JKCL-KABUM-09-TA-027: Difference between revisions

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-027
No edit summary
No edit summary
Line 7: Line 7:
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=
|sourcerevealer='jam dbyangs mkhyen brtse chos kyi blo gros
|sourcerevealertib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Revelations - gter ma, Sadhanas - Evocation Ritual - sgrub thabs
|terma=No
|terma=No
|jkcloutline=Eleven
|jkcloutline=Eleven
|cycle=rtsa gsum pad+ma snying thig
|cycletib=རྩ་གསུམ་པདྨ་སྙིང་ཐིག་
|language=Tibetan
|language=Tibetan
|volumenumber=009
|volumenumber=009

Revision as of 15:31, 6 January 2022

Wylie title JKCL-KABUM-09-TA-027.pdf
Location chos kyi blo gros bka' 'bum
Volume 9, Text 27, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: . Bir, H.P.: Khyentse Labrang, 2012.
Genre Revelations - gter ma  ·  Sadhanas - Evocation Ritual - sgrub thabs
Cycle རྩ་གསུམ་པདྨ་སྙིང་ཐིག་ (rtsa gsum pad+ma snying thig)

1 Texts in this Section (sde tshan or chos tshan)

[edit]
༄༅། །རྩ་གསུམ་པདྨ་སྙིང་ཐིག་ལས༔ རིག་འཛིན་བླ་མའི་སྒྲུབ་པ་བཞུགས། ། རང་རིག་ལྷ་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་འདུས་ཞལ་བླ་མ་ཡི། །ཐུགས་ཀྱི་སྒྲུབ་པ་བྱེ་བ་ལས། །སྙིང་པོའི་རྣལ་འབྱོར་ཉམས་ལེན་ལ། །དབེན་པར་དང་དང་ངེས་འབྱུང་བློས། །ཐོག་མར་སྔོན་འགྲོའི་ལས་རིམ་ནི། །ཚོགས་ཞིང་གསལ་བཏབ་སྐྱབས་སུ་འགྲོ། །ན་མོ། གདོད་ནས་དག་པའི་ཡེ་ཤེས་ནི། །རང་བྱུང་རྡོ་རྗེ་ཐོད་ཕྲེང་རྩལ། །སྐྱབས་ཡུལ་རྒྱ་མཚོའི་ཚོགས་བཅས་ལ། །མི་ཕྱེད་དད་པས་སྐྱབས་སུ་མཆི། །གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི། ཧོཿམཐའ་ཡས་སེམས་ཅན་མ་ལུས་པ། །སྲིད་ཞིའི་འཇིགས་པ་ལས་སྒྲོལ་ཏེ། །བྱང་ཆུབ་ཆེན་པོར་དབུགས་དབྱུང་ཕྱིར། །བླ་མེད་སྨོན་འཇུག་སེམས་བསྐྱེད་དོ། །གསུམ་པ་བསགས་སྦྱང་རིམ་པ་ནི། ཧོ། སྐྱབས་ཡུལ་རྒྱ་མཚོའི་ཚོགས་རྣམས་ལ། །ཕྱག་འཚལ་ཀུན་བཟང་མཆོད་སྤྲིན་འབུལ། །སྡིག་ལྟུང་ཉམས་ཆག་བཤགས་ཤིང་སྡོམ། །དགེ་ཚོགས་ཀུན་ལ་རྗེས་ཡི་རངས། །ཟབ་རྒྱས་ཆོས་འཁོར་བསྐོར་བ་དང་། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །བླ་མེད་བྱང་ཆུབ་སྙིང་པོར་བསྔོ། །གཞན་ཕན་སངས་རྒྱས་མྱུར་ཐོབ་ཤོག །བཞི་པ་བཀའ་བསྒོ་སྲུང་མཚམས་བཅད། ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ། བར་ཆད་བདུད་དང་བགེགས་ཚོགས་འདུལ། །དྲག་ཤུལ་རོལ་པའི་ཕྲིན་ལས་ཅན། །བཀའ་ལས་འདའ་ནུས་སུ་ཡང་མེད། །གནས་འདིར་དཀྱིལ་འཁོར་གཉེན་པོ་བསྒྲུབ། །གསང་སྤྱོད་ལྟ་བར་མི་ནུས་ཀུན། །མ་འདུག་རང་རང་གནས་སུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡུལ་དུ་བརླག་པར་གདོན་མི་ཟ། །ཧཱུྃ་བཞིའི་སྔགས་དང་དམིགས་པས་གཟིར། ཧཱུྃ། རང་བྱུང་ལྷུན་གྲུབ་ཆོས་དབྱིངས་ཀློང་། །བགེགས་དང་བར་ཆད་མིང་ཡང་མེད། །སྣང་སྲིད་དཀྱིལ་འཁོར་གཅིག་ཏུ་རྫོགས། །རྡོ་རྗེ་སྲུང་བས་མཚམས་བཅད་དོ། །ཛྙཱ་ན་བཛྲ་རཀྵ་བྷྲཱུྃ། ལྔ་་པ་བྱིན་ཆེན་དབབ་པ་ནི། ཧཱུྃ་ཧྲཱིཿཆོས་དབྱིངས་འོད་གསལ་ཀློང་ཡངས་ནས། །རིག་འཛིན་བླ་མས་བྱིན་ཕོབ་ཅིག །ཡེ་ཤེས་དགོངས་པས་དབང་བསྐུར་ལ། །རྡོ་རྗེའི་བྱིན་ཆེན་དབབ་པར་མཛོད། །སྒྱུ་འཕྲུལ་དྲྭ་བའི་ཕོ་བྲང་ནས། །དཀྱིལ་འཁོར་ལྷ་ཡིས་བྱིན་ཆེན་ཕོབ། །མཆོག་ཐུན་དངོས་གྲུབ་ཆར་འབེབས་པས། །གསང་གསུམ་གཉིས་མེད་བྱིན་གྱིས་རློབས། །འགགས་མེད་ཕྲིན་ལས་རོལ་པ་ནས། །ཡེ་ཤེས་མཁའ་འགྲོའི་བྱིན་ཆེན་ཕོབ། །ཚར་གཅོད་རྗེས་འཛིན་བརྟུལ་ཞུགས་ཀྱིས། །དོན་གཉིས་གྲུབ་པར་མཛད་དུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿདྲུག་པ་མཆོད་པ་བྱིན་བརླབ་ནི། ཧཱུྃ། སྣང་སྲིད་གདོད་ནས་དག་པའི་ཞིང་། །རྣམ་མང་མཆོད་པའི་ཡོ་བྱད་རྫས། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་སྤྲིན། །བདེ་བ་ཆེན་པོའི་རོལ་པར་ཤར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཧོ། ཨོཾ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ ཞེས་བརྗོད་དངོས་གཞིའི་ལས་གཞུང་བསྲང་། ས་མ་ཡ། དམ་ཚིག་འཁོར་ལོ་གཞུང་བཞིན་བསྒོམ། སྣང་སྟོང་ཡེ་ཤེས་སྒྱུ་མའི་སྐུ། །སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རིགས་ཀྱི་བདག་པོས་རྒྱས་བཏབ་བོ། །ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཡེ་ཤེས་འཁོར་ལོ་སྤྱན་འདྲེན་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿདབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ། །དམ་ཚིག་འཁོར་ལོར་གཉིས་མེད་བཞུགས། །སྣང་སྲིད་ཕྱག་རྒྱའི་རོལ་པ་ལ། །གདོད་ནས་མ་བཅོས་མཉམ་པར་ཤར། །ས་མ་ཡ་ཏིཥྛ་ལྷན། ཧོཿཡེ་ཤེས་རོལ་པ་བླ་མ་ལྷ། །སངས་རྒྱས་ཀུན་གྱི་ངོ་བོ་སྟེ། །རང་རིག་ལྟ་བས་མཇལ་བའི་ཕྱག །གུས་པའི་བརྡ་ཡིས་འཚལ་བར་བགྱི། །ཨ་ཏི་པུ་ཧོ། པྲ་ཏཱི་ཙྪ་ཧོ། ཧཱུྃ་ཧྲཱིཿསྣང་བ་རྣམ་དག་གཞལ་ཡས་སུ། །སྲིད་པ་རང་གྲོལ་མཆོད་བའི་རྫས། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་གཏེར། །དཔག་མེད་གུས་པའི་བརྡ་ཡིས་འབུལ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་ས་མ་ཡ་ཧོ། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿཧྲཱིཿཆོས་སྐུ་མི་འགྱུར་ཀུན་ཏུ་འཆང་། །དཀྱིལ་འཁོར་ཁྱབ་བདག་དང་པོའི་མགོན། །བདེ་སྟོང་མཁའ་འགྲོའི་ཚོགས་རྗེ་ལ། །གཉིས་སུ་མེད་པའི་ཡིད་ཀྱིས་བསྟོད། །བསྙེན་སྒྲུབ་བཟླས་པས་རྩེ་གཅིག་སྒྲུབ། ས་མ་ཡཿརྗེས་ཀྱི་དང་པོ་ཚོགས་མཆོད་ནི། ཐབས་ཤེས་རྫས་རྣམས་བདུད་རྩིས་བསངས། བདག་གི་ཐུགས་ནས་རྃ་ཡྃ་ཁྃ། །འཕྲོས་པས་མ་དག་དངོས་འཛིན་སྦྱངས། སྟོང་གསལ་ངང་ལས་ཐབས་ཤེས་ཀྱི། །ལོངས་སྤྱོད་ཆེན་པོར་ལྷུན་གྱིས་གྲུབ། །ཨོཾ་ཨཱཿཧཱུྃ། ཧཱུྃ་ཧྲཱིཿསྐུ་གསུམ་བླ་མའི་ལྷ་ཚོགས་ལ། །ཕྱོགས་དུས་རྩ་གསུམ་རྒྱ་མཚོས་བསྐོར། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས། །དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ། །སརྦ་ས་མ་ཡ་ཛཿཕུད་ཀྱི་དང་པོ་མཆོད་པ་འབུལ། ཧོཿཐབས་ཤེས་བཟའ་བཅའ་བཏུང་བའི་རྫས། །གཉིས་མེད་མཆོད་པའི་སྤྲིན་བསམ་ཡས། །རབ་འབྱམས་དཀྱིལ་འཁོར་ལྷ་ལ་འབུལ། །དགྱེས་བཞེས་མཆོག་ཐུན་དངོས་གྲུབ་སྩོལ། །ག་ཎ་ཙཀྲ་པཱུ་ཛ་ཧོཿབར་པ་བཤགས་པ་འབུལ་བ་ནི། ཧོཿབདེ་བ་ཆེན་པོའི་དམ་ཚིག་ནི། །ཡེ་ཤེས་བདུད་རྩིའི་ཞལ་ཟས་ཚོགས། །དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས། །འགལ་འཁྲུལ་ཉམས་ཆག་དག་པར་མཛོད། །ས་མ་ཡ་ཤུདྡྷེ་ཨཿཐ་མ་བསྒྲལ་ཞིང་བསྟབ་པ་ནི། ཧོཿགདུག་པའི་དགྲ་བགེགས་བར་ཆད་བདུད། །མཚན་མ་ཚོགས་ཀྱི་རྫས་ལ་བཀུག །ཡེ་ཤེས་དབྱིངས་སུ་བསྒྲལ་བའི་རྫས། །ལྷ་ཚོགས་མཆོད་པའི་རྒྱན་དུ་འབུལ། །མ་ཧཱ་མཱཾ་ས་རཀྟ་བ་ལིངྟ་ཁཱ་ཧི། རྣལ་འབྱོར་ལྡན་པས་ཚོགས་ལ་རོལ། །ལྷག་མ་བསྡུས་ཏེ་བྱིན་གྱི་བརླབ། །ཧྲཱིཾ་ཕཻཾ༔ དཀྱིལ་འཁོར་མཐའ་སྐྱོང་དམ་ཚིག་ཅན། །དཔལ་གྱི་ཕམ་ཕབ་འདི་ལོངས་ལ། །འགལ་རྐྱེན་འཁྲུལ་པའི་བར་ཆད་སོལ། །ཕྲིན་ལས་མཐའ་དག་འགྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། སྨོན་ལམ་རྡོ་རྗེའི་གླུ་གར་བྱ། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ། ཆོས་དབྱིངས་ཀློང་དུ་རྟོག་བྲལ་ཀྱང་། །རིག་རྩལ་ཐུགས་རྗེའི་ཆོ་འཕྲུལ་ནི། །གང་འདུལ་དེར་སྣང་འགགས་མེད་ཀྱིས། །བར་ཆད་གདོན་བགེགས་དབྱིངས་སུ་སྒྲོལ། །ཚེ་དཔལ་ཡེ་ཤེས་དངོས་གྲུབ་སྩོལ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །གསུམ་པ་ཆད་ཐོ་བརྟན་མ་སྐྱོང་། ཧཱུྃ། དུས་བཞི་མཉམ་པའི་དཀྱིལ་འཁོར་དུ། །ཐ་ཚིག་གཉན་ཕོག་སྲུང་མ་རྣམས། །བདེ་ཆེན་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། ཧཱུྃ། རྡོ་རྗེའི་བརྟན་སྐྱོངས་མ་མོའི་ཚོགས། །བཤལ་ཆུའི་བདུད་རྩི་འདི་བསྣམས་ལ། །རྣལ་འབྱོར་ས་ལམ་བར་ཆད་སོལ། །གངས་ཅན་བདེ་བའི་ཕྲིན་ལས་མཛོད། །བཞི་པ་ལས་མཇུག་བྲོ་ཡིས་བསྡུ། ཧཱུྃ། བར་ཆད་དམ་སྲི་ལོག་པར་འདྲེན། །རྡོ་རྗེའི་རི་རབ་འོག་ཏུ་མནན། །ཡེ་ཤེས་ཕྱག་རྒྱའི་རྒྱས་བཏབ་པས། །ནམ་ཡང་ལྡང་བར་མ་བྱེད་ཅིག །སྟྭཾ་བྷ་ཡ་ནན། ལྔ་པ་དངོས་གྲུབ་བླང་བ་ནི། ཧཱུྃ། གདོད་ནས་བཞུགས་པའི་ཡེ་ཤེས་ལྷ། །ཐུགས་དམ་བསྙེན་ཅིང་སྒྲུབ་པས་བསྐུལ། །དངོས་གྲུབ་ལས་ལ་སྦྱོར་ལགས་ན། །དབང་དང་བྱིན་རླབས་ཀུན་སྩོལ་ཅིག །སརྦ་སིདྡྷི་ཕ་ལ་ཧཱུྃ། དྲུག་པ་ནོངས་བཤགས་བསྡུ་ལྡང་ནི། ཧོཿབདག་ཅག་རྨོངས་པས་འགལ་འཁྲུལ་གྱི། །སྡིག་ལྟུང་ཉམས་ཆག་མ་ལུས་བཤགས། །བརྩེ་བའི་ཐུགས་ཀྱིས་དགྱེས་དགོངས་ལ། །དག་ཅིང་ཚངས་པའི་དངོས་གྲུབ་སྩོལ། །ཡིག་བརྒྱ་བཟླ། སྣང་སྲིད་རྟེན་དང་བརྟེན་པའི་ལྷ། །དབྱིངས་ཀྱི་ཐིག་ལེ་གཅིག་ཏུ་ཐིམ། །སླར་ཡང་སྣང་གྲགས་རིག་པའི་ཆོས། །བླ་མའི་གསང་བ་གསུམ་དུ་ཤར། །བདུན་པ་བསྔོ་སྨོན་ཤིས་བརྗོད་ནི། ཚོགས་གཉིས་རྨད་བྱུང་རྡོ་རྗེའི་ལམ། །བླ་མའི་གསང་གསུམ་སྒྲུབ་པའི་དགེ། མཐའ་ཀླས་འགྲོ་བའི་དོན་དུ་བསྔོ། །བླ་མེད་བྱང་ཆུབ་མངོན་གྱུར་ཤོག །ཨོཾ། རྡོ་རྗེའི་བྱིན་རླབས་དཔལ་དུ་འབར། །རིག་འཛིན་བླ་མའི་བཀྲ་ཤིས་ཤོག །དངོས་གྲུབ་རབ་འབྱམས་ཡིད་བཞིན་སྩོལ། །ཡི་དམ་རྒྱ་མཚོའི་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་འདོད་རྒུའི་བདག །ཆོས་སྐྱོང་མཁའ་འགྲོའི་བཀྲ་ཤིས་ཤོག །གནས་སྐབས་ལས་བཞི་ལྷུན་གྱིས་གྲུབ། །མཐར་ཐུག་མངོན་པར་བྱང་ཆུབ་ཤོག །ཅེས་བརྗོད་བསགས་སྦྱངས་གནད་དུ་དྲིལ། །ཁྱད་པར་མོས་གུས་རྩལ་དུ་བཏོན། །གསོལ་བཏབ་དབང་བླང་ཐུགས་ཡིད་བསྲེ། །མཉམ་པར་བཞག་པའི་ལམ་ཁྱེར་གནད། །དེ་ལྟར་བརྩོན་པའི་ཡོན་ཏན་གྱིས། །བླ་མ་སྐུ་བཞིའི་ས་ཐོབ་འགྱུར། །ས་མ་ཡ། ཞེས་འདི་འཕགས་པའི་རིག་རྩལ་གསུངས། །སོ་སྐྱེའི་ངག་གིས་བསླད་འོས་མིན། །འོན་ཀྱང་ཀུན་གཟིགས་བརྩེ་བ་ཆེའི། །བྱིན་རླབས་དགོངས་གཏད་བཀའ་དྲིན་གྱིས། །སྐལ་བཟང་རིག་པའི་ཐིག་ལེར་སད། །བཀའ་ཡིས་གནང་བཞིན་མངྒ་ལས། །བཀྲ་ཤིས་འཆི་མེད་གྲུབ་པ་ཡི། །དགའ་བའི་ཚལ་ནས་བྲིས་འདིས་ཀྱང་། །སྐྱེ་ཀུན་གུ་རུས་རྗེས་བཟུང་སྟེ། །དགོངས་ཀློང་དབྱེར་མེད་བྱིན་བརླབ་མཛོད། །སརྦ་དཱ་མངྒ་ལཾ།། །།

Footnotes

Other Information