤེས་གསུམ་ལྡན་དུ་གདོད་ནས་བཞུགས་པའི་དབྱིངས་རྣམ་དག་གི་ལྷ་དམ་ཚིག་སེམས་དཔའ། ཟག་མེད་ཡོན་ཏན་བྱེ་བའི་སྙིང་པོས་གང་བའི་ཡེ་ཤེས་འོད་གསལ་གྱི་བདག་ཉིད་ལ་ཡེ་ཤེས་སེམས་དཔའ། དེ་གཉིས་དབྱེར་མེད་དུ་གདོད་ནས་བཞུགས་པའི་རྩལ་ལས་ཤར་བ་ལ་མཚན་མའི་ལྷ་ཞེས་གསུངས་ལ། དོན་རྟགས་དེ་དང་ལྡན་པའི་ལྷ་ལ་དབྱེ་ན། ངོ་བོ་བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི་རྩ་བར་གྱུར་པའི་བླ་མ་ཡི་དམ་མཁའ་འགྲོ། རྣམ་པ་ཞི་ཁྲོ་ཆགས་བྲལ་ཆགས་བཅས་གཙོ་འཁོར་གྱི་དབྱེ་བས་དུ་མ་ཤར་ཡང༌། དོན་ལ་རྟག་གཙང་བདེ་བ་བདག་དམ་པའི་ཕ་རོལ་དུ་ཕྱིན་པའི་མི་ཤིགས་མཆོག་གི་འབྲས་བུའི་གོ་འཕང་ལ་དགྱེས་པར་རོལ་པས་སྐྱེ་འཆི་འཁོར་ཆོས་ཀྱིས་མ་ནོངས་པས་ན་འཆི་མེད་རྩ་བ་གསུམ་ཞེས་ཕྱག་གི་ཡུལ་མཆོག་ལ། བཀའ་ཡི་སྡུད་པ་པོས་ཡུལ་ཅན་ཡེ་ཤེས་ཀྱི་དགོངས་པས་གཉིས་སུ་མེད་པའི་ཚུལ་གྱི་ཕྱག་མཛད་པས་ཟབ་མོའི་རྒྱུད་འབྱུང་བར་ཤུགས་ཀྱིས་གྲུབ་པས་གླེང་གཞིར་གཏོགས་པ་སྟེ། གཏེར་གཞུང་དངོས་ཀྱིས་གསལ་བར་བསྟན་པའི་དུས། གནས། སྟོན་པ། འཁོར། ཆོས་ངེས་པ་ལྔ་ལྡན་བཤད་པའོ། །གསུམ་པ་ནི། རྨད་དུ་བྱུང་བའི་ཏནྟྲའི་སྙིང་སོགས་ནས། སརྦ་ཨརྠ་སིདྡྷི་ཧཱུྃ༔ ཞེས་གཤམ་དུ་གསལ་བ་ལྟར་སྔོན་དང་ད་ལྟ་ཆོས་འདིའི་བབས་ལུགས་སྨོས་པ་སྟེ་དེ་ཡང་གླེང་གཞིའི་དོན་གྱིས་རྒྱལ་བ་དགོངས་བརྒྱུད། བབས་ལུགས་སྔ་ཕྱིས་རིག་འཛིན་བརྡ་དང༌། གང་ཟག་སྙན་བརྒྱུད་དངོས་སུ་བརྟན་ཅིང༌། མཁའ་འགྲོ་གཏད་རྒྱ། སྨོན་ལམ་དབང་བསྐུར། ཤོག་སེར་ཚིག་བརྒྱུད་གསུམ་གཏེར་ཆོས་ཡིན་པའི་ཤུགས་ལས་གྲུབ་པ་སྟེ། སྤྱིར་གཏེར་ཆོས་ཞེས་པ་གང་ཟག་རྩ་ཁམས་དྭངས་པའི་ཡིད་ཀྱི་ཆོ་འཕྲུལ་ཙམ་དུ་ཕལ་མོ་ཆེས་འཛིན་པར་འདུག་ཀྱང་སྒྲ་ཇི་བཞིན་པའི་གཏེར་ཆོས་ཞིག་ཡིན་ན་བསྟན་བཅོས་ལས་ཀྱང་གཏེར་ཆོས་དཀའ་སྟེ། བསྟན་བཅོས་ཚད་མ་རྩོམ་པ་པོ་རྒྱུ་གསུམ་ཚང༌། བརྩམ་བྱའི་བསྟན་བཅོས་ངན་པ་དྲུག་བྲལ་ཚུལ་གསུམ་དང་ལྡན་དགོས་ན། གཏེར་ཆོས་ནི། དེ་ལས་ཀྱང་ཡོན་ཏན་ཆེ་བ་ཞིག་མེད་པར་སྟོན་མི་ནུས་པའི་རྒྱུ་མཚན་ཡོད་དེ། ཡེ་ཤེས་ཀྱི་མཁའ་འགྲོ་ལ་གཉེར་དུ་གཏད་ཅིང་ལོངས་སྐུའི་སྟོན་པའི་ཐུགས་ཀྱི་གསང་མཛོད་རྡོ་རྗེའི་ཚིག་གི་རྒྱུད་རྣམས་གྲངས་མཐའ་མི་མངོན་ཞིང༌། དོན་གནས་ལྔ་རིག་པས་ཀྱང་རྟོགས་པར་མི་ནུས་པའི་རྡོ་རྗེའི་གསང་བ་གུ་ཧྱ་གྷརྦྷ་དང༌། ཧེ་བཛྲ་ལྟ་བུ་ཞིག །སྟོན་པ་རྒྱལ་ཀུན་གསང་བའི་མཛོད་ལ་དབང་ཐོབ་པའི་རིག་འཛིན་གྱི་དབང་ཕྱུག་པདྨ་འབྱུང་གནས་ཀྱི་དོན་གྱི་དགོངས་པ་རྒྱུད་ལུང་མན་ངག་གསུམ་དང་ལྡན་པའི་ཆོས། ཚིག་གསུང་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་པས་རྡོ་རྗེའི་གསུང་འཁྲུལ་པ་མེད་པ། རྒྱུད་སྟོན་པ་དེ་ཡིས་རང་དང་གཉིས་སུ་མེད་པའི་ལས་ཅན་དག་པའི་འཁོར་ལ་ཐུགས་ཀྱི་བརྣག་པ། སྙིང་པོའི་མན་ངག །སྣོད་དང་འཚམས་པས་ཉམས་སུ་བླང་པས་གྲུབ་པ་ཐོབ་པ་ལ་མི་བསླུ་ཞིང་བྱ་སླ་ལ་ཚེགས་ཆུང་བ་ཞིག་གདམས་པས། འཁོར་གྱིས་ཀྱང་དུས་དེ་ཉིད་ནས་རྟགས་ཚད་ཀྱི་གདེངས་ཐོབ་པས་རིག་པ་འཛིན་པའི་གོ་སར་དངོས་སུ་ཕྱིན་ཏེ། གཉིས་ཀའི་ཡེ་ཤེས་ཀྱི་གཟིགས་པས་ཐ་མའི་གདུལ་བྱ་རིས་སུ་མ་བོར་བར་སྨོན་ལམ་གྱི་མཐུས་ད་ལྟ་སྣང་བས་སངས་རྒྱས་ཉིད་ཀྱི་ཞལ་སྒོ་ལ་རེག་པ་ལྟ་བུ་ལས། ཐོས་བསམ་གྱིས་ངེས་པ་རྙེད་པའི་ལག་རྗེས། གཞུང་རྙིང་དང་གོ་བསྟུན་པའི་ཆོག་ཁྲིགས་ཙམ་ཡང་མ་ཡིན་པ་སྟེ་གུ་རུ་རིན་པོ་ཆེས། རྒྱུད་ལུང་མན་ངག་ངེས་པའི་དོན༔ སྙིང་པོ་ལས་ཀྱང་སྙིང་པོའི་བཅུད༔ ཐུགས་ཀྱི་ཐིག་ལེར་རབ་བཞུགས་པ༔ ཆོས་ཉིད་རང་སྒྲར་སྣང་བས་ན༔ རྒྱུད་དང་མི་འགལ་ལུང་དང་མཐུན༔ མན་ངག་མྱོང་བ་ཁྱད་འཕགས་པ༔ ཞེས་གསུངས་པ་ལྟ་བུའོ། །གཉིས་པ་བར་དུ་དགེ་བ་རྣལ་འབྱོར་ཟབ་མོའི་སྙིང་པོ་ཉམས་ལེན་དངོས་བཤད་པ་ལ་གཞུང་འདི་ཉིད་ལས། འཆི་མེད་གཉུག་མ་རྡོ་རྗེའི་སྐུ༔ སྒྲུབ་པའི་རྒྱུ་རྐྱེན་ཐབས་ཀྱི་མཆོག༔ འབྲས་བུ་བཅས་པ་བསྟན་དུ་གསོལ༔ ཞེས་གླེང་བསླངས་པ་བཞིན་རྒྱུ་ཤེས་པའི་མཚན་ཉིད་གཞི་ལྟ་བའི་གནས་ལུགས་གཏན་ལ་ཕབ། རྐྱེན་འཇུག་པའི་ལམ་བསྐྱེད་རྫོགས་ཀྱི་ལམ་ཟབ་དྲིལ་ཁ་ཚང་དུ་བསྟན། འབྲས་བུ་ཡོངས་ཤེས་ཀྱི་དོན་ལམ་གྱུར་གྱི་རིག་འཛིན་བཞིས་བསྡུས་ཏེ་བཤད་པ་ནི་སྔ་འགྱུར་གྱི་རྡོ་རྗེ་ཐེག་པའི་བཤད་སྲོལ་ཐུན་མིན་ཏེ་སྙིང་པོའི་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ཞེས་གསུངས་པ་སྟེ་དེ་ལྟར་གསུམ་ལས། དང་པོ་གཞི་ལ། ངོ་བོ་ཆོས་ཉིད་ཀྱི་གཞི་དང་ཆོས་ཅན་བཏགས་པའི་གཞི་གཉིས། དང་པོ་ནི། དངོས་གྲུབ་ཀུན་གྱི་སྙིང་པོ་ནི༔སོགས་ནས། རྟོགས་པས་འཆི་མེད་མཆོག་གྲུབ་འགྱུར༔ ཞེས་པ་སྟེ་སྤྱིར་རྒྱུད་ལས། མི་འགྱུར་རྟག་པ་གཉུག་མའི་ཚེ། །ཉམས་ཤིང་འཕོ་བ་ཐིག་ལེའི་ཚེ། །གློ་བུར་ལྟར་སྣང་སྲོག་གི་ཚེ། །ཞེས་དབྱེ་བ་གསུམ་དུ་གསུངས་པའི་དང་པོ་སྟེ་སྨྲ་བསམ་བརྗོད་མེད་ཆོས་ཉིད་གཉུག་མ་མི་ཤིགས་པའི་ཐིག་ལེའི་སྲོག་ཆེན་པོ་སྟེ་དེ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་དངོས་མཚན་གང་དུའང་མ་གྲུབ་པས་སངས་རྒྱས་ཀྱི་སྤྱན་གྱིས་ཀྱང་བལྟར་མེད་པའི་གཞི་མེད་རྩ་བྲལ་དུ་གནས་པ་སྟེ། གོ་བའི་ཚིག་དང་མཚོན་པའི་དཔེ་ཀུན་ལས་འདས་པ། བློའི་སྤྱོད་ཡུལ་མ་ཡིན་པའི་རང་བཞིན་སྟོང་པ་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཏེ། དེས་ནི་བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་ཅིང་ཐམས་ཅད་ཀྱི་སྲོག་གི་སྙིང་པོར་གྱུར་ཀྱང་ཡོད་མེད་སྣང་སྟོང་ཡིན་མིན་གང་གིའང་ཕྱོགས་སུ་མ་ལྷུང་བ་ནམ་མཁའ་ལ་སྣོད་བཅུད་ཀྱི་འཇིག་རྟེན་བརྟེན་པ་མེད་པའི་ཚུལ་གྱིས་བརྟེན་ཏེ། འཁོར་འདས་གང་གི་ཡང་ཕྱོགས་སུ་མ་ལྷུང་བའི་ངོ་བོ། རང་བཞིན་ལྷུན་གྲུབ་ཀྱི་ཆས་གཞལ་ན་ཟག་མེད་ཀྱི་ཆོས་ཐམས་ཅད་ཉི་མ་དང་འོད་ཟེར་བཞིན་ལྷུན་གྱིས་རྫོགས་པའི་རང་བཞིན། གློ་བུར་གྱི་དྲི་མས་གཞར་ཡང་མ་གོས་པའི་འོད་གསལ་བའི་ཡེ་ཤེས་ཟུང་འཇུག་མཐར་ཐུག་གི་བཞུགས་ཚུལ་སྒྲ་ཇི་བཞིན་དུ་རྟོགས་ན་སྐྱེ་འཆི་འཕོ་འགྱུར་ཡོངས་ཡེ་མི་མངའ་བའི་དབྱིངས་སུ་བཙན་ས་ཟིན་པས་འཁྲུལ་ཆོས་ཐམས་ཅད་རང་སར་དག་པས་འཆི་མེད་རྟག་པའི་གོ་འཕང་མངོན་དུ་བྱེད་ནུས་པའོ། །གཉིས་པ་ནི། རྩལ་ལས་ཤར་བ་རིག་པའི་བློ༔སོགས་ནས། ལེའུ་དང་པོའོ༔ ཞེས་པ་སྟེ་གཞི་གཉུག་མའི་ཡེ་ཤེས་ཀྱི་ཚེ་ལ་གདོད་ནས་འཕོ་འགྱུར་བྲལ་ཡང་གཞི་སྣང་ཡེ་ཤེས་རིག་པའི་རང་རྩལ་ཅིར་ཡང་འཆར་བ་ལས་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་ཆ་ཐམས་ཅད་ལ་སྒྲིབ་བྱེད་ལས་ཀྱི་རྩ་རླུང་ཐིག་ལེ་ལས་སྨིན་པའི་སྒོ་གསུམ་རྟེན་བརྟེན་པར་སྣང་སྟེ་དེ་དག་གི་བྱེད་ལས་ཀྱིས་ཡུལ་སེམས་གཟུང་འཛིན་དུ་ཞེན་པའི་འབྲེལ་བས་ཕན་ཚུན་འདོད་པའི་ཚོར་བས་ཉམས་ཤིང་མི་བརྟན་པ་འཕོ་བའི་རྟེན་ཀུན་རྫོབ་རྫས་ཀྱི་ཐིག་ལེ་ཁམས་དཀར་དམར་ཏེ། དེ་ལ་བརྟེན་པའི་རླུང་སེམས་བཅས་དྭངས་མ་ཡེ་ཤེས་ཀྱི་སྟོབས་ཉམས་ཤིང་མི་མངོན་པར་འགྱུར་བ་ལས་ན་རྒ་འཆི་བའི་གནས་སྐབས་འབྱུང་བས་སྲིད་པའི་སྡུག་བསྔལ་ཉམས་སུ་མྱོང་ལ། དེ་དག་གི་རྟེན་མི་ལྡན་པའི་འདུ་བྱེད་ལུས་ཀྱི་ངོ་བོ་འབྱུང་ལྔ་བདེ་བ་དང་བཅས་པའི་ཁམས་དྲུག་འདུས་པ་རགས་པའི་གཟུགས་ཅན་ཏེ་བསྒྲུབ་གཞི་དེ་རྣམས་ལ་ཡེ་ཤེས་ཀྱི་སྟོབས་འཕེལ་ཞིང་སྒྲིབ་པའི་ཚོགས་སེལ་ཕྱིར་དངོས་བརྒྱུད་ནས་བཤད་པའི་སྲིད་ཞིའི་བཅུད་ལེན་གྱི་ནུས་པས་དྭངས་མའི་རྩ་རླུང་ཐིག་ལེའི་ཁམས་རྒྱས་ཤིང་བརྟན་པས་ཚེ་དང་ལུས་ཀྱི་བཅུད་ལེན་གྲུབ་ནས་སྐྱེ་འཆིའི་འཁྲུལ་སྣང་རྒྱུ་འབྲས་དང་བཅས་པ་དག་སྟེ་མི་འགྱུར་རྟག་བརྟན་རྡོ་རྗེ་སེམས་དཔའ་འཆི་མེད་རྟག་པ་འབྲས་བུའི་གོ་འཕང་དམ་པ་མངོན་དུ་བྱེད་ནུས་པ་སྟེ། མདོར་ན་གཞི་གཞི་སྣང་དང་བཅས་པས་འཁྲུལ་གྲོལ་གྱི་སྒོ་བཤད་པའི་ཚུལ་གྱིས་ཚེ་ཡི་རྣམ་གཞག་གསུམ་ག་བསྟན་པའོ། །གཉིས་པ་རྐྱེན་འཇུག་པའི་ལམ་ལ་བྱང་གཏེར་ལས། གསང་བ་ཚེ་ཡི་དྭངས་མ་དེ༔ བསྐྱེད་རིམ་དབང་དང་རླུང་གིས་གསོ༔ ཞེས་པ་ལྟར་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ། སྔོན་འགྲོ་དབང་དང་དམ་ཚིག །དངོས་གཞི་བསྐྱེད་རྫོགས་ཀྱི་རྣམ་དབྱེ། རྗེས་ལམ་གྱི་མདོ་ཆིངས་ཐུན་མོང་དུ་གདམས་པའོ། །དང་པོ་ལ། སྨིན་པར་བྱེད་པ་དབང༌། དབང་སྲོག་འཛིན་པ་དམ་ཚིག་གི་རྣམ་གཞག་གོ །དང་པོ་ནི། དེ་ནས་གཉིས་སུ་མེད་པའི་སོགས་ནས། ལེའུ་སྟེ་གཉིས་པའོ༔ ཞེས་པའི་བར་ཏེ་གཞུང་འདི་ཉིད་ལས། གཞི་ལ་གནས་པ་ནུས་པའི་དབང༔ སད་བྱེད་རྒྱུ་ཡི་དབང་བསྐུར་ཏེ༔ སོགས་ཀྱིས་གཙོ་བོར་བསྟན་པ་ལྟར་དོན་ཡེ་ཤེས་ཀྱི་དབང་གདོད་ནས་གནས་པའི་སྐུ་བཞིའི་ས་བོན་བདེ་གཤེགས་སྙིང་པོའི་རྒྱུད་དུ་བཞུགས་པའི་ནུས་པ་སད་པའི་ཕྱིར་ཀུན་རྫོབ་བརྡ་ཡི་དབང་བསྐུར་བྱ་ཡུལ་སློབ་མའི་དབང་པོ་ཐ་མ་འབྲིང་མཆོག་རབ་ཀྱི་སྣོད་ཅན་ལ། བྱེད་པ་པོ་སློབ་དཔོན་སྔགས་ཀྱི་དེ་ཉིད་ལྔ་ལ་རང་བྱན་ཚུད་པས། བྱ་བའི་ལས་ས་ཆོག་ལྷ་བུམ་སློབ་མ་ལྷག་གནས་ཐིག་ཚོན་རྒྱན་བཀོད་དཀྱིལ་འཁོར་སྒྲུབ་མཆོད་སྔོན་འགྲོས་བདག་ཉིད་འཇུག་སྟེ་གནང་བ་ནོད་པས། ཕྱི་མཚན་མ་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་རྒྱུད་སྦྱངས་ཏེ། བྱེད་པ་རྫས་སྔགས་ཏིང་འཛིན་གསུམ་ཚོགས་ཀྱི་ཆོ་གས་ཕན་ནུས་ཟབ་མོའི་དབང་བསྐུར་བས། བྱ་བ་སློབ་མའི་སྒོ་གསུམ་ཕྲ་རགས་ཀྱི་དྲི་མ་སྦྱངས་ཤིང་ཡེ་ཤེས་རང་གནས་ཀྱི་ནུས་པའི་གསོས་དངོས་བརྒྱུད་ཅི་རིགས་ནས་ཐེབས་པས་རྒྱུད་དག་ནུས་པ་རྫོགས་པ་སྟེ། འདིར་རྩ་བ་ནང་སྒྲུབ་ཀྱི་དབང་ཆེན་སྟ་གོན་དངོས་གཞི། ཁྱེར་བདེའི་དོན་དབང༌། ཡན་ལག་ཕྱི་སྒྲུབ་ཀྱི་ཁྲུས་དབང༌། གསང་སྒྲུབ་མཁའ་འགྲོའི་བརྡ་དབང༌། ཡང་ཟབ་རིག་འཛིན་བླ་མའི་དབང་བཞི། བར་ཆད་སེལ་བ་དབང་གི་རྒྱལ་པོའི་རྗེས་གནང༌། གཉེར་འཛིན་ཌཱ་ཀིའི་བཀའ་གཏད་བཅས་བཞུགས་པའི་ཆོ་ག་ཞིབ་མོ་ཀུན་གཟིགས་འཇམ་མགོན་བླ་མའི་དབང་གི་ཆོ་ག་ལྟར་ཤེས་པར་བྱ་དགོས་ཤིང་གྲུབ་པ་ལགས། གཉིས་པ་ནི། དབང་སྲོག་རྒྱུད་ལ་འཛིན་པ་ནི༔སོགས་ནས། ལེའུ་སྟེ་གསུམ་པའོ༔ ཞེས་པ་སྟེ་ངོ་བོ་བསྲུང་བྱའི་དོན་ལས་མི་འདའ་བའི་སེམས་ས་བོན་དང་བཅས་པ། ངེས་ཚིག་ཇི་ལྟར་དམ་བཅས་པའི་ཚིག་ལས་མི་འདའ་བས་སྔགས་ཀྱི་འདུལ་བའམ་རྡོ་རྗེ་ཐེག་པའི་ཡལ་གམ། དབྱེ་ན་རྩ་བ་ཡན་ལག་སྤྱི་དང་ཁྱད་པར་ལྷག་པའམ་འདིར་བཤད་པའི་ཕྱི་ནང་གསང་བ་དེ་ཁོ་ནའི་དམ་ཚིག །དོན་དམ་དང་ཀུན་རྫོབ་ཀྱི་ལྟ་བས་སྲུང་ཚུལ། ཕན་ཡོན། ཉེས་དམིགས་བཅས་ཤེས་པར་བྱས་ཏེ་བླང་དོར་ལ་འབད་པས་དངོས་གྲུབ་དཀའ་བ་མེད་པར་ཐོབ་པའི་ཐབས་ཀྱི་ཁྱད་པར་རྨད་དུ་བྱུང་བའོ། །གཉིས་པ་དངོས་གཞི་བསྐྱེད་རྫོགས་ཀྱི་རྣམ་དབྱེ་རྒྱས་པར་བཤད་པ་ལ། ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་དང་སྦྱར་ཏེ་བཅོས་ཤིང་བརྟག་པ་རྗེས་དཔག་གི་ལྷའི་རྣལ་འབྱོར་བསྐྱེད་པའི་རིམ་པ་དང༌། དོན་དམ་འཇིག་རྟེན་འགག་པའི་རིམ་པ་དང་སྦྱར་ཏེ་བཅོས་མིན་གྱི་ལྷ་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣལ་འབྱོར་དུ་བྱ་བ་མངོན་སུམ་པའི་ལྷའི་རྣལ་འབྱོར་རྫོགས་པའི་རིམ་པ་བཤད་པའོ། །དང་པོ་ལའང་གཞུང་ལས། ཐབས་ལ་ཕྱི་ནང་གསང་བ་དང༔ བླ་ན་མེད་པའི་སྒྲུབ་ཚུལ་བཞི༔ ཞེས་པ་ལྟར་ཕྱི་རྒྱུད་སྡེ་འོག་མའི་དགོངས་པ་ལྟར་ཚེ་འོད་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་བསག་སྦྱོང་སྙིང་པོར་དྲིལ་བ། ནང་མ་ཧཱ་ཡོ་ག་དང་མཐུན་པར་བླ་མ་ལོངས་སྐུ་ཚེ་དཔག་མེད་ལྷ་བཅུ་བདུན་མའི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ། གསང་བ་རྫོགས་རིམ་གྱི་སྔོན་འགྲོ་དབྱིངས་ཕྱུག་མནྡ་ར་རིགས་ལྔའི་མཁའ་འགྲོའི་བསྐྱེད་བཟླས། བླ་མེད་ཡང་ཟབ་རིག་འཛིན་བླ་མའི་ཚེ་སྒྲུབ་ཧེ་རུ་ཀ་འདུས་པའི་ཕྲིན་ལས་བཞི་ལས། དང་པོ་ལའང༌། ལམ་སྤྱིའི་སྔོན་འགྲོ་དང༌། ཕྱི་སྒྲུབ་དངོས་སོ། །དང་པོ་ནི། རིག་པའི་སེམས་དཔས་སོགས་ནས། གཅིག་ཅར་བརྩོན༔ ཅེས་པ་སྟེ་འཁོར་བའི་རྒྱུ་འབྲས་མཐའ་དག་གི་མཚང་ཤེས་པས་དེ་ལས་ཐར་འདོད་ཀྱི་བློ་བཅོས་མིན་དུ་རྒྱུད་ལ་སྐྱེ་བའི་ངེས་འབྱུང་གི་བསམ་པ་བསྐྱེད་ཕྱིར་ཆོས་ཀྱི་རྟེན་དལ་འབྱོར་རྙེད་དཀའ་ཚུལ། ཆོས་ལ་འཇུག་པའི་རྐྱེན་མི་རྟག་པར་བསྒོམ་པ། ཆོས་ཀྱི་དོན་རྒྱུ་འབྲས་བསླུ་མེད་ལ་ངེས་ཤེས་བསྐྱེད་པ། ཆོས་ཀྱི་འབྲས་བུ་འཁོར་བ་སྡུག་བསྔལ་དུ་ཤེས་པས་ཐར་པ་རྩེ་གཅིག་ཏུ་སྒྲུབ་པའི་བློ་རྣམས་ཁྲིད་རིམ་སྤྱི་ལྟར་བཤད་ཅིང་ཉམས་སུ་བླང་བར་བྱའོ། །གཉིས་པ་ནི། གནས་ཁང་བཀོད་པས་བརྒྱན་སོགས་ནས། ལེའུ་སྟེ་བཞི་པའོ༔ ཞེས་པ་སྟེ་འདི་ནི་འཕགས་ཡུལ་གྲུབ་པའི་སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུའི་སྒྲུབ་ཐབས་རྒྱ་གཞུང་དུ་གྲགས་པའི་དགོངས་པ་དང་ཆུ་བོ་གཅིག་ཏུ་འདྲེས་པ་སྟེ། སྤྱིར་སངས་རྒྱས་ཀྱི་ཕྲིན་ལས་གདུལ་བྱའི་ཡུལ་ལ་འཇུག་པའི་སྒོའི་གཙོ་བོ་ནི་གསུང་གི་གསང་བ་སྟེ། གསུང་གིས་འགྲོ་ལ་ཐར་པའི་ལམ་སྟོན་ཅིང་བླང་དོར་ཐམས་ཅད་ཡོངས་སུ་སྣང་བར་བྱེད། སྐུ་ཡི་སྣང་བ་མི་འཇུག་པའི་གདུལ་བྱའི་དོན་ཀྱང་གསུང་ཁོ་ནས་མཛད། སངས་རྒྱས་ཀྱི་ཡེ་ཤེས་ཟབ་མོའི་ནུས་པ་ད་ལྟ་སོ་སྐྱེའི་རྒྱུད་ལ་འདྲེན་པའི་ནུས་པའང་གསུང་ལ་མངའ། གཟུངས་རིགས་གསང་སྔགས་ཐམས་ཅད་ཀྱང་གསུང་ཡིན་པས་དེ་རེ་རེའི་བཟླས་པའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ། གསུང་དེ་གདུལ་བྱའི་ངོར་མཚན་མའི་ལྷ་སྐུར་བཞེངས་པ་གསུང་པདྨའི་རིགས་ཀྱི་ཁྱབ་བདག་ནི་འོད་དཔག་ཏུ་མེད་པ་ཡིན་པས་གང་དེ་བསྒྲུབ་པས་བྱིན་རླབས་དང་ཐུགས་རྗེ་ལྷག་པར་མྱུར་བ་སྟེ། ཐུན་མོང་གི་མཛད་པ་དང་སྒོ་བསྟུན་ན་སངས་རྒྱས་འོད་དཔག་མེད་པས་སྔོན་ཐུགས་བསྐྱེད་དེ་སྨོན་ལམ་ཆེན་པོ་བརྒྱ་ཕྲག་བཏབ་པས་ཚོགས་གཉིས་རྫོགས་སྨིན་སྦྱངས་པ་མངོན་དུ་གྱུར་ཏེ། ནུབ་ཕྱོགས་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན་སྣོད་བཅུད་རང་བྱུང་ཡེ་ཤེས་ཀྱི་བཀོད་པ་བསམ་མི་ཁྱབ་པ་ན་ད་ལྟ་མངོན་སུམ་དུ་སངས་རྒྱས་ཏེ་ཚེ་དང་ཡེ་ཤེས་འོད་སྣང་དཔག་དུ་མེད་པའི་འདྲེན་པར་འཚོ་ཞིང་གཞེས་ཏེ་བཞུགས་པས། ཞིང་དང་སྐུ་ཡི་ཡོན་ཏན་མདོ་རྒྱུད་ནས་གསུངས་པ་བསམ་སྟེ་དད་པ་དང་སྤྲོ་བ་བསྐྱེད། སངས་རྒྱས་དེའི་མཚན་ཙམ་ཐོས་པས་ཀྱང་དུས་མིན་གྱི་འཆི་བའི་འཇིགས་པ་གཙོ་བོར་གྱུར་པའི་ཉེས་པ་མཐའ་དག་སྐྱོབ་པའི་ཕན་ཡོན་དྲན་པས་མཆོད་པ་འབུལ་ཞིང་ཕྱག་བྱ། ཐུགས་རྒྱུད་བསྐུལ་བའི་ཕྱིར་གཟུངས་སྔགས་བཟླ་བ་དང༌། ཐུན་མཚམས་སུ་ལྷ་འདིའི་མདོ་རྒྱུད་བཀླག་པ་ལ་བརྩོན་པས་གནས་སྐབས་སུ་ཚེ་དང་བསོད་ནམས་འཕེལ་བ་དང༌། ཞིང་སྦྱོང་གི་ཆོ་ག་ཡང་ཞར་བྱུང་དུ་ཚང་བས། མཐར་ཐུག་འཆི་མེད་བདེ་ལྡན་མགོན་པོའི་གོ་འཕང་མངོན་དུ་བྱེད་པའི་ཐབས་མཆོག་ཏུ་ཟབ་པས་བརྩོན་པར་གཅེས་ཤིང༌། ཞར་བྱུང་འགལ་རྐྱེན་བསལ་བའི་ཁྲུས་དང༌། མཐུན་རྐྱེན་སྤེལ་བའི་མཆོད་སྡོང་བཞེངས་པ་དང་མཆོད་པ་སོགས་ཅི་ནུས་སྐབས་དང་སྦྱར་ཏེ་ཉམས་སུ་ལེན་དགོས་སོ། །གཉིས་པ་ནང་སྒྲུབ་ཀྱི་ཆོ་ག་ལ་བསྙེན་སྒྲུབ་ཡན་ལག་བཞིའམ། བསྙེན་སྒྲུབ་ལས་གསུམ་དུ་གསུངས་པས་སྐབས་འདིར་ཕྱི་མ་ལྟར་འབྲེལ་ཆེ་བས་བཤད་པ་ལ། དང་པོ་བསྐྱེད་རིམ་ཕྱག་རྒྱ་གཅིག་པ་བསྙེན་པའི་རྣལ་འབྱོར་ནི། ཁྱད་པར་རྒྱུན་གྱི་ཏིང་ངེ་འཛིན༔སོགས་ནས། སྙིང་པོའོ༔ ས་མ་ཡ༔ ཞེས་འོག་ནས་འབྱུང་བ་སྟེ་སྤྱིར་སྔ་འགྱུར་བཀའ་མ་སྒྱུ་འཕྲུལ་རྩ་རྒྱུད་ཀྱི་དགོངས་པ་ལྟར་ལམ་ཡོངས་རྫོགས་ཀྱི་དབང་དུ་བྱས་ཏེ་ལས་དང་པོའི་རྣལ་འབྱོར་བསྐྱེད་རིམ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་དགོས་པས་སྔོན་དུ་བཤད་པ་སྟེ། བསྐྱེད་རིམ་ལ་སྒོམ་ཚུལ་གྱི་དབྱེ་བས་བཞི་ལས་སྤྲོས་མེད་སྐད་ཅིག་དྲན་རྫོགས་ཀྱི་ཏིང་འཛིན་སྒོམ་སླ་བ་གཙོ་བོར་བཏོན་ནས་གསུངས་པ་སྟེ། རྒྱུ་ཏིང་འཛིན་གསུམ། འབྲས་བུ་རྟེན་བརྟེན་པའི་ལྷ་བསྒོམས་ཏེ་གསལ་བརྟན་དག་གསུམ་གྱི་བསྐྱེད་རིམ་ལ་རྩེ་གཅིག་ཏུ་བསླབས་པས་ཉམས་ལྔ་རིམ་གྱིས་འཆར། བྱིང་རྒོད་ཀྱི་སྐྱོན་བཅོས་པའི་ཕྱིར་ལྷ་ལམ་དུ་སློང་བ་སོགས་རྣམ་པ་དྲུག་གི་རྣལ་འབྱོར་གནད་དུ་བསྣུན་པས་གེགས་བསལ་ཞིང་བོགས་འབྱིན་བྱ། དེས་སྐྱོ་བའམ་སྐབས་སུ་ཐུགས་དམ་བསྐུལ་ཕྱིར་བཟླས་པའང་བྱ་ཞིང༌། གྲངས་བསྙེན་བྱེད་ན་རྩ་སྔགས་འབུམ་ཕྲག་གསུམ། གཟུངས་རིང་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་བར་གསུངས་སོ། །གཉིས་པ་ཕྱག་རྒྱ་སྤྲོས་བཅས་སྒྲུབ་པའི་རིམ་པ་ལ་བསྐྱེད་བཟླས་གཉིས་ལས། དང་པོ་ནི། གཉིས་པ་ནང་ལྟར་སྒྲུབ་པ་ལ༔སོགས་ནས། བསྟོད་པར་བགྱི༔ ཞེས་པ་སྟེ་རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་ཕུབ། འབྲས་བུ་རྟེན་དང་བརྟེན་པའི་ལྷ་བསྐྱེད་པ་བཅས་བསྐྱེད་རིམ་སྤྱི་ལྟར་སྤྲོས་ཏེ་ཤེས་པར་བྱ་བ་ལས་མ་སྨོས་ལ་ལས་ཀྱི་རིམ་པ་རྣམས་ཀྱང་གཞན་ལྟར་ཤེས་དགོས་སོ། །གཉིས་པ་ལ་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ནི། གསང་སྔགས་བཟླས་པའི་ཏིང་འཛིན་གྱིས༔སོགས་ནས། གདོན་མི་ཟ༔ ཞེས་པ་སྟེ་བསྐྱེད་རིམ་ཚུལ་བཞིན་སྒོམ་པའི་དབང་དུ་བྱས་ན་ནང་སྒྲུབ་འདི་བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་ཡིན་ཀྱང༌། དེང་སང་གི་མོས་སྒོམ་གཙོ་བོར་བཏོན་པའི་དབང་དུ་བྱས་ན། སྔར་བཤད་པའི་ཡང་ཟབ་སྙིང་པོའི་བསྐྱེད་བཟླས། རྒྱུན་གྱི་རྣལ་འབྱོར་གཙོ་བོ་ཡིན་པས་ཕྱི་ནང་གསང་བ་ཆིག་དྲིལ་གྱི་ཟབ་ཏིག་སྟེ། འདི་ཁོ་ན་ལའང་བསྙེན་སྒྲུབ་ལས་གསུམ་གསུངས་པས་ཐོག་མར་དང་པོ་བསྙེན་པ་ནི། ར་བ་བཞིའི་ཡར་ངོའི་གཟའ་སྐར་སྦྱོར་བྱེད་དགེ་བའི་སྔ་ཆར་དབེན་པའི་གནས་སུ་གཞུང་མཐུན་རྟེན་གྱི་དྲུང་བསྙེན་པའི་སྐབས་དཀྱིལ་འཁོར་མེད་ཀྱང་རུང་བས་སྨན་རཀ་གཏོར་མ་ཉེར་སྤྱོད་དང་བཅས་པ་བཤམས། བརྒྱུད་འདེབས་ནས་བརྩམ་ལས་བྱང་ཆོག་ཁྲིགས་ཅན་ལྟར་དཀར་གཏོར། བགེགས་གཏོར་བསྔོས་རྗེས་སྒོ་དྲུང་དུ་ཐོ་བརྩིགས་པར་རྒྱལ་ཆེན་ཐོ་འཛུགས་སྤྱི་ལྟར་བྱས་རྗེས། སྲུང་མཚམས་བཅད་པ་ནས་བསྙེན་པའི་བར་མཐར་ཆགས་སུ་བཏང༌། ཕྲེང་བ་དང་ངག་བྱིན་རླབས་བྱས་ལ། དམིགས་གནད་ནི། རང་གཙོ་བོའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་སྟེང་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཧྲཱིཿམཐར་སྔགས་ཕྲེང་དམར་པོས་བསྐོར་བའི་འོད་ལྔ་ལྡན་གྱིས་དག་པའི་ཞིང་གི་རྒྱལ་བ་སྲས་དང་བཅས་པ་ལ་བདེ་བ་ཆེན་པོའི་མཉེས་མཆོད་ཕུལ་བས་ཚོགས་གཉིས་ཡོངས་སུ་རྫོགས། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་བདུད་རྩིའི་འོད་ཟེར་ཁ་དོག་ལྔ་ལྡན་དུ་ཆར་ལྟར་བྲུལ་ནས་བྱུང་བ་གནས་ལྔར་ཐིམ་པས་ལུས་ཁྲ་ལྟེམ་གྱིས་གང༌། སླར་ཡང་སྔགས་ཕྲེང་ས་བོན་དང་བཅས་པའི་འོད་ཀྱིས་མ་དག་པའི་སྣོད་བཅུད་ཐམས་ཅད་ལ་ཁྱབ། སྐྱེ་འཆིའི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་སྦྱངས་ཏེ་དག་པ་ལྷ་ཡི་འཁོར་ལོར་སད། ཕྱི་འབྱུང་བ། ནང་སྐྱེ་འགྲོའི་ཚེ་དཔལ་ཐམས་ཅད་ཀྱང་སྔར་བཞིན་བསྡུས་ནས་ཐིམ་པས་མ་དག་པའི་སྒོ་གསུམ་མཐའ་དག་སྦྱངས་ཏེ་གཞོམ་མེད་རྡོ་རྗེའི་གསང་བ་གྲུབ་པའི་མོས་པས་བསྙེན་བཟླས་བྱ་བ་སྟེ། འདིར་ཤེས་པར་བྱ་བའི་གནད་ཀྱང་གཞུང་ལས། གསང་སྔགས་བཟླས་པའི་ཏིང་འཛིན་གྱིས༔ དངོས་གྲུབ་གནད་ལ་ངེས་པར་བསྐུལ། ཞེས་པ་ལྟར་སྔགས་བཟླ་བའི་ཚེ་དམིགས་པའི་ཏིང་འཛིན་དང་ལྡན་ན་ནུས་པ་ལྷག་པར་མྱུར་ཞིང་དེར་མ་ཟད་སངས་རྒྱས་ཀྱི་ཡེ་ཤེས་གསང་བ་གསུམ་ག་གཅིག་ཉིད་དུ་མར་འཕྲུལ་པའི་ཡེ་ཤེས་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་ལྷ་སྔགས་ཡེ་ཤེས་རོ་གཅིག་པ་བཞིན་བཟླས་པའི་སྐབས་སུ་ཡང་ཕྱག་རྒྱ་སྔགས་དང་ཏིང་འཛིན་རྣམས་ཆིག་དྲིལ་དུ་བྱ་དགོས་ཤིང་འགལ་འདུར་མི་གནས་པའི་གནད་མ་ཤེས་ན་དག་དྲན་གྱི་སྙིང་པོ་ལྷ་དང་གཞལ་ཡས་ཀྱི་རྟེན་བརྟེན་པ་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་འབའ་ཞིག་གི་རོལ་པ་ལས་མ་འདས་པའི་ཚུལ་བསྒོམ་མི་ནུས་ཤིང༌། སྔགས་ཀྱང་གསང་སྙིང་ལས། དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང༌། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱི། །རོལ་པ་ཅིར་ཡང་སྤྲུལ་ཞིང་སྟོན། །ཅེས་པ་ལྟར་ཤེས་པ་ནི་གཅེས་སོ། །ཚུལ་དེ་ལྟ་བུས་བཟླས་གྲངས་གཞུང་ལྟར་མ་གྲུབ་བར་དང༌། ཐུན་ལས་ལྡང་བ་ན་ལས་གཞུང་གི་ཚེ་འགུགས་དང་དབྱངས་གསལ་རྟེན་སྙིང་བཟླ་ཞིང༌། མཆོད་བསྟོད་ཡིག་བརྒྱ་དང་ནོངས་བཤགས་ནས་བརྩམས་བསྡུ་ལྡང་བྱ་བ་ལས་སྒྲུབ་པ་དང་ལས་སྦྱོར་གཉིས་མི་དགོས་སོ། །གཉིས་པ་སྒྲུབ་པ་ནི། བསྙེན་པའི་རྣལ་འབྱོར་ལས་རུང་བས༔སོགས་ནས། དངོས་གྲུབ་ཐོབ༔ ཅེས་པ་སྟེ་བསྙེན་བཟླས་རྫོགས་པའི་སྔ་ཆར་དངོས་གྲུབ་མདོར་བསྡུས་བླངས་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཏིང༌། བུམ་པ། ལྷ་ཙཀ །ཚེ་འབྲང༌། ཚེ་རིལ་ཆང་སོགས་དབང་གི་སྐབས་ལྟར་སྒྲུབ་རྫས་རྣམས་ཀྱང་བཀྲམ། རས་བྲིས་མ་འབྱོར་ན་ཚོམ་བུ་ལྷ་གྲངས་ཀྱིས་ཀྱང་རུང༌། སྟབས་བདེ་ཕྱིར་བསྙེན་པའི་དུས་ནས་དཀྱིལ་འཁོར་དང་ཚོམ་བུ་འདུ་བགྱིས་ཀྱང་ཆོག །གང་ལྟར་ཡང་ཉིན་དེ་གའི་ཕྱི་ཐུན་ནས་སྒྲུབ་པའི་དབུ་ཚུགས་པར་བྱ། ལས་བྱང་གི་བཟླས་པའི་དབུར་ཛཔ་ཁང་དབྱེ། བསྙེན་དམིགས་གསལ་བཏབ་ལ་བཟླས་པ་ཁྱུག་ཙམ་ཟིན་པ་དང་སྒྲུབ་པའི་ཛཔ་དགོངས་གཙོ་བོར་བྱ་སྟེ། དམིགས་པའི་ཁྱད་པར་རིགས་ལྔ་སོ་སོའི་ཐུགས་ཀར་རང་རང་གི་ས་བོན་སྔགས་ཕྲེང་གིས་བསྐོར་བའི་སྤྲོ་བསྡུས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡེ་ཤེས་རིག་ལྔའི་ཚེ། འབྱུང་ལྔའི་དྭངས་མ། འགྲོ་བ་རྒྱུད་ལྔའི་བླ་ཚེ་སྲོག་གི་སྙིང་པོ་བསྡུ་བསྟིམ་དང༌། སྣང་སྲིད་ཡེ་ཤེས་ཕྱག་རྒྱའི་འཁོར་ལོར་སད་པས་ཀུན་ཀྱང་ཛཔ་སྒྲ་སྒྲོགས་པར་བསམ་ལ་བཟླས་གྲངས་བསྐྱལ། ཐུན་མཐར་ཚེ་གཟུངས་ཀྱང་ཅུང་ཟད་བཟླ། གྲངས་བསྙེན་སྐབས་སྤྲོ་ན་གཟུངས་ཀྱང་འབུམ་ཕྲག་གཅིག་བཟླ། ལས་སྦྱོར་མི་དགོས། ཐུན་ལས་ལྡང་བ་ན་ཚེ་འགུགས་དབྱངས་གསལ་རྟེན་སྙིང་མཆོད་བསྟོད་ནོངས་བཤགས་སོགས་ལ་འཇུག །སྒྲུབ་པའི་སྐབས་འདིར་མཆོད་པ་ཚོགས་སྐོང་སོགས་ཇི་ཙམ་རྒྱས་བཞིན་ལེགས་པས་ཤེས་པར་བྱའོ། །གསུམ་པ་ལས་སྦྱོར་ནི། བསྙེན་དང་སྒྲུབ་པའི་ལྷ་སོགས་ནས། སིདྡྷི་བླང༔ ཞེས་པ་སྟེ་སྒྲུབ་པ་ཟིན་པ་དང༌། ལས་སྦྱོར་གྱི་བཟླས་པ་སྦྱར། ལས་སོ་སོའི་ཤམ་ཅན་ཁྲི་རེ་བཟླ། གྲངས་རྫོགས་པ་ན་དངོས་གྲུབ་བླང་བ་སོགས་སྤྱི་ལྟར་བྱ། དེ་ཡང་བསྙེན་སྒྲུབ་ལས་གསུམ་གྱི་ཐོག་མཐའ་དང༌། ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་རྣམས་དང༌། སྒྲུབ་པའི་སྐབས་ཉིན་བཞིན་ཚོགས་མཆོད་གྲུབ་ན་ལེགས། རྐྱེན་སེལ་ལྟ་བུར་ཟླ་གཅིག་ཙམ་དུ་བསྙེན་སྒྲུབ་བྱེད་ན་བསྙེན་པ་བདུན་གསུམ། སྒྲུབ་པ་བདུན་གཅིག །ལས་སྦྱོར་དང་གཏང་རག་ཚོགས་སྐོང་བཅས་ཞག་གསུམ་དུ་བགྱིས་པས་འབྲེལ་འཇོག་ཏུ་འགྱུར། རྒྱུན་གྱི་བསྐྱེད་རིམ་སྙིང་པོའི་སྟེང་ཁོ་ནར་བསྙེན་བཟླས་གྲངས་ཚད་གཞུང་ལྟར་བྱས་ཀྱང་རུང་ཞིང༌། དེའི་ཚེ་ལས་བྱང་རྒྱུན་ཁྱེར་ཁོ་བོས་བྲིས་པར་ཆོ་གའི་ཡན་ལག་ཅུང་ཟད་རྒྱས་ན་ལེགས་པས་ཀུན་གཟིགས་བླ་མའི་ཆོག་ཁྲིགས་ནང་སྒྲུབ་ཀྱི་གཤོམ་ལྟར་བྱའོ། །སྒྲུབ་པ་རྒྱས་པ་ཚོགས་སྒྲུབ་བྱ་བ་སྔོན་འགྲོ་སྟ་གོན་ནས་བརྩམ། མཇུག་དངོས་གྲུབ་ལེན་པའི་བར་སྒྲུབ་ཁོག་སྤྱིའི་ཆིངས་དང་བསྟུན་ཁོར་ཡུག་གསུང་མི་ཆད་པའི་བཟླས་པ་བཅས་བྱ་བའི་ཁྱད་པར་རོ། །གསུམ་པ་ལས་སྦྱོར་ནི། བསྙེན་དང་སྒྲུབ་པ་ལས་རུང་ནས༔སོགས་ནས། ལེའུ་སྟེ་བཅུ་པའོ༔ ཞེས་པའི་བར་ཏེ། དེ་ཡང་ལས་ཀྱི་ཚོགས་བྱ་བའི་ཡུལ་འཁོར་འདས་ཀྱི་བྱ་བ་ཐམས་ཅད་སྒོ་གསུམ་དང་རྟེན་ཅིང་འབྲེལ་བ་བཞིན། བྱེད་པའི་ཕྲིན་ལས་སངས་རྒྱས་རྣམས་ཐབས་མཁས་ཀྱི་སྤྱོད་ཡུལ་བསམ་མི་ཁྱབ་པས་དོན་གཉིས་ཀྱི་འདོད་པ་སྒྲུབ་པའི་སྒོ་ཐམས་ཅད་གསང་བ་མི་ཟད་རྒྱན་འཁོར་ལྔ་དང་འབྲེལ་བར་སྟོན་པས། བྱེད་ཚུལ་ནོར་བུ་རིན་པོ་ཆེ་གཅིག་གིས་ཡིད་ཀྱི་འདོད་པ་ཐམས་ཅད་རྗེས་སུ་འཇོ་བ་དང་མཚུངས་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དངོས་གཅིག་དུ་མར་ཤར་བའི་ཆོ་འཕྲུལ་གྱིས། བྱེད་པའི་ཐབས་རྫས་སྔགས་ཏིང་འཛིན་སུམ་འབྲེལ་དུ་སྟོན་པ་ཡིན་ལ། ཇི་ལྟར་བྱེད་ཚུལ་ཐོག་མར་རང་ཉིད་བསྙེན་སྒྲུབ་ལྟ་དགོངས་ཀྱི་གདེངས་དང་མ་ལྡན་ན་ལས་ཚོགས་མཐར་ཕྱིན་པར་མི་ནུས་པས་རྒྱས་པར་སྤྲོ་ན་ཕྱི་ནང་གསང་བ། རྩ་བ་ཡན་ལག་གི་སྒྲུབ་ཐབས་ཐམས་ཅད་དང༌། དེ་ཙམ་མ་གྲུབ་ནའང་ནང་སྒྲུབ་ཀྱི་བསྙེན་སྒྲུབ་ལས་གསུམ་གྲུབ་པ་ཞིག་ངེས་པར་དགོས་ཤིང༌། ལས་ཀྱི་དབྱེ་བ། སྐུ་ཕྱག་རྒྱ། གསུང་རིག་པ། ཐུགས་ཆོས་སྐུའི་རྟེན། ཡོན་ཏན་བཅུད་ལེན། ཕྲིན་ལས་མེ་རླུང་གི་སྦྱོར་བ། འགལ་རྐྱེན་ཚར་གཅོད་པ་དང་འབྲེལ་བའི་ཚེ་བདུད་བཟློག་མདོས་དང༌། པདྨ་དྲག་པོ་རྟ་མཆོག་རོལ་པའི་བསྐྱེད་བཟླས། མཐུན་རྐྱེན་རྗེས་འཛིན་གྱི་ཡན་ལག་བླ་ཚེ་བསླུ་བའི་ཆོ་ག་དང༌། འཆི་བདག་གཏོ་ཆེན་རྣམས་དང༌། གསང་བ་མི་ཟད་རྒྱན་འཁོར་གྱི་ལས་ཚོགས་རྣམས་ནང་སྒྲུབ་ཀྱི་ཡན་ལག་རིགས་ལྔ་བྱེ་བྲག་གི་སྒོས་སྒྲུབ་དང་འབྲེལ་བར་ཉམས་སུ་ལེན་དགོས་པས་གཞན་དུ་ཤེས་ལ། དགོས་པ་ཚེའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་གོང་འཕེལ་དུ་བགྱིས་པས་དཔྱིད་སོས་ཆར་གྱིས་བྲན་པའི་དབྱར་སྐྱེས་བཞིན་རྡོ་རྗེ་ཚེ་ཡི་རིག་འཛིན་བདེ་བླག་ཏུ་འགྲུབ་པ་ནི་ངེས་པའོ། །གསུམ་པ་གསང་བ་རྫོགས་རིམ་གྱི་སྔོན་འགྲོ་དབྱིངས་ཕྱུགས་མནྡ་ར་རིགས་ལྔའི་མཁའ་འགྲོའི་བསྐྱེད་བཟླས་ནི། དག་པ་ཡེ་ཤེས་རྩ་ཐིག་རླུང༔སོགས་ནས། ལེའུ་སྟེ་བཅུ་གཅིག་པའོ༔ ཞེས་པ་སྟེ་སྤྱིར་རྡོ་རྗེའི་ལུས་ལ་བརྟེན་པ་རྩ་རླུང་ཐིག་ལེའི་གནད་འཆིང་བ་རྫོགས་རིམ་སྟེ་ཐིག་ལེའི་ཁམས་གྲུབ་པ་ཙམ་ནས་བཅུད་དྭངས་མ་དཀྱིྃལ། རང་བྱུང་གི་སྣོད་འཁོྃར་གྱི་རང་བཞིན་ཤུགས་ཀྱིས་གྲུབ་པས་རྟོག་པས་གསར་དུ་སྒྲོ་བཏགས་ནས་བཅོས་མར་བྱས་པ་མིན་ཞིང༌། ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དང་མཐུན་པར་བསྒོམ་པ་སྔ་མ་ལས་ཟབ་པའི་ཕྱིར་ཟབ་མོའི་བསྐྱེད་རིམ་ཞེས་གྲགས། དེ་ཡང་རྩ་རླུང་ཐིག་ལེའི་ཁམས་ཐམས་ཅད་ཀྱང་དབུ་མ་ཆོས་ཉིད་ཀྱི་སྲོག་ཏུ་དག་དགོས་ཤིང༌། དེའི་རྐྱེན་བདེ་གསལ་མི་རྟོག་པའི་ཉམས་ལེན་མཐའ་དག་གི་གཞི་ལྟེ་བའི་ཙཎྜ་ལི་འབར་བའི་བྱེད་པས་བྱ་དགོས་པས་དེ་ནི་ཤེས་རབ་ཀྱི་བདག་ཉིད་ཡུམ་དུ་གནས་ལ། དེ་ཐམས་ཅད་ཀྱི་ངེས་དོན་རྣམ་ཐར་སྒོ་གསུམ་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ཀྱི་རྒྱ་ལས་མ་འདས་པས་ན་བསྐྱེད་རིམ་ཀྱང་དེ་དག་དང་མཐུན་པར་ཡུམ་བཀའ་ལྷན་ཅིག་སྐྱེས་མ་རིགས་ལྔའི་རྣལ་འབྱོར་སྟོན་པས་ལྷག་པར་ཡང་ཟབ་པའི་ཕྱིར་གསང་སྒྲུབ་ཏུ་བཞག་པ་སྟེ། གནད་དེ་ལྡན་གྱི་བསྐྱེད་རིམ་གྱི་སྐབས་རང་ལུས་གཞལ་ཡས་ཀྱི་ནང་ཙཎྜ་ལིའི་ཆོས་འབྱུང་དབུས་དཔྱིད་ཐིག་གི་ངོ་བོ་མནྡ་ར། ཡས་བབ་མས་བརྟན་གྱི་དགའ་བཞིའི་འཁོར་བརྒྱད། བདེ་ཆེན་གྱི་དྭངས་མ་རིགས་བདག་བླ་མ། ཀུན་ཀྱང་སེམས་ཉིད་ལྷན་སྐྱེས་ཀྱི་རོལ་རྩེད་གཅིག་ཏུ་ཤེས་པས་གཞུང་ལྟར་ཉམས་སུ་བླང་ངོ༌། །བཞི་པ་དེ་ཁོ་ན་ཉིད་བླ་མེད་ཡང་ཟབ་རིག་འཛིན་བླ་མ་ཧེ་རུ་ཀ་འདུས་པའི་ཕྲིན་ལས་ནི། ཡང་ཟབ་རིག་འཛིན་ཚེ་ཡི་སྒྲུབ་པ་བཞུགས༔ སོགས་གུད་དུ་ཕྱུང་བ་ལྟར་ཏེ། ཐོག་མར་རྒྱུད་སྦྱོང་བ་བསག་སྦྱང་གི་རིམ་པ་གཙོ་བོར་བཏོན་པའི་ཕྱི་སྒྲུབ་ནི་རྒྱལ་པོ་ལ་སྙན་གསན་དབབ་པ་ལྟ་བུ་བསྙེན་པའི་ཡན་ལག་ཏུ་དང་པོར་བསྟན། དེ་ནས་སྤྲོས་པ་ཅན་ཀུན་བཏགས་ཀྱི་ཞེན་པ་སྦྱང་ཕྱིར་མ་ཧཱ་དང་མཐུན་པའི་བསྙེན་སྒྲུབ་ལས་གསུམ་རྒྱས་པར་སྟོན་པ་ནང་སྒྲུབ་ནི་ཡུལ་གཉན་པོ་ལ་འདྲིས་*སྡེབ་པ་ལྟ་བུ་ཉེ་བསྙེན་གྱི་ཡན་ལག །སྤྲོས་མེད་རྡོ་རྗེའི་ལུས་ཀྱི་རྣལ་འབྱོར་ལ་གནད་དུ་བསྣུན་པས་གཞན་དབང་རླུང་སེམས་ཀྱི་མདུད་པ་ཨ་ཝ་དྷཱུ་ཏིར་བཤིག་ཕྱིར་སྙིང་པོའི་རྣལ་འབྱོར་ཨ་ནུ་དང་མཐུན་པར་སྟོན་པ་གསང་སྒྲུབ་ནི་གོང་མ་མཉེས་ནས་རང་གི་འདོད་དོན་སྒྲུབ་པ་ལྟ་བུ་སྒྲུབ་པའི་ཡན་ལག །དབང་རབ་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་དང་སྐུ་གསུམ་འོད་གསལ་རིག་པའི་རང་བཞིན་གཉིས་མེད་མཉམ་པ་ཆེན་པོ་ཡོངས་གྲུབ་རྟག་པ་རྡོ་རྗེའི་སྲོག་སྒྲུབ་ཕྱིར་མངོན་སུམ་ལམ་བྱེད་མོས་གུས་ཀྱི་རྣལ་འབྱོར་ཡང་ཟབ་རིག་འཛིན་བླ་མའི་སྒྲུབ་ཐབས་ཏེ་རང་ཉིད་ཀྱང་ཆེན་པོའི་གོ་སར་འཁོད་ནས་དབང་བསྒྱུར་བ་ལྟ་བུ་སྒྲུབ་པ་ཆེན་པོའི་ཡན་ལག་ཏུ་བསྟན་པ་སྟེ། བླ་མའི་རྣལ་འབྱོར་ཁོ་ན་ཉམས་སུ་བླང་པས་མདོ་སྔགས་ཀྱི་ལམ་གནད་ཚང་བ། བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི་སྒོ་རྩོམ་པ་ལ་ལམ་མྱུར་བ། གེགས་སོགས་ཕྱི་ནང་གི་བར་ཆད་མེད་པ། ཐབས་ཟབ་མོའི་གསེང་ལམ་ཐུན་མིན་ཡིན་པས་བསྐྱེད་རྫོགས་ཀུན་ལ་མེད་དུ་མི་རུང་བ་ཡིན་པའི་ཚུལ་ཤེས་པས་རང་གཞུང་ལྟར་ཉམས་ལེན་བྱའོ། །གཉིས་པ་དོན་དམ་འཇིག་རྟེན་འགགས་པའི་རིམ་པ་དང་སྦྱར་ཏེ་མངོན་སུམ་ལམ་བྱེད་རྫོགས་རིམ་གྱི་རྣལ་འབྱོར་ཟབ་མོས་རྡོ་རྗེའི་སྲོག་སྒྲུབ་པའི་མན་ངག་བཤད་པ་ལ། རྩོལ་བཅས་རང་གཞན་གྱི་རྡོ་རྗེའི་ལུས་ལ་བྱེད་བཅིང་གི་ཐབས་ལམ་དང༌། རྩོལ་མེད་གཉུག་མ་མི་ཤིགས་པའི་ཐིག་ལེ་ལ་བརྟེན་པའི་གྲོལ་ལམ་བསྟན་པའོ། །དང་པོ་ལའང་རང་ལུས་ཐབས་ལྡན་གྱི་མན་ངག་དང༌། གཞན་ལུས་ཕོ་ཉའི་མྱུར་ལམ་བཤད་པའོ། །དང་པོ་ལ་གསུམ། མི་རྟོག་ཆོས་སྐུའི་ཉམས་ལེན། བདེ་ཆེན་ལོངས་སྐུའི་རྩལ་སྦྱང༌། གསལ་སྟོང་སྤྲུལ་སྐུའི་བོགས་འབྱིན་ནོ། །དང་པོ་ལ་གཉིས། ཟབ་ལམ་ཕྲ་ཐིག་གི་རྣལ་འབྱོར་གྱིས་རླུང་ལས་རུང་དུ་སྒྲུབ། དབྱིངས་ཕྱུག་ནམ་མཁའི་རྣལ་འབྱོར་གྱིས་སྣང་བའི་བདེན་ཞེན་བཤིག་པའོ། །དང་པོ་ནི། དེ་ནས་སྙིང་པོའི་ཏིང་འཛིན་གྱིས༔སོགས་ནས། རྣལ་འབྱོར་ཏེ༔ ཞེས་པ་སྟེ་སྙིང་པོའི་རྒྱུད་ལས། ས་ཆུ་སྤྱན་དང་མཱ་མ་ཀི །མེ་རླུང་གོས་དཀར་དམ་ཚིག་སྒྲོལ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང༌། །ཞེས་གསུངས་པ་ལྟར་ཕྱི་ནང་གཞན་གསུམ་གྱི་འཇིག་རྟེན་ཐམས་ཅད་འབྱུང་བ་ལྔས་བསྡུས་ཤིང༌། འབྱུང་ལྔ་ཉིད་ཀྱང་དག་པ་ཡུམ་ལྔའི་ཡེ་ཤེས་ཀྱི་མཁའ་རུ་གདོད་ནས་གནས་ལ། མཁའ་ནི་བདེ་བའི་འབྱུང་གནས། ཀུན་ཀྱང་དེ་ལས་མི་འདའ་བ་རྣམ་ཐར་གསུམ་གྱི་ཆོས་སུ་གནས་པ་སྟེ། དེའི་དོན་རྟོགས་ན་རྣམ་ཀུན་མཆོག་ལྡན་བདེ་ཆེན་གྱི་ཡེ་ཤེས་གཅིག་པུ་དུ་མའི་གར་དུ་བསྒྱུར་བའི་ཆོ་འཕྲུལ་ཙམ་ལས་སྐྱེ་འཆི་ཞེས་པ་དངོས་མཚན་དུ་མ་གྲུབ་པས། འཁོར་བ་ཡེ་དག་མྱང་འདས་ལྷུན་རྫོགས་ཀྱི་དགོངས་པའི་གདེང་ཐོབ་པ་ཡིན་ལ། མ་རྟོགས་པའི་འགྲོ་ལ་འབྱུང་བཞིའི་བྱེར་སྡུད་ཀྱིས་ཕྱི་ཡི་སྣོད་ཆགས་འཇིག །ནང་གི་སེམས་ཅན་སྐྱེ་ཤི། གསང་བ་རླུང་སེམས་ཀྱི་ཚོགས་པ་འདུ་འབྲལ་སྣ་ཚོགས་སུ་སྟོན་པས་ཅིར་ཡང་སྣང་ཞིང་སྣ་ཚོགས་སུ་འཆར་བ་སྟེ། རྡོ་རྗེ་ཐེག་པའི་གནད་ཀྱིས་སྲོག་ནས་འཛིན་པས་དག་པའི་གནས་ཚུལ་དང་མཐུན་པར་བདེ་བ་ཆེན་པོར་ལམ་དུ་བྱས་པས་མ་དག་པའི་སྣང་བ་ནུབ་ཅིང་དོན་གྱི་ཡིན་ལུགས་མངོན་དུ་འགྱུར་བའི་ཐབས་ཀྱི་གསེང་ལམ་སྔ་མ་རྣམས་ལས་ཀྱང་ཆེས་ཟབ་མོ་ཞིག་སྟེ་སྔར་སྣང་བཅས་ཕྱིྃ་ཡི་འཇིག་རྟེན་གྱི་སྣོད་བཅུད་སྡུག་ཀུན་རང་རྒྱུད་པའི་བདེན་འཛིན། བདེ་གཤེགས་ཡབ་ལྔ་གཅིག་དྲིལ་གྱི་བསྐྱེད་རིམ་གཙོ་བོར་བཏོན་པས་སྦྱང་པ་ཡིན་ལ། འདིར་རང་སྣང་སྟོང་པའི་རང་གཟུགས་ནངྃ་ལུས་ཀྱི་འཇིག་རྟེན་གྱི་འཁྲུལ་པ། འབྱུང་ལྔ་དག་པའི་དབྱིངས་ཕྱུག་ཡུམ་ལྔའི་ཐབས་ཀྱི་རྣལ་འབྱོར་ལ་གནད་དུ་བསྣུན་པས་རྣམ་མེད་སྟོང་ཉིད་ཀྱི་རང་གཟུགས་རྣམ་བཅས་བདེ་ཆེན་རྡུལ་བྲལ་མཁའ་ཁྱབ་ནམ་མཁའི་རྡོ་རྗེའི་ལང་ཚོ་སྒྲུབ་པས། གཞནྃ་དུ་དེ་ཁོ་ན་ཉིད་ཟུང་འཇུག་སྐྱེ་འཆིའི་ཟུག་རྔུ་ཀུན་བྲལ་ཡེ་ཤེས་ཀྱི་སྐུ་འོད་གསལ་བདེ་ཆེན་འཆི་མེད་རྟག་པའི་གོ་འཕང་སྒྲུབ་པའི་རྡོ་རྗེ་ནང་གི་རྣལ་འབྱོར་གྱི་མན་ངག་ཐུན་མིན་ཏེ། བསྒྲུབ་གཞི་ཕྲ་བའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་རིགས་དྲུག་གི་ཁྱབ་བདག་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་དུ་དག་ཅིང་གནས་པས་དོན་ལ་ཕྱི་ནང་གཞན་གསུམ་གཉིས་མེད་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོའི་ངེས་གསང་གཅིག་ཏུ་གནས་ཀྱང༌། དེའི་རང་མདངས་ཀུན་རྫོབ་སྣང་ངོའི་ཆ་ནས་ཁུ་རྡུལ་རླུང་གི་རྟེན་རྩ་གསུམ། རླུང་སེམས་འཇུག་པ་གཅིག་པས་སེམས་ཀྱི་རྟེན་ཀྱང་ཡིན་ལ། དེ་ལས་རགས་སྣང་ལུས་ངག་སེམས་གསུམ་རྩ་རླུང་ཐིག་ལེའི་ཆོས་གྲུབ་པས་སྒོ་གསུམ་གྱི་འཇིག་རྟེན་རང་བྱུང་བཀོད་པ་སྟེ། རྒྱུ་རྐྱེན་གྱི་རྟེན་འབྱུང་གཅིག་ཏུ་ཚོགས་པ་ལས་སྐྱེ་བ། དེ་སོ་སོར་གྱེས་པ་ལས་འཆི་བ་སྟེ་དར་གུད་སྣ་ཚོགས་འབྱུང་བས་ལས་ཉོན་གྱི་ཚོགས་བསྐྲུན་ཀྱང༌། མཆོག་དབང་གོང་མ་གསུམ་དང་འབྲེལ་བའི་ཟབ་ལམ་གྱི་བྱེད་བཅིང་གི་ཡེ་ཤེས་ཀྱིས་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པས། འཁྲུལ་པའི་རྩ་རླུང་ཁམས་ཀྱི་སྙིགས་མ་གློ་བུར་མེད་སྣང་གི་སྒྲིབ་པ་དབུ་མའི་སྦུབས་སུ་དག་ནས། ཁྱབ་བྱ་དྲུག་པའི་རིགས་ཀྱི་རྡོ་རྗེའི་གསང་བ་མི་ཟད་པའི་ཁམས་ལ་ཁྱབ་བྱེད་མཆོག་ཏུ་མི་འགྱུར་བདེ་ཆེན་གྱིས་ཡོངས་སུ་གང་བའི་ཟག་མེད་རྡོ་རྗེའི་སྲོག་ཆེན་པོ་སྒྲུབ་ནུས་པ་སྟེ། འཁྲུལ་སྣང་དེ་ཐམས་ཅད་ཀྱི་གཡོ་སྡུད་ནི་རླུང་ཁོ་ནས་བྱེད་པས་བརྟེན་པ་སེམས་ཀྱི་ཆོས་ཀྱང་རིག་རྩལ་རླུང་གིས་ཡུར་བ་ལས་སྣང་བ་ཇེ་རགས་སུ་ཤར་ནས་གཟུང་འཛིན་གྱི་གཉིས་རྟོག་གྲུབ་ཅིང༌། རྟེན་ལུས་ཀྱང་འཕེལ་འགྲིབ་ཀྱི་བྱ་བ་རླུང་གིས་བྱེད། ཕྱིའི་སྣོད་ཀྱི་འབྱུང་ལྔའི་ཆོ་འཕྲུལ་ཀྱང་རླུང་གིས་གཙོ་བོར་བསྐུལ་བ་ནི་གསོ་རིག་ལས་ནད་ཀྱི་སྣ་འདྲེན་རྗེས་གཅོད་ཐམས་ཅད་རླུང་ཡིན་པར་གསུངས་པ་ལྟ་བུ་སྟེ། དེས་ན་ཐོག་མར་ཀུན་གྱི་བྱེད་པོ་ཐབས་ཀྱིས་ལམ་དུ་གཞུག་པས་གཞན་རྣམས་ཞར་བྱུང་དུ་དག་པར་དགོངས་ནས་དམ་ཚིག་སྒྲོལ་མའི་རྣལ་འབྱོར་དང་པོར་བསྟན་པར་མངོན་ལ། སྐྱེ་འཆི་རང་མཚན་དུ་ཞེན་པའི་རྒྱུ་གང་ལས་བྱུང་ན་བདེན་འཛིན་ལས་བྱུང༌། བདེན་པར་འཛིན་ཡུལ་ནི་ལུས་ངག་སེམས་ཀྱི་ཚོགས་པ་སྟེ་དཔྱད་ན་ལུས་ནི་ཤ་རུས་ཁྲག་སོགས་གདོས་བཅས་བེམ་པོའི་ཆོས། ངག་ནི་རླུང་སེམས་ཀྱི་སྒྲ་གློ་བུར་དུ་སྣང་བ་རྔ་ཡི་སྒྲ་ལྟ་བུ། སེམས་ནི་རྟོག་པའི་ཕྲེང་བ་རིག་རིག་ཏུར་ཏུར་དུ་གཡོ་ཡང་དོན་ལ་གང་དུའང་མི་གནས་པ་རླུང་ལྟ་བུ་སྟེ། མདོར་ན་དེ་ཐམས་ཅད་སིལ་བུར་བསིལ་ན་གཅིག་ཀྱང་མ་གྲུབ་པར་གཏན་ལ་ཕེབས་པས་རྟེན་འབྱུང་གི་སྣང་ཆ་ཙམ་ལས་མེད་ན་འཛིན་ཡུལ་མ་དམིགས་པའི་འཛིན་པ་ཞིག་གང་ལས་འབྱུང༌། མ་བརྟགས་ཉམས་དགའ་སྒྱུ་མ་ཙམ་དུ་ངེས་ཤེས་ཀྱི་གདིང་མ་རྙེད་བར་དུ་དཔྱད། གདིང་རྙེད་པ་ན་དེ་གར་ཀློད་ཅིང་བཞག་པས་བདེན་གཉིས་ཟུང་འཇུག་གི་མྱོང་བ་བཅོས་མིན་རྒྱུད་ལ་སྐྱེས་པ་ནི། རྫོགས་རིམ་ཆོས་དྲུག་གི་སྐབས་སུ་བཤད་པའི་མདོ་དང་མཐུན་པ་མ་དག་པའི་སྒྱུ་ལུས་ཏེ། དེ་ལ་གོམས་ནས་ལུས་སེམས་ཀྱི་སྣང་བ་ཐམས་ཅད་རང་སེམས་ཀྱི་འདུ་བྱེད་བཀོད་པའི་ཆོ་འཕྲུལ། སེམས་དེའང་སྣང་སྟོང་གཉིས་མེད་ཡེ་ཤེས་ཀྱི་རོལ་པ་ཙམ་སྟེ། དེས་ན་སེམས་དངོས་མེད་ལ་སྐྱེ་ཤི་མེད་པའི་སྟོང་པའི་རང་མདངས་ལྷ་སྐུ་འཇའ་ཚོན་ལྟ་བུ་སྐད་ཅིག་གིས་གཟུགས་རྫོགས་པ། སྐྱེ་མཆེད་སོགས་གསལ་ཞིང་མ་འདྲེས་པ། གཅིག་གིས་ཀུན་ལ་ཁྱབ་པའི་ཁྱད་པར་སུམ་ལྡན་གྱི་སྐུ་དབུ་མའི་ཐིག་ལེ་བཅས་གསལ་ལ་རླུང་བཅུད་བསྡུ་བའི་དམིགས་པ་བུམ་ཅན་དང་སྦྲགས་པ་བརྒྱ། ལྔ་བཅུ། ཉེར་ལྔ་སོགས་གོམས་ཚད་དང་བསྟུན་ཏེ་སྒོམ་ཞིང་སྐབས་སུ་རླུང་གེགས་བྱུང་ན་གེགས་སེལ་གྱི་ཏིང་འཛིན་གཞུང་གསལ་ལྟར་དང༌། འོག་ནས་འབྱུང་བའི་ཨོཾ་ཏཱ་རེ་ཛྙཱ་ན་ཀརྨ་ཌཱ་ཀི་སོགས་ཀྱི་སྔགས་ཀྱང་བཟླ། ཐུན་མཚམས་ལ་ཡན་ལག་ལྔ་སྦྱོང་གི་འཁྲུལ་འཁོར་ཀྱང་བྱ་བ་ནི་ཐུན་མིན་སྔགས་དང་མཐུན་པ་དག་པའི་སྒྱུ་ལུས་སྒོམ་པའོ། །གཉིས་པ་དབྱིངས་ཕྱུག་ནམ་མཁའི་རྣལ་འབྱོར་གྱིས་སྣང་བའི་བདེན་ཞེན་བཤིག་པ་ནི། བོགས་འབྱིན་མེ་ལོང་དྭངས་པ་ལ༔སོགས་ནས། ལེའུ་སྟེ་བཅུ་གཉིས་པའོ༔ ཞེས་པ་སྟེ་དེ་ལ་བོགས་འབྱིན་གྱི་ཚུལ་དུ་གནས་ཁང་གི་ཕྱོགས་བཞིར་མེ་ལོང་ངམ་དྭངས་ཤེལ་བཞི་བཏགས་ལ། རང་ཉིད་ལྷ་ཡི་ཆ་བྱད་དུ་གནས་པས་དབུས་སུ་འདུག་པ་དང་ཕྱོགས་བཞིར་གཟུགས་འཆར་བ་ལ་ལྟ། གྲོགས་ཞིག་གིས་གཟུགས་བརྙན་འགའ་ཞིག་ལ་བཀུར་སྟི་དང་མཆོད་པ་ཕུལ། འགའ་ཞིག་གིས་བརྡུང་བརྡེག་དང་མི་སྙན་པ་བརྗོད་དུ་བཅུག་ལ་དཔྱད། མེ་ལོང་གི་གཟུགས་ནི་སྣང་ཙམ་ལས་ཕྱི་ནང་གང་ནའང་མེད། དེ་ལ་མཆོད་པས་དགའ་བ་དང༌། བརྡེག་བཙོག་གིས་མི་དགའ་བའི་རེ་དོགས་ཅི་ཡང་མེད་དེ་ཐམས་ཅད་བར་སྣང་ལ་བྱས་པ་དང་མཚུངས། བཟང་ངན་གྱི་ཕན་གནོད་མེད་པའི་གནད་ནི་གཟུགས་སྟོང་ཉིད་ཡིན་པས་ཏེ་ཕན་ཡུལ་མ་གྲུབ་ན་ཕན་པའི་བྱ་བ་གང་དུ་བྱེད། མ་བརྟགས་པ་ཙམ་ལས་རང་གི་ལུས་སེམས་ཀྱང་དེ་དང་མཚུངས་ཏེ་སེམས་ཀྱི་མེ་ལོང་ལ་བག་ཆགས་ཀྱི་གཟུགས་བརྙན་འཆར་བ་ཙམ་ལས་དོན་དུ་གྲུབ་པ་མེད་པའི་སྟོང་ཉིད་ཡིན། བག་ཆགས་ནི་འཁྲུལ་སྣང་ཉིད་ལས་གཞན་དུ་མ་མཆིས། འཁྲུལ་སྣང་ལ་བདེན་པར་འཛིན་མཁན་སུ་ཡོད། དེ་ལ་རེ་དོགས་ཀྱིས་བཅིངས་པས་ཅི་བྱ་སྙམ་དུ་དཔེ་དོན་བསྲེས་ལ་ཡང་ཡང་དཔྱད། ཡང་མི་སྡུག་པའི་ཆས་སུ་བྱས་ལ་སྔ་མ་བཞིན་སྒོམས། གཟུགས་གཅིག་ལ་རྐྱེན་གྱིས་བསྒྱུར་བས་དུ་མར་སྣང་བ་འདི་ལྟ་བུའི་ཕྱིར་ལུས་སེམས་ཀྱི་ཕུང་པོ་དུ་མ་ཚོགས་པ་ལ་སྣ་ཚོགས་སུ་ཤར་བ་ལྟ་ཅི་སྨོས། འདི་དག་གི་རྗེས་སུ་མི་འབྲང་བར་འཁྲུལ་པའི་རྫུན་ཕུག་རིག་པར་བྱས་ཏེ་དཔྱད་སྒོམ་གྱིས་ངེས་ཤེས་འདྲོངས་པར་བྱ། སྟོང་ཉམས་སྐྱེས་པ་དང་ཕྱིའི་ནམ་མཁའ། ནང་གི་སེམས། བར་གྱི་སྣང་བ་བཅས་གཅིག་ཏུ་བསྲེས་ལ་མིག་བར་སྣང་ལ་གཏད་དེ་ཨ་ཞེས་འཇམ་ལ་སྙན་ཞིང་ཧ་ཅང་མི་གསལ་བའི་བཟླས་པ་དང་བཅས་བར་རླུང་བཟུང༌། གོམས་པའི་རྟགས་བྱུང་བ་དང་སྒྱུ་ལུས་སེམས་ཀྱི་ཚོགས་པ་འདུ་འབྲལ་ལས་འབྲས་བུ་སྐྱེ་ཤི་ཞེས་སྣང་ཡང་གཞི་མ་གྲུབ་ན་དེ་ལ་བརྟེན་པའི་ཁྱད་ཆོས་ཤིག་ཅིས་འགྲུབ། དེས་ན་ཀུན་བཏགས་ཀྱི་བློས་བཏགས་པ་ཙམ་དུ་ཤེས་པས་ལྟ་བའི་གདེང་བསྐྱེད་དེ་ནམ་མཁའ་ལ་འབྱུང་བཞིས་ཕན་གནོད་བྲལ་བ་བཞིན་ལུས་སེམས་ལ་སྐྱེ་འཆིས་མི་ཚུགས་པའི་གདེང་བསྐྱེད། ངེས་དོན་དབྱིངས་ཕྱུག་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཀྱི་ཀློང་དུ་མཉམ་པར་བཞག་པས་སྟོང་བཞིའི་ཉམས་དྲངས་ཏེ་དེའི་ཉེར་ཐོབ་འོད་གསལ་ལས་རླུང་སེམས་ཀྱི་ལྷ་སྐུར་ལྡང་ནུས་པའི་མཐུས་གནས་སྐབས་སུ་ལུས་ཡངས་ཤེས་པ་གསལ་བ་སོགས་དང༌། མཐར་ཐུག་ཕྱི་ནང་གི་འབྱུང་བ་གཅིག་ཏུ་འདྲེས་ཏེ་རི་བྲག་ཟང་ཐལ། མངོན་ཤེས་འཆར་བ་སོགས་འབྱུང་བ་ནི་སྦས་དོན་གྱི་སྒྱུ་ལུས། མཐར་གྱིས་ཆོས་བརྒྱད་ཀྱི་འཁྲུལ་རྟོག་མཐའ་དག་ཞི་སྟེ་མི་སློབ་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་གྲུབ་པས་སྣང་སྤྱོད་འོད་གསལ་སྒྱུ་མའི་རོལ་རྩེད་དུ་ཤར་བ་མཐར་ཐུག་གི་སྒྱུ་ལུས་ཞེས་གསུངས་པ་སྟེ། འདི་ལ་གཅིག་ཏུ་གོམས་པས་ཕུང་པོའི་བདུད་ཀྱིས་མི་ཚུགས་པ་ཟག་མེད་འོད་གསལ་གྱི་རྡོ་རྗེའི་སྲོག་འགྲུབ་པའི་ཨུ་པ་དེ་ཤའོ། །གཉིས་པ་བདེ་ཆེན་ལོངས་སྐུའི་རྩལ་སྦྱོང་ལ། གོས་དཀར་འབར་བའི་ཏིང་འཛིན་གྱིས་བདེ་དྲོད་ཀྱི་སྟོབས་བསྐྱེད། མཱ་ཀི་ཞུ་བདེའི་ཐབས་ཀྱིས་དགའ་བཞིའི་ཉམས་སྦྱར་བའོ། །དང་པོ་ནི། ལུས་ནི་རྣམ་སྣང་ཆོས་བདུན་གྱི༔སོགས་ནས། ལེའུ་སྟེ་བཅུ་གསུམ་པའོ༔ ཞེས་པ་སྟེ་སྤྱིར་ལུས་ཀྱི་ཁམས་ཐམས་ཅད་ཁུ་རྡུལ་མུན་གསུམ་དུ་འདུ་བ་ལས། དེ་ནི་ཕ་མ་ལས་ཐོབ་པའི་ཁམས་དཀའ་དམར་གྱི་ཐིག་ལེ་ལུས་ཀྱི་དྭངས་མ་ཐམས་ཅད་ཀྱི་བདག་པོ། དབུ་མའི་ཆ་ལ་བརྟེན་པ། རྣམ་ཤེས་ཀྱི་རྟེན་བྱེད་པ་དེ་ལས་དྭངས་སྙིགས་གཉིས་སུ་གྱུར་ཏེ་མངལ་དུ་མ་ཡི་རྩ་དང་འབྲེལ་བས་བསྐྱེད། བཙས་ནས་བཟའ་བཏུང་མྱང་བ་དང༌། མཁྲིས་པས་མདོག་འགྱུར། མེ་མཉམ་ཀྱིས་བཞུ་བ་སྟེ་མེ་དྲོད་གསུམ་གྱིས་སྦར་བཞུ་མྱངས་པས་དྭངས་མ་མཆིན་པར་ཁྲག །རྩ་ལ་བརྒྱུད་ནས་དེ་ཤ། ཚིལ་སོགས་དང༌། སྙིགས་མ་དྲི་ཆེན། མཁྲིས་པ་སོགས་དང་བཅས་ལུས་ཟུངས་བདུན་ཞེས་གྲགས། དེ་དག་གི་རྣམ་དབྱེ་སྤྱི་བོ་མི་ཕྱེད་མ་ནས་སོ་སེན་སོགས་ཁམས་ཉི་ཤུ་རྩ་བཞི། དེ་རེ་རེ་ལའང་ཐིམ་ལོངས་བདག་པོ་གསུམ་གྱིས་ཕྱེ་བས་ཁམས་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་སྟོང་ཕྲག་བདུན་བཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་སོགས་རྩ་ཇི་སྙེད་རླུང༌། རླུང་ཇི་སྙེད་ཐིག་ལེས་ཁྱབ་ཅིང༌། ནང་གི་ཆགས་སྡང་རྨོངས་གསུམ། རང་བཞིན་བརྒྱད་ཅུའི་རྟོག་པ། དེས་ལས་བསགས་ནས་འཁོར་བའི་འཁྲུལ་སྣང་སྣ་ཚོགས་པ་འབྱུང༌། དེ་དག་འཕོ་མེད་དུ་བཅིངས་པས་འཁོར་བ་ལྡོག་ཅིང་ཡང་དག་པའི་ལམ་དུ་འགྲོ་བས་ཐོག་མར་གནད་དུ་བསྣུན་བྱ་དཔེར་ན་འཇིག་རྟེན་དུ་སྣོད་བཅུད་ཀྱི་དྭངས་མའི་སྲོག་ཐམས་ཅད་མེ་ཡིས་སྡུད་ཅིང་སྨིན་པར་བྱེད་པ་ལྟར་འདིར་ཡང་ནང་གི་རྡོ་རྗེ་གཏུམ་མོའི་མེ་སྦར་བ་སྟེ། ངོ་བོ་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་ནང་གི་རྣལ་འབྱོར་མ་སྦས་པའི་རང་གཟུགས་ཀྱི་དཔྱིད། ངེས་ཚིག་ཙཎྜ་ལིའི་སྒྲ་ལས་གཏུམ་པའམ་ཟ་བ་མོ་སྟེ་གང་ལ་བསྣུན་པས་ཕུང་ཁམས་ཀྱི་མ་དག་པ་འཇོམས་ཤིང་རྣམ་རྟོག་དང་ཉོན་མོངས་བསྲེག་པ། གནས་ཚུལ་ཀུན་རྫོབ་ཐིག་ལེའི་དམར་ཆ། དབྱིབས་ཨ་ཤད། ཁ་དོག་དམར་ལ་རེག་བྱ་ཚ་བ་ངོ་བོ་སྟོང་པ་བདེ་བའི་རང་བཞིན་ཀུན་རྫོབ་ཐིག་ལེ་དོན་དམ་ཡེ་ཤེས་སུ་གནས་པ་གང༌། སྦར་བྱེད་བུམ་ཅན་སོགས་རླུང་གིས་བསྐུལ་བས་དབུ་མའི་སྦུབས་ལམ་དུ་ཞུགས་ཏེ་འཁོར་ལོ་བཞིར་རྩ་ཐིག་ཁ་སྦྱོར་གྱི་ལྷ་ལ་ཕུལ་བས། དབྱེ་བ་འབར་བ་དྲོད། ཞུ་བ་བདེ་བ། འདྲེས་པ་ཡེ་ཤེས་ཀྱི་གཏུམ་མོ་གསུམ་དབུ་མར་ཞུགས་གནས་ཐིམ་པས་འབར་བ་ཆུང་འབྲིང་ཆེ་གསུམ་དུ་མཆེད་དེ་སྣོད་བཅུད་མེ་ཡི་དཀྱིལ་འཁོར་དུ་ཆེ་བསྐྱེད་ཆུང་བསྐྱེད་གཞུང་ལྟར་བསྒོམ་ཞིང་སྐབས་སུ་སྔགས་ཀྱང་བཟླས་པས་ཕྱི་ཡི་སྣང་བའི་དངོས་འཛིན་བཤིག །ནང་གི་རྩ་རླུང་ཐིག་ལེའི་སྙིགས་མ་དག་ཅིང་དྭངས་མ་རྒྱས་པས་རྡོ་རྗེའི་ལང་ཚོ་སྒྲུབ་པའི་ཐབས་རྨད་དུ་བྱུང་བའོ། །གཉིས་པ་ནི། བདེ་བའི་སྟན་ལ་ལུས་བསྲང་སྟེ༔སོགས་ནས། ལེའུ་སྟེ་བཅུ་བཞི་པའོ༔ ཞེས་པ་སྟེ་འཇིག་རྟེན་ན་ཕྱི་ནང་གི་དཔལ་གང་ཡང་དྲོད་གཤེར་འཛོམས་པས་བསྐྱེད་ནུས་པ་ལྟར། འདིར་ཡང་ཕྱི་རྡོ་རྗེའི་ཚེ་དང་ལང་ཚོ། ནང་བདེ་སྟོང་གི་ཏིང་འཛིན། གསང་བ་ལྷན་སྐྱེས་ཀྱི་ཡེ་ཤེས་རྣམས་གང་བསྐྱེད་ཀྱང་འབར་འཛག་གཉིས་ཀའི་བྱེད་བཅིངས་ཚོགས་དགོས་ཤིང༌། དེར་མ་ཟད་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་དེ་ཉིད་ཟུང་དུ་མ་འཇུག་ན་ལམ་ཡ་བྲལ་གྱིས་རྩལ་རྫོགས་མི་ནུས་པས་འབར་བའི་དམིགས་པ་གོང་ལྟར་གསལ་བས་ལྟེ་བའི་མེ་སྤྱི་བོའི་ཧཾ་ལ་རེག །བདེ་བའི་རྒྱུན་ཐིག་ལེ་བ་ཐག་ལྟར་འཛག་པ་ལྟེ་བའི་གཏུམ་མོ་ལ་ཐིམ། སྡོང་རྩ་མར་ཁུས་བརླན་པ་ལྟར་གསོས་ནས་མེ་ཆེས་ཆེར་འབར་བྱང་སེམས་བསྐུལ་བའི་བདེ་བ་དང་འདྲེས། འཁོར་ལོ་བཞི་ནས་རིམ་པར་མཆེད། ལུས་རྩ་ཕྲ་མོའི་ཁམས་ཐམས་ཅད་ཁྱབ། དྲོད་དང་བདེ་བས་གང་བ་རང་རིག་གི་ངོ་བོར་རོ་མཉམ་དུ་ཤེས་ནས་རྩལ་སྦྱངས། ཞུ་བདེ་སྟོབས་སུ་གྱུར་པའི་བདེ་བའི་ཟིལ་གྱིས་སྣོད་བཅུད་དྭངས་མར་བཞུ་སྟེ་རང་གི་སྒོ་གསུམ་ལ་རེག་པས་མཱ་མ་ཀིའི་སྐུ་རུ་གསལ་ཏེ། མན་ངག་ཡིད་དང་འགོག་པའི་བཟླས་པ་ལ་བརྩོན་ཞིང༌། གེགས་སེལ་ཀྱང་དགོས་པའི་དུས་སུ་གནད་ལ་བརྡེག་པས་ཉོན་མོངས་ཀྱི་རྩ་བ་ཆགས་སྡང་གཉིས་ཡིན་ཞིང༌། དེ་ཉིད་དག་པ་བདེ་སྟོང་གི་རྣམ་པ་མཚུངས་ཤིང་ངོ་བོ་ཡེ་ཤེས་སུ་དག་པའི་ལམ་བྱེད་ཐབས་ཟབ་མོས་ཉོན་མོངས་པའི་བདུད་འཇོམས་ཤིང༌། བདེ་སྟོང་གི་ཡེ་ཤེས་ཀྱི་མྱོང་བ་ཁྱད་པར་ཅན་བསྐྱེད་པའོ། །གསུམ་པ་གསལ་སྟོང་སྤྲུལ་སྐུའི་བོགས་འབྱིན་ལ། སྤྱན་མ་ཟུང་འཇུག་གི་ཏིང་འཛིན་གྱིས་རྡོ་རྗེའི་སྲོག་སྒྲུབ་པ་དང༌། སྙིང་དབུས་ཐིག་ལེའི་སེམས་འཛིན་གྱིས་ཁམས་ལྔའི་བླ་ཚེ་གསོ་བ། ཡན་ལག་ཁ་སྦྱོར་བསྲེ་ཕོའི་ལམ་གྱི་སྤྱི་ཆིངས་བཤད་པས་མཇུག་བསྡུ་བའོ། །དང་པོ་ནི། དེ་ལྟར་འབར་དང་འཛག་པ་ཡི༔སོགས་ནས། པུཥྚིཾ་ཀུ་རུ་ཨོཾ༔ ཞེས་པ་སྟེ་སྔར་ཞུ་བདེས་དྲངས་པའི་བདེ་སྟོང་དེ་གཉིས་ཀྱང་རྣམ་པའི་བཞག་ཚུལ་ཙམ་ལས་དོན་ལ་གཉིས་སུ་མེད་པ་ཟུང་འཇུག་གི་ཡེ་ཤེས་ཏེ། བདེ་ཆེན་དེས་ཀུན་ནས་གང་བའི་རྣམ་བཅས་གཟུགས་སྐུ་ཟག་མེད་མཚན་དཔེས་བརྒྱན་པའི་ཕྱག་རྒྱའི་མཆོག་སྒྲུབ་པའི་རྣལ་འབྱོར་ནི་སྔར་ལྟར་འབར་འཛག་གིས་དཀར་དམར་ཐིག་ལེའི་རྒྱུན་གཅིག་ཏུ་འདྲེས་པའི་བདུད་རྩིས་ལུས་ཀྱི་ཁྱོན་ཐམས་ཅད་ཁྱབ་ཅིང་འཕོས་པ་ཙམ་གྱིས་ལྕགས་ལ་གསེར་རྩིས་ཐེབས་པ་བཞིན་དག་པ་ཡེ་ཤེས་འོད་ཀྱི་ལུས་འཁོར་ལོ་ལྔ་དང་བཅས་པར་ལམ་གྱིས་བསྒྱུར་བའི་གནས་ལྔར་མི་ཤིགས་ཐིག་ལེ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་རིགས་ལྔ་ཚེ་དཔག་མེད་སྟངས་དཔྱལ་གྱི་སྐུ་ཡི་བདེ་བའི་གཟི་བྱིན་རབ་ཏུ་རྒྱས་པས་འཇིག་རྟེན་ཀུན་ལ་ཁྱབ་སྟེ་སྣང་ཆ་ཐབས་བདེ་བ་ཆེན་པོ་པདྨ་ཧེ་རུ་ཀ་དང༌། སྟོང་ཆ་ཤེས་རབ་དཔའ་མོ་ཚེ་ཡི་དབྱིངས་ཕྱུག་ཡབ་ཡུམ་ཁོ་ནའི་ཡེ་ཤེས་གཅིག་གི་རང་མདངས་སུ་གྱུར་པའི་ཨ་བ་དྷཱུ་ཏིའི་དཀྱིལ་འཁོར་རང་བྱུང་ལྷུན་གྱིས་གྲུབ་པར་སྣང་སྲིད་གཞིར་བཞེངས་སུ་སད་པས་ཕྱི་ལུས་ཀྱི་ཕུང་པོ་དམ་ཚིག་སེམས་དཔའ། ནང་དྭངས་མའི་ཐིག་ལེ་ཏིང་འཛིན་སེམས་དཔའ། དེ་ཐམས་ཅད་ཀྱི་ཁྱབ་བྱེད་རིག་པ་ཡེ་ཤེས་སེམས་དཔའ་གསུམ་པོ་གདོད་ནས་དབྱེར་མེད་དུ་ཡིན་པ་ལ་ཡིན་ལུགས་ངོ་ཤེས་པའི་ང་རྒྱལ་གྱིས་གསལ་སྣང་ཁྱད་པར་ཅན་སྒྲུབས། མཐར་ཀུན་ཀྱང་གནས་ལྔའི་ལྷ་ལ་བསྡུས་ནས་མི་ཤིགས་རྡོ་རྗེའི་སྲོག་གི་བཅུད་དུ་རྒྱས་གདབ་པའི་སྤྲོ་བསྡུ་བཅས་སྔགས་ཉིད་བཟླ་བའོ། །སྤྱིར་ཐིག་ལེ་ལ་རྣམ་ཤེས་དང་ཡེ་ཤེས་ཀྱི་ཐིག་ལེ་གཉིས་ལས་སྔ་མ་ལ་རླུང་སྔགས་རྫས་ཀྱི་ཐིག་ལེ་གསུམ་ལས་རྫས་ཀྱི་ཐིག་ལེ་གནས་ལྔར་བསྒོམས་པས་བླ་ཚེ་གསོ་བ་སྟེ། དེ་ཡང་ཆུ་ཁམས་ཉམས་ཆེ་ན་སྤྱི་བོ། མེ་ཁམས་ཉམས་ན་མགྲིན་པས་མཚོན་འབྱུང་བ་དེ་དང་དེ་སྤྲོ་བསྡུ་གཙོ་བོར་བྱ་ཞིང༌། དེའི་དྭངས་མའི་འོད་ཀྱིས་ལུས་གནས་ཐམས་ཅད་ཁྱབ་པར་སྒོམ་པ་མན་ངག་ཡིན་ནོ། །གཉིས་པ་ནི། ལུས་གནས་སྲོག་གི་དྭངས་མའི་ཆ༔སོགས་ནས། ལེའུ་སྟེ་བཅོ་ལྔ་པའོ༔ ཞེས་པ་སྟེ་ལུས་ཟུངས་ཐིག་ལེའི་ཆ་ལ་ཡེ་ཤེས་དང་རྣམ་ཤེས་སུ་འབྲེལ་བ་གཉིས་ལས་ལུས་ཀྱི་ནུས་པའམ་ངོ་བོ་ཉིད་དུ་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཕོ་སྟེ་གནས་པ་བླ་གནས་ནི་རྣམ་ཤེས་དང་འབྲེལ་བ་ཡིན་ལ། དེ་ལ་དྭངས་མ་བསྡུ་བསྟིམ་བྱས་པས་ལང་ཚོའི་དཔལ་བསྐྱེད་པས་དེ་ཡི་ཏིང་འཛིན་ནི་སྙིང་དབུས་ཉི་ཟླའི་གྭ་འུར་ཧྲཱིཿདམར་གསལ། ལུས་ཀྱི་རྐང་པའི་སོར་ཚིགས་ཨ། བོལ་ཨཱ། ཉྭ་ཨི། ལོང་བུ་ཨཱི། པུས་མོ་ཨུ། དཔྱི་ཨཱུ། ལག་སོར་རྀ། རྩིབ་ལོགས་རཱྀ། མཁྲིག་མ་ལྀ། གྲུ་མོ་ལཱྀ། དཔུང་མགོ་ཨེ། མགྲིན་པ་ཨཻ། མཚོག་མ་ཨོ། དཔྲལ་བ་ཨཽ། ལྟག་པ་ཨཾ། སྐེ་ཨཱཿ སྙིང་ག་ཨི། དཔུང་ཚིག་ཨཱི། དཔུང་མགོ་ཨུ། རྩིབ་ལོགས་ཨཱུ། སོར་ཚིགས་རྀ། བརླ་རཱྀ། དཔྱི་རུས་ལྀ། པུས་མོ་ལཱྀ། ལོང་བུ་ཨེ། ལོང་ཚིགས་ཨཻ། ངར་གདོང་ཨོ། རྐང་མཐིལ་ཨཽ་རྣམས་སུ་ཕོ་གཡས་བསྐོར། མོ་གཡོན་བསྐོར་གྱིས་རྐང་པའི་སོར་ཚིགས་ནས་བརྩམ་ཏེ་ཨ། ཨཱ་སོགས་དབྱངས་ཡིག་བཅུ་དྲུག །སྤྱི་བོ་ཨཾ། རྐང་མཐིལ་ཨཿ རུ་བསྒོམས་ནས་དཔྱད་པའི་སྲིད་ཞིའི་དྭངས་བཅུད་བསྡུ་བསྟིམ་བྱས་པས་ཡིག་འབྲུ་རྣམས་གཟི་བྱིན་ལྷག་པར་རྒྱས། དེ་ལས་བྱུང་བའི་བདུད་རྩིས་ལུས་གང་སྟེ་བཅུ་དྲུག་ལང་ཚོའི་དཔལ་དང་ལྡན་པར་མོས་ལ་བུམ་ཅན་དང་སྦྲགས་ཏེ་བསྒོམ་པའོ། །གསུམ་པ་ལ་བསྲེ་ཕོའི་གནད་དངོས་དང༌། ལམ་གྱི་ཡན་ལག་གཉིས་ལས། དང་པོ་ནི། ཡང་ན་དམིགས་པའི་མདེའུ་ཁ་ནི༔སོགས་ནས། ལེའུ་སྟེ་བཅུ་དྲུག་པའོ༔ ཞེས་པ་སྟེ་བདེ་སྟོང་གི་ཏིང་འཛིན་རྩལ་སྦྱང་བའི་ཕྱིར་གནས་ལྔར་རླུང་གི་ཐིག་ལེ་ཁ་དོག་ལྔ་གསལ་ཞིང་འགུལ་འཕྲིགས་དངུལ་ཆུའི་གོང་བུ་ལྟ་བུར་གསལ། རླུང་དུག་དབྱུང་རྗེས་བུམ་པ་ཅན་བཟུང་བའི་སྐབས་གནས་ལྔའི་ཐིག་ལེའི་འོད་ཀྱིས་ཤ་ཁྲག་རུས་པ་སོགས་གདོས་བཅས་ནད་གདོན་བགེགས། ཁྱད་པར་གཟུང་འཛིན་ཉོན་མོངས་ཀྱི་རྟོག་པ་ཆ་དང་བཅས་པ་སྦྱངས། གནས་ལྔའི་ཐིག་ལེ་ལས་ཡེ་ཤེས་ལྔ་ཡི་རང་བཞིན་དབྱངས་གསལ་དཀར་དམར་འོད་ལྔའི་མདངས་ཅན་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་པས་རང་སྒྲ་འུ་རུ་རུ་འགུལ་འཕྲིགས་ཅན་གྱིས་ལུས་ཐམས་ཅད་མེར་གྱིས་ཁེངས། ཉོན་མོངས་ཆ་དང་བཅས་པ་སྦྱངས། གཟུངས་དྲན་མངོན་ཤེས་ཚེ་དང་ལང་ཚོ་སོགས་ཡོན་ཏན་ཐམས་ཅད་རྒྱས་པར་མོས་ལ་རླུང་སེམས་བསྲེ་ཞིང་གནས་ལྔའི་ཐིག་ལེ་ལ་རིག་པ་གཏད་དེ་སྔགས་བཟླ། དེ་ནི་གསལ་སྟོང་རླུང་གི་བོགས་འབྱིན་ནོ། །དེས་རླུང་ཤས་ཆེ་ན་རླུང་ནད་ལྡང་བ་སོགས་ཀྱི་སྐྱོན་བྱུང་བ་དང༌། མིན་ཀྱང་སྐབས་སུ་ཡང་དམིགས་པའི་ཁྱད་པར་གནས་ལྔའི་ཐིག་ལེ་ལས་བདེ་བའི་འོད་ཟེར་དམར་སེར་ལི་ཁྲིའི་ཉིང་ཁུ་ལྟ་བུ་སྣུམ་གཤེར་དང་ལྡན་པ་མར་ཁུའི་ཐིག་པ་བཞིན་བྱུང༌། ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས་པས་སྣུམ་ལྕིག་གིས་སོང་སྟེ་ལྷན་ནེར་གནས། གཡོ་བྱེད་ཀྱི་རླུང་གི་སྒོ་ལྟེམ་མེར་བཀག །ལུས་ཀྱང་སྙུག་དོང་མར་ཁུས་བཀང་བ་བཞིན་བདེ་དྲོད་ཀྱི་ཉམས་དང་བཅས་ཏེ་གནས་པར་བསམ་ལ་རླུང་ལྟེ་འོག་ཏུ་མནན། རིག་པ་དེ་ལ་གཅུན་ཏེ་རླུང་སེམས་བསྲེས་པས་ལྗོན་ཤིང་གི་རྩ་བར་ཆུ་ཡིས་བྲན་པའམ་མེ་ཏོག་ཆར་གྱིས་སིམ་པ་བཞིན་རྩ་རླུང་ཐིག་ལེའི་ཁམས་ཉམས་པ་ཐམས་ཅད་གསོས། སྟོབས་རྒྱས། ཡོན་ཏན་འཕེལ། མཉེན་ལྕུག་གི་དཔལ་དང་ལྡན་པར་བསམ་སྟེ་ངང་བསྐྱང་བ་ནི་བདེ་སྟོང་མི་འགྱུར་བའི་ཐིག་ལེའི་བོགས་འབྱིན་ནོ། །དེའི་ཚེའང་བྱིངས་པའི་ཉམས་བྱུང་ན་གེགས་སེལ་ནི། སྙིང་གི་རྩ་འཁོར་དབུས་སུ་ཨ་ཡིག་དཀར་གསལ་སྒོམ་པའི་འོད་ལྔ་ལྡན་གྱིས་ལུས་གང༌། རླུང་སེམས་ཐིག་ལེ་རྩ་དང་བཅས་པའི་མཚོན་སྣོད་བཅུད་ཐམས་ཅད་ལ་ཕོག །ལན་ཚྭ་ཆུར་ཞུ་བ་བཞིན་སིབ་སིབ་ཐིམ་ནས་ལུས་ལ་ཐིམ། ལུས་ཀྱང་འོད་དུ་འདྲིལ་ཏེ་སྙིང་ནང་གི་ཐིག་ལེར་འདུས། ཨ་ཡང་བར་སྣང་དུ་ལིང་ངེར་གནས་པ་ལ་སེམས་བཟུང་མ་ཐག་འཇའ་ལྟར་ཡལ་རྗེས་སྟོང་རིག་གི་ངང་བསྐྱང༌། རྟོག་པ་འཕྲོ་བར་བརྩམ་པ་ན་ཨ་ཞེས་དྲག་ཏུ་བརྗོད་ལ་མིག་བར་སྣང་དུ་གཟིར། རླུང་སེམས་བསྲེས་ལ་བུམ་ཅན་བཟུང་བས་སྣང་བའི་བདེན་འཛིན་ཞིག །སྲིད་པའི་འཁྲུལ་ཤེས་ཡལ། མི་རྟོག་ཆོས་སྐུའི་དབྱིངས་སུ་བཙན་ས་འཛིན་པའི་མན་ངག་སྟེ་སྒོམས། བྱད་ཕུར་དང་གདོན་བགེགས་ཀྱི་འཚུབ་ལྟས་ཆེ་ན་སྔར་ལྟར་ལ་དམིགས་པའི་ཁྱད་པར། སྙིང་གའི་ཨ་ཡི་འོད་ཀྱིས་གདོན་བགེགས། བྱད་ཕུར་སོགས་འགལ་རྐྱེན་གང་ཡིན་ལ་ཕོག་པས་སྟོང་ཉིད་དུ་སངས་ཀྱིས་དག །གནོད་བྱ་གནོད་བྱེད་ཀྱི་མཚོན་པའི་ཆོས་ཀུན་སྟོང་པ་གཅིག་ཏུ་ཤར་བ་ལ་སུ་དང་གང་གིས་གནོད། གཉིས་མེད་ཆོས་སྐུ་ཀ་དག་ངེས་དོན་དབུ་མའི་སྦུབས་སམ་དབྱིངས་སུ་དག་པར་ལྟ་བའི་གདེང་བསྐྱེད་ལ་ཨ་ཞེས་གླུ་དལ་བུས་ལེན་ཅིང་དབྱིངས་རིག་བསྲེ། རྩ་རླུང་ཐིག་ལེའི་རྐྱེན་གང་ལ་ཡང་འོད་ཀྱིས་སྟོང་པར་སྦྱངས་པར་བསམ་པས་གེགས་སེལ་ཁྱད་པར་ཅན་ཏེ་དེ་ནི་མི་རྟོག་ཨ་ཝ་དྷཱུ་ཏིའི་རྩ་ཡི་བོགས་འབྱིན་ནོ། །འདི་དག་གི་ཚེ་གསལ་སྟོང་གི་བོགས་འབྱིན་སྐབས་ལུས་སྦྱང༌། བདེ་སྟོང་གི་སྐབས་ཐེམས་བུ། མི་རྟོག་པའི་སྐབས་བྲབ་གཞིལ་གྱི་འཁྲུལ་འཁོར་གཙོ་བོར་གནད་དུ་བསྣུན་པའང་གཅེས་སོ། །གཉིས་པ་ནི། དེ་ལྟར་བདེ་གསལ་མི་རྟོག་པའི༔སོགས་ནས། ལེའུ་སྟེ་བཅུ་བདུན་པའོ༔ ཞེས་པ་སྟེ། རྡོ་རྗེའི་ཚེ་སྒྲུབ་པའི་སྙིང་པོ་སྐྱེ་འཆིའི་འཁྲུལ་སྣང་ཉིད་དག་དགོས་པ་ཡིན་ལ། དེས་ན་ད་ལྟ་ཉིན་སྣང་དང་མཚན་མོ་རྨི་ལམ། ནམ་ཞིག་སྐྱེ་བ་ཚེ་འདིའི་སྣང་བ་དང་འཆི་བ་བར་དོའི་སྣང་བ་རྣམས་དོན་གཅིག་པས་འདི་དག་གང་ལ་གནད་དུ་བསྣུན་ཀྱང་དོན་གྱི་བབས་སོ་གཅིག་ཏུ་དགོངས་ནས་བཀའ་གཏེར་རྣམས་ནས་རྨི་ལམ་དང་བར་དོའི་ལམ་ཁྱེར་མང་དུ་གསུངས་པ་གནད་དེའི་དབང་གིས་ཏེ་འདིར་ཡང་ཉིན་མཚན་གྱི་སྣང་བ་ལམ་ཁྱེར་ལ་བསྟེན་ནས་འཁྲུལ་སྣང་དག་པས་ངེས་དོན་གྱི་རྡོ་རྗེའི་ཚེ་སྒྲུབ་པའི་ཐབས་ཡན་ལག་གི་ཚུལ་དུ་བཤད་པ་སྟེ། སྤྱིར་བདག་བྱིན་རླབས་པའི་རིམ་པ་ལ་སྙིང་པོ་རྡོ་རྗེའི་ཆོས་དྲུག་ཏུ་གསུངས་པ་ལས། གནས་སྐབས་བཞི་ལས། སྙོམས་འཇུག་གི་འཕོ་བའི་སྒྲིབ་པ་སྦྱངས་ཤིང་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་པའི་ཕྱིར་སྟོང་ཉིད་ཀྱི་ཉམས་མྱོང་འདྲེན་པ་གཏུམ་མོ་ལམ་གྱི་གཞུང་ཤིང་དུ་བསྟན་པ་མཉམ་བཞག་གི་ཉམས་ལེན། དེའི་རྗེས་ཐོབ་སད་པའི་གནས་སྐབས་སྦྱང་ཕྱིར་སྒྱུ་ལུས། མཚན་མོའི་རྣལ་འབྱོར་གཉིད་འཐུག་སྦྱང་ཕྱིར་མཉམ་བཞག་གི་ཉམས་ལེན་འོད་གསལ། རྨི་ལམ་སྦྱང་བ་རྗེས་ཐོབ། དེའི་ཡན་ལག་ཏུ་ལམ་གྱི་བློ་ཆོད་བར་དོ་དང༌། བསུན་མ་འཕོ་བ་བཅས་བསྟན་པ་ལས། འདིར་དང་པོ་སྣང་ཆའི་བདེ་ཞེན་བཤིག་ཕྱིར་སྒྱུ་ལུས་ཀྱི་དཔྱད་སྒོམ་སྔོན་དུ་བསྒོམས་པས་ནི་གཏུམ་མོའི་སྐབས་སུ་སྟོང་ར་གསལ་བ་ལ་གནད་དུ་ཟབ་ཅིང་ཞར་བྱུང་མ་དག་པའི་སྒྱུ་ལུས་སོགས་སྒོམ་སླ་ཞིང༌། གཏུམ་མོའང་སྟོང་པའི་ཡེ་ཤེས་ཀྱི་རང་མདངས་སུ་ངེས་ཕྱིར་དངོས་ཞེན་བཤིག་པ་ལ་སྟོབས་ཆེ་བས་བསྐྱེད་རིམ་གྱི་ཐོག་མར་དེ་བཞིན་ཉིད་ཀྱི་ཏིང་འཛིན་གསུངས་པ་དང་མཚུངས་ལ། རྗེས་ཐོབ་ཀྱི་ཉམས་ལེན་སྔོན་དུ་བསྟན་པའང་མི་འགལ་ཏེ་སྣང་སྟོང་གི་ལམ་བྱེད་གཙོ་ཆེ་ཆུང་གི་དབྱེས་པ་ཙམ་ལས་དོན་གནད་ལྷན་སྐྱེས་ཀྱི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་གྱི་དེ་ཉིད་རྒྱུད་ལ་འདྲེན་པའི་ནུས་པ་གཅིག་པས་ཤེས་ལ། གང་ལྟར་ཡང་ཉིན་མཚན་སྐྱེ་འཆིའི་སྣང་བ་ཇི་སྙེད་འཁྲུལ་སྣང་གིས་སྒྲོ་བཏགས་ཁོ་ན་ལས་མ་འདས་པའི་གནས་ཚུལ་དངོས་འཆི་མེད་གཉུག་མ་མི་ཤིགས་རྟག་པ་དོན་གྱི་ཚེ་ཡི་དབྱིངས་ཉིད་ཡིན་པས་འཁྲུལ་པ་དེ་དག་ཕྱིར་རྩ་བ་དང་ཡན་ལག་གི་ལམ་དུ་མའི་ཐབས་ཀྱིས་གནད་དུ་བསྣུན་པས་དོན་གནད་གཅིག་ཏུ་འབབ་པར་ཤེས་པས་བསྒོམ་བྱ་དངོས་ལ་དང་པོ་རྨི་ལམ་གྱི་ལམ་ནི། ལུས་ཕྱི་ནང་གི་སྟོང་ར་གཏུམ་མོ་ལྟར་གསལ་བའི། གཉིད་འཐུག་འོད་གསལ་དུ་འཆར་མ་ནུས་པ་རླུང་རོ་རྐྱང་དུ་ཤོར་བ་མགྲིན་རྩར་བརྒྱུད་དེ་བག་ཆགས་ཀྱི་ལུས་ལ་ཉིང་འཁྲུལ་དུ་ཤར་བའི་གནད་ཀྱིས། མགྲིན་པའི་འཁོར་ལོའི་ལྟེ་བར་ཧྲཱིཿའདབ་བཞིར་ཧཱུྃ་སོགས་འབྲུ་བཞི་གསལ་ཏེ་གཉིད་དུ་ཕྱོགས་པ་དང་ཡི་གེ་རྣམས་ཨཱཿཨོཾ་ལ་འདུས་པས་མཚོན་གཅིག་ལ་གཅིག་ཐིམ་གྱིས་ཧྲཱིཿལ་འདུས། ཧྲཱིཿལས་འོད་ཀྱིས་ཐོ་ཕྱི་ཚུན་ཆད་ཁྱབ་པར་དམིགས་ལ་གཉིད་དུ་འགྲོ་བར་བྱ་ཞིང༌། རླུང་སེམས་དབུ་མར་བསྟིམས་ཏེ་ཉལ་བ་དང༌། ཉིན་པར་གྱི་སྣང་སྤྱོད་རྨི་ལམ་དུ་མོས་པའི་འདུན་པ་དྲག་པོས་ངོས་ཟིན་ཏེ་བརྟན་པ་བྱ། གཅིག་ལས་དུ་མ་དང༌། གང་འདུལ་སོགས་སྤྲུལ། དེའང་བརྟན་ནས་བསྒྱུར་སྤེལ་སྦྱང་ཞིང༌། རྩལ་རྫོགས་ནས་ཉིང་འཁྲུལ་སྟོང་པ་ཆེན་པོར་བསྡུ་ཞིང༌། སྙིང་རྗེ་སྒྱུ་མས་རླུང་སེམས་ལས་གྲུབ་པའི་ལྷ་སྐུ་ཕྱག་རྒྱ་གཅིག་སྤྲོས་སུ་བསྒོམ། མཁའ་ཁྱབ་ཀྱི་ཚོམ་བུ་སྤྲོ་ནུས་པའི་བར་རྩལ་སྦྱང༌། དེ་ཉིད་ཀྱི་མྱོང་བ་ཉིན་སྣང་དང་བསྲེས་ཏེ་ཐམས་ཅད་གཅིག་ཏུ་ཤེས་པས་བདེན་མེད་དུ་རྩལ་སྦྱང་ནན་དུ་བྱའོ། །སྤྱིར་བར་དོ་ལ་འཆི་ཁ་འོད་གསལ་གྱི་བར་དོ་ཡེ་ཤེས་གོང་འཕེལ་དང༌། བར་དོ་སྐུ་གསུམ་དུ་བསྲེ་བའི་གདམས་ངག་གཉིས་སུ་གསུངས་ཀྱང་སྐབས་འདིའི་བསྟན་བྱ་ཕྱི་མ་སྟེ་འཆི་ཁ་ལུགས་ལྡོག་གི་འོད་གསལ་ངོས་མ་ཟིན་པས་སྟོང་པ་ལས་ཉེར་ཐོབ་སོགས་སུ་ལྡང་ཞིང་རང་བཞིན་བརྒྱད་ཅུའི་རྟོག་པ་སྐྱེས་པའི་ཚེ་བར་དོའི་ཡིད་ལུས་མིང་གཞི་འདུས་པའི་ཕུང་པོར་གྲུབ་ནས་འཁྲུལ་སྣང་ལ་སྤྱོད་པའི་རླུང་སེམས་ཀྱི་སྣང་བ་ཡ་མ་ཟུང་དུ་འཆར་བ་གང༌། སྔར་གྱི་གདམས་ངག་གི་གནད་དྲན་པར་བྱས་ལ་འཁྲུལ་སྣང་བདེན་མེད་དུ་ཤེས་པས་ནང་གི་རིག་པ་མ་གཡོས་ན་ཕྱིའི་སྣང་བས་ཕན་གནོད་མི་ནུས་པའི་གནད་ཤེས་པའི་གདེང་གིས་སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀྱི་ངོ་བོར་བསྲེས་ཏེ་ཉམས་སུ་བླངས་པས་འཁྲུལ་སྣང་སྐད་ཅིག་ལ་གྲོལ་བའི་གདེང་རྙེད་དེ་འཇིགས་སྐྲག་སྡུག་བསྔལ་ཞི་བ་དང༌། གོམས་པ་མཆོག་ཏུ་བརྟན་པ་ཉིན་མཚན་གྱི་སྣང་བ་འདྲེས་པའི་འོད་གསལ་བཞིན་འདི་དང་བར་དོའི་འཁྲུལ་པ་གཉིས་མེད་དུ་དག་པས་རྡོ་རྗེ་ལྟ་བུའི་གོ་འཕང་ཀྱང་ཐོབ་པར་ནུས་སོ། །དེ་ལྟར་ཉིན་སྣང་གཏུམ་མོ་དང་སྒྱུ་ལུས། མཚན་སྣང་རྨི་ལམ་དང་བར་དོ་བསྲེ་བའི་ཉམས་ལེན་གྱིས་འཁོར་འདས་ཀྱི་ཆོས་ཀུན་རྩ་བ་གདོད་ནས་སྤྲོས་བྲལ་སྟོང་གསལ་གཞིར་གནས་ཀྱི་ཡེ་ཤེས་མྱོང་བ་བརྟན་པས། དུས་གནད་ཐོ་རེངས་ཀྱི་ཆར་གཉིད་སྲབ་པའི་སྐབས་ལུས་ཙོག་པུ། འདུན་པ་སྙིང་གར་དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་རྩེ་གཅིག་ཏུ་གཞུར་ནས་མཉམ་པར་བཞག་པའི་ངང་མནལ་ནས་སྔར་གྱི་ཉམས་མྱོང་ལ་གདེང་བསྐྱེད་པས། དབུ་མར་རླུང་སེམས་འདུས་པའི་དུ་བ་ལ་སོགས་པའི་རྟགས་སྣང་ཕྲ་མོ་དང༌། དཀར། དམར། ནག་ལམ་དང་བཅས་རྫོགས་ཏེ་གཞིར་གནས་ཀྱི་འོད་གསལ་འཆར་བའི་བར་སྟོང་བཞིའི་དེ་ཉིད་སོ་སོར་ངོས་ཟིན་པར་བྱས་ལ་ཅི་གནས་སུ་བསྐྱང༌། ཉམས་མྱོང་དེའི་རྒྱུན་ཉིན་མཚན་ཁ་སྦྱོར་དུ་དྲངས་པས་སྲབ་འཐུག་ཉམས་རྟོགས་ཀྱི་འོད་གསལ་རྣམས་རིམ་བཞིན་རང་དབང་ཐོབ་སྟེ་མཐར་ཐུག་དོན་གྱི་འོད་གསལ་ལ་སྦྱོར་ཞིང༌། འདི་དག་མཉམ་རྗེས་ཀྱི་ཉམས་ལེན་གྱིས་ཉིན་མཚན་གྱི་འཁྲུལ་སྣང་འོད་གསལ་གྱི་འཁོར་ལོར་འཆར་བར་བྱེད་པས་ཁ་སྦྱོར་གྱི་ལམ་ཞེས་བསྟན་པའོ། །གཉིས་པ་གཞན་ལུས་ཕོ་ཉའི་མྱུར་ལམ་བསྟན་པ་ལ། སྔོན་འགྲོ་བསྙེན་པ། དངོས་གཞི་ཉེ་བསྙེན་དང་སྒྲུབ་པ། རྗེས་སྒྲུབ་པ་ཆེན་པོའི་ཚུལ་དུ་བཤད་པའོ། །དང་པོ་རིག་མ་བརྟག་འགུགས་སྦྱང་གསུམ་ནི། ལས་ཀྱི་ཕྱག་རྒྱས་བོགས་དབྱུང་ན༔སོགས་ནས། ཡང་ཡང་གསོ༔ ཞེས་པ་སྟེ་འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་བྱིན་སྙིང་ལ་རྒྱས་པའི་ནུས་པས་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་ཀྱི་དྭངས་མ་སྟོབས་སུ་གྱུར་ཏེ་འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ་རྣམས་རྫས་སྔགས་ཀྱི་ནུས་པས་སྒྲུབ་པའི་ངལ་བ་ལ་མ་ལྟོས་པར་ནང་གི་རྣལ་འབྱོར་གྱི་བྱེད་པས་རྩོལ་མེད་དུ་འགྲུབ་ཅིང༌། ནུས་པའང་སྔ་མ་ལས་སྟོབས་ཆེ་བས་རྣལ་འབྱོར་དབང་ཕྱུག་ཐམས་ཅད་ལམ་ཕྱག་རྒྱའི་རྣལ་འབྱོར་དང་ལྡན་པར་ཚེ་ཡི་བརྒྱུད་བསྐུལ་སོགས་ལས་གསལ་བ་ལྟར་ཡིན་ལ། ཇི་ལྟར་བསྟེན་པའི་ཚུལ་དངོས་ལ། རང་བྱིན་རླབས་ཀྱི་ལམ་གྱིས་སྲོག་རྩོལ་སྒྲ་ཇི་བཞིན་དུ་འགྲུབ་པ་དང༌། འཕོ་མེད་ལ་གདེང་དུ་གྱུར་པས་མཚོན་ཉམས་རྟོགས་ཀྱི་རྩལ་ཁ་མཆེད་ཅིང་རྒྱས་པས་ལམ་འདི་ལ་འཇུག་པའི་གནད་ཤེས་པར་བྱས་ཏེ། གང་བསྟེན་བྱའི་ཡུལ་ལྷན་སྐྱེས། སྔགས་སྐྱེས། ཞིང་སྐྱེས་ཀྱི་ཌཱ་ཀི་མཆོག་ཡིན་ཀྱང་རྣལ་འབྱོར་དང་པོའི་རིགས་ཅན་གྱིས་རྙེད་དཀའ་ཞིང༌། ལས་སྐྱེས་ཀྱི་ཕྱག་རྒྱ་མི་མོ་མཚན་ལྡན་ལ་བསྟེན་པས་ཡོན་ཏན་དེ་དག་སྒྲུབ་ནུས་པའི་ཕྱིར་མཚན་ཉིད་རིགས་ཅན་ལྔར་གསུངས་པ་ལས་མཆོག་པདྨ་ཅན་ཏེ་དེ་ནི་ཤ་མདོག་དཀར་ལ་དམར་མདངས་ཤིན་ཏུ་ཆེ་བ། མཁུར་ཚོས་ཀྱི་མེ་ཏོག་སྨུག་ཐིག་གེས་བརྒྱན་པ། མིག་དཀྱུས་རིང་ཞིང་ཆེ་བ། མཛེས་ཤིང་སྙིང་དུ་སྡུག་པ་ནི་ཕྱི་རྟགས། ལྟེ་བ་ནས་གྱེན་འགྲེང་གི་རི་མོ་གསུམ་དང་ལྡན་པ་ནང་རྟགས། གསང་རྩ་པད་སྣ་ལྟར་ཕྲ་ཞིང་ཆུ་སྐྱེས་ཀྱིས་འབྱེད་འཛུམ་ནུས་པ། རྒྱུན་དུའམ་རེས་འགར་རཀྟ་འོ་མའི་མདོག་ཏུ་འབབ་པ་རྣམས་གསང་རྟགས་ཏེ་དེ་དང་ལྡན་ན་རུང་བ་དང༌། གཞན་ཡང་རི་མོ་ཅན་སོགས་རིགས་བཞི་གང་རུང་རང་ལ་དད་གུས་ལྡན། བློ་བརྟན། གསང་ཐུབ། རྩ་བཟང༌། ཆགས་པ་ཆེ། དར་ལ་བབ། སྒྱུ་རྩལ་མཁས་པ་ལོ་བཅུ་དྲུག་ནས་ཉི་ཤུ། ཉེར་ལྔ་རྣམས་རབ་འབྲིང་ཐ་མ་ཡིན་པས་བསྟེན་བྱ་སྟེ། དེ་ཉིད་རྫས་སྔགས་ཏིང་འཛིན་གྱི་ནུས་པས་དབང་དུ་བསྡུས་ལ། ཉམས་དགའ་བག་ཕེབས་དབེན་པའི་གནས་སུ། ངེས་འབྱུང་གི་གཏམ་དང་བསག་སྦྱང་གིས་རྒྱུད་སྦྱངས་ཏེ་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར། དམ་ཚིག་ཕོག་ལ་བསྐྱེད་རྫོགས་ཀྱི་གནད་བསྟན་ཏེ་རང་དང་ནུས་པ་མཉམ་པའམ། ཅུང་ཟད་དམན་ཀྱང་རུང་བས་དེ་ལྟ་བུར་མ་གྱུར་གྱི་བར་དུ་སྦྱང་ངོ༌། །གཉིས་པ་ལ། ཉེ་བསྙེན་དང༌། སྒྲུབ་པ་གཉིས་ལས། དང་པོ་ཐབས་ཉེར་བདུན་གྱིས་ཉེ་བསྙེན་ནི། བལྟས་དགོད་ལག་པ་བཅངས་པ་ཡིས༔སོགས་ནས། བདེ་བ་སྐྱེས་པ་དང༔ ཞེས་པ་སྟེ་མཚན་ལྡན་གྱི་གཟུངས་མ་ཁྲུས་བྱས། རྒྱན་གྱིས་སྤྲས་དྲི་དང་བཀུ་མཉེའི་བྱུག་པ་དང༌། བཅུད་ཆེན་གྱི་ཟས་བསྟེན་ཅིང་སྔར་གོམས་པའི་རྣལ་འབྱོར་ལ་སྦྱངས་ཏེ་སྟན་ནང་ཚང་ཅན་ལ་ཡབ་ཡུམ་ལྷན་ཅིག་ཏུ་འཁོད། འཛུམ་པའི་མིག་གིས་གཟུགས་ལ་བལྟ། ཆགས་པའི་གཏམ་སྨྲ། ཡིད་ཀུན་དགའི་མདངས་བསྐྱེད། ཆགས་པའི་རྣམ་འགྱུར་དྲག་ཏུ་བསྐྱེད་པས་སྒོ་གསུམ་འདོད་ཆགས་ལ་བསླབ། སྟངས་དཔྱལ་ལྷ། མཁའ་གསང་རྡོ་རྗེ་དང་པདྨ། གཞན་དོན་དུ་བདེ་ཆེན་རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་པའི་འདུ་ཤེས་གསུམ། ཕན་ཚུན་འཁྱུད་པ་དང༌། མཁའ་གསང་སྤྲོད་པ། དལ་བུས་སྲུབ་པའི་སྦྱོར་ཐབས་གསུམ་གྱིས་བདེ་བ་དབབ་སྟེ། དགའ་བཞི་ངོས་བཟུང་སྙོམས་འཇུག་ཇེ་དྲག་ཏུ་བཏང༌། རིལ་བ་ཞབས་ཚགས་ཅན་གྱི་རླུང་སྦྱོར་བྱ་བའི་བསྐྱིལ་ཐབས་གསུམ་གྱིས་བདེ་བ་སྤེལ། ནོར་བུའི་བུ་ག་དང་ཁཱ་ཁ་མུ་ཁ་སྣ་རྩེར་དཀར་དམར་གཉིས་ཀའི་རླུང་སེམས་ཁ་སྦྱོར་གསུམ་གྱིས་ལྷན་སྐྱེས་ཀྱི་བདེ་བས་རྟོག་པ་ཟིལ་གྱིས་མནན། སྒོ་གསུམ་གྱི་འཁྲུལ་འཁོར་གྱིས་བདེ་བའི་རྟེན་ཐིག་ལེ་མི་འཆོར་བར་བཟུང༌། དུད་འགྲོའི་འགྱུར་བ་བཞི་དང་ཐུར་སེལ་སྟེང་སྦུབས་རླུང་གནད་དམིགས་པ་ཧཾ་ལ་གཏོད་པའི་བཙན་ཐབས་སྦྱོར་བ་གསུམ་གྱིས་རྟེན་བརྟེན་པ་བཅས་རང་གནས་སུ་ལྡོག །གཞིལ་བའི་སྒྱུ་རྩལ་གསུམ་གྱིས་ཐིག་ལེ་རྩ་གནས་སུ་བཀྲམ་ལ། བདེ་བའི་རང་ངོ་སེམས། སེམས་གང་དུའང་འཛིན་མེད་རྒྱ་ཡན་ནམ་མཁའ་ལྟ་བུའི་ངང་དུ་འཇོག་པའི་རྒྱས་འདེབས་གསུམ་སྟེ་ཐབས་ལམ་གྱི་ཆོས་ཉེར་བདུན་གྱི་འདོད་པའི་སྒྱུ་རྩལ། བདེ་བའི་རོལ་མོ་སྦྱོར་བའི་དགའ་སྟོན་མིག་འཕྲུལ་ལྟར་བསླབ་བོ། །གཉིས་པ་ཡས་བབ་ཀྱི་དགའ་བཞིའི་ཉམས་བཤད་པ་སྒྲུབ་པ་ནི། ཡབ་ཡུམ་གནས་ལྔའི་ཚེ་ཡི་བདག༔སོགས་ནས། ཕྲུལ་གྱིས་བྱུང༔ ཞེས་པ་སྟེ་དེ་ལྟར་སྦྱོར་བའི་ཚེ་ཡབ་ཡུམ་གྱི་གནས་ལྔར་རིགས་ལྔའི་ཚེ་དཔག་མེད་གསལ་བ་ཡབ་ཡུམ་མཉམ་པར་སྦྱོར་བའི་འོད་ཀྱིས་སྙོམས་འཇུག་གི་བྱེད་པས་ལུས་སེམས་མྱོས་ཏེ་ལུས་ཀྱི་ནང་གི་དྭངས་མའི་དཀར་དམར་ཀྱང་དབང་མེད་གཡོ་བ་བཞིན་བདེ་སྟོང་གི་རྩལ་གྱིས་སྣོད་བཅུད་བརྟན་གཡོའི་དྭངས་མ་སྒུལ་ཞིང་གཡོས་པས་བསྡུས་པ་དང༌། ཆགས་པས་ཡིད་གཡོས་པ་དངོས་པོ་གཞན་གྱི་ནུས་པ་ལས་སེམས་ཀྱི་བརྟན་པ་འཕྲོག་ནུས་པ་དང་ཆོས་མཚུངས་པ་རྒྱལ་བ་ཀུན་ཀྱང་བདེ་བའི་འོད་ཟེར་གྱིས་བསྐུལ་བས་རྗེས་ཆགས་དབང་མེད་དུ་གཡོས་པས་འདོད་ཆགས་ཆེན་པོའི་རོས་སིམ་སྟེ་ཁུ་བའི་དྭངས་མའི་སེམས་སྤྲིན་དངུལ་ཆུའི་ཆར་པ་ལྟར་བབ། ཡུམ་གྱི་སྤྱི་བོའི་ཧཾ་ལ་ཐིམ། དེ་མར་གསར་མེས་ཞུ་བ་ལྟར་དྭངས་མ་ཆིལ་གྱིས་བྱུང་བ་དཔྲལ། མགྲིན། སྙིང༌། ལྟེ། གསང་གནས་ལྔར་བབ། དེའི་རྐྱེན་གྱིས་ཡབ་ཀྱི་འཁོར་ལོ་ལྔ་ནས་བྱང་སེམས་གཡོས་པ་ཡས་མར་བྱུང་བའི་དྭངས་མ་བདེ་བའི་ཟིལ་པ་གསང་བའི་སྣ་རྩེར་ཕྲུལ་གྱིས་བྱུང་བ་དང་གཅིག་ཏུ་འདྲེས་པར་བསམ། དེའི་ཚེ་དཔྲལ་བའི་འཁོར་ལོར་ཐིག་ལེ་བབ་པས་དགའ་བའི་ཡེ་ཤེས་སྐྱེས་པའི་རང་ངོ་ལ་ཡུན་རིང་དུ་བལྟས་ཏེ་རླུང་སེམས་གཅུན། ཐིག་ལེའི་དྭངས་མའི་ཟིལ་མངར་བརྟན་གཡོའི་སྲིད་ཞིའི་བཅུད་བུདྡྷ་ཚེ་དཔག་མེད་ཡབ་ཡུམ། རྩ་འདབ་ཀྱི་གྲངས་མཉམ་ཌཱ་ཀི་ལ་ཕོག་པས་བདེ་སྟོང་གི་ཉམས་བཟོད་མེད་དུ་འབར། ཀུན་ཀྱང་རང་འོད་ཀྱི་ཐབས་ཤེས་ཕན་ཚུན་སྦྱོར་བའི་འོད་ཀྱིས་སྤྱི་བོའི་རྩ་རླུང་ཐིག་ལེའི་ཁམས་ཉམས་པ་གསོས། ཆད་པ་མཐུད། ཡོ་བ་བསྲངས། འཁྱར་བ་བསྡུས་ཏེ་རྩ་སྦུབས་ཆེ་ཕྲས་མཚོན་སྤྱི་བོ་ལྟེམ་གྱིས་གང་བས་བདེ་བ་མི་བཟོད་པ་སྐྱེས་པར་བསམ། འདིས་མཚོན་ཏེ་གནས་ལྔར་མས་རིམ་དུ་དམིགས་པ་རིགས་འགྲེ་ཤེས་དགོས་སོ། །གསུམ་པ་རྗེས་སྒྲུབ་པ་ཆེན་པོའི་ཚུལ་ལ། མས་བརྟན་གྱི་དགའ་བཞི་ངོ་སྤྲད་པ་དང༌། ལམ་གྱི་ཡན་ལག་གཞན་བཤད་པའོ། །དང་པོ་ནི། ཡབ་ཀྱི་རྡོ་རྗེའི་ལྕེས་གཞིབ་སྟེ༔སོགས་ནས། བཟུང་བ་གཅེས༔ ཞེས་པ་སྟེ་མཁའ་གསང་གི་སྣ་རྩེར་ཁམས་འདྲེས་པ་ཐུར་སེལ་སྤྱི་བོར་དྲངས་པས་དྭངས་མའི་རྒྱུན་རྡོ་རྗེའི་བུ་ག་ནས་དྲངས་པའི་རྟགས་སུ་སྦྲིད་ཆིལ་དྲོད་དང་བཅས་ཏེ་བྱུང་བ་དང་གསང་གནས་ལྟེ་བ་སོགས་ནས་མས་བརྟན་གྱིས་སྤྱི་བོ་བར་ལྡོག །དེའི་ཚེ་ལུས་དཀྱིལ་གྱི་ལྷ་རྣམས་ལ་དྭངས་མའི་སེམས་སྤྲིན་གྱིས་མཆོད་པས་ལྷག་པར་མཉེས་ཏེ་གནས་ལྔའི་སྦྱོར་མཚམས་ནས་བྱང་སེམས་བབས་པས་ལུས་ཐམས་ཅད་ཁེངས། སྙིགས་མ་སྦྱངས། དྭངས་མ་འོད་ཀྱི་ཚུལ་དུ་མས་རིམ་ནས་ཞུ་བ་མཐར་ཀུན་ཀྱང་རིམ་གྱིས་སྤྱི་བོར་ཐིམ། རྩ་སྦུབས་ཐམས་ཅད་སྟོང་སང་ངེ་གནས་པར་བསམ་ལ་རླུང་སེམས་སྤྱི་གཙུག་ཏུ་གཏད། མཐར་ཐམས་ཅད་བདེ་བས་ཞུ་སྟེ་ཡབ་སྤྱི་བོའི་ཧཾ་ལ་ཐིམ། ཡུམ་རང་གི་ལྟེ་བའི་ཨ་ལ་ཐིམ། དེ་གཉིས་ཀྱང་ཉི་ཟླ་བཞིན་དུ་ཐིག་ལེ་དཀར་དམར་དུ་གྱུར་པ་བར་སྣང་ལ་ལིང་ངེར་གནས་པར་བསམ་ལ་སེམས་གཏད། མཐར་དེ་ཡང་སྟོང་ཆེན་སྐྱེ་མེད་ཀྱི་དབྱིངས་སུ་ཐིམ་པར་མོས་ལ་དབྱིངས་རིག་བསྲེ། སླར་ཡང་སྐད་ཅིག་གིས་ཚེ་བདག་ཡབ་ཡུམ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་ལམ་གྱིས་གསལ་བའི་སྤྱི་བོའི་ཧཾ་ལས་དྭངས་མའི་བདུད་རྩིའི་ཟིལ་མངར་བྱུང་ནས་འཁོར་ལོ་ལྔས་མཚོན་ལུས་ཀུན་གང༌། ཉིས་དྭངས་སུམ་དྭངས་ཀྱི་ཆ་ཐམས་ཅད་གནས་ལྔར་འདུས་པ་ཚེ་བདག་རིགས་ལྔ་ཕྲ་ལ་སྐྱེ་མཆེད་དོད་པ་བདེ་བའི་རང་བཞིན་སྟོང་པའི་ངོ་བོ། ཟུང་འཇུག་གི་ཡེ་ཤེས་ཀྱི་ཕྱག་རྒྱར་སད་པར་མོས་ལ་རྩ་འདར་དང་ལུས་སྤྲུགས་བྱའོ། །གཉིས་པ་ནི། བདེ་བ་སྲ་ན་སྒྱུ་རྩལ་ནི༔སོགས་ནས། ལེའུ་སྟེ་བཅོ་བརྒྱད་པའོ༔ ཞེས་པ་སྟེ། དེ་ལྟར་བརྩོན་པས་བདེ་བ་སྐྱེར་མ་གཏུབས་ཏེ་སྲ་ན་པདྨ་ཅན་ལ་སྟེང༌། རི་མོ་ཅན་ལ་རྒྱབ། དུང་ཅན་མ་ལ་འདེབས་ཚུལ། གླང་སྣ་ཅན་ལ་ཕན་ཚུན་མཉམ་པ། རི་དྭགས་ཅན་ལ་འོག་ནས་སྦྱོར་བའི་འཁྲིག་ཐབས་དང༌། གཡས་རོལ་གཡོན་རོལ་སོགས་སྒྱུ་རྩལ་གྱི་ཆོ་ག་མ་ངེས་པས་བསྐུལ་ཞིང༌། བྱང་སེམས་རྒྱས་པའི་སྨན་སྔགས་ཏིང་འཛིན་སོགས་ཀྱང་བྱ། ཧ་ཅང་ཆགས་རྟོག་རགས་པས་མྱོས་ན་སྟོང་ཉིད་ཀྱི་རྒྱས་འདེབས་དང་ཆགས་པ་ཆེན་པོའི་ཏིང་འཛིན་ཀྱང་སྒོམས། མདོར་ན་སྐབས་འདིར་ཤེས་བྱའི་གནད་ནི་སྤྱིར་མདོ་སྔགས་ཀྱི་ལམ་གང་བསྒོམས་ཀྱང་རྒྱུད་ཉོན་མོངས་ལས་གྲོལ་དགོས་པ་གནད་གཅིག་ཏུ་ཤེས་དགོས་པས་སོ་ཐར་གྱི་སྐབས་སུ་ངོ་བོ་མ་གྲུབ་པ། འདུ་ཤེས་གཞན་དུ་གྱུར་པ། འཛིན་ཞེན་མེད་པ་ལ་ཕམ་པ་དངོས་གཞི་མི་འགྱུར་གསུངས་པ་ལྟར་སྔགས་སུ་རྣམ་པ་བསྟེན་བྱ་ཆགས་ཡུལ་བུད་མེད། བསྟེན་ཚུལ་སྙོམས་འཇུག་ལ་བསླབ་ཀྱང༌། རྣལ་འབྱོར་པ་དང་པོའི་དུས་ནས་ལྷན་སྐྱེས་ཡེ་ཤེས་ཀྱི་དེ་ཉིད་ལ་དྲོད་ཐོབ་པའི་ལྟ་བས་གདེང་བཟུང་སྟེ་ཐོག་མཐའ་ཀུན་ཏུ་སྒྱུ་མ་རྨི་ལམ་ལྟ་བུའི་རོལ་རྩེད་ལས་དངོས་ཞེན་རང་རྒྱུད་པ་མི་གནས་པའི་ལྟ་བའི་གདེང་གིས་ཆགས་པའི་ཡུལ་དབང་ཤེས་གསུམ་གྱི་ངོ་བོ་མ་གྲུབ། ཕོ་མོ་སོགས་ཆགས་པའི་འདུ་ཤེས་རང་མཚན་པ་མ་ཡིན་པ་འདོད་ཆགས་ལམ་བྱེད་ཀྱི་འདུ་ཤེས་གསུམ་གྱིས་བསྒྱུར་བས་འདུ་ཤེས་གཞན་དུ་གྱུར། རྣམ་པ་གང་ལྟར་སྣང་ཡང་རྗེས་ཤེས་ལ་ཆགས་པའི་ཀུན་དཀྲིས་ཀྱི་འཆིང་བ་མེད་པ་ངོ་བོ་སྐྱེ་མེད་ཀློང་ཡངས་སུ་གྲོལ་བས་སྲིད་རྩའི་འཛག་བདེའི་འཆིང་བ་མི་གནས་པས་འཛིན་ཞེན་མེད་པ་གསུམ་སྒྲ་ཇི་བཞིན་དུ་བྱུང་ན་སྡོམ་གསུམ་འགལ་མེད་ཆིག་རྫོགས་སུ་ཡིན་པའི་གནད་དོན་ཤེས་པར་བྱས་ཏེ། རང་གི་སྐལ་བས་ཇི་ལྟར་འཚམས་པ་ལ་བརྩོན་པ་གནད་དུ་ཆེ་བར་ཤེས་ནས་རང་གཞན་དེང་དུས་ཀྱི་སྔགས་ལ་སྤྱོད་པ་རྣམས་ལ་ཕན་དུ་རེ་ནས་བྲིས་པའོ། །དེ་ལྟར་གོམས་པས་རྣམ་པ་སྣང་སྤྱོད་བདེ་བ་ཆེན་པོའི་ཡེ་ཤེས་སུ་ཤར་བའི་ཐབས་ལམ་ཟབ་མོའི་མཚོན་བྱེད་བྱས་ཏེ། ངོ་བོ་སྟོང་པ་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཚོན་བྱའི་དོན་རྟོགས་ཏེ། མྱོང་བས་མངོན་སུམ་དུ་ཤར་ཡང་ངག་གིས་སྨྲ་མི་བཏུབ། རང་སེམས་ལ་ངེས་ཤེས་རྙེད་ཀྱང་དཔེས་མཚོན་དུ་མེད། རྣམ་རྟོག་གི་འདུ་བྱེད་ཀྱིས་མ་བསླད་པའི་སྐྱེ་འགག་གནས་བྲལ་ནམ་མཁའ་ལྟ་བུར་འདུས་མ་བྱས་སུ་རང་ཤར་བ་སྲིད་ཞི་ཀུན་གྱི་ཡེ་ཤེས་སྲོག་གི་སྙིང་པོ་གང༌། ཐབས་ལས་ཐབས་བྱུང་གི་ནུས་པས་གསལ་ཞིང་དེར་འཛིན་མེད་པའི་རང་བཞིན་ཤེས་པའི་ཚུལ་དུ་ཤར་ཏེ་དོན་ལ་འཇུག་པར་ནུས་པས་ཉེ་རྒྱུའམ་ཕོ་ཉའི་ལམ་གྱིས་རྡོ་རྗེའི་ཚེ་སྒྲུབ་པའི་རིམ་པའོ། །རྩ་བའི་ས་བཅད་གཉིས་པ་རྩོལ་མེད་གཉུག་མ་མི་ཤིགས་པའི་ཐིག་ལེ་ལ་བརྟེན་པའི་གྲོལ་ལམ་བཤད་པ་ལ་གཉིས། མ་སྒོམ་པ་འཚང་རྒྱ་བའི་གནད་དབྱིངས་ལ་ལྟོས་ཏེ་སེམས་ཀ་དག་རྩ་བྲལ་དུ་ངོ་སྤྲད་ནས་རིག་པ་རྗེན་ལ་ཕུད་པའི་ལམ་ཁྲེགས་ཆོད། སྒོམ་པས་འཚང་རྒྱ་བ་སྣང་བ་ལ་ལྟོས་ཏེ་འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོད་ལུས་སུ་གྲོལ་བའི་ལམ་ཐོད་རྒལ་ལོ། །དང་པོ་ལ་བཞི། གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བས་ཐག་བཅད། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་ལེན། སྣང་བ་དབང་བསྒྱུར་གྱི་སྤྱོད་པས་བོགས་འབྱིན། བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུས་ལྷུན་གྱིས་གྲུབ་ཚུལ་ལོ། །དང་པོ་ནི། དེ་ལྟར་ལམ་རྣམས་ཐམས་ཅད་པའི༔སོགས་ནས། བསམ་གཏན་བྱ༔ ཞེས་པ་སྟེ་རྒྱུ་འབྲས་ཀྱི་ཐེག་པའི་ལམ་རིམ་མཐའ་དག་གི་སྐྱེལ་སོ་དོན་གྱི་ཡེ་ཤེས་རྗེན་ཅེར་དུ་སྟོན་པ་བཞི་པའི་དབང་གི་ལམ། མངོན་སུམ་གྱི་ཡེ་ཤེས་ལམ་དུ་བྱེད་པས་རྣལ་འབྱོར་ཀུན་གྱི་རྩེ་རྒྱལ། སྣང་གསུམ་འཕོ་སྒྲིབ་སྦྱང་བའི་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་འཛིན་དངོས་འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱིས་གཉུག་མ་རྡོ་རྗེའི་ཚེ་སྒྲུབ་པའི་ལམ་མཐར་ཐུག་གི་འབབ་སྟེགས་སུ་བསྟན་པ་སྟེ། གང་གཏན་ལ་དབབ་བྱའི་ལྟ་བའི་བཞུགས་ཚུལ་ངོ་བོ་རིག་སྟོང༌། རང་བཞིན་གསལ་སྟོང༌། ཐུགས་རྗེ་སྣང་སྟོང་དབྱེར་མེད་གསུངས་པའི་དང་པོ་དེ་ཡང་བློས་དཔྱད་སྒོམ་དང༌། ལུང་རིག་གཏན་ཚིགས་ཀྱིས་གཏན་ལ་དབབ་པའི་ངེས་ཤེས་ཙམ་མ་ཡིན་པར་གདོད་ནས་སྐྱེ་མེད་ཀ་དག་གི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བ་དོན་དམ་བདེན་པ་ཆོས་སྐུ་ཉག་གཅིག་གཤིས་ལུགས་ལ། གསལ་མདངས་འགག་པ་མེད་པའི་ཡེ་ཤེས་ཀྱི་རང་རྩལ་སྐུ་དང་ཡེ་ཤེས་རྒྱ་མཚོའི་ཆོས་རང་ངོ་དང་འབྲལ་མི་ཤེས་པ་ཉི་མ་དང་འོད་ཟེར་བཞིན་གཉིས་མེད་མཉམ་པའི་ཆོས་སུ་ལྷུན་གྱིས་གྲུབ་པའི་དཔལ་ནི་བདེ་ཆེན་ལོངས་སྐུའི་བདག་ཉིད་སྲིད་ཞི་ཀུན་ལས་འདས་པའི་ཡེ་ཤེས། གདོད་ནས་ཟུང་འཇུག་ཆེན་པོ། བློ་འདས་ཡིན་ལུགས་ཀྱི་ཆོས་ཉིད་སྒྲ་ཇི་བཞིན་པ་སྟེ་གནས་ལུགས་འདིའི་ངོས་ནས་གཞལ་ན་འཁོར་བ་སྡུག་ཀུན་གྱི་སྣང་བ་ཡང་སྐུ་དང་ཡེ་ཤེས་ཀྱི་ཆོས་ལས་སྤང་བྱར་མི་གནས་ཤིང༌། དག་པ་སངས་རྒྱས་ཀྱི་ཡོན་ཏན་ཀྱང་གསར་དུ་ཐོབ་པར་བྱར་མེད་པའི་བདེན་གཉིས་མཉམ་པ་ཐུགས་རྗེ་ཀུན་ལ་ཁྱབ་པའི་དེ་ཁོ་ན་ཉིད་དུ་བཞུགས་ཤིང༌། ཡུལ་ཡུལ་ཅན་གྱི་གཉིས་ཆོས་ལས་འདས་པའི་འཕགས་པའི་མཉམ་བཞག་གི་ལྟ་བ། བརྡ་ཐབས་མན་ངག་བྱིན་རླབས་ཀྱི་སྟོབས་ལས་ངོ་འཕྲོད་པས་སྐྱེ་ཤི་སྲིད་པའི་གྲོང་ཁྱེར་རྒྱུན་གཅོད་པའོ། །གཉིས་པ་ནི། བདེ་བའི་སྟན་ལ་བག་ཕབ་ཏེ༔སོགས་ནས། ལྷོད་དེ་བ༔ ཞེས་པའི་བར་ཏེ་ལྟ་བ་ཡེ་གྲོལ་དུ་རྟོགས་པ་དེ་ནས་སྒོམ་པས་ཡིན་ཐོག་ཏུ་བཞག་སྟེ་རིག་པའི་གཤིས་སུ་ཕེབས་པའི་བཙན་ས་ཟིན་དགོས་པས་ཉམས་སུ་བླང་བའི་ཚུལ་ནི་འཁོར་བ་ཞེས་པའི་འཁྲུལ་སྣང་ཡང་རང་གི་ལུས་ངག་སེམས་ཀྱི་ཚོགས་པ་ཙམ་པོ་བ་ཞིག་སྟེ། དེ་ལས་ལུས་ནི་གདོས་བཅས་ཀྱི་ཕུང་པོ་སིལ་བུར་བསིལ་ན་ཆ་མེད། ངག་ནི་ལུས་སེམས་ཀྱི་འདུས་པའི་རྐྱེན་ལས་རང་སྣང་བའི་སྟོང་སྒྲ། སེམས་ནི་འཁྲུལ་ངོར་བཏགས་པ་ཙམ་ལས་དོན་ལ་ཅིར་ཡང་མ་གྲུབ་པ། སྒོ་གསུམ་ཀུན་ཀྱང་མ་བརྟགས་ཉམས་དགའ་བའི་སྣང་བ་ཙམ་ལས་དོན་ལ་གང་དུའང་མ་གྲུབ་པའི་སྟོང་ཉིད་ཅིག་ལས་དུ་མར་མི་གནས་པ་སྟེ། སྟོང་པ་དེའི་གཤིས་ཀྱང་རིག་པ་ཟང་ཐལ་མཚན་མར་མ་གྲུབ་པའི་རང་བྱུང་གི་ཡེ་ཤེས་ཀྱི་སྙིང་པོ་ཅན་གཟུང་འཛིན་གྱི་རྟོག་པས་གཉིས་སུ་མི་ཕྱེད་པའི་རྡོ་རྗེ། འཁོར་འདས་གང་གི་ཕྱོགས་སུ་མ་ལྷུང་བའི་སེམས་དཔའ། རང་བཞིན་འགྱུར་མེད་མཁའ་ཁྱབ་ནམ་མཁའི་དབྱིངས་ལས་གཞན་དུ་མི་འཕྲོ་བའི་རང་བཞིན་རང་ལ་གནས་པའི་ངོ་རང་ཐོག་ཏུ་འཕྲོད་པ་ལ། འདས་པའི་རྗེས་མ་བཅད། མ་འོངས་པའི་མདུན་མ་བསུས། ད་ལྟ་ཕྱི་ཡུལ་ལ་མ་སྤྲོ། ནང་དུ་མི་བསྡུ། ཐད་ཀར་རང་བབ་སོ་མའི་ཡིན་ལུགས་ལ་བཞག་པས་ཀ་དག་བློ་འདས་ཀྱི་དགོངས་པ་བཞི་ཆ་སུམ་བྲལ་གྱི་ཤེས་པ་ཡིན་ལུགས་ཐོག་ཏུ་བཞག་པ་ཙམ་ལས། དམིགས་པའི་གཏད་སོ། ཡིན་མིན་གྱི་མཚན་འཛིན། རེ་དོགས་ཀྱི་དགག་སྒྲུབ། བསྒོམ་བྱའི་ཆོས་རྡུལ་ཙམ་ཡང་མི་དམིགས་པའི་སྟོང་ཉིད་དུ་རང་བབ་ལྷུག་པར་སྐྱོང་བ་ནི་ཐག་གཅིག་ཐོག་ཏུ་བཅད་པ་དང༌། དེའི་དུས་སུ་ཕྱི་ཆོས་ཅན་ཚོགས་དྲུག་ཡུལ་གྱི་འཁྲུལ་སྣང་ལ་ནང་གི་རྟོག་པ་ཤར་བའི་དུས་ནས་འཛིན་མེད་ཀློད་པས་རྦ་རླབས་ཆུར་ཐིམ་པ་ལྟར་འགྱུ་སྟོང་རྗེས་མེད་དུ་ཞིག །ནང་ཆོས་ཉིད་གཞི་མེད་རྩ་བྲལ་གྱི་ངང་དུ་ཡེངས་པ་མེད་པར་རང་བབ་ཀྱི་དྲན་པས་དགག་བཞག་སྟེ་དགག་སྒྲུབ་རྩོལ་བཅས་ཀྱི་རྟོད་ཕུར་ན་བུན་ནམ་མཁའ་ལ་དེངས་པ་ལྟར་རང་སར་གྲོལ་ཏེ་སྣང་ཤེས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བར་ཅིར་སྣང་ཆོས་སྐུའི་རང་བཞིན་རིག་སྟོང་བློ་བྲལ་རྗེན་པར་རྟོགས་པ་གདེང་གྲོལ་ཐོག་ཏུ་བཅས་པ་སྟེ། དམིགས་གཏད་མཚན་འཛིན་གང་ཡང་མེད་པའི་ངང་ལ་འབད་རྩོལ་ཅིའང་བྱར་མེད་པ་ཁ་ཡན་དུ་ཀློད་ནས་བཞག་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་གཞིར་རྫོགས་མཉམ་པ་ཆེན་པོར་བཙན་ས་ཟིན་པར་བྱེད་དོ། །གསུམ་པ་ནི། གཤིས་ལ་གང་དུའང་མི་འཛིན་པའི༔སོགས་ནས། སུ་ཞིག་གྲོལ༔ ཞེས་པ་སྟེ་ཅོག་བཞག་གི་དགོངས་པ་ཀློང་དུ་གྱུར་པར་གདེང་བཅས་པས་རིག་པའི་གཤིས་ཀ་དག་ཕྱོགས་ཡན་གྱི་དགོངས་པ་རྒྱ་ཡན་རང་གྲོལ་དུ་ཤར་བས་སྒོ་གསུམ་གྱི་སྤྱོད་ལམ་གང་དུ་ཞུགས་ཀྱང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པའི་ངང་ལས་ནམ་ཡང་མ་གཡོས་པས། ཚོགས་དྲུག་གི་ཡུལ་ལ་ཆགས་སྡང་གིས་དེར་འཛིན་གྱིས་མི་ཞེན་པར་ཐུག་འཕྲད་རང་གྲོལ་གང་དགར་རྒྱ་ཡན་དུ་བཏང་བས། སྣང་བཏགས་ཇི་ལྟར་སྣང་རུང་རིག་པ་ལས་གུད་ན་མེད་པས་སྤྱོད་ལམ་རྣམ་བཞི་ཡེ་ཤེས་ཆེན་པོའི་རོལ་རྩལ་དུ་འུབ་ཆུབ་པས། རྩ་བྲལ་གྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་སངས་རྒྱས་པས་ཆོས་སྐུ་སྤང་བླང་མེད་པའི་ངང་དུ་དམིགས་བཅས་མཚན་མའི་སྒོམ་གྱི་གཏད་སོ་ཞིག་སྟེ། ཀུན་བཟང་ཡེ་ཤེས་ཟང་ཐལ་དག་པ་རབ་འབྱམས་སུ་ཤར་ནས་ཆོས་ཉིད་བཅིང་གྲོལ་མེད་པའི་ཀློང་དུ་འོད་གསལ་ཆུ་བོ་རྒྱུན་གྱི་ཏིང་འཛིན་མ་བཙལ་ལྷུན་རྫོགས་སུ་འཆར་བས་གྲོལ་བའི་ཐ་སྙད་བཏགས་པའོ། །བཞི་པ་ནི། དོན་འདི་ངེས་པའི་གདེང་ཐོབ་ན༔སོགས་ནས། བདེ་ཆེན་ཤར༔ ཞེས་པ་སྟེ་མཁའ་ལ་འབྱུང་བཞིའི་འདུ་དགོད་ཇི་ལྟར་ཤར་ཡང་གོས་པ་མེད་ཅིང་བཅིང་པ་ཡང་མེད་པ་བཞིན་རང་རིག་ཆོས་ཉིད་ཀྱི་དགོངས་པ་བློ་བྲལ་ནམ་མཁའ་ལྟ་བུ་ལ་གདེང་ཐོབ་པའི་རྣལ་འབྱོར་པས་ལྟར་སྣང་གི་བྱ་བ་གང་བྱས་ཀྱང་གདོད་ནས་ཡེ་གྲོལ་དུ་དག་པའི་མཐུས་ལས་ཀྱི་བག་ཆགས་ཀུན་གཞི་ལ་མི་ཕོག་ཅིང་གང་ལྟར་སྤྱོད་ཀྱང་ཆོས་ཉིད་བདེ་བ་ཆེན་པོའི་རང་བཞིན་དུ་དག་པས་ཚོགས་གཉིས་ཀྱི་རྒྱུར་གྱུར་ནས། སེམས་རིག་ཤན་འབྱེད་ཀྱི་བསྙེན་པ། རིག་པ་རྗེན་ལ་བུད་དེ་ངོ་འཕྲོད་པ་ཉེ་བསྙེན། འཁོར་འདས་ཐམས་ཅད་རིག་པ་གཅིག་ཏུ་རྫོགས་པར་ཐག་ཆོད་པ་སྒྲུབ་པ། ཡེ་གྲོལ་ལ་གཉེན་པོས་བསྐྱར་མ་དགོས་པ་འབྲས་བུ་གཞིར་རྫོགས་སུ་ཐག་ཆོད་པ་སྒྲུབ་པ་ཆེན་པོའི་ངང་དུ་ས་ལམ་ཐམས་ཅད་མ་བགྲོད་པར་རྫོགས་པས་གཉུག་མ་ངེས་པ་དོན་གྱི་རྡོ་རྗེའི་སྲོག་ནས་ཟིན་ཏེ་འགྲུབ་པའོ། །གཉིས་པ་སྒོམ་པས་འཚང་རྒྱ་བ་སྣང་བ་ལ་ལྟོས་ཏེ་འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོད་ལུས་སུ་གྲོལ་བའི་ལམ་ཐོད་རྒལ་བཤད་པ་ལ། གནད་ཀྱི་ཆིངས། ཐོབ་བྱའི་ལམ། གྲོལ་ཚད་འབྲས་བུའོ། །དང་པོ་ནི། འོད་གསལ་དེ་ཉིད་བོགས་འབྱིན་ཕྱིར༔སོགས་ནས། སྒོམ་པ་ལས༔ ཞེས་པ་སྟེ་འོད་གསལ་གྱི་རིག་པ་ལུས་ལ་གནས་ཀྱང་མངོན་སུམ་དུ་སྟོན་པའི་གནད་མེད་པས་སྣང་མི་ནུས་པ་སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་མངོན་པ་དང་མཚུངས་ལ། དེས་ན་མངོན་སུམ་གྱི་ལམ་འདིར་གནད་དེ་དག་མ་སྦས་པར་བསྟན་པས་ཤེས་ཉམས་དང་རླུང་སེམས་འདུས་པའི་སྣང་བ་ཙམ་མ་ཡིན་པར་ཡེ་ཤེས་རང་སྣང་མངོན་སུམ་དུ་བསྟན་པས་ཡང་ཟབ་ཀྱི་མན་ངག་གནད་ཀྱི་གདམས་པ་ཨ་ཏིའི་ཁྱད་ཆོས་ཏེ། སྙིང་དབུས་མི་ཤིགས་པའི་ཐིག་ལེ་དྭངས་མ་འོད་གསལ་གྱི་རིག་པའི་ཡེ་ཤེས་ངོ་བོ་སྐུར་བཞུགས་པ་ཀ་དག་གི་དགོངས་པ་དང་མཐུན་པ་དོན། རང་བཞིན་འོད་གསལ་དུ་བསྟན་པས་གསང་སྐོར་ལུས་དཀྱིལ་དང་མཐུན་པའི་བརྡ། ཐུགས་རྗེ་སྒྲོན་མར་སྣང་བས་ཡང་གསང་སྙིང་ཐིག་དང་མཐུན་པའི་རྟགས་སུ་བསྟན་པ་གང༌། རང་བྱུང་རྡོ་རྗེ་སེམས་དཔའི་གསེང་ལམ་རྩ་ཀ་ཏི་ཤེལ་སྦུབས་ཅན་གྱི་ལམ་བརྒྱུད་དེ་འཆར་བས་མིག་དབང་རྒྱང་ཞགས་ཀྱི་སྒྲོན་མེ་ལས་སྣང༌། ཕྱི་དབྱིངས་ནམ་མཁའ་གོ་ཕྱེས་པའི་འོད་སྣང་མཐིང་ག །ནང་དབྱིངས་ལྔ་ལྡན་སྒྲོན་མེའི་སྣང་བ་རྣམས་ཐིག་ལེ་ལུག་རྒྱུད་དང་བཅས་པ་འཆར་བའི་ཐབས་སུ་ལུས་བཞུགས་སྟངས། མིག་གཟིགས་སྟངས། རླུང་གནད། ཡུལ་གྱི་གནད་རྣམས་ལ་བརྟེན་ཏེ་འཆར་བ་ལ་བསླབ་བོ། །གཉིས་པ་ནི། ནང་གི་རིག་པ་ཟང་ཐལ་གསལ༔སོགས་ནས། ཆེན་པོའི་སྣང་བ་སྟེ༔ ཞེས་པ་སྟེ་ནང་རིག་པའི་དགོངས་པ་གནད་ཀྱིས་གཅུན་ཏེ་སྒོམ་པའི་གདངས་ཕྱི་རུ་འཆར་བ་ལ་ནང་གི་རང་གདངས་སུ་ཤེས་པས་གཟིར་བས་དབྱིངས་ཀྱི་རྟགས་སུ་འོད་འཁྱིལ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་སུ་རང་གསལ། ངོ་བོའི་རྟགས་སུ་མི་རྟོག་པའི་ཡེ་ཤེས་གཞི་ལས་གཞི་སྣང་དུ་ཤར་ནས་ངོ་འཕྲོད་པ་ཆོས་ཉིད་མངོན་སུམ་གྱི་སྣང་བ། དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་དབྱིངས་སྣང་འོད་ཀྱི་རང་བཞིན་མ་ངེས་པའི་གཟུགས་དབྱིབས་དུ་མ་དང༌། ཟེར་ཐག །སྐུ་ཕྱེད་པའམ་རྐྱང་པ་འགུལ་འཁྲིགས་མེད་པར་འཆར་བ་ཉམས་གོང་འཕེལ། གདོས་བཅས་ཀྱི་སྣང་བ་དག་སྟེ་རང་སྣང་འོད་གསལ་ཆེན་པོ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔའི་ཡབ་ཡུམ་གྱི་ཚོམ་བུ་ལྔ་ཚན་ལྔ་ཡི་དཀྱིལ་འཁོར་ཚད་མེད་པར་འཆར་ཏེ་སྣང་སྲིད་སྐུ་དང་ཞིང་ཁམས་རང་བཞིན་ཡོངས་སུ་བརྡལ་བ་རིག་པ་སྐུར་སྨིན་པས་ཚད་ཕེབས། ཕྱི་སྣང་བའི་འཕེལ། ནང་སྒྱུ་ལུས་ཀྱི་ཆོས། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་དེ་བློ་འདས་གདོད་མའི་བཙན་ས་ཟིན་ཏེ་ཐོག་མའི་སྤྱི་གཞི་ལས་འཕགས་པའི་གཞི་སྣང་ཐིག་ལེ་ཆེན་པོར་སྐད་ཅིག་གིས་གྲོལ་ནས། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཀློང་དུ་འཕོ་འགྱུར་མེད་པར་སངས་རྒྱས་པའོ། །གསུམ་པ་ནི། དབྱིངས་ནི་ཀ་དག་གོས་དཀར་མོ༔སོགས་ནས། ལེའུ་སྟེ་བཅུ་དགུ་པའོ༔ ཞེས་པ་སྟེ་དབྱིངས་སྤྲོས་བྲལ་རྣམ་ཀུན་མཆོག་ལྡན་ཀ་དག་གི་དགོངས་པའི་རྩལ་རྫོགས་པ་ཆོས་ཀུན་འབྱུང་གནས་ཡུམ་ཆེན་ན་བཟའ་དཀར་མོ་དང༌། རིག་པ་བདེ་ཆེན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སྐུ་ལྔའི་དབང་ཕྱུག་ཚེ་བདག་སྣང་བ་མཐའ་ཡས་གཉིས་སུ་མེད་པ་དཀྱིལ་འཁོར་གཅིག་ཏུ་དག་ཅིང་རྫོགས་ནས་ནམ་མཁའ་ཇི་སྲིད་སྐྱེ་འཆི་བདུད་བཞིས་གཞོམ་དུ་མེད་པ་འཆི་མེད་ཡེ་ཤེས་རྡོ་རྗེ་ལྟ་བུའི་གསང་བ་གསུམ་དུ་བྱང་ཆུབ་པའོ། །གསུམ་པ་ཐ་མར་དགེ་བ་ཉམས་ལེན་གྱི་སྤྱི་སྡོམ་གཏད་རྒྱ་དང་གྲོལ་ཚད་བཅས་བཤད་པ་ལ། དང་པོ་ཉམས་ལེན་གྱི་སྤྱི་སྡོམ་བཤད་པ་ནི། རྨད་དུ་བྱུང་བའི་རྡོ་རྗེའི་ཚིག༔སོགས་ནས། ལེའུ་སྟེ་ཉི་ཤུ་པའོ༔ ཞེས་པ་སྟེ་དེ་ལྟར་བསྟན་པའི་ལམ་འདི་དག་ཀྱང་གང་ཟག་གི་དབང་པོའི་ཁྱད་པར་ཉམས་སུ་ལེན་པ་ལ་རིམ་ཅན། གཅིག་ཅར་དུ་མ་ལས་གང་ཟག་སྤྲོས་པ་ལ་དགའ་བ་དག་ལ་བསག་སྦྱང་གི་རིམ་པ་གཙོ་བོར་སྨྲོས་པའི་ཕྱི་སྒྲུབ། སྣང་སྲིད་དག་ཆེན་ཡེ་ཤེས་ཀྱི་འཁོར་ལོར་ལམ་དུ་ཁྱེར་ནུས་པའི་བློ་གྲོས་མཆོག་དང་ལྡན་པ་ལ་བསྐྱེད་རིམ་སྤྲོས་པ་ཅན་བསྙེན་སྒྲུབ་ཡན་ལག་བཞི་ལྡན་ནང་སྒྲུབ། སྒོ་གསུམ་གནད་ཀྱིས་གཅུན་ཏེ་ཉམས་ལེན་མཐར་དབྱུང་ནུས་པའི་བརྩོན་འགྲུས་ཅན་ལ་རང་ལུས་དང་ཕོ་ཉའི་མྱུར་ལམ། ཤིན་ཏུ་དབང་རབ་ནང་གི་རྣལ་འབྱོར་འབའ་ཞིག་ལམ་དུ་ཁྱེར་ནུས་པས་ནི་རྩོལ་མེད་ཐེག་མཆོག་གི་ཏིང་འཛིན་ཁོ་ན་སྟེ་སོ་སོའི་དབང་པོས་ཆུན་ཚོད་ཀྱི་ལམ་ལ་འབད་པ་རྩལ་དུ་བཏོན་པ་དང༌། བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་དུ་བསྒོམ་ན། སྔོན་འགྲོའི་བསག་སྦྱང་གི་རིམ་པ་རྩལ་དུ་བཏོན་པའི་སྐབས་ཕྱི་སྒྲུབ་ཀྱི་གྲངས་བསྙེན་འགྲོ་བར་བྱ། རྒྱུན་གྱི་ཏིང་འཛིན་ལ་བརྟེན་ཏེ་བསྐྱེད་རིམ་མོས་སྒོམ་ལ་འདྲིས་གདགས་ཤིང་བསྙེན་གྲངས་ཐེམས་པར་བྱ། དེ་ནས་ནང་སྒྲུབ་ཀྱང་བསྙེན་སྒྲུབ་ལས་གསུམ་དང༌། མཁའ་འགྲོའི་ཕྲིན་ལས། རིག་འཛིན་བླ་མའི་ཚེ་སྒྲུབ་བཅས་མཐར་ཕྱིན་པ་དང༌། རྩོལ་བཅས་རྩོལ་མེད་གང་རུང་གི་རྫོགས་རིམ་ལ་འཇུག་ཅིང་བརྩོན་པ་མཐར་དབྱུང༌། དེ་དག་སྐབས་ཇི་རིགས་པར་བར་ཆད་སེལ་ཕྱིར་རྟ་མགྲིན་གྱི་བསྐྱེད་བཟླས་དང༌། ཚེ་སྤེལ་ཞིང་གེགས་སེལ་བའི་ལས་རིམ་དང༌། སྤྲོས་བཅས་ཚོགས་སྒྲུབ་མོས་སློབ་སོགས་ཀྱང་སྤྲོ་ན་བྱས་པས་རབ་ཀྱིས་འཆི་མེད་ཡེ་ཤེས་ཀྱི་སྐུ། འབྲིང་གིས་ཚེ་བསོད་དཔལ་འབྱོར། ཐ་མས་ཀྱང་ཚེའི་འགལ་རྐྱེན་ཅི་རིགས་སེལ་ཞིང༌། མཐུན་རྐྱེན་འཕེལ་བའི་དངོས་གྲུབ་ཐོབ་པར་གདོན་མི་ཟའོ། །གཉིས་པ་འབྲས་བུའི་གྲོལ་ཚད་ནི། རྒྱལ་ཀུན་གསུང་གི་གསང་བ་ཆེ༔སོགས་ནས། ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ༔ ཞེས་པ་སྟེ་དེ་ལྟར་བསྐྱེད་རྫོགས་ངེས་པའི་ལམ་ལ་བརྟེན་པས་དབང་རྟུལ་ངོ་བོ་གདོས་བཅས་ཀྱི་ཕུང་པོ་དང་མ་བྲལ་བ་རྣམ་པར་སྨིན་པའི་ལུས་ལ། སེམས་ཉིད་བསྒྲུབ་བྱའི་ལྷ་ཡི་སྐུར་སྨིན་པས་ལུས་རྒྱ་དང་བྲལ་མ་ཐག་ཕྱག་རྒྱའི་རིག་འཛིན་ལ་སྦྱོར་བའི་མཚན་ཉིད་གསུམ་ལྡན་ལྷག་མེད་མྱང་འདས། དགོངས་པ་རྒྱུའི་ཐེག་པའི་མཐོང་ལམ་པ་དང་སྐལ་མཉམ། སྤྱོད་པ་བདག་དོན་དཀྱིལ་འཁོར་བྱ་བས་ཚོགས་གཉིས་རྫོགས་པར་བྱེད་ཅིང་ལྷ་ཡི་སྤྱན་སོགས་ཀྱིས་ཕྲིན་ལས་བཞིའི་འགྲོ་བའི་དོན་བྱེད་པ་རྣམ་སྨིན་རིག་འཛིན། དབང་རྣོན་ངོ་བོ་ལུས་ཟག་པ་གསུམ་ཟད་པ་ཚེ་ལ་དབང་བའི་རྡོ་རྗེའི་ལུས་ཐོབ་པ་ལྷག་བཅས་མྱང་འདས། དགོངས་པ་ས་བརྒྱད་པ་དང་སྐལ་མཉམ། སྤྱོད་པ་ལྟ་བ་ཆེད་འཛིན་ཀུན་འགྲོའི་དྲི་མ་བསལ། མངོན་ཤེས་དང་ཆོ་འཕྲུལ་གྱིས་གཞན་དོན་མཛད་པ་ཚེ་དབང་རིག་འཛིན། ངོ་བོ་མི་གཡོ་བའི་ཏིང་འཛིན་གྱིས་ལྷན་སྐྱེས་ཀྱི་དྲི་མ་སྦྱངས་པ་ལ་ཞུགས་པ་ཡེ་ཤེས་སྒྱུ་མའི་སྐུ་ཅན། དགོངས་པ་དག་པ་ས་གསུམ་དང་སྐལ་མཉམ། སྤྱོད་པ་དགོངས་པ་མི་གཡོ་བའི་ངང་ནས་ཞིང་རྣམས་སུ་སྤྲུལ་པས་གཞན་དོན་བྱེད་པ་ནི་ཕྱག་རྒྱའི་རིག་འཛིན་ངོ་བོ་ལམ་མཐར་ཕྱིན་སྐུ་ལྔ་ལྷུན་གྲུབ་ཀྱི་ས་ལ་སོན་པ། དགོངས་པ་སངས་རྒྱས་དང་མཉམ་པ། སྤྱོད་པ་ཤེས་སྒྲིབ་ཕྲ་བ་སྦྱངས་ནས་ཞིང་རབ་འབྱམས་སུ་གཞན་དོན་མཛད་པ་ལྷུན་གྲུབ་རིག་འཛིན་ལ་སྦྱོར་བས་ལམ་ལྔ་མཐར་སོན་ཏེ་སངས་རྒྱས་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་ལ་དབང་བསྒྱུར་བས་དོན་གཉིས་ལྷུན་གྲུབ་ཀྱི་ཕྲིན་ལས་ནམ་མཁའ་ཇི་སྲིད་དུ་སྣང་བའི་གོ་འཕང་མངོན་དུ་གྱུར་པའོ། །དེ་ཡང་སྤྱིར་བདག་ནི་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་གྱི་རྨོངས་འཁྲུལ་མ་རིག་ར་རིའི་རང་གཟུགས་ལ་སོམ་ཉིའི་གནས་སུ་མཆིས་མོད། སྒྲིབ་བྲལ་ཡེ་ཤེས་གཟིགས་པའི་ཆོས་ཀྱི་སྤྱན་རབ་པདྨའི་འདབ་ལྟར་རྒྱས་པ་ཀུན་མཁྱེན་འཇམ་པའི་དབྱངས་བློ་གྲོས་རྒྱ་མཚོའི་སྤྱན་སྔར་རྗེ་གོང་མའི་ཕྱག་བྲིས་ཛེ་ཏཱ་རིའི་ལུགས་ཚེ་དཔག་མེད་ལྷ་དགུའི་རྒྱ་གཞུང་ཞིག་སོན་པའི་རྐྱེན་གྱིས་ལྷ་སྔགས་རྣམ་པ་འདྲ་བའི་སྒྲུབ་སྐོར་ཞིག་རིག་སྟོང་ཡེ་ཤེས་ཀྱི་འཆར་སྒོར་གསལ་བ། ཕྱིས་གུས་ཞབས་རྨོངས་པས་ཆོས་སྐོར་འདི་གཟིགས་འབུལ་ཞུས་པའི་ཚེ་གཅིག་ཏུ་འདུག་པས་ཕྲན་གང་ཟག་དམན་ཆེས་པ་མ་གཏོགས་ཡིད་ཆེས་ཀྱི་གསོས་སུ་འདུག་གསུངས་པ་དང༌། ཡང་ཟབ་རིག་འཛིན་ཚེ་སྒྲུབ་ལ་ཉམས་བཞེས་གནང་བས་རྟགས་མཚན་དགེ་བར་བྱུང་ཚུལ་ཕེབས་པས་རང་ཉིད་ཀྱང་རྩ་གསུམ་དགྱེས་པའི་བྱིན་རླབས་ཀྱི་སྣང་བས་ཟབ་གསང་གི་སྒོ་ཞིག་སྟེས་དབང་གིས་ཐོལ་བྱུང་དུ་རྙེད་པ་ཡིན་སྲིད་སྙམ་དུ་ངེས་པ་བརྟན་པར་གྱུར་པས་སྐལ་བཟང་མོས་ལྡན་དག་གིས་ཀྱང་ཡིད་ཆེས་ཀྱི་གསོས་སུ་འདིར་སྨྲས་པའོ། །མཆོག་གི་བསྟན་དང་སྟོན་པའི་ལེགས་གསུང་བཅུད། །རྒྱུ་མཚན་ཤེས་པའི་བློ་ལྡན་མདུན་ས་རུ། །རྣམ་དཔྱོད་སོར་མོས་བསྟར་བའི་དགའ་སྟོན་འདི། །མཁའ་སྤྱོད་ཀུན་དགའི་ཚལ་ནས་བླངས་པ་བཞིན། །ཅལ་སྒྲོག་འུད་ཀྱི་གླིང་བུ་མ་ལགས་ཤིང༌། །བརྫུན་རིས་ཆུ་གཉེར་བགྲང་བའི་ངལ་མིན་ཀྱང༌། །དེང་དུས་མི་ཤེས་སྐྱེ་བོའི་ཚོགས་པ་ལ། །གསེར་དང་ཞ་ཉེ་ནོར་བ་རང་གི་གཤིས། །འོན་ཀྱང་ལས་སྨོན་སྤུ་སྡུག་དར་བབ་ཅིང༌། །རྣམ་གྲོལ་མཁའ་ལ་རྩེན་འདོད་མདོངས་མཐའ་ཅན། །ལེགས་བཤད་དབྱར་གྱི་རྔ་གསང་འདིས་བསྐུལ་ཏེ། །དགེ་ལེགས་ཟློས་གར་བསྒྱུར་བའི་རྒྱུར་གྱུར་ཅིག །ཅེས་རྡོ་རྗེ་གསང་བའི་ཚིག་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་པའི་གསང་ལམ་ཀུན་ཚང་ནོར་བུ་དབང་གི་རྒྱལ་པོའི་སྙིང་པོ་འདི་ལ་གདོད་ནས་དག་པའི་ཐུགས་བསྐྱེད་ཀྱིས་འབྲེལ་བའི་རིགས་ཀུན་ཁྱབ་བདག་འཇམ་དབྱངས་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་སྤྱན་སྔར་ཚུལ་འདིའི་སྨིན་གྲོལ་བདུད་རྩིའི་མཆོད་སྤྲིན་ཐོག་མར་ཕུལ་བའི་ཚེ་ཁྲིད་རིམ་འདི་ལྟར་ཡིད་ལ་འཆར་བས་སླད་ནས་ཡི་གེར་འགོད་འོས་པའི་བཀའ་ལུང་ནོར་བུའི་ཅོད་པན་ཚངས་གནས་སུ་བསྩལ་བ་དང༌། ལུང་ཟིན་ཆོས་ཀྱི་བདག་པོ་སངས་རྒྱས་མཉན་པ་མཆོག་གི་སྤྲུལ་པའི་སྐུ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མས་ཀྱང་ཐུགས་དམ་ཉམས་བཞེས་སུ་གསུང་གིས་བསྐུལ་བ་ལྟར་རང་ཉིད་ཀྱིས་ཉམས་ལེན་གྱི་གཡར་ཁྲལ་སྐབས་མན་ངག་གི་གནད་གསང་ཅུང་ཟད་རིག་པའི་ཁུལ་གྱིས་རྡོ་རྗེའི་ལམ་མཆོག་འདི་ཉིད་ཀྱི་བཀའ་བབ་པདྨ་གར་གྱི་དབང་ཕྱུག་འོད་གསལ་མདོ་སྔགས་གླིང་པ་ཚེ་དབང་གྲུབ་པའི་རྡོ་རྗེ་མི་ཤིགས་གཡུང་དྲུང་རྩལ་གྱིས་ཡིད་འོང་ལྟ་ན་སྡུག་གི་སྨན་ལྗོངས་ཆོས་གླིང་སྒྲུབ་སྡེ་ངེས་དོན་འོད་གསལ་རིག་པའི་ཕོ་བྲང་དུ་རྫོགས་པའི་སངས་རྒྱས་ཞེ་ཆེན་པ་པདྨ་དགྱེས་པའི་དུས་ཆེན་གྱི་མཆོད་པ་ནས་དབུ་བརྩམས་ནས་རིམ་གྱིས་ཡི་གེར་བཏབ་པ་ཡེ་ཤེས་ཌཱ་ཀིའི་ཐུགས་ཐིག་ཏུ་མཆིས་ཕྱིར་སྐལ་ལྡན་ངེས་པའི་སྣོད་གྱུར་ལ་ལེགས་པར་བསྟན་ཞིང་སྣོད་མིན་ལ་ཁྱབ་བརྡལ་དུ་སྦྱིན་མི་རུང་བའི་གདམས་པ་འདིས་ཀྱང་རྒྱལ་བསྟན་འཛིན་པའི་སྐྱེས་བུ་རྣམས་ཀྱི་སྐུ་ཚེའི་དགའ་སྟོན་མཆོག་ཏུ་འཕེལ་བའི་རྟེན་འབྱུང་རྨད་དུ་བྱུང་བའི་དཔལ་ཁོ་ནར་གྱུར་ཅིག །བཀྲ་ཤིས་དགེ་ལེགས་འཕེལ། །འཆི་མེད་པདྨ་དགྱེས་པའི་བྱིན་རླབས་བདུད་རྩིའི་ཟིལ་མངར་སྙིང་ལ་སིམ། །ཟབ་གསང་རྡོ་རྗེའི་རྒྱུད་ཀྱི་གླིང་བུ་ཌཱ་ཀིའི་གཱིརྟིའི་ཐོས་འཛིན་སྙན། །བླ་མེད་གསང་མཆོག་དགའ་ཚལ་བསྙེན་པའི་རིག་འཛིན་གཞོན་ནུའི་བརྣག་པའི་ཆོས། །ལས་སྨོན་ཤིང་རྟས་མངོན་སུམ་སྣང་བའི་དཔལ་གྱི་དུམ་བུའི་འཛུམ་དཀར་རྨད། ཅེས་ཀྱང་སྨྲས་སོ། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། སངས་རྒྱས་པདྨའི་ཐུགས་ཏིག་ཟབ་གསང་ཆོས། །རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་ཁྲིད་ཀྱི་རིམ། །མདོ་སྔགས་བསྟན་འཛིན་ནོར་བུས་པར་བསྐྲུན་མཐུས། །བདག་སོགས་འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་དམ་པ་མཆོག་གི་བཀའ་ཡིས་བསྐུལ་བ་བཞིན་གར་དབང་མདོ་སྔགས་གླིང་པས་ཆེད་དུ་བརྗོད་པ་ཨཱ་ཡུ་ཏིཥྛནྟུ། སརྦ་མངྒ་ལཾ། དགེའོ།། །།}} | ||
</onlyinclude> | </onlyinclude> | ||
Line 46: | Line 47: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-19-DZA]] | [[Category:DKR-KABUM-Volume-19-DZA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 17:37, 9 December 2022
Wylie title | 'chi med pad+ma tshe yi snying thig las/ rang byung pad+ma rdo rje tshe yi rgyud kyi khrid yig pad+ma dgyes pa'i zhal gyi bdud rtsi'i nying khu | |
---|---|---|
Location | dil mgo mkhyen brtse bka' 'bum Volume 19, Text 17, Pages 243-281 (Folios 1a to 39b4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. 'chi med pad+ma tshe yi snying thig las rang byung pad+ma rdo rje tshe yi rgyud kyi khrid yig pad+ma dgyes pa'i zhal gyi bdud rtsi'i nying khu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 243-281. Delhi: Shechen Publications, 1994. | |
Genre | Contemplative Guide Books and Instructional Manuals - khrid yig | |
Cycle | འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig) | |
Colophon |
།ཅེས་རྡོ་རྗེ་གསང་བའི་ཚིག་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་པའི་གསང་ལམ་ཀུན་ཚང་ནོར་བུ་དབང་གི་རྒྱལ་པོའི་སྙིང་པོ་འདི་ལ་གདོད་ནས་དག་པའི་ཐུགས་བསྐྱེད་ཀྱིས་འབྲེལ་བའི་རིགས་ཀུན་ཁྱབ་བདག་འཇམ་དབྱངས་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་སྤྱན་སྔར་ཚུལ་འདིའི་སྨིན་གྲོལ་བདུད་རྩིའི་མཆོད་སྤྲིན་ཐོག་མར་ཕུལ་བའི་ཚེ་ཁྲིད་རིམ་འདི་ལྟར་ཡིད་ལ་འཆར་བས་སླད་ནས་ཡི་གེར་འགོད་འོས་པའི་བཀའ་ལུང་ནོར་བུའི་ཅོད་པན་ཚངས་གནས་སུ་བསྩལ་བ་དང༌། ལུང་ཟིན་ཆོས་ཀྱི་བདག་པོ་སངས་རྒྱས་མཉན་པ་མཆོག་གི་སྤྲུལ་པའི་སྐུ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མས་ཀྱང་ཐུགས་དམ་ཉམས་བཞེས་སུ་གསུང་གིས་བསྐུལ་བ་ལྟར་རང་ཉིད་ཀྱིས་ཉམས་ལེན་གྱི་གཡར་ཁྲལ་སྐབས་མན་ངག་གི་གནད་གསང་ཅུང་ཟད་རིག་པའི་ཁུལ་གྱིས་རྡོ་རྗེའི་ལམ་མཆོག་འདི་ཉིད་ཀྱི་བཀའ་བབ་པདྨ་གར་གྱི་དབང་ཕྱུག་འོད་གསལ་མདོ་སྔགས་གླིང་པ་ཚེ་དབང་གྲུབ་པའི་རྡོ་རྗེ་མི་ཤིགས་གཡུང་དྲུང་རྩལ་གྱིས་ཡིད་འོང་ལྟ་ན་སྡུག་གི་སྨན་ལྗོངས་ཆོས་གླིང་སྒྲུབ་སྡེ་ངེས་དོན་འོད་གསལ་རིག་པའི་ཕོ་བྲང་དུ་རྫོགས་པའི་སངས་རྒྱས་ཞེ་ཆེན་པ་པདྨ་དགྱེས་པའི་དུས་ཆེན་གྱི་མཆོད་པ་ནས་དབུ་བརྩམས་ནས་རིམ་གྱིས་ཡི་གེར་བཏབ་པ་ཡེ་ཤེས་ཌཱ་ཀིའི་ཐུགས་ཐིག་ཏུ་མཆིས་ཕྱིར་སྐལ་ལྡན་ངེས་པའི་སྣོད་གྱུར་ལ་ལེགས་པར་བསྟན་ཞིང་སྣོད་མིན་ལ་ཁྱབ་བརྡལ་དུ་སྦྱིན་མི་རུང་བའི་གདམས་པ་འདིས་ཀྱང་རྒྱལ་བསྟན་འཛིན་པའི་སྐྱེས་བུ་རྣམས་ཀྱི་སྐུ་ཚེའི་དགའ་སྟོན་མཆོག་ཏུ་འཕེལ་བའི་རྟེན་འབྱུང་རྨད་དུ་བྱུང་བའི་དཔལ་ཁོ་ནར་གྱུར་ཅིག །བཀྲ་ཤིས་དགེ་ལེགས་འཕེལ། །འཆི་མེད་པདྨ་དགྱེས་པའི་བྱིན་རླབས་བདུད་རྩིའི་ཟིལ་མངར་སྙིང་ལ་སིམ། །ཟབ་གསང་རྡོ་རྗེའི་རྒྱུད་ཀྱི་གླིང་བུ་ཌཱ་ཀིའི་གཱིརྟིའི་ཐོས་འཛིན་སྙན། །བླ་མེད་གསང་མཆོག་དགའ་ཚལ་བསྙེན་པའི་རིག་འཛིན་གཞོན་ནུའི་བརྣག་པའི་ཆོས། །ལས་སྨོན་ཤིང་རྟས་མངོན་སུམ་སྣང་བའི་དཔལ་གྱི་དུམ་བུའི་འཛུམ་དཀར་རྨད། ཅེས་ཀྱང་སྨྲས་སོ། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། སངས་རྒྱས་པདྨའི་ཐུགས་ཏིག་ཟབ་གསང་ཆོས། །རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་ཁྲིད་ཀྱི་རིམ། །མདོ་སྔགས་བསྟན་འཛིན་ནོར་བུས་པར་བསྐྲུན་མཐུས། །བདག་སོགས་འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་དམ་པ་མཆོག་གི་བཀའ་ཡིས་བསྐུལ་བ་བཞིན་གར་དབང་མདོ་སྔགས་གླིང་པས་ཆེད་དུ་བརྗོད་པ་ཨཱ་ཡུ་ཏིཥྛནྟུ། སརྦ་མངྒ་ལཾ། དགེའོ།། | |
/ces rdo rje gsang ba'i tshig 'chi med rdo rje'i tshe sgrub pa'i gsang lam kun tshang nor bu dbang gi rgyal po'i snying po 'di la gdod nas dag pa'i thugs bskyed kyis 'brel ba'i rigs kun khyab bdag 'jam dbyangs bla ma pad+ma ye shes rdo rje'i spyan sngar tshul 'di'i smin grol bdud rtsi'i mchod sprin thog mar phul ba'i tshe khrid rim 'di ltar yid la 'char bas slad nas yi ger 'god 'os pa'i bka' lung nor bu'i cod pan tshangs gnas su bstsal ba dang*/_lung zin chos kyi bdag po sangs rgyas mnyan pa mchog gi sprul pa'i sku karma bshad sgrub bstan pa'i nyi mas kyang thugs dam nyams bzhes su gsung gis bskul ba ltar rang nyid kyis nyams len gyi g.yar khral skabs man ngag gi gnad gsang cung zad rig pa'i khul gyis rdo rje'i lam mchog 'di nyid kyi bka' bab pad+ma gar gyi dbang phyug 'od gsal mdo sngags gling pa tshe dbang grub pa'i rdo rje mi shigs g.yung drung rtsal gyis yid 'ong lta na sdug gi sman ljongs chos gling sgrub sde nges don 'od gsal rig pa'i pho brang du rdzogs pa'i sangs rgyas zhe chen pa pad+ma dgyes pa'i dus chen gyi mchod pa nas dbu brtsams nas rim gyis yi ger btab pa ye shes DA ki'i thugs thig tu mchis phyir skal ldan nges pa'i snod gyur la legs par bstan zhing snod min la khyab brdal du sbyin mi rung ba'i gdams pa 'dis kyang rgyal bstan 'dzin pa'i skyes bu rnams kyi sku tshe'i dga' ston mchog tu 'phel ba'i rten 'byung rmad du byung ba'i dpal kho nar gyur cig_/bkra shis dge legs 'phel/_/'chi med pad+ma dgyes pa'i byin rlabs bdud rtsi'i zil mngar snying la sim/_/zab gsang rdo rje'i rgyud kyi gling bu DA ki'i gIrti'i thos 'dzin snyan/_/bla med gsang mchog dga' tshal bsnyen pa'i rig 'dzin gzhon nu'i brnag pa'i chos/_/las smon shing rtas mngon sum snang ba'i dpal gyi dum bu'i 'dzum dkar rmad/_ces kyang smras so/__/oM swa sti shrI bi dza yan+tu/_sangs rgyas pad+ma'i thugs tig zab gsang chos/_/rdo rje'i tshe mchog sgrub pa'i khrid kyi rim/_/mdo sngags bstan 'dzin nor bus par bskrun mthus/_/bdag sogs 'chi med rdo rje'i sku thob shog_/ces dam pa mchog gi bka' yis bskul ba bzhin gar dbang mdo sngags gling pas ched du brjod pa A yu tiSh+Than+tu/_sarba mang+ga laM/_dge'o// |