JKW-KABUM-07-JA-015-004: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 7: | |fulltitletib=རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་མདོར་བསྡུས་པ་མཁའ་སྤྱོད་བགྲོད་པའི་གསང་ལམ། | ||
|fulltitle=rje btsun rdo rje rnal 'byor ma nA ro mkha' spyod ma'i bskyed rdzogs mdor bsdus pa mkha' spyod bgrod pa'i gsang lam | |||
|citation=[['jam dbyangs mkhyen brtse'i dbang po]]. ''rje btsun rdo rje rnal 'byor ma nA ro mkha' spyod ma'i bskyed rdzogs mdor bsdus pa mkha' spyod bgrod pa'i gsang lam''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 7: 350-402. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
Line 11: | Line 13: | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|associatedpeopletib=ནཱ་རོ་པ་ | |associatedpeopletib=ནཱ་རོ་པ་ | ||
|tibgenre=Activity Manual - las byang, Generation Stage - bskyed rim, Completion Stage - rdzogs rim | |||
|terma=No | |terma=No | ||
|sabcadcategory=Five | |sabcadcategory=Five | ||
Line 23: | Line 26: | ||
|textnuminvol=015 | |textnuminvol=015 | ||
|textsubnumber=004 | |textsubnumber=004 | ||
|pagenumbers=350-402 | |||
|totalpages=53 | |||
|beginfolioline=24b6 | |||
|endfolioline=50b1 | |||
|totalfolios=27 | |||
|multivolumework=No | |multivolumework=No | ||
|rectonotes=sde tshan 15 | |rectonotes=sde tshan 15 | ||
|versonotes=mkhyen brtse'i bka' 'bum | |versonotes=mkhyen brtse'i bka' 'bum | ||
|colophontib=།ཅེས་པའང་ལམ་འདི་ལ་མོས་པའི་དགེ་སློང་གུ་ཎ་ལཀྵྨིས་ཚེས་བཅུའི་མཆོད་པ་མདོར་བསྡུས་པ་ཞིག་དགོས་ཞེས་ཆེད་དུ་བསྐུལ་བས་མཚམས་སྦྱར་ཏེ། དོན་གཉེར་བློ་གྲོས་དམན་པ་གཞན་ལའང་ཕན་པའི་བསམ་པས་བསྐྱེད་རྫོགས་ཡན་ལག་དང་བཅས་པ་ཉུང་གསལ་སྙིང་པོར་དྲིལ་བ་འདི་ནི། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་རྣམས་ཀྱི་བཀའ་དྲིན་ལས་ཚུལ་འདིའི་སྨིན་གྲོལ་གྱི་བདུད་རྩི་མང་དུ་ཐོས་པའི་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱི་ཞལ་ལུང་དྲི་མ་མེད་པ་ལ་ཉེ་བར་བཏུས་ཏེ་སྦྱར་བའི་དགེ་ལེགས་ཀྱི་སྣང་བས་ཕན་བདེའི་པདྨོ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། | |||
|colophonwylie=ces pa'ang lam 'di la mos pa'i dge slong gu Na lak+Sh+mis tshes bcu'i mchod pa mdor bsdus pa zhig dgos zhes ched du bskul bas mtshams sbyar te/__don gnyer blo gros dman pa gzhan la'ang phan pa'i bsam pas bskyed rdzogs yan lag dang bcas pa nyung gsal snying por dril ba 'di ni/__khyab bdag rdo rje sems dpa'i ngo bor gyur pa mkhan chen thams cad mkhyen pa byams pa rnal 'byor 'jam dpal bzang po sogs yongs 'dzin dam pa chos bzhin du spyod pa rnams kyi bka' drin las tshul 'di'i smin grol gyi bdud rtsi mang du thos pa'i rgyal khams kyi bya bral ba 'jam dbyangs mkhyen brtse'i dbang pos/__mkhas shing dngos grub brnyes pa rnams kyi zhal lung dri ma med pa la nye bar btus te sbyar ba'i dge legs kyi snang bas phan bde'i pad+mo mchog tu rgyas pa'i rgyur gyur cig__/sarba dA mang+ga laM/ | |||
|pdflink=File:JKW-KABUM-07-JA-015.pdf | |pdflink=File:JKW-KABUM-07-JA-015.pdf | ||
}} | }} | ||
Line 31: | Line 41: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་མདོར་བསྡུས་པ་མཁའ་སྤྱོད་བགྲོད་པའི་གསང་ལམ་ཞེས་བྱ་བ་བཞུགས་སོ། །བླ་མ་རྡོ་རྗེ་རྣལ་འབྱོར་མར། །བཏུད་ནས་དེ་ཡི་རིམ་གཉིས་ཚུལ། །མདོར་བསྡུས་མཁའ་སྤྱོད་རྡོ་རྗེའི་གྲོང་། །བགྲོད་པའི་གསང་ལམ་འདིར་གསལ་བྱ། །དེ་ལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། འདི་ཉིད་ཀྱི་བྱིན་རླབས་ཉམས་ཁྲིད་དང་བཅས་པ་ལེགས་པར་ཐོབ་ཅིང་། དམ་ཚིག་དང་སྡོམ་པར་ལྡན་པའི་གང་ཟག་གིས་ཉམས་སུ་བླང་བྱའི་ལམ་ནི། བསྐྱེད་པའི་རིམ་པ་ཕག་མོ་མཁའ་སྤྱོད། རྫོགས་པའི་རིམ་པ་རྩ་དབུ་མ། ལམ་གྱི་ཡན་ལག་པྲ་སེ་ནཱ་དབབས་པ། སྨན་ཆེན་མོ་བཅུད་ལེན། གནོད་སྦྱིན་མོ་དབང་དུ་བྱ་བ་རྣམས་སུ་བཤད་པ་ལས། དང་པོ་ནི། རྗེ་ས་སྐྱ་པ་ཆེན་པོའི་ཞལ་ནས། ཉལ་དང་ལྡང་དང་བདུད་རྩི་མྱང་། །ཚད་མེད་བླ་མ་བདག་ལྷར་བསྐྱེད། །འགྲོ་བ་དག་པའི་རྣལ་འབྱོར་དང་། །དཔའ་བོ་དཔའ་མོས་བྱིན་གྱིས་རླབས། །ངག་བཟླས་ཡིད་བཟླས་གཉིས་གཅིག་ཡིན། །བསམ་མི་ཁྱབ་པའི་རྣལ་འབྱོར་དང་། །སྤྱོད་ལམ་གྱི་ནི་རྣལ་འབྱོར་ཏེ། །དེ་ལྟར་རྣལ་འབྱོར་བཅུ་གཅིག་གོ །ཞེས་གསུངས་པ་འདིར་འདུ་བ་ལས། དང་པོ་ཉལ་བའི་རྣལ་འབྱོར་ནི། ནུབ་མོ་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་གྱིས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཉལ་པའམ། སྟོང་ཉིད་དེའི་ངང་ལས་ཐུན་མཚམས་ཀྱི་ལྷར་ལྡང་སྟེ། གནས་ཁང་ཆོས་འབྱུང་དམར་པོ་འོད་ཀྱི་རང་བཞིན་ཅན་གྱི་ནང་དུ། རང་ཉིད་སེང་གེའི་ཁྲི་ལ་འཁོད་པའི་སྔས་མགོར་སེང་ཁྲི་པད་ཟླའི་སྟེང་དུ། རྩ་བའི་བླ་མ་རྡོ་རྗེ་ཆོས་ཀྱི་རྣམ་པར་བཞུགས་པ་ལ་མོས་གུས་དུང་ངེ་བ་དང་། ལྷ་ཡི་གསལ་སྣང་མ་བྲལ་བའི་ངང་ནས་གཉིད་ལོག །གཉིས་པ་ལྡང་བའི་རྣལ་འབྱོར་ནི། ཐོ་རངས་ནམ་གྱི་བརྒྱད་ཆ་ཙམ་ལོན་པ་ན། ནམ་མཁའ་ནས་མཁའ་སྤྱོད་ཀྱི་དཔའ་བོ་དང་རྣལ་འབྱོར་མས་ཌཱ་མ་རུའི་སྒྲ་ཨོཾ་གསུམ་མའི་གདངས་སུ་བསྒྲགས་པས་བསྐུལ་ཏེ། འོད་གསལ་སྟོང་ཉིད་དེའི་ངང་ལས་ཆུ་ལས་ཉ་འཕར་བ་ལྟར་ཐུན་མཚམས་ཀྱི་ལྷར་ལྡང་བའམ། ཉལ་ལུགས་ཕྱི་མ་ལྟར་ན། རང་དང་བླ་མ་གནས་ཁང་སོགས་ཅིར་སྣང་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་གསལ་བཞིན་པའི་ངང་ནས་ལྡང་ལ། སྔས་མགོའི་བླ་མ་ལ་མོས་གུས་བྱས་པས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམ་མོ། །གསུམ་པ་བདུད་རྩི་མྱོང་བའི་རྣལ་འབྱོར་ནི། བདུད་རྩི་རིལ་བུ་དངོས་སུ་འབྱོར་ན་དང་། མ་འབྱོར་ན་བྱིན་གྱིས་བརླབ་པའི་ནང་མཆོད་སྲིན་ལག་གིས་བླངས་ཏེ། ཨོཾ་ཨཱཿཧཱུྃ་གིས་མྱོང་བས་སྙིང་གའི་བྃ་ཡིག་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མཆོད་པར་བསམ། བཞི་པ་ཚད་མེད་པའི་རྣལ་འབྱོར་ནི། ཐོག་མར་ཐ་མལ་གྱི་སྣང་བ་ཐམས་ཅད་དབྱིངས་སུ་ཐིམ་པ་ལས་གནས་ཡུལ་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་ངང་། རང་གི་སྨིན་མཚམས་ཀྱི་ཐད་ཁྲུ་གང་ཙམ་གྱིས་མཐོ་བའི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས། སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས། ཡོན་ཏན་ནོར་ལྷ། ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་འདུས་པའི་ངོ་བོར་གསལ་བཏབ། དེའི་མདུན་དུ་རང་ཉིད། རང་གི་གཡས་གཡོན་དུ་ཕ་མ། མདུན་དུ་གནོད་བྱེད། མཐར་སྐོར་ཀུན་ཏུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁོད་དེ། འདུན་པ་ཕྱོགས་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ངེས་འབྱུང་དང་སྙིང་རྗེ་ཆེན་པོའི་ཤུགས་དྲག་ཏུ་བསྐྱེད་བཞིན་པའི་ངང་། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས༴ འཕགས་པའི་དགེ་འདུན་རྣམས༴ ཞེས་ཅི་ནུས་དང་། མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་གསོལ་བ་བཏབ་པས། གདན་སེང་ཁྲི་ནས་ཡར་འོད་དུ་ཞུ། དབུའི་གཙུག་ཏོར་ནས་མར་འོད་དུ་ཞུ་སྟེ། ཐུགས་ཀའི་ཐད་དུ་འོད་དམར་པོའི་རྣམ་པར་གྱུར་པ་རང་གི་སྨིན་མཚམས་ནས་ཐིམ་པས། རང་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམ་ལ་རིག་པ་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག །དེ་ནས་ཚད་མེད་དངོས་ནི། བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱ། དེའི་ཆེད་དུ་རྡོ་རྗེ་རྣལ་འབྱོར་མའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་པའི་དོན་དྲན་བཞིན་པས་ལན་གསུམ་བརྗོད། སྤྲོ་ཞིང་ནུས་ན་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱང་སྟོབས་བཞི་ཚང་བའི་དམིགས་གནད་དང་མ་བྲལ་བའི་སྒོ་ནས་མ་རྒྱུད་སྤྱི་ལྟར་བྱ། ལྔ་པ་བླ་མའི་རྣལ་འབྱོར་ལ། ཐུན་མོང་བ་ནི། རང་གི་མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ། རྩ་བའི་བླ་མ་དཔའ་བོ་རྡོ་རྗེ་ཆོས་སྐུ་མདོག་དམར་པོ། །ཕྱག་གཡས་ཌ་མ་རུ་དང་། གཡོན་ཐོད་པ་བདུད་རྩིས་བཀང་བ་དང་། གྲུ་མོ་གཡོན་ན་ཁ་ཊྭཱྃ་ག་བསྣམས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལང་ཚོ་དར་ལ་བབ་པའི་རྣམ་པ་ཅན། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་བསམ་ལ་མོས་གུས་དྲག་པོས། གང་གི་དྲིན་གྱིས་སོགས་དང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་ཧེ་རུ་ཀར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་འོད་དམར་པོ་བདེ་བ་ཆེན་པོའི་རྣམ་པས་རང་གི་སྤྱི་བོ་ནས་ཞུགས། སྙིང་གའི་བྃ་ཡིག་ལ་ཐིམ་པས། དེ་ཉིད་ཇེ་ཆེར་སོང་སྟེ་མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པར་བསམ་ལ། གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག །ཡང་ན་མན་ངག་ཐོབ་པས་ཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར་ཉམས་སུ་བླངས་ཏེ། དེའི་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །དྲུག་པ་བདག་གི་གཞི་སྦྱངས་བསྒྱུར་གྱིས་ལྷར་བསྐྱེད་པའི་རྣལ་འབྱོར་ནི། དེའི་ངང་ལས། རང་གི་སྙིང་གར་ཨེ་ཨེ་ལས་ཆོས་འབྱུང་ཉིས་བརྩེགས་ཀྱི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བྃ་ཡིག་དམར་པོའི་མཐར། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ། བཛྲ་ཝརྞྞ་ནཱི་ཡཻ། བཛྲ་བཻ་རོ་ཙ་ནཱི་ཡཻ། ཧཱུྃ་ཧཱུྃ་ཧཱུྃ་ཕ྄ཊ་ཕ྄ཊ་ཕ྄ཊ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་གཡོན་སྐོར་དུ་གནས་པ་ལས་འོད་ཟེར་འཕྲོས། ལུས་ཀྱི་ཕྱི་ནང་ཐམས་ཅད་གང་བས་སྒོ་གསུམ་གྱི་སྡིག་སྒྲིབ་དག་སྟེ་ལུས་འོད་ཀྱི་གོང་བུར་གྱུར། དེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པད་ཉིའི་གདན་ལ། རང་ཉིད་རྣམ་སྣང་རིགས་བདག་དང་བཅས་པའི་རྡོ་རྗེ་རྣལ་འབྱོར་མ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོའི་ནུ་མ་བརྫིས་ཤིང་། གཡོན་བསྐུམ་པས་འཇིགས་བྱེད་ནག་པོའི་མགོ་བོ་རྒྱབ་ཏུ་བལྟས་པའི་གདོང་མནན་པ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དག་པ་མཁའ་སྤྱོད་དུ་གཟིགས་པ། གཡས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་བརྐྱང་ཞིང་། གཡོན་ཐོད་པ་ཁྲག་གིས་གང་བ་སྟེང་ཕྱོགས་སུ་བཟུང་ནས་ཞལ་གྱེན་དུ་ཕྱོགས་པས་གསོལ་བ། ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱྃ་ག་ལ་ཌཱ་མ་རུ་དང་། དྲིལ་བུ་དང་། འཕེན་རྩེ་གསུམ་པ་འཕྱང་བཞིན་པ་བསྣམས་པ། བདེ་སྟོང་གི་ཉམས་མཆོག་ཏུ་རྒྱས་ཤིང་། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་སྤྱི་བོར་རུས་པའི་འཁོར་ལོ། སྙན་རྒྱན། མགུལ་རྒྱན། གདུ་བུ། སྐེ་རགས་རྣམས་སོ། །ལྔས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གསལ་བཏབ། བདུན་པ་གཞན་གྱི་གཞི་སྦྱང་བསྒྱུར་འགྲོ་བ་དག་པའི་རྣལ་འབྱོར་ནི། སྙིང་གའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བ་སྤུའི་བུ་ག་ནས་ཕྱིར་འཕྲོས། རིགས་དྲུག་གི་བརྟན་གཡོ་ཐམས་ཅད་ལ་ཕོག་པས། མ་དག་པའི་སྣང་བ་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ། སྣོད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པར་བསམ། བརྒྱད་པ་དཔའ་བོ་དཔའ་མོས་བྱིན་གྱིས་བརླབས་ཏེ་དམ་ཡེ་དབྱེར་མེད་དུ་བྱ་བ་ནི། འབར་བའི་ཕྱག་རྒྱ་དཔྲལ་བར་གཡོན་དུ་ལན་གསུམ་བསྐོར་ཞིང་། ཕཻཾ། རང་གི་སྙིང་གའི་བྃ་ཡིག་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་དང་། འགྲོ་བ་རྣལ་འབྱོར་མར་གྱུར་པ་ཐམས་ཅད་ཀྱང་། ཛཿཧཱུྃ་བྃ་ཧོཿས་རང་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། སྐབས་འདིར་མན་ངག་ཐོབ་པ་ཡིན་ན་ལུས་དཀྱིལ་གསལ་བཏབ་པ་ནི། དེའི་རྐྱེན་གྱིས་སྙིང་གའི་བྃ་ཡིག་འོད་དུ་ཞུ་བ་ལས་དབུས་སུ་བྃ་ཡིག་གི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་དམར་མོ། ཤར་ནས་བརྩམས་ཏེ་གཡོན་སྐོར་གྱིས་བྃ་ཡིག་གི་ཆ་ཤས་ཡ་ར་ལ་ཝ་བཞིའི་ངོ་བོ་སྙིང་པོའི་རྣལ་འབྱོར་མ་དཀར་ལྗང་དམར་སེར་བཞི་དང་། མཐའ་སྐོར་སྔགས་ཀྱི་ཡིག་འབྲུ་སོ་གཉིས་ཀྱང་རེ་རེ་ནས། ཡུལ་ཉེར་བཞིའི་རྣལ་འབྱོར་མ་དང་། སྒོ་མཚམས་མ་བརྒྱད་ཀྱི་ངོ་བོ་རྣལ་འབྱོར་མ་དམར་མོ་རེ་རེ་སྟེ་ཐམས་ཅད་ཀྱང་རྒྱན་ཆ་ལུགས་ཕྱིའི་རྣལ་འབྱོར་མ་ཇི་ལྟ་བ་བཞིན་གསལ་བར་གྱུར་པར་བསམ་མོ། །གང་ལྟར་ཡང་། མཐར་པད་སྐོར་འཁྱུད་རྒྱ་དང་བཅས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། ཐབས་ཤེས་གཉིས་སུ་མེད་པའི་བདེ་ཆེན་གྱི་ཡེ་ཤེས་སུ་བདག་ཉིད་རྣམ་པར་དག་ལ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྣམ་པར་དག་གོ་སྙམ་དུ་ང་རྒྱལ་བཟུང་ཞིང་རིག་པ་འཛིན་མེད་དུ་བཞག །དེ་ནས་གོ་ཆ་བཅིངས་པ་ནི། རང་གི་ལུས་ཀྱི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མྃ་དཀར་མོ་རྨོང་བྱེད་མ། དཔྲལ་བར་ཧྲིཾ་ཧྲཱིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕ྄ཊ་ཕ྄ཊ་དུད་ཁ་ཙཎྜི་ཀའི་ངོ་བོར་གྱུར། ཅེས་བརྗོད་ཅིང་། དེ་ཡང་གནས་སོ་སོར་ཟླ་དཀྱིལ་ལ་རྒྱབ་ཡོལ་གྱི་ཚུལ་དུ་བྱས་པའི་ངོ་བོ་ལྷ་ལ་རྣམ་པ་ཡི་གེའི་གཟུགས་སུ་འདི་ལ་བཞེད་ཚུལ་འདྲ་མིན་གཞན་ཡང་སྣང་ངོ་། །མཆན། སྦྲེང་ཚར་དུ་གསལ་བཏབ། དགུ་པ་བཟླས་པའི་རྣལ་འབྱོར་ལ་གཉིས་ཏེ། དང་པོ་མཁའ་སྤྱོད་སྒྲུབ་པའི་ལམ་གྱི་གཙོ་བོ་ངག་བཟླས་ནི། ལུས་དཀྱིལ་གསལ་གདབ་ན། ལུས་དཀྱིལ་གྱི་གཙོ་མོའི་ཐུགས་ཀར་ཆོས་འབྱུང་གྲུ་གསུམ་དམར་པོ་ཉིས་བརྩེགས་ཀྱི་ནང་དུ་ཟླ་དཀྱིལ་བྃ་ཡིག་སྔགས་ཕྲེང་དང་བཅས་པ་གསལ་བ་དང་། མ་བཏབ་ན་སྔར་གསལ་བཞིན་པའི་སྔགས་ཕྲེང་ལ་ཡིད་གཏད་པས། དེ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕོ་ཉ་གསུམ་གྱི་བྱིན་རླབས་དང་ནུས་མཐུ་མཁའ་སྤྱོད་ཀྱི་དངོས་གྲུབ་ཐམས་ཅད་འོད་དམར་པོའི་རྣམ་པས་སྔགས་ཕྲེང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། ཡིད་གཞན་དུ་མ་ཡེངས་པར་བྱིན་གྱིས་བརླབ་པའི་ཕྲེང་བ་བཟུང་སྟེ་ཨོཾ་གསུམ་མ་དམ་བཅས་པའི་གྲངས་ལས་མི་ཉུང་བར་བཟླས། གཉིས་པ་སྤྲོས་བཅས་ཀྱི་རྫོགས་རིམ་ཡིད་བཟླས་ནི། ལུས་གནད་དང་བཅས་རླུང་རོ་བསལ། འོག་རླུང་ཅུང་ཟད་འཐེན། སྟེང་རླུང་ཆིལ་གྱིས་མནན་པ་དང་མཉམ་དུ་མཆིལ་མ་སྒྲ་མེད་ཞིག་མིད་པས་སྙིང་གའི་ཆོས་འབྱུང་ཟླ་བ་ལུས་དཀྱིལ་བཅས། བདེ་བ་བསྐྱེད་པར་འདོད་ན་གསང་གནས་དང་། མི་རྟོག་པ་བསྐྱེད་པར་འདོད་ན་ལྟེ་བར་ཕབས་ལ་རླུང་ཁ་སྦྱོར་དུ་འཛིན་པ་དང་ལྷན་ཅིག་ཡིད་ཀྱིས་ལུས་དཀྱིལ་གྱི་ལྷ་རྣམས་ཡིག་འབྲུའི་གཟུགས་སུ་བསྒྱུར། ཡ་ར་ལ་ཝ་བཞི་བྃ་ཡིག་ལ་ཐིམ་པར་བསམ་ལ། སྔགས་ཕྲེང་ཡིད་ཀྱིས་ཀློག་པའི་ཚུལ་དང་བཅས་རླུང་བུམ་ཅན་ཅི་ཐུབ་འཛིན། མཐར་བཟླས་པ་བསྡུ་བ་ན། ཕྲེང་བ་ཐལ་མོའི་བར་དུ་བཅུག་ལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་ཅིང་ཕྲེང་བ་མགོ་ཐོག་ཏུ་བཞག །ཞར་བྱུང་གི་རྫོགས་རིམ་གཉིས་བསྒོམ་པར་འདོད་ནི། དང་པོ་ནི། ཆོས་འབྱུང་གི་མདུན་རྒྱབ་སྤངས་པའི་གྲྭ་བཞིར་དགའ་འཁྱིལ་དམར་པོ་གཡོན་དུ་ཤུགས་དྲག་ཏུ་འཁོར་བ་ལ་སེམས་གཏད་པས་བདེ་བའི་ཡེ་ཤེས་སྐྱེས་པར་བསམ་ལ་རླུང་ཁ་སྦྱར་དུ་འཛིན། གཉིས་པ་ནི། ཆོས་འབྱུང་སྔགས་ཕྲེང་སོགས་རེ་ཞིག་མི་དམིགས་པའི་ངང་། ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཡར་སྣ་སྤྱི་བོ་ནས་སྨིན་མཚམས་སུ་གུག་པ། མར་སྣ་གསང་གནས་ཀྱི་པདྨར་ཟུག་པའི་ནང་དུ་དགའ་འཁྱིལ་དམར་པོ་དང་། སྨིན་མཚམས་སུ་དགའ་འཁྱིལ་དཀར་པོ་ཆུང་ངུ་གཡོན་སྐོར་ཤུགས་དྲག་ཏུ་འཁོར་བ་ལ་སེམས་གཏད་པས། མས་ཡར་ནས་རིམ་གྱིས་བྱུང་སྟེ་བདེ་བ་དང་། སྟོང་པའི་ཡེ་ཤེས་སྐྱེས། མཐར་སྙིང་གར་འདྲེས་ཏེ་དབུ་མའི་སྟོང་པའི་ངང་དུ་མི་དམིགས་པར་བསམས་ལ་འཛིན་མེད་དུ་བཞག་གོ། །དེ་ནས་བསྐྱེད་རིམ་ལ་རིམ་གྱིས་བསླབ་པའི་ཚེ། ང་རྒྱལ་ལ་སེམས་འཛིན་པ། རྣམ་པ་སྤྱི་ལ་སེམས་འཛིན་པ། བྱེ་བྲག་རྒྱན་མེད་དང་། རྒྱན་ཅན་ལ་སེམས་འཛིན་པ། ལུས་དཀྱིལ་ལ་སེམས་འཛིན་པ་རྣམས་རེག་མཐོང་གི་མཚན་མ་བརྟན་པོ་མ་སྐྱེས་ཀྱི་བར་དུ་བསྒོམ་ཞིང་། དེ་ཐམས་ཅད་འཛིན་མེད་ཀྱི་ལྟ་བ་དང་ཟུང་འབྲེལ་དུ་ཉམས་སུ་བླང་ངོ་། །བཅུ་པ་བསམ་མི་ཁྱབ་པའི་རྣལ་འབྱོར་ལ། ཐུན་མོང་བ་ནི། རང་གི་སྙིང་གའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་སྟེ། གཟུགས་མེད་ཁམས་འོད་སྔོན་པོའི་རྣམ་པས་ལུས་ཀྱི་སྟོད་ཀྱི་ཆ་ལ་ཐིམ། གཟུགས་ཁམས་འོད་དམར་པོའི་རྣམ་པས་ལུས་ཀྱི་བར་གྱི་ཆ་ལ་ཐིམ། འདོད་ཁམས་འོད་དཀར་པོའི་རྣམ་པས་ལུས་ཀྱི་སྨད་ཀྱི་ཆ་ལ་ཐིམ། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བ་སྙིང་གའི་ཆོས་འབྱུང་ལ་ཐིམ། དེ་ཟླ་བ་ལ་ཐིམ། དེ་སྔགས་ཕྲེང་ལ་ཐིམ། དེ་བྃ་ཡིག་ལ་ཐིམ། བྃ་ཡིག་གི་ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམ་ལ་མཉམ་པར་བཞག་པའམ། མན་ངག་ཐོབ་པ་ཡིན་ན་བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་བསྒོམ་སྟེ། དེའི་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །བཅུ་གཅིག་པ་སྤྱོད་ལམ་གྱི་རྣལ་འབྱོར་ལ་དངོས་དང་། ཡན་ལག་གཉིས་ལས་དང་པོ་ནི། རྟོག་པ་ནམ་འཕྲོ་བ་ན། སླར་ཡང་རང་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་རྒྱན་དང་ཕྱག་མཚན་སྤངས་པའི་སྐུར་གྱུར་པའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་སོགས། གོ་ཆ་བཀོད་པས་བདག་དང་རྣལ་འབྱོར་སྲུང་། གནས་སྲུང་བའི་སླད། ལག་པ་གཡོན་པའི་སྡིགས་མཛུབ་ཀྱིས་སེ་གོལ་ཕྱོགས་གཡོན་སྐོར་དང་། མཚམས་གཡས་སྐོར་དུ་བརྡབ་ཅིང་སྔགས་བརྗོད་པ་ནི། ཨོཾ་སུམྦྷ་ནི་སོགས་བརྗོད་ཅིང་། ཤར་དང་སྟེང་དུ་ཁྭ་གདོང་མ་སྔོན་མོ། དེ་བཞིན་དུ། ཨོཾ་གྲྀཧྞཱ་སོགས་བརྗོད་ཅིང་། བྱང་དུ་འུག་གདོང་མ་ལྗང་གུ། ཨོཾ་གྲྀཧྞཱ་པ་ཡ་སོགས་བརྗོད་ཅིང་ནུབ་དང་འོག་ཏུ་ཁྱི་གདོང་མ་དམར་མོ། ཨོཾ་ཨཱ་ན་ཡ་སོགས་བརྗོད་ཅིང་། ལྷོར་ཕག་གདོང་མ་སེར་མོ་རྣམས་གྲུབ་པར་བསམ། ཡང་། ཨོཾ་སུམྦྷ་སོགས་ཚར་གཅིག་གིས། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་པ་མ་གཡས་ལྗང་གཡོན་སྔོ་བ་རྣམས་གྲུབ་པར་བསམ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་དང་པོ་གཉིས་ཌཱ་མ་རུ་དང་ཁ་ཊྭཱྃ་ག་འོག་མ་གཉིས་གྲི་ཐོད་ཐོགས་པ། སྤྱན་གསུམ་མ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་པ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པར་གསལ་བཏབ། སླར་ཡང་ཐུན་མོང་དུ་ཨོཾ་སུམྦྷ་ནི། ཚར་གཅིག་བརྗོད་པས། དེ་རྣམས་ལ་དེ་འདྲ་བའི་སྐུ་གྲངས་མེད་པ་དང་། རྡོ་རྗེའི་གུར། མདའི་དྲྭ་བ། ཡེ་ཤེས་ཀྱི་མེ་དཔུང་གི་ཕྲེང་བ་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་ཐམས་ཅད་ཚར་བཅད། དཔག་ཚད་བརྒྱ་ཡི་ཚད་ཙམ་ཚུན་ཆད་དུ་སྲུང་བའི་གུར་ཁང་གསལ་ཞིང་བརྟན་པར་བསམ་ནས། དགེ་བ་འདི་ཡིས་སོགས་བསྔོ་སྨོན་བྱ། སྤྱོད་ལམ་ལ་འཇུག་པའི་ཚེ་སྣང་བ་ཐམས་ཅད་རྣལ་འབྱོར་མའི་སྐུ། སྒྲར་གྲགས་པ་ཐམས་ཅད་ཨོཾ་གསུམ་མའི་གདངས། ཡིད་ཀྱི་དྲན་རྟོག་གང་ཤར་ཐམས་ཅད་གསལ་སྟོང་འཛིན་མེད་དུ་འཇོག་པ་སྟེ་སྐུ་གསུང་ཐུགས་ཀྱི་དགའ་བ་གསུམ་དང་མ་བྲལ་བར་ལམ་དུ་ཁྱེར་ནས་ཐ་མལ་གྱི་སྣང་ཞེན་སྤང་། གཉིས་པ་ཡན་ལག་ལ། ཁ་ཟས། ཕྱི་རོལ་མཆོད་པ། སྦྱིན་སྲེག །ཚེས་བཅུའི་མཆོད་པ། གཏོར་མའི་རྣལ་འབྱོར་དང་ལྔ་ལས། དང་པོ་ནི། རྒྱས་པར་བྱེད་ན། བཟའ་བཏུང་རྣམས་མདུན་དུ་བདར་ལ། སུམྦྷས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རླུང་མེ་དང་། །ཐོད་པའི་སྒྱེད་པུ་གསུམ་གྱི་ཁར། །ཨ་ཡིག་ལས་བྱུང་ཀ་པཱ་ལར། །བཟའ་བཅའ་བཏུང་པའི་དངོས་པོ་ཀུན། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །བསྐོལ་ཞིང་འོད་དུ་ཞུ་བ་ལས། །དམ་ཚིག་ཡེ་ཤེས་དབྱེར་མེད་པའི། །བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ རང་ཉིད་རྡོ་རྗེ་རྣལ་འབྱོར་མའི། །སྙིང་གར་བླ་མ་ཡི་དམ་དང་། །ལྟེ་བར་ཆོས་སྲུང་ནོར་ལྷའི་ཚོགས། །གཏུམ་མོའི་མེ་ལྕེའི་ཀློང་ན་བཞུགས། །ལག་གཉིས་རྡོ་རྗེའི་དགང་བླུགས་ཀྱིས། །ཁ་ཟས་ཡེ་ཤེས་བདུད་རྩིའི་རྒྱུན། །ཕུལ་བས་ཟག་མེད་བདེ་བ་ཆེས། །དགྱེས་ཤིང་བྱིན་གྱིས་བརླབ་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཞེན་པ་མེད་པར་ལོངས་སྤྱད། དེ་ཙམ་མི་ནུས་ན། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་གྱིས་བརླབས་ལ་སྙིང་གའི་བྃ་ཡིག་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མཆོད་པར་མོས་པའམ། བསྡུ་ན། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་རོལ། གཉིས་པ་ནི། ཚར་ཆེན་རིན་པོ་ཆེའི་སྒྲུབ་དཀྱིལ་དང་། གནས་གསར་རྗེས་ནག་འགྲོས་སུ་མཛད་པ་སོགས་ལས་རྟོགས་པར་བྱ། གསུམ་པ་ལ། སྦྱིན་སྲེག་དངོས་དང་། མར་མེའི་སྦྱིན་སྲེག་གཉིས་ལས། དང་པོ་ལའང་རྒྱས་པ་དང་། མདོར་བསྡུས་ཏེ་བྱ་བའི་ཚུལ་གཉིས་ཀྱི། དང་པོ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གསུང་གནས་གསར་རིན་པོ་ཆེའི་ནག་འགྲོས་སུ་མཛད་པ་དང་། པཎ་ཆེན་ནམ་མཁའ་དཔལ་བཟང་སོགས་ཀྱིས་མཛད་པའི་ཡིག་ཆ་ཁུངས་ཐུབ་ལས་ཤེས་པར་བྱ་ལ། གཉིས་པ་མདོར་བསྡུས་པ་ནི། སྔགས་ཀྱི་ནུས་པ་དབྱུང་བ་དང་སྡིག་སྒྲིབ་ཞི་བ་སོགས་ཀྱི་སླད་དུ། རྒྱུན་གྱི་དུས་སམ་ཇི་ལྟར་རིགས་པའི་དུས་སུ། རྗེ་ས་སྐྱ་པ་ཆེན་པོས། སྤྲོས་པ་ལ་མི་དགའ་ན། རྗེ་བཙུན་མ་ཉིད་མཆོད་པ་ནས་བཟུང་སྟེ་ལྷ་མཉེས་པ་ཉིད་ཀྱིས་ཆོ་ག་མ་ཚང་བ་མེད་པ་ཡིན་ནོ། །ཞེས་གསུངས་པའི་དོན་ཀུན་མཁྱེན་རིན་པོ་ཆེ་བསོད་ནམས་སེང་གེས་ཇི་ལྟར་བཀྲལ་བ་བཞིན་བརྗོད་ན། ཐབས་སྟེགས་ཀྱི་ངོས་རེ་ཁཱ་ཟླུམ་པོ་གཉིས་སྐོར་གྱི་ནང་དུ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་ཐིག་གདབ། ཆོས་འབྱུང་གི་རི་མོ་རྡུལ་ཚོན་དཀར་པོས་བཅད། ནང་ཐམས་ཅད་རྡུལ་ཚོན་དམར་པོས་བཀང་། མདུན་རྒྱབ་སྤངས་པའི་གྲྭ་བཞིར་དགའ་འཁྱིལ་གཡོན་སྐོར་དང་། དབུས་སུ་ཉི་གདན་ལ་ཚོམ་བུ་དམར་པོ་བཀོད། རང་གི་གཡོན་ཐབ་ཀྱི་གཡས་སུ་མཆོད་པ་ལྔ་དང་གཏོར་མ། རང་གི་གཡས་ཐབ་ཀྱི་གཡོན་དུ་མར་ཁུ་དང་། བསྲེག་རྫས་ཏིལ་ནག་པོ་འབའ་ཞིག་བཤམས། བདག་བསྐྱེད་སྔོན་དུ་འགྲོ་བས། ཐབ་དང་ཡོ་བྱད་རྣམས། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་ཐབ་ཁུང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བུད་ཤིང་བརྩེགས་པ་དང་བཅས་པ་དངས་ཤིང་ཐོགས་པ་མེད་པར་གྱུར། ཧཱུྃ། ཞེས་ཡང་ཡང་བརྗོད། མཆོད་རྫས་དང་བསྲེགས་རྫས་རྣམས་ཀྱང་། ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་མཆོད་རྫས་དང་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ། དེ་ནས། ཨོཾ་གསུམ་མའི་རྗེས་སུ། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་པས་མེ་སྦར། བསང་སྦྱང་། སྟོང་པའི་ངང་ལས་མེ་འབར་བའི་དབུས་སུ་ཆོས་འབྱུང་གི་ནང་དུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་ཡིག་དམར་པོའི་མཐར་གཡོན་སྐོར་གྱིས། ཨོཾ་ཨོཾ་ཨོཾ་ནས། སྭཱ་ཧཱ་ཞེས་པའི་སྔགས་ཕྲེང་ཁ་དོག་དམར་པོས་བསྐོར་བ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡིག་འབྲུ་རྣམས་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཞབས་གཡས་བརྐྱང་པས་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྟེང་འོག་ཕྱོགས་མཚམས་མཐའ་སྐོར་ཀུན་ཏུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བསྐོར་བར་གསལ་བཏབ། ཡེ་ཤེས་པ་གཞུག །གོ་ཆ་བཀོད། དབང་བསྐུར། རྒྱས་གདབ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་པུཥྤེ་ནས། ཤབྡའི་བར་གྱིས་ཕྱི་མཆོད། ཨོཾ་གསུམ་མའི་མཐར་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། རང་གཞན་གྱི་སྡིག་སྒྲིབ་ཐམས་ཅད་ཏིལ་ལ་བསྟིམ་ཞིང་དེ་ཉིད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ཏེ། ཐོག་མར་ཨོཾ་གསུམ་མའི་རྗེས་སུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་གསང་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ལན་གསུམ་སོགས་ཀྱི་རྗེས། ཨོཾ་གསུམ་མ་འབའ་ཞིག་གིས་ཕུལ་ལ་གྲངས་བཟུང་། དེའི་ཚེ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་སངས་རྒྱས་བྱང་སེམས་སྐུ་མདོག་དཀར་པོ་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་དག །ལུས་ཡེ་ཤེས་ཀྱི་བདུད་རྩིས་ཁེངས་ཏེ་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ཐོབ། མདུན་བསྐྱེད་ལས་ཀྱང་འོད་ཟེར་དཀར་པོ་འཕྲོས་པས་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་བར་བསམ། སྐབས་སྐབས་སུ་མར་གྱིས་མེ་གསོ། མཐར་གོང་བཞིན་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། གཏོར་མ་དང་པོ་རྗེ་བཙུན་མ་དང་། གཉིས་པ་མཁའ་འགྲོ་སྤྱི་གཏོར་ལྟར་ཕུལ། རྗེ་བཙུན་མའི་ཞབས་དྲུང་ནས་བླངས་པར་མོས་པས་འདི་ཡེ་ཤེས་པ་གཤེགས་པའི་རྗེས་སུ་བྱས་ཀྱང་རུང་། ཐབས་ཀྱི་ཐལ་བ་ཅུང་ཟད་བླངས་ཏེ་གནས་གསུམ་དུ་བྱུགས། ཡི་གེ་བརྒྱ་བས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱི་སོགས་ཀྱིས་མཐར། བཛྲ་མུཿས་ཐབ་ཀྱི་ཡེ་ཤེས་པ་གཤེགས། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་རང་ལ་ཐིམ། རང་གི་གནས་རྣམས་སུ་སོགས་གོ་ཆ་བཀོད། བསྲུང་བ་བྱ། བསྔོ་སྨོན་བཀྲ་ཤིས་བརྗོད། ལས་ཀྱི་རྗེས་མི་མངོན་པར་བྱའོ། །གཉིས་པ་མར་མེའི་སྦྱིན་སྲེག་ནི། རང་གི་མདུན་དུ་སྟེགས་ཀྱི་ཁར་མར་མེའི་ཀོང་བུ་ཡངས་པར། རས་དམར་གྱིས་དཀྲིས་པའི་སྡོང་བུ་སྦོམ་པོ་བཙུགས། མར་དཀར་གྱི་ཁུ་བས་བཀང་ལ་བཞག །མ་འབྱོར་ན་གཏོར་མ་དང་། མཆོད་པ་ལྔ་བཤམས། བསྲེག་རྫས་ཏིལ་ནག་པོ་དང་། གཞན་ཡང་རྡོར་དྲིལ་ནང་མཆོད་སོགས་འདུ་བྱས་ལ། བདག་བསྐྱེད་རྒྱས་པར་བྱ་བའམ། ཐུན་མཚམས་ཀྱི་རྗེ་བཙུན་མར་དྲན་པར་བྱས་ཏེ། མཆོད་རྫས་ནང་མཆོད་དང་། སུམྦྷས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་དུ་འབྲུ་གསུམ་ཞུ་བ་ལས་བྱུང་བའི་མཆོད་རྫས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་བསམས་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ་གི་བར་དང་། གྷཎྜེར་ཎི་ཏས་བརླབས། དེ་ནས་ཨོཾ་གསུམ་མའི་རྗེས་སུ། ཨོཾ་བཛྲ་ཛྭ་ལ་རྃ། ཞེས་པས་མར་མེ་སྦར། བསང་སྦྱང་། སྟོང་པའི་ངང་ལས་ཨེ་ཨེ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ། པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བྃ་ཡིག་དམར་པོའི་མཐར། ཨོཾ་ཨོཾ་ཨོཾ་ནས། སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་གཡོན་སྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས། དེ་ཡོངས་སུ་གྱུར་པ་ལས་རྣམ་སྣང་རིགས་བདག་དང་བཅས་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། ཞབས་གཡས་བརྐྱངས་པས་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཕཻཾ། ཐུགས་ཀའི་བྃ་ཡིག་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷཿསོགས། དེའི་གནས་རྣམས་སུ་སོགས། གོ་ཆ་བཀོད། ཕྱི་མཆོད། ནང་མཆོད། བསྟོད་པ་རྣམས་བྱ། དེ་ནས་མདུན་དུ་ཏིལ་བཞག་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྙིང་ག་ནས་ཀྃ་ནག་པོའི་རྣམ་པས་འཐོན་སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་ཏིལ་ལ་ཐིམ་པ་དེ་ཉིད་རྗེ་བཙུན་མའི་ཞལ་དུ་ཕུལ་བས་ལྟེ་བའི་གཏུམ་མོའི་ཡེ་ཤེས་ཀྱི་མེས་བསྲེག་ཅིང་སྦྱངས་པར་བསམ་ལ། གཡོན་པའི་མཐེབ་སྲིན་གྱིས་ཏིལ་བླངས་ཏེ་འབུལ་ཞིང་། ཨོཾ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་པའམ། ཨོཾ་གསུམ་མའི་རྗེས་སུ། ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། གང་རུང་གིས་འབུལ། རྫས་རྫོགས་པ་ན། མཆོད་བསྟོད་གོང་ལྟར་དང་། གཏོར་མ་ཡོད་ན་གཏོར་ཆོག་ལྟར་ཕུལ་བའི་རྗེས། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཅེས་གསོལ་བ་གདབ། ཡིག་བརྒྱའི་མཐར། མ་འབྱོར་པ་དང་། སོགས་ཀྱིས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱི་སོགས་ཀྱི་མཐར། བཛྲ་མུཿས་ཡེ་ཤེས་པ་གཤེགས། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་རང་ལ་ཐིམ། བདག་བསྐྱེད་རྒྱས་པ་དང་འབྲེལ་ན། གོ་ཆ་བཀོད་ཅིང་བསྲུང་བ་བྱ། གང་ལྟར་ཡང་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །དེ་ལྟར་འབད་པས་སྡིག་པ་ཐམས་ཅད་བྱང་ཞིང་། རྗེ་བཙུན་མའི་བྱིན་རླབས་མྱུར་དུ་འཇུག་པར་འགྱུར་རོ། །བཞི་པ་ཚེས་བཅུའི་མཆོད་པ་ལའང་རྒྱས་བསྡུས་གཉིས་ལས། དང་པོ་ནི། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་བཤམས་ཤིང་སྒྲུབ་ཅིང་མཆོད་པ་དང་། དབང་བླང་བ་དང་། ཚོགས་ཀྱི་མཆོད་པ་སོགས་གནས་གསར་བའི་ཡིག་ཆ་ལྟར་རོ། །གཉིས་པ་ནི། རྗེ་ས་སྐྱ་པ་ཆེན་པོའི་ཚེས་བཅུའི་མཆོད་པའི་ཡི་གེ་ལས་ཇི་ལྟར་འབྱུང་བ་ཀུན་མཁྱེན་རིན་པོ་ཆེས་གསལ་བར་མཛད་པ་བཞིན་བརྗོད་ན་སྦྱོར་བ་དང་། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་ཚོགས་གསག་པར་འདོད་ན་ཡར་ངོ་དང་། སྒྲིབ་པ་དག་པར་འདོད་ན་མར་ངོའི་ཚེས་བཅུར། གནས་ཁང་ཕྱག་དར་བྱ་ཞིང་དྲི་བཟང་པོའི་ཆུས་ཆག་ཆག་གདབ། བྲིས་སྐུ་སོགས་རྟེན་ཇི་ལྟར་རིགས་པའི་མདུན། རས་དམར་པོས་བཀབ་པའི་སྟེགས་ཀྱི་ཁར་མཉྫིའི་སྟེང་དུ། མཎྜ་ལར་ཙནྡན་དམར་མོའི་ཆུས་སྲིན་ལག་གཡོན་པས་ཆོས་འབྱུང་གྲུ་གསུམ་གཡོན་སྐོར་དུ་བྲིས་པའི་ནང་ཐམས་ཅད་ཙནྡན་དམར་པོའི་ཆུས་བྱུགས། ཙནྡན་དམར་པོའི་ཆུ་མ་འབྱོར་ན་ཆང་བདུད་རྩིར་བྱིན་གྱིས་བརླབས་པས་དེ་ལྟར་བྱས་ལ། དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་ལ་བཞག །དེའི་གཡས་སུ། མེ་ཏོག་རྩ་བའི་ཡིག་རྙིང་སོགས་སུ་མཆོད་པ་ལྔ་ཁོ་ན་ལས་མ་བཤད་ཀྱང་། སྤྲོ་ན་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱང་རུང་། བདུག་སྤོས། མར་མེ། གཡོན་དུ་དྲི་ཆབ། གཏོར་མ། ལྷ་བཤོས། མདུན་དུ་མ་ད་ནཱའི་ཕུད་དང་། བཱ་ལ་སོགས་ཚོགས་ཀྱི་ཡོ་བྱད། གཞན་ཡང་ནང་མཆོད། རྡོར་དྲིལ། ཌཱ་མ་རུ་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱའོ། །གཉིས་པ་དངོས་གཞི་ལ། ཐོག་མར་བདག་བསྐྱེད་བརྒྱུད་འདེབས་དང་སྐྱབས་འགྲོ་ནས། ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་བྱ། དེ་ནས་མདུན་བསྐྱེད་གསལ་གདབ་པ་ནི། ཚོམ་བུ་སུམྦྷས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མཎྜལ་གྱི་དབུས་སུ་ཆོས་འབྱུང་ལ་གནས་པའི་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་ལྟེ་བའི་བྃ་ཡིག་ལས་བྃ་ཡིག་གཉིས་པ་ཞིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཆད་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། ཞབས་གཡས་བརྐྱང་པས་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཞེས་པའི་བར་བདག་བསྐྱེད་བཞིན་བརྗོད། འབར་བའི་ཕྱག་རྒྱ་དང་། ཕཻཾ། རང་གི་ཐུགས་ཀའི་བྃ་ཡིག་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། ཨོཾ་ཡོ་ག་ཤུདྡྷོཿ སོགས་ཀྱིས་བརྟན་པར་བྱ། དེའི་གནས་རྣམས་སུ་ནས། ཙཎྜི་ཀའི་ངོ་བོར་གྱུར། བར་གྱི་གོ་ཆ་བཀོད། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་ལྷ་ཚོགས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ནས་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རྩ་བའི་བླ་མ་རྗེ་བཙུན་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་ཚོགས་ཞིང་སྤྱན་དྲང་། ནང་མཆོད། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པ། དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ་རྣམས་གསལ་བའི། འོག་གི་རླུང་གཡོས། མེ་སྦར། རྫས་ཐམས་ཅད་ཁོལ་བས་འོད་དུ་ཞུ་ནས་དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། གཡོན་པའི་མཐེབ་སྲིན་སྦྱར་བས་ཆོས་འབྱུང་གཡོན་སྐོར་དུ་བྲིས་ཏེ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བརྗོད་པས་བྱིན་གྱིས་བརླབས་པས་རྫས་ཐམས་ཅད་ལ་གཏོར་ཏེ། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་ལ་སོགས་པ་མཆོད་རྫས་རྣམས་དངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤཔྡ་ཨཱཿཧཱུྃ་གི་བར་གྱིས་བརླབས་ལ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་པུཥྤེ་པྲ་ཏིཙྪ་སྭཱ་ཧཱ་ནས། ཤཔྡའི་བར་དང་། གྷཎྜེ་ར་ཎི་ཏས་རོལ་མོ་བྱ། ཨོཾ་གསུམ་མའི་རྗེས་སུ་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་གཏོར་མ་ནང་མཆོད་ཆུ་ཆང་གིས་སྦྱངས་ལ། སུམྦྷས་བསང་། སྭཱ་བྷཱ་ཝས་སྦྱང་། ལག་པ་གཡས་གཡོན་གཉིས་ཀ་བསྟན་ལ། བྱ་ཁྱུང་གིས་ཕྱག་རྒྱ་བཅས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བརླབས། ཕཻཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཆོས་སྐྱོང་དང་འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ པད་སྐོར་གྱི་རྗེས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་མཐར་སེ་གོལ་གཏོག་པ་དང་བཅས་ཏེ། ཨོཾ་གསུམ་མའི་རྗེས་སུ། ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་ལྔའམ་བདུན་གྱིས་ཕུལ། ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་པུཥྤེ་ནས། ཤཔྡའི་བར་གྱིས་ཕྱི་མཆོད། ཨོཾ་བཛྲ་ཨཱ་རལླི་ཧོཿ ཨོཾ་ཨཱཿཧཱུྃ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་པས་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། སོགས་ཀྱིས་བསྟོད། འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་སུ། །རོལ་མོ་གླུ་དབྱངས་སིལ་སྙན་སོགས་མཆོད་ཅིང་། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །ཅེས་གསོལ་བ་གདབ། དེ་ནས་གཏོར་མ་གཞན་རྣམས་གུར་ཞལ་སོགས་ཆོས་སྲུང་རྣམས་དང་། དུར་ཁྲོད་བདག་པོ་ཡབ་ཡུམ་དང་། མཁའ་འགྲོ་སྤྱི་གཏོར་གྱི་བར་ཇི་ལྟར་རིགས་པས་བཏང་། དེ་ནས་མདུན་གྱི་ཚོགས་རྫས་རྣམས་ལ་ནང་མཆོད་འཐོར་ཞིང་བསང་སྦྱང་བྱིན་རླབས་བདུད་རྩི་ལྟར་བྱས་རྗེས། ཚོགས་ཕུད་སྣོད་གཅིག་ཏུ་བླུགས་པ་དང་། མ་དཱ་ན་སྣོད་གཅིག་ཏུ་བླུགས་པ་མཎྜལ་གྱི་མདུན་དུ་བཞག །གཏོར་མ་རྣམས་ལའང་ཕུལ། སླར་ཐམས་ཅད་ནང་མཆོད་ཆུ་ཆང་གིས་བྲན་ལ། ཐོག་མར། གང་གི་དྲིན་གྱིས་སོགས་ཀྱིས་བླ་མ་ལ་ཕྱག་བྱ་བ་སྔོན་དུ་འགྲོ་བས། དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་པས་སྨན་ཕུད་འབུལ། དེ་ནས་ཚོགས་ཕུད་དང་པོ་ནི། ཞལ་ཟས་རོ་བརྒྱ་ལྡན་ཞིང་སོགས་ཀྱི་མཐར། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭཱ་ས་པཱ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བླ་མ་དང་དཀོན་མཆོག་ཡི་དམ་སྤྱི་ལ་ཕུལ། དེ་རྗེས། ཨོཾ་གསུམ་མའི་མཐར། ཨ་ཀཱ་རོ་བཏགས་པས་རྗེ་བཙུན་མ་ལ་འབུལ་ཞིང་། གཞན་ཡང་གུར་ཞལ་སོགས་ཀྱི་གཏོར་མ་ཡོད་ན་སོ་སོའི་གཏོར་སྔགས་ཀྱིས་རྒྱས་པར་འབུལ་བའམ། དེ་ཙམ་མ་ནུས་ན། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལི་དེ་བཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་དང་། ཨོཾ་ཤྲཱི་དྷརྨ་པཱ་ལ་ཙ་ཏུ་རྨུ་ཁ་ས་པ་རི་སོགས་དང་། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཤྲཱི་ཤྨ་ཤ་ནཱ་ཨདྷི་པ་ཏི་ས་པ་རི་ཝཱ་ར་སོགས་ཀྱིས་འབུལ་ཞིང་། མཐར་འཇིག་རྟེན་པ་ལ་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ཀྱིས་ཕུལ། ཐུན་མོང་དུ་ཕྱི་ནང་གི་མཆོད་པ་སྔར་བཞིན་མཆོད། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཅེས་གསོལ་བ་གདབ། ཚོགས་ཀྱི་ཡོ་བྱད་ལ་གཙང་སྨེའི་རྣམ་རྟོག་སྤངས་ཏེ། སྙིང་གའི་བྃ་ཡིག་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མཆོད་པར་བསམ་ལ། ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཞེས་བརྗོད་ཅིང་ཚིམ་པར་རོལ། ལྷག་མ་བསྡུས་ཏེ་ཆང་གི་ཁ་ཕྲུ་འབར་བའི་ཕྱག་རྒྱའི་བར་ནས་འཐོར་ཞིང་། ཕཻཾ། ཨུཥྩི་ཊ་བ་ལིདྟ་བྷཀྵ་སཱི་སྭཱ་ཧཱ། འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་ནོ། །ངོམས་ཤིང་ཚིམ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་ཅེས་ཕྱི་རོལ་དུ་དོར། ཀོལླ་ཨི་རཊྛ་སོགས་རྡོ་རྗེའི་གླུ་དང་། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེས་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གིས་ལམ་གྱིས་གྲོལ་འགྱུར་བ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སོགས་བཀྲ་ཤིས་དང་སྨོན་ལམ་བྱའོ། །གསུམ་པ་རྗེས་ནི། མཆོད་པ་རྣམས་ཁ་གསོས་ཤིང་། བསང་སྦྱང་བྱིན་རླབས་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་པུཥྤེ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་སོགས་ཀྱིས་བསྟོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དང་སེམས་ཅན་ཐམས་ཅད་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པར་གསོལ། རྟེན་ཡོད་ན། འདིར་ནི་གཟུགས་དང་སོགས་བརྟན་བཞུགས་དང་། མེད་ན། ཨོཾ་ཁྱེད་ཀྱི་སོགས་ཀྱིས། ཚོམ་བུའི་ཡེ་ཤེས་པ་དང་། གཏོར་མ གྲོན་གྱི་ཡེ་ཤེས་པ་རྣམས་གཤེགས། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་རྣམས་རང་ལ་གཉིས་སུ་མེད་པ་ཐིམ་པར་བསམ་ལ། རང་གི་གནས་རྣམས་སུ་སོགས་གོ་ཆ་བཀོད། བསྲུང་བ་བྱ། དགེ་བ་འདི་ཡིས་སོགས་བསྔོ་བ་དང་། མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་གདབ། ཕུན་ཚོགས་དགེ་ལེགས་སོགས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མ་དགྲམ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་བཟླས་བསྒོམ་རྣམ་པ་གཉིས་དང་། ཚེས་བཅུའི་མཆོད་པ་མ་ཆགས་པར་ཉམས་སུ་བླངས་པ་ནི་ལས་དང་པོ་པས་མཁའ་སྤྱོད་སྒྲུབ་པའི་ལམ་གྱི་གཙོ་བོ་ཡིན་པས་ཤིན་ཏུ་གལ་ཆེའོ། །ལྔ་པ་གཏོར་མའི་རྣལ་འབྱོར་ནི། དཀུ་བག་སྟེ་ཤ་ཆང་གི་དམ་རྫས་ངེས་པར་ཚང་ཞིང་བསྒྲུབ་པའི་བདུད་རྩི་རིལ་བུ་དང་སྦྱར་བའི་གཏོར་མ་པདྨའི་སྙིང་པོ་ལྟར་ཟླུམ་པ། འཕྲལ་གཏོར་ལ་པད་འདབ་དང་། འཛིན་གཏོར་སོགས་ལ་མཐེབ་ཀྱུས་བསྐོར་བ་གཙང་སྦྲ་དང་ལྡན་པ་བཤམས། ཚེས་བཅུའི་མཆོད་པའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ཕུལ་བ་ལས། མཆོད་པའི་སྐབས་སུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད་པ་ཙམ་གྱི་ཁྱད་པར་རོ། །འདིས་ནི་བར་ཆད་ཐམས་ཅད་ཞི་བ་དང་བསམ་པའི་དོན་འགྲུབ་པ་སོགས་དགོས་པ་ཁྱད་པར་ཅན་མང་ངོ་། །དེ་ལྟར་དབང་པོ་རབ་རྣལ་འབྱོར་བཅུ་གཅིག་པོ་འདི་མ་ཆགས་པར་ཉམས་སུ་བླངས་ཞིང་། ཚེས་བཅུའི་མཆོད་པ་ལ་བརྩོན་པ་ཙམ་གྱིས་ཚེ་འདིར་ལུས་མ་སྤངས་པར་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ལ། འདི་ཉིད་བསྐྱེད་རིམ་ཕག་མོ་མཁའ་སྤྱོད་ཅེས་གཙོ་བོར་གསུངས་པ་མ་གཏོགས། དོན་གྱིས་བསྐྱེད་རྫོགས་ཟུང་འཇུག་ཡིན་ཏེ་མངོན་རྟོགས་ཀྱི་དཀྱུས་གཅིག་ལ་དབང་བཞིའི་ལམ་མཐའ་དག་ཚང་བའི་ཕྱིར་རོ། །དབང་པོ་འབྲིང་གིས་གཞིའི་བསྙེན་པ་མཐར་ཕྱིན་པ་ན། ལངྐ་ལིའི་ཤིང་ལ་བརྟེན་ནས་སིནྡྷཱུ་རའི་བསྒྲུབ་པ་ཚུལ་བཞིན་དུ་བྱས་པས་རྡོ་རྗེ་རྣལ་འབྱོར་མ་མི་མོའི་རྣམ་པ་ཅན་གྱིས་རྗེས་སུ་བཟུང་ཞིང་མཁའ་སྤྱོད་ཀྱི་གྲོང་དུ་འཁྲིད་པ་སྟེ། དེའི་ཚུལ་ནི། དེང་དུས་ལག་ལེན་ལ་འདེབས་པ་ཉུང་བས་འདིར་མ་བྲིས་ལ། རྟོགས་པར་འདོད་ན་ཁྲིད་ཡིག་ཆེན་མོ་དང་། འཇམ་མགོན་ཀུན་དགའ་བསོད་ནམས་ཀྱི་ཡིག་ཆ་སོགས་ལས་ཤེས་པར་བྱའོ། །དབང་པོ་ཐ་མས་དེ་ལྟ་བུ་ལག་ཏུ་མ་བླངས་པའམ། བླངས་ཀྱང་མ་གྲུབ་ན་བཟླས་བསྒོམ་ལ་བརྩོན་པས། འཆི་ཁའམ་བར་དོར་བཟླས་བསྒོམ་བྱེད་པའི་སྣང་བ་ཤར་མ་ཐག་རྣལ་འབྱོར་མས་མདུན་བསུས་ཏེ་མཁའ་སྤྱོད་དུ་འཁྲིད་པར་ངེས་ནའང་། ཆེས་མྱུར་བར་བྱེད་པའི་ཐབས་ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་ཉམས་སུ་བླང་བའི་ཚུལ་ལ། སྦྱང་བ་དང་། ལས་ལ་སྦྱོར་བའོ། །དང་པོ་ལའང་རྗེ་བཙུན་ཡབ་ཡུམ་ཞལ་སྦྱོར་དང་། ཡུམ་རྐྱང་གི་འཕོ་བ་གཉིས་ལས། འདིར་ཕྱི་མ་ཅུང་ཟད་བཤད་ན། གསལ་གདབ་པ་དང་སྦྱང་བ་དངོས་གཉིས་ལས། དང་པོ་ནི། བདག་བསྐྱེད་དང་འབྲེལ་ན་ཐུན་མཚམས་ཀྱི་ལྷར་གསལ་བཞིན་པའི་ངང་དང་། མ་འབྲེལ་ན་སྐྱབས་སེམས་སྔོན་དུ་འགྲོ་བས་རང་སྐད་ཅིག་གིས་རྣལ་འབྱོར་མར་གསལ་གདབ་གང་ལྟར་ཡང་། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། རྩ་བ་ཕྲ་བ་མདའ་སྨྱུག་ཙམ་ལ། རྩེ་མོ་སྦོམ་པ་སྦ་ལྕག་ཙམ་པ། ཡར་སྣ་སྤྱི་གཙུག་ཚངས་བུག་ཏུ་ཟུག་ཅིང་རྒྱ་མཐོང་ལྟར་ཁ་བྱེ་བ། མར་སྣ་ལྟེ་བར་ཟླ་གདན་ལ་ཟུག་པ། ཆོས་འབྱུང་དམར་པོ་གྲུ་གསུམ་པའི་ནང་དུ་ཟུག་པར་བསྒོམ་ཀྱང་རུང་། དེའི་སྟེང་དུ་རང་གི་རླུང་སེམས་དབྱེར་མེད་པའི་ངོ་བོ་བྃ་ཡིག་གམ། ཐིག་ལེ་དམར་པོ་ཆེ་ཆུང་རིལ་མ་ཙམ་པ་འཕུར་ལ་ཁད་པ་ཞིག་གསལ་གདབ། རང་གི་སྤྱི་བོར་སེང་ཁྲི་པད་ཟླ་འཇིགས་བྱེད་དུས་མཚན་གྱི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་བཞུགས་པ་ལ། བརྒྱུད་པའི་བླ་མ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ། དེ་དག་ཀྱང་འཇའ་གུར་གྱི་དབུས་ན་བཞུགས་ཤིང་། མེ་ཏོག་གི་ཆར་ཆེན་པོ་རྒྱུན་མི་ཆད་པར་འབེབས་པ། འཇའ་མདུང་ཚུགས་སུ་ཟུག་ཅིང་སྤོས་ཀྱི་དྲི་ཞིམ་པོ་འཐུལ་པ་སོགས་མཁའ་སྤྱོད་དངོས་དང་མཚུངས་པར་གྱུར། ཅེས་བརྗོད་ཅིང་བསམ། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་སྐྱབས་ཡུལ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ་པས་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་བསམ་མོ། །གཉིས་པ་སྦྱང་བ་དངོས་ནི། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་རྒྱུར་བྱས་པ་ལས་བྱུང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་མཆོད་པར་མོས་ཏེ། ཨོཾ་གུ་རུ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྟོད། སྤྲོ་ན་བརྒྱུད་པའི་གསོལ་འདེབས་དང་། གང་ལྟར་ཡང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་མཁའ་སྤྱོད་རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས་སོ། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས་ཤིག །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན༴ ལམ་མཆོག་འཕོ་བ་འབྱོངས་པར༴ འཕྱུགས་མེད་མཁའ་སྤྱོད་འགྲུབ་པར༴ ཞེས་ཚར་གྲངས་ཅི་ནུས་བརྗོད་ཅིང་གསོལ་བ་ཕུར་ཚུགས་སུ་བཏབ་ལ། འོག་རླུང་དྲག་ཏུ་འཐེན་པ་དང་མཉམ་དུ་གཤང་སྒོའི་རླུང་གཡོས་ཟླ་དཀྱིལ་ལ་ཕོག །རང་སེམས་བྃ་ཡིག་གམ་ཐིག་ལེ་གསལ་བ་དེ་ཉིད་དབུ་མའི་ནང་ནས་སྐར་མདའ་འཕང་བ་ལྟར་སོང་། བླ་མ་རྗེ་བཙུན་མའི་གསང་བ་ནས་ཞུགས་ཏེ་ཐུགས་ཀའི་བྃ་ཡིག་ལ་སིབ་ཀྱིས་ཐིམ་པར་བསམ་ལ་སེམས་བཟུང་། ཡང་སྟེང་རླུང་རྡུབས་པས་བླ་མའི་ཐུགས་ཀ་ནས་བྱུང་སྟེ་སྔར་ལྟར་གདན་ལ་འཁོད་པར་བསམ་ལ་རླུང་བུམ་པ་ཅན་ཁ་སྦྱར་དུ་འཛིན། སླར་ཡང་མཆོད་བསྟོད་བྱ་བའམ། གསོལ་འདེབས་ཀྱི་མཐར་སྔར་བཞིན་དམིགས་པའི་རྟེན་གོམས་པ་ལ་བསླབས་པ་ནི་རླུང་གི་འཕོ་བ་དང་། སྐབས་སུ། ཨཱི་ཧི་ཀ྄ །ཞེས་བརྗོད་པས་ཐིག་ལེ་སྤར་བ་དང་། ཀ་ཧི། ཞེས་པས་འབེབས་པ་སྟེ་སྒྲས་འཕོ་བའང་ཉམས་སུ་བླངས། འདི་གཉིས་ཀྱི་སྔ་མ་འབྱོངས་དཀའ་ཡང་འབྱོངས་ཕྱིན་བརྟན་པ་ཡིན་ལ། ཕྱི་མ་འབྱོངས་སླ་ཡང་བརྟན་དཀའ་བ་ཡིན་ཞེས་གསུངས། དེ་ལྟར་དུས་རྒྱུན་དུ་ལན་བདུན་སོགས་དང་། འདི་ཁོ་ན་སྦྱང་བའི་ཚེ་ཞག་བདུན་སོགས་ཐུན་བཞིར་བཅད་ལ་འབད་རྩོལ་དྲག་པོས་རྟགས་མ་བྱུང་བར་ཉམས་སུ་བླང་བར་བྱ་ཞིང་། རྟགས་ནི་སྤྱི་བོ་ཟ་བ་དང་། སྐྲངས་པ་དང་། ཆུ་སེར་འཛག་པ་དང་། སྒྲུབ་ཁང་ལ་འཇའ་ཟུག་པ་སོགས་འབྱུང་ངོ་། །ཐུན་ལས་ལྡང་བ། རླུང་སེམས་མར་ཕབས་པའི་རྗེས། མཐའ་སྐོར་གྱི་སྐྱབས་ཡུལ་རྣམས་བླ་མ་རྡོ་རྗེ་རྣལ་འབྱོར་མར་ཐིམ། དེ་ཉིད་རང་གི་ཚངས་བུག་ནས་བརྒྱུད་སྙིང་གར་དབུ་མའི་ནང་དུ་ཞུགས། སྤྱི་གཙུག་སྣ་ཚོགས་རྡོ་རྗེ་སྲ་ཞིང་འཐས་པས་བཀག་པར་བསམ། རྟགས་བྱུང་བ་སོགས་ཀྱི་ཚེ་ཚེ་སྒྲུབ་བྱེད་པར་འདོད་ན། སྙིང་གའི་རྣལ་འབྱོར་མ་འཆི་མེད་ཚེའི་བདུད་རྩིའི་ཆུ་རྒྱུན་དུ་གྱུར་ནས་ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། བ་སྤུའི་བུ་ག་ཚུན་ཆད་ཀྱང་བདུད་རྩིའི་ཟིལ་པ་ཕྲམ་མེར་ཡོད་པར་བསམ་ལ་རླུང་བུམ་ཅན་ཅི་ནུས་སུ་འཛིན། མཐར་བདག་བསྐྱེད་དང་འབྲེལ་ན་གོ་ཆ་བཀོད་པ་སོགས་དཀྱུས་ལྟར་དང་། མ་འབྲེལ་ན་བསྔོ་སྨོན་བཀྲ་ཤིས་སོགས་བྱའོ། །གཉིས་པ་ལས་ལ་སྦྱར་བ་ནི། ངེས་པའི་འཆི་ལྟས་བྱུང་ཞིང་དུས་ལ་བབས་པའི་ཚེ། སྔར་བཞིན་གསལ་གདབ། ཁྱད་པར་རང་གི་ལུས་ལོངས་སྤྱོད་དགྲ་གཉེན་བར་མའི་འགྲོ་བ་དང་བཅས་པ་བླ་མ་རྣལ་འབྱོར་མར་ཕུལ་ནས། ཆགས་སྡང་རྨོངས་གསུམ་གྱི་ཞེན་པ་བཙན་ཐབས་སུ་སྤངས། དམ་ཚིག་ཉམས་ཆགས་བཤགས་སྡོམ་གྱི་འདུན་པ་དྲག་པོ་བྱ། དམིགས་གནད་སྔར་བཞིན་ལ་རང་སེམས་བླ་མའི་ཐུགས་ཀར་ཐིམ། བླ་མ་རྗེ་བཙུན་མར་གསལ་བ་ཡང་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་པར་བསམ་ལ། དབྱིངས་སྟོང་ཉིད་དུ་རྗེན་ནེ། གདངས་གསལ་རིག་ཏུ་ལམ་མེ། དེ་གཉིས་དབྱེར་མེད་པ་བརྗོད་བྲལ་བློ་འདས་ཀྱི་ངང་དུ་མཉམ་པར་བཞག་པས། དེའི་ངང་དུ་དབུགས་ཆད་ན་འཕོ་བ་ཐེབས་པ་ཡིན་ནོ། །གལ་ཏེ་གཟའ་གདོང་ཐུག་ལྟ་བུ་རྐྱེན་གློ་བུར་བས་དམིགས་པའི་གསལ་འདེབས་རྒྱས་པ་ལང་མ་བྱུང་ན། རང་སེམས་དང་བླ་མའི་ཐུགས་དབྱེར་མེད་དུ་བསྲེས་པའི་ངང་ལ་མཉམ་པར་བཞག །དེ་ལྟར་དྲན་པས་མ་ཟིན་པའམ། འཕོ་བ་མ་འབྱོངས་ནས་བར་དོའི་སྣང་བ་ཤར་ན། དེ་སྦྱང་བའི་ཚུལ་ནི། ད་ལྟ་ནས་གང་ཤར་གྱི་སྣང་བ་སྤྱི་དང་། ཁྱད་པར་འཇིགས་སྐྲག་སོགས་གློ་བུར་དུ་འཆར་བའི་ཚེ་བར་དོའི་སྣང་བ་ཤེས་པར་བྱས་ལ། རང་གཞན་གྱི་སྣང་བ་ཐམས་ཅད་སྦྱང་བསྒྱུར་གྱིས་ལྷ་དང་གཞལ་ཡས་ཁང་དུ་བསྒྱུར། རིག་པ་བརྗོད་མེད་དུ་ཆམ་མེར་འཇོག་པ་ལ་བསླབ་པས་བར་དོར་ཡང་དྲན་པས་ཟིན་ནས་ལམ་གྱི་འཕྲོ་མཐུད་དེ་གྲོལ་བར་འགྱུར་རོ། །དབང་པོ་ཤིན་ཏུ་ཐ་མས་འདའ་ཀ་མའམ། བར་དོའི་གདམས་ངག་མ་ཐེབ་ན། སྐྱེ་བ་ཕྱི་མར་ལམ་གྱི་འཕྲོ་མཐུད་ནས་མཁའ་སྤྱོད་ཀྱི་གོ་འཕང་དོན་དུ་གཉེར་བ་སྟེ། དེ་ཉིད་འགྲུབ་པའི་སླད་དུ་མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་སོགས་གདབ་ཅིང་། བླ་མ་ལ་མོས་གུས་དང་མ་བྲལ་ན་ངེས་པར་འགྲུབ་པ་ཡིན་ནོ། །དེ་རྣམས་ཀྱིས་གཙོ་བོར་བསྐྱེད་རིམ་གྱི་རྣལ་འབྱོར་ཡན་ལག་དང་བཅས་པ་བསྟན་ནས། །གཉིས་པ་རྫོགས་པའི་རིམ་པ་ལ། སྤྱིར་ཆོས་ཉིད་དངོས་སུ་སྟོན་པ་དང་། བརྒྱུད་ནས་སྟོན་པ་གཉིས་ལས། འདིར་ཕྱི་མ་དཔེ་གསུམ་གྱིས་དོན་གཅིག་གཏན་ལ་འབེབས་པར་བྱེད་པ་ལ། གཞི་ཆོས་ཅན་འཁོར་བའི་དུས་སུ་འཁྲུལ་སྣང་གི་གཙོ་བོ་རྩ་རླུང་ཐིག་ལེ་ཐམས་ཅད་ཀྱི་ཁྱབ་བྱེད་ནང་གི་ཕོ་ཉ་མཆོག་རྩ་དབུ་མ་ཁོ་ན་ལ་གནད་དུ་བསྣུན་པས། གཉིས་མེད་ཀྱི་ཡེ་ཤེས་མྱུར་དུ་འཆར་བའི་གནད་ཤེས་པར་བྱས་ནས། དེ་ལ་གནད་དུ་བསྣུན་པའི་ལམ་ཇི་ལྟར་བསྒོམས་པའི་གནད་རྗེ་བཙུན་ཡབ་དང་ཐུན་མོང་དང་། ཡུམ་རྐྱང་ཐུན་མོང་མ་ཡིན་པའི་རྩ་དབུ་མའི་རྣལ་འབྱོར་གཉིས་ལས། ཕྱི་མ་ལའང་ཆགས་ཅན་ཕོ་ཉའི་ལམ་ལ་དགའ་བ་དང་། ཆགས་བྲལ་རྣལ་འབྱོར་གྱི་ལམ་ལ་དགའ་བ་གཉིས་ཀྱི་ཕྱི་མ་ལྟར་བསྒོམ་པའི་ཚུལ་ལ། ཐོག་མ་སྦྱང་བའི་ཚུལ་སོགས་རྒྱས་པར་འཁྲིད་ཡིག་ཆེན་མོ་ལས་ཤེས་པར་བྱས་ནས། འདིར་རྒྱུན་དུ་ཉམས་སུ་བླངས་པའི་ཚུལ་ཅུང་ཟད་ཙམ་བཤད་ན། རྩ་དབུ་མ་ཁ་དབྱེ་བའི་རྣལ་འབྱོར་དང་། དབྱེ་ནས་བསྒོམ་པའི་མན་ངག་གཉིས་ལས། དང་པོ་ནི། རྒྱན་གྱི་ཉམས་ལེན་ལ་ཞར་བྱུང་གི་རྫོགས་རིམ་གྱི་མཇུག་ཏུ་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས། རང་རྣལ་འབྱོར་མའི་ལུས་དབུས་དྲང་པོར་རྩ་དབུ་མ་མར་སྣེ་ལྟེ་འོག་སོར་བཞིར་སླེབས་པ། ཡར་སྣེ་སྤྱི་བོར་ཟུག་པའི་ནང་དུ་བྱང་སེམས་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་གྱིས་མཚན་པ། གཡས་སུ་རོ་མ་དམར་མོ། གཡོན་དུ་རྐྱང་མ་དཀར་མོ། གཉིས་ཀའང་གྲོ་སོག་འབྲིང་པོ་ཙམ་ཡར་སྣེ་སྤྱི་གཙུག་ནས་གུག་སྟེ་སྣ་བུག་གཉིས་སུ་ཧ་རེ་ཟུག་པ། མར་སྣེ་ལྟེ་བའི་ཐད་དུ་དབུ་མ་དང་སྦུབས་གཅིག་ཏུ་གྱུར་པའི་ནང་དུ། ཙཎྜ་ལཱི་རྃ་དམར་པོ་མེའི་རང་བཞིན་ཅན་རིལ་མ་ཙམ་གྱིས་མཚན་པ། མེ་འབར་ལ་ཁད་པ་དེའི་འོག་ཏུ་རླུང་དཀྱིལ་ལྗང་ནག་སྲན་མ་བཀས་པ་ཙམ་གསལ་བཏབ། རླུང་རོ་དགུ་ཕྲུགས་སུ་ཕྱག་ལེན་ལྟར་བུས་ལ། འོག་རླུང་ཕྱེད་འཐེན་ཙམ་དང་། སྟེང་རླུང་རྫོགས་པར་རྔུབས། སླར་འོག་སྒོ་འབྱེད་འཛུམ་གསུམ་ཙམ་གྱིས་འོག་རླུང་རྫོགས་པར་དྲངས་པས་རླུང་དཀྱིལ་ལ་ཕོག །རླུང་གཡོས་རྃ་ཡིག་ལས་མེ་ལྕེ་དམར་ཉུག་ཉུག་འབར་བར་བསམ་ལ་བུམ་ཅན་འཛིན། མཐར་འཛིན་མེད་པའི་ལྟ་བས་རྒྱས་འདེབས། དེ་ནས་ལུས་ཁོལ་བུར་དྲོད་སྐྱེ་བ་སོགས་ཅུང་ཟད་གོམས་པ་ན། རིམ་གྱིས་རྩ་གསུམ་གྱི་ནང་ཐམས་ཅད་མེས་གང་། དེ་ནས་རྩ་ཕྲན་ཐམས་ཅད་ཀྱང་མེས་ཁེངས་ཏེ་སྡིག་སྒྲིབ་བག་ཆགས་དང་བཅས་པའི་ངོ་བོ་ཁམས་སྙིགས་མ་ཐམས་ཅད་ཆམ་ཆམ་བསྲེགས། དྭངས་མ་བདུད་རྩིར་ཞུ་བ་དང་། སྤྱི་བོའི་ཧཾ་ལ་རེག་པས་བདུད་རྩིའི་རྒྱུན་དངུལ་ཆུ་ལྟ་བུའི་དྭངས་མས་རྩ་ཐམས་ཅད་ཁེངས་ཏེ་བདེ་དྲོད་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམ་ལ་རླུང་བུམ་ཅན་འཛིན། གཉིས་པ་བསྒོམ་པའི་མན་ངག་ལ། རླུང་ལུས་ལ་གནས་པས་བདེ་བ་དང་། སེམས་ལ་ཞུགས་པས་སྟོང་པར་བསྒྲུབ་པའི་རྣལ་འབྱོར་གཉིས་ལས། དང་པོ་ནི། རོ་རྐྱང་གཉིས་མི་དམིགས་པར་བཞག །དབུ་མ་སྦ་ལྕག་འབྲིང་པོ་ཙམ་ཡར་སྣ་སྤྱི་གཙུག་ནས་སྨིན་མཚམས་སུ་གུག་པའི་ནང་དུ། ཆོས་འབྱུང་དམར་སེར་འོད་ཀྱི་རང་བཞིན་ཅན་གྱི་རྩ་བ་ཕྲ་བ་དབུ་མའི་ནང་དུ་ཟུག་པ་ལ་བུག་པ་ཐལ་ལེ་ཡོད་པ། མར་སྣེ་གསང་གནས་ཀྱི་པདྨའི་ནང་དུ་ཧ་རེ་ཡོད་པའི་ནང་ཆོས་འབྱུང་སྔ་མ་ལྟ་བུ་ཞིག་གསལ་གདབ། སྨིན་མཚམས་ཀྱི་ཆོས་འབྱུང་ནང་ཐིག་ལེ་དཀར་ལ་སྔོ་མདངས་ཆགས་པ། འོད་ཁ་དོག་ལྔ་འཕྲོ་བ་སྲན་མ་ཙམ་ཞིག་གསལ་ལ། འོག་རླུང་ཅུང་ཟད་འཐེན། སྟེང་རླུང་ཅུང་ཞིག་རྔུབས་པའི་རྐྱེན་གྱིས་དེ་ལས་འོད་ཁ་དོག་ལྔ་ལྡན་འཕྲོ་བར་བསམ་ལ་སེམས་བཟུང་བས་སྨིན་མཚམས་སུ་ན་ལྷང་ལྷང་བའམ་བདེ་བ་སྐྱེ་བ་སོགས་ཀྱི་རྟགས་བྱུང་ན། ཐིག་ལེ་དེ་བུག་པ་ནས་ཡར་སོང་། སྤྱི་གཙུག་གི་དབུ་མའི་ནང་དུ་རི་རྩེར་སྐར་མ་ཤར་བ་བཞིན་འོད་ཕྲམ་ཕྲམ་དུ་གནས་པར་བསམ་ལ་སེམས་བཟུང་། མཐར་དེ་ལས་བདེ་ཆེན་གྱི་ཐིག་ལེ་ཤེལ་དཀར་བཞུ་བ་ལྟ་བུ་པདྨའི་སྣལ་མ་ཙམ་པ་ཞིག་ནར་གྱིས་བབས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་ཀྱི་དབུ་མའི་ནང་དུ་བབས་པ་ལ་སེམས་བཟུང་བས་ཡས་བབས་ཀྱི་དགའ་བཞིའི་ཡེ་ཤེས་སྐྱེས་པར་བསམ། དེ་ནས་གསང་གནས་ཀྱི་ཆོས་འབྱུང་གི་ནང་ནས་ཀྱང་ཕྱིར་སོར་ཕྱེད་དང་གསུམ་ཉུག་གེ་ཡོད་པ་ལ་སེམས་གཏད། སླར་ཆོས་འབྱུང་གི་བུག་པ་ནས་གྱེན་དུ་བྱུང་སྟེ། ལྟེ་བ་ནས་སྤྱི་བོའི་གཞིར་གནས་ཀྱི་ཐིག་ལེ་ལ་ཐིམ་པའི་བར་གནས་སོ་སོར་སེམས་བཟུང་བས། མས་བརྟན་གྱི་དགའ་བཞི་སྐྱེས་པར་བསམ་ལ་རིག་པ་འཛིན་མེད་དུ་བཞག །གཉིས་པ་ནི། དབུ་མ་ཆོས་འབྱུང་བཅས་སྔར་བཞིན་གསལ་བའམ། ཡང་ན་ཆོས་འབྱུང་མི་དམིགས་པར་བཞག །དབུ་མའི་ཡར་སྣ་སྨིན་མཚམས་དང་། མར་སྣ་གསང་གནས་ཀྱི་མཚམས་སུ་ཐད་བཅད་དུ་ཡོད་པར་བསམ། དེ་ནས་སྨིན་མཚམས་ཀྱི་ཆོས་འབྱུང་གི་ནང་ངམ་དབུ་མའི་ཡར་སྣེར་ཐིག་ལེ་བསྒོམ་པ་དེ་ལ་སེམས་བཟུང་སྟེ་སྤྱི་གཙུག་ཏུ་སྤོ་པའི་བར་སྔར་བཞིན་ལ། སྤྲོ་ན་བདེ་ཆེན་གྱི་ཐིག་ལེ་འབེབས་བཟློག་གི་དམིགས་པ་ཡང་བྱ། གང་ལྟར་ཡང་སྤྱི་བོའི་ཐིག་ལེ་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་པས། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་ཚོན་ལྟ་བུ་བུན་གྱིས་འཕྲོས། དབུ་མའི་ནང་བརྒྱུད་རྩ་ཁམས་གང་ལ་རེག་པ་ཐམས་ཅད་འཇའ་ཚོན་དུ་སོང་། དེ་ནས་ཆེར་འཕྲོས་པས་ལུས་རིལ་པོ། གནས་ཁང་། ལུང་པ། ཡུལ་ཕྱོགས། མཐར་ཁམས་གསུམ་ཐམས་ཅད་འོད་ཁ་དོག་ལྔ་འཇའ་ཚོན་ལྟ་བུ་ཁྲ་ཤིག་ཤིག ན་བུན་ལོང་ལོང་དུ་གྱུར་པར་བསམ་ལ་སེམས་བཟུང་། མཐར་དེ་ཐམས་ཅད་ནམ་མཁའ་ལ་དུ་བ་ཡལ་བ་བཞིན་བདེ་སྟོང་གི་ངང་དུ་མི་དམིགས་པར་བསམ་པའམ། ཡང་ན་དེ་ཐམས་ཅད་རང་གི་ལུས་ལ་ཐིམ། ལུས་སྤྱི་བོའི་ཐིག་ལེ་ལ་ཐིམ། དེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཆོས་ཉིད་ཀྱི་ངང་དུ་ཐིམ་པར་བསམ། སྡུད་རིམ་སྔ་མ་ལྟར་ན། རང་ལུས་ལྷ་སྐུ་རྩ་ཐིག་དང་བཅས་སྐད་ཅིག་གིས་ལམ་གྱིས་གསལ་འདེབས། ཕྱི་མ་ལྟར་ན། ཐོག་མར་རང་གི་སྨིན་མཚམས་ཀྱི་ཐིག་ལེ་དེ་ཁྲ་ཆེམ་གྱིས་གྲུབ། དེ་ནས་རིམ་བཞིན་དུ་ལུས་རྩ་དང་བཅས་པ་གྲུབ་པར་བསམ་ལ་དམིགས་པ་བསྐྱར། དེ་ལྟར་ན་རླུང་ལུས་ལ་གནས་པས་ཁམས་སྙིགས་མ་དངས་མ་དང་། སེམས་ལ་ཞུགས་པས་དངས་མ་འཇའ་ལུས་སུ་བསྒྱུར་པར་བྱེད་པའི་ཐབས་དམ་པ་སྟེ། ཚུལ་འདི་ལ་གོམས་པས་ཅིར་སྣང་བདེ་ཆེན་ཡེ་ཤེས་སུ་འཆར་བ་ན། གསང་བའི་སྤྱོད་པས་བོགས་དབྱུང་ཞིང་། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་། ཕྱག་རྒྱའི་ཉེ་རྒྱུས་མཚམས་སྦྱར་ཏེ་ཚེ་གཅིག་གིས་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པར་འགྱུར་རོ། །གསུམ་པ་ལམ་གྱི་ཡན་ལག་པྲ་སེ་ན་དབབས་པ་སོགས་ནི། དེང་སང་ལག་ལེན་འདེབས་པ་ཉུང་བས་འདིར་མ་བྲིས་ཏེ། རྗེ་བཙུན་ས་སྐྱ་པའི་གསུང་རབ་རྣམས་ལས་ཤེས་པར་བྱ་ཞིང་། འདིར་འཕྲོས་དོན་དུ་བསྙེན་པ་བྱེད་ཚུལ་གྱི་ལག་ལེན་ཅུང་ཟད་བཤད་ན། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྟེན་གྱི་གང་ཟག་ངེས་འབྱུང་དང་སྙིང་རྗེ་ཆེན་པོས་རྒྱུད་སྦྱངས་ཏེ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ། བྱིན་རླབས་ཀྱིས་སྨིན་ཞིང་ཉམས་ཁྲིད་ཟབ་མོ་ཐོབ་པ་ཆགས་མེད་ཀྱི་རྒྱུན་དང་ལྡན་ཞིང་བརྩོན་འགྲུས་ཡལ་བར་མི་འདོར་བས། གནས་དབེན་ཞིང་ཡིད་དང་མཐུན་ལ་རང་དབང་འདུས་པའི་གནས་སུ། མར་ངོའི་ཚེས་བཅུ་ལྟ་བུ་དུས་ཁྱད་པར་ཅན་གྱི་སྔ་དྲོ་གནས་ཁང་ཕྱག་དར་བྱ། རང་ཉིད་ཁ་ནུབ་ཏུ་ཕྱོགས་པའི་མདུན་རྣལ་འབྱོར་མའི་སྐུ་བྲིས་འབུར་གང་རིགས་ཀྱི་མདུན་དུ། གཏོར་མ་ལྔ་ཚར་སོགས་ཇི་ལྟར་རིགས་པ་མཆོད་པ་དང་བཅས་པ་བཤམས། བསྒུལ་བསྐྱོད་མི་དགོས་པའི་མལ་འོག་ཏུ་སྣ་ཚོགས་རྡོ་རྗེ་བྲིས་པའི་སྟེང་འབྲུ་དཀར་དང་ཀུ་ཤའི་ཆུན་པོ་དགྲམ། མདུན་དུ་ནང་མཆོད་རྡོར་དྲིལ། ཌཱ་མ་རུ་སོགས་ཉེར་མཁོའི་ཡོ་བྱད་དང་། མལ་ས་དེ་མིན་པ་ཞིག་ཏུ་རང་འཁོད་པའི་མདུན་གཏོར་མ་ཆ་གསུམ་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་སྟ་གོན་བྱ། གཉིས་པ་ནི། ཕྱི་དྲོའི་ཆ་ལ་བབས་པ་ནས། གྲོགས་དམ་ཚིག་པ་དང་བཅས་ཏེ་ཆ་གསུམ་ཡིད་ཆེས་པ་བཏང་པའམ། སྔོན་འགྲོ་གཏོར་མ་དཀྱིལ་ཆོག་ནས་འབྱུང་བ་བཞིན་ལ། མི་འདྲ་བའི་ཁྱད་པར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་སྒྲུབ་ཟབ་མོ་བགྱིད་པར་འཚལ་ན། ཞེས་དང་། བསྙེན་སྒྲུབ་ཀྱི་བྱ་བ་མཐར་མ་ཕྱིན་པར་ཞེས་བསྒྱུར། གཏོར་མ་ཕྱིར་དོར་བའི་ཚེ། མདུན་མཁར་བླ་མ་ཡི་དམ་འཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མངོན་སུམ་བཞིན་དུ་བཞུགས་པར་མོས་ཏེ། བདེན་སྟོབས་བརྗོད་པས་དེ་རྣམས་ཀྱི་སྐུ་ལས་རྡོ་རྗེ་ཁྲོ་བོ་དང་མེ་དཔུང་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་སྤྲོས། ཡུངས་ཀར་ཀྱང་འབྲུ་རེ་རེ་ནས་སྤྲུལ་པའི་ཕོ་ཉ་སྲིན་པོ་ཁྲོས་པ་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར་ཏེ་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད། བསད་བཅད་བཏུབ་ཅིང་ཆོས་དབྱིངས་སུ་ཐིམ། སྤྲུལ་པའི་ཁྲོ་བོའི་ཚོགས་རྣམས་ཚུར་འདུས་ཏེ་སྲུང་བའི་གུར་དུ་གྱུར་པར་བསམ་ལ། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། མཚམས་གཡོག་དང་སྨན་པ་སོགས་དམིགས་ཁོང་དུ་བཅུག་དགོས་པ་རྣམས་ཀྱང་འཇུག །སྤྲོ་ན་ཤེར་སྙིང་བདུད་བཟློག་དང་བཅས་པའང་བྱ། དེ་ནས་སྒོ་ཡི་ཕྱི་རོལ་དུ་ཐོ་དཀར་པོ་བཙུགས་ལ། རང་ཉིད་གྲོགས་དང་བཅས་རྡོར་དྲིལ་ཡུངས་ཀར་སྤོས་སོགས་ཐོགས་ལ། རྒྱས་པར་རྨོར་ཆེན་གྱིས་མཛད་པའི་ཐོ་འཛུགས་ལྟར་བྱ། ངོར་ལུགས་ལ་ཆ་གསུམ་ཙམ་ལས་གཞན་མི་མཛད། མཆན། དེ་ཙམ་མི་ནུས་ཀྱང་། ཐོ་འཇམ་མགོན་ཀུན་བློའི་གསུངས། མཆན། སུམྦྷ་ནི་སོགས་བརྗོད་ཅིང་ཡུངས་ཀར་གྱིས་བྲབས། གུ་གུལ་བདུག །མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ། ཡེདྷརྨཱ་ཚར་གསུམ། ཕྱོགས་བཅུ་ན་བཞུགས་པའི་སོགས་བརྟན་བཞུགས་སྤྱི་ལྟར་ལ། བྱེ་བྲག་ཏུ་ཐོ་འདི་ལ་རྒྱལ་ཆེན་བཞི་འཁོར་དང་བཅས་པ་བརྟན་པར་བཞུགས་ནས་བདག་གི་བསྙེན་སྒྲུབ་མཐར་མ་ཕྱིན་གྱི་བར་དུ། ཕྱིའི་བར་ཆད་ནང་དུ་མི་གཏོང་ཞིང་། ནང་གི་དངོས་གྲུབ་ཕྱིར་མི་ཡལ་བར་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། སུ་པྲ་ཏིཥྛ་དང་། ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར། བཀྲ་ཤིས་བརྗོད། ནང་དུ་ལོག་ལ་རང་ཉིད་མལ་དུ་འཁོད། ངེས་འབྱུང་དང་བྱང་སེམས་གསལ་གདབ་ལ། བརྒྱུད་པའི་བླ་མ་དང་། རྩ་བའི་བླ་མའི་སྐུ་བསྟོད་མོས་གུས་ཤུག་དྲག་པོས་བྱས། དེ་ནས་གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས། སྐྱབས་འགྲོ་ནས་བསམ་མི་ཁྱབ་པའི་བར་ཚར་ལུགས་ལྟར་ན་གནས་གསར་རྡོ་རྗེ་འཆང་དང་། ངོར་ལུགས་ལྟར་ན་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་དཀྱུས་ནས་འབྱུང་བ་ལྟར་ཉམས་སུ་བླངས་རྗེས་ཐུན་མཚམས་ཀྱི་ལྷར་ལྡང་ཞིང་གཏོར་མ་འབུལ། གོ་ཆ་བཀོད་ཅིང་བསྲུང་བ་དང་བསྔོ་སྨོན་རྒྱས་པར་བྱ། གོང་གི་ཡིག་ཆ་དེ་གཉིས་མ་འབྱོར་ན་སྔོན་དུ་ཁོ་བོས་བཤད་པའི་སྒྲུབ་ཐབས་འདི་ཁོ་ན་ལྟར་ཉམས་སུ་བླངས་ཀྱང་རུང་ངོ་། །སླར་སྲོད་ཐུན་སྐྱབས་འགྲོ་ནས་བསྡུ་རིམ་པར་དཀྱུས་ལྟར་ལ། ཉལ་བའི་རྣལ་འབྱོར་གྱིས་ཉལ། སང་ནངས་པར་ལྡང་སྟེ་བདུད་རྩི་མྱོང་བ་དང་། སྐྱབས་འགྲོ་སོགས་དཀྱུས་ལྟར། ཉི་མ་ཤར་ཙམ་གྱི་ཚེ་ཐུན་གྲོལ། གཏོར་མ་བརྒྱ་རྩ་དང་ཚེ་སྒྲུབ་སོགས་བྱེད་ན་སྐབས་འདིར་བྱ། དེ་ནས་ཐུན་ཚུགས་ལ་ཉིན་ཕྱེད་མ་ཟིན་ཙམ་ལ་གྲོལ། ཁ་ཟས་ཀྱི་རྣལ་འབྱོར་དང་། ཕྱག་བསྐོར་མདོ་འདོན་པ་སོགས་དགེ་བའི་བྱ་བ་ཅི་འགྲུབ་བྱ་ཞིང་ཅུང་ཟད་ངལ་གསོ། །དེ་ནས་གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས་ཐུན་ལ་ཞུགས། ཉི་མ་ནུབ་ལ་ཉེ་བ་ན་གྲོལ་ནས་གཏོར་མའི་རྣལ་འབྱོར་རྒྱས་པར་བྱ། སྤྱིར་གྲུབ་ན་ཐུན་སྔ་མ་གཉིས་ཀྱི་མཇུག་ཏུའང་གཏོར་བསྔོ་བྱ་བར་གསུངས། བིར་སྲུང་དང་བྲག་རྫོང་མ་སོགས་སྲུང་འཁོར་གྱི་རིགས་ཡོད་ན་ཉམས་སུ་བླངས། དེ་ནས་སྲོད་ཐུན་ལ་འཇུག་ཅིང་། ནམ་གུང་མ་ཟིན་ཙམ་ལ་གྲོལ་ནས་ཉལ་བའི་རྣལ་འབྱོར་སོགས་སྔར་བཞིན་བྱ་སྟེ། དེ་ལྟར་ཐུན་བཞིའི་སྤྱིར་ཚར་ལུགས་ལ་ཐུན་བཞི་དང་། ངོར་ལུགས་ལ་ཐུན་གསུམ་མཛད་ཀྱང་། སྐབས་འདིར་རྗེ་རྡོ་རྗེ་འཆང་གིས་ཀྱང་། ཐུན་བཞི་བསྒོམ་ཞིང་གུས་པས་གསོལ་བཏབ་པས། ཞེས་གསུངས་པས་ཐུན་བཞི་ཁོ་ན་ལེགས་སོ། །མཆན། ཚུལ་གྱིས་ཐོག་མར་ཐུན་རྣམས་ལ་སྔོན་འགྲོ། སྐྱབས་འགྲོ། རྡོར་སེམས། མཎྜལ་རྣམས་རིམ་པ་གཙོ་བོར་བྱས་ཏེ། རབ་འབུམ་ཐེར་དང་། དེ་མིན་ཀྱང་མཚམས་ཀྱི་དངོས་གཞི་ཡུན་རིང་ཐུང་ལ་ལྟོས་ཏེ་ཞག་གསུམ། བདུན་སོགས་ཇི་ལྟར་འོས་པ་བྱ། དངོས་གཞིར་གཙོ་བོ་ངག་བཟླས་དང་། ཐུན་མཇུག་ཏུ་ཡིད་བཟླས། ཞར་བྱུང་གི་རྫོགས་རིམ་མཁའ་སྤྱོད་སྒྲུབ་པའི་ལམ་ཁྱད་པར་ཅན་བསམ་མི་ཁྱབ་ཐུན་མིན་རྣམས་མ་ཆགས་པར་བྱ། གཞན་འཕོ་བ་དང་། རྩ་དབུ་མའི་རྣལ་འབྱོར་སོགས་ཀྱང་ཇི་ལྟར་རིགས་པར་བསྒོམ། ལམ་དུས་ནི་ཐོར་ཐུན་གྲོལ་ནས་སྔ་ཐུན་མཚུགས་པའི་བར་བྱ་ཞིང་། དེ་མིན་ཁ་འདོན་ཆུང་ངུའི་རིགས་རྣམས་ཐུན་མཚམས་གང་རུང་ལ་མ་ཆགས་ཙམ་བྱ། ཐུན་ལ་ཞུགས་ནས་མ་གྲོལ་བར་ཇ་སོགས་བཞེས་ཀྱང་ངག་མཚམས་དམ་པར་བཅད། ཐོག་མར་ཁོག་གྲིམ་ལ་སོས་དལ་བ། བར་དུ་སྒོ་གསུམ་འཇུག་པ་ཆིག་བསྒྲིལ། མཐར་ཇེ་ལྷོད་ལ་བཏང་ནས་མཚམས་དང་ཞེ་མ་འགྲས་པར་བསླབ། བཟླས་པ་འགྲོ་ཆེ་བ་དང་ཉམས་དང་རྨི་ལམ་གསལ་བ་སོགས་བཟང་རྟགས་དང་། བཟླས་པ་འགྲོ་བ་བུལ་ཞིང་ནད་གདོན་སོགས་རྐྱེན་ངན་གང་བྱུང་ཡང་རེ་དོགས་ཀྱི་རྣམ་རྟོག་ཚབ་ཚུབ་མི་བྱ་བར་བློ་བླ་མ་དང་དཀོན་མཆོག་ལ་གཏད་ནས་ལྷོད་ཀྱིས་གློད། དམ་བཅའ་ཡལ་བར་མི་འདོར་བའི་སྙིང་རུས་བསྐྱེད། རིག་པ་བརྗོད་མེད་དུ་ཆམ་མེར་བཞག་པས་གེགས་ཐམས་ཅད་རང་གྲོལ་དུ་འགྲོ། བཟླས་པའི་ཐོག་མར། ཐོད་པའམ་བོ་དྷི་ཙིའི་ཕྲེང་བ་བརྒྱ་རྩ་བརྒྱད་ལ། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཾ་སརྦ་བུདྡྷ་མ་ཡཾ་བྷ་བེ་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱཿཁཾ་སྭཱ་ཧཱ། ལན་གསུམ་བཟླས་པའི་ཁ་རླངས་ཕྲེང་བར་ཕོག་པར་བྱས་ཏེ་བྱིན་གྱིས་བརླབས། དངོས་གཞིའི་བཟླས་དམིགས་ནི་གཙོ་བོ་སྔར་བཤད་པ་བཞིན་དང་། དམིགས་པ་གཅིག་ཁོ་ནས་སྐྱོ་ན། རེས་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་གསལ་ལམ་མེ་བ་ལ་སེམས་གཏད། རེས་སྐུ་ཡི་ཆ་ཤས་རེ་རེ་ནས་སེམས་འཛིན། རེས་སྔགས་ཀྱི་ཡིག་འབྲུ་དང་སྒྲ་ཙམ་ལ་སེམས་བཟུང་། རེས་གནས་ལུགས་བརྗོད་བྲལ་གྱི་ངང་དུ་ངལ་གསོ། རེས་འོད་ཟེར་གྱི་རྩེ་ལས་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་དང་། རེས་སྣོད་བཅུད་ཐམས་ཅད་ལྷར་གསལ་བ་དང་། དེ་ཐམས་ཅད་ཀྱིས་ཀྱང་ཨོཾ་གསུམ་མའི་སྒྲ་འུར་དིར་གྱིས་སྒྲོགས་པར་བསམ་ལ་བཟླ་བ་སོགས་དམིགས་པའི་རྩལ་སྦྱང་བས་གཅིག་གྲོགས་གཅིག་གིས་བྱས་ཏེ་རྣལ་འབྱོར་ལ་བོགས་ཐོན་པར་འགྱུར་ཞིང་། མདོར་ན་སེམས་མ་ཡེངས་པའི་ངང་དུ་བཟླས་བ་བྱ་བ་ནི་ཤིན་ཏུ་གལ་ཆེའོ། །བཟླས་པའི་གྲངས་ནི། གཞིའི་བསྙེན་པར་འབུམ་ཕྲག་བཞི། ཁྲི་ཕྲག་བཞི། སྟོང་ཕྲག་བཞི། བརྒྱ་ཕྲག་བཞི་རྣམས་ཀྱིས་དོན་འགྲུབ་པར་གསུངས་ལ། འབྲུ་འབུམ་བྱེད་ན་འབུམ་ཕྲག་སོ་བདུན་མཛད་པ་ཕྱག་ལེན་ནོ། །དེ་ཡང་སྒྲུབ་པ་པོ་ནམ་འཆི་ཆ་མེད། འཁོར་བ་ལ་ངེས་འབྱུང་། སེམས་ཅན་ལ་སྙིང་རྗེ། བླ་མ་ལ་མོས་གུས་རྣམས་ལམ་གྱི་སྲོག་ཏུ་བཟུང་། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གཅེས་སྤྲས་སུ་བྱས་ནས་རྩེ་གཅིག་ཏུ་བསྙེན་ན་དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པ་ནི། རྒྱུད་སྡེའི་བཞུགས་ཚུལ། བསྒོམ་བྱའི་ལྷ། བཟླ་བྱའི་སྔགས། ཟབ་མོའི་རྫོགས་རིམ་རྣམས་ཀྱི་སྒོ་ནས་གཞན་ལས་ཆེས་ཁྱད་དུ་འཕགས་པའི་དབང་གིས་ཏེ། དེ་ཡང་རྒྱུད་སྡེའི་བཞུགས་ཚུལ་གྱི་དབང་དུ་བྱས་ན། རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་པ་ནི་རྣལ་འབྱོར་གསང་མཐའི་རྒྱུད་ཡིན་ལ། དེ་ལའང་ལཱུ་ནག་དྲིལ་གསུམ་རྣལ་འབྱོར་མ་དང་བཞི་ལས། ཕྱི་མ་འདི་ཁོ་ན་མཆོག་ཏུ་ཟབ་པའི་ཕྱིར་ཡང་རྩེ་ནཱ་རོ་མཁའ་སྤྱོད་ཅེས་གྲགས་སོ། །བསྒོམ་བྱའི་ལྷ་ཡི་དབང་དུ་བྱས་ན། རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པས་མཚོན། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་ནི། མཁའ་འགྲོ་མ་བྱེ་བ་ཕྲག་ཕྱེད་དང་བཞི་འདུས། དེ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། དེ་བདུན་ཅུ་རྩ་བདུན་དུ། དེ་སོ་བདུན་དུ། དེ་ཉི་ཤུ་རྩ་བཞིར། དེ་ཡང་བརྒྱད། དེའང་རྡོ་རྗེ་རྣལ་འབྱོར་མ་འདི་ཁོ་ན་ལ་འདུ་བའི་ཕྱིར། འདི་བསྒོམ་པས་དཔའ་བོ་མཁའ་འགྲོ་ཇི་སྙེད་ཐམས་ཅད་བསྒོམ་པར་འགྱུར་བ་ཉིད་དོ། །བཟླ་བྱའི་སྔགས་ཀྱི་དབང་དུ་བྱས་ན། གསང་སྔགས་ཨོཾ་གསུམ་མ་འདི་ཉིད་ཕག་མོ་སོ་བདུན་མའི་དཀྱིལ་འཁོར་གྱི་ལྷ་ཉིད་ཡི་གེའི་གཟུགས་སུ་ཤར་བ་ཡིན་ཅིང་། དེ་ལས་འཕྲོས་ཏེ་སྔར་སྨོས་པ་བཞིན་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པར་ཤར་བའི་ཕྱིར་ན། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ངོ་བོ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་སྔགས་ཐམས་ཅད་འདུས་པར་བཤད་པས་དེ་ཐམས་ཅད་ཀྱི་བྱིན་རླབས་ཞུགས་པར་འགྱུར་བ་དང་། དམ་ཚིག་དང་ལྡན་པའི་སྔགས་པས་བཀླགས་པ་ཙམ་གྱིས་དོན་ཐམས་ཅད་གྲུབ་པའི་ཕྱིར། བདེ་མཆོག་རྩ་རྒྱུད་ལས། འདི་ལས་ཤིན་ཏུ་མཆོག་གྱུར་པ། །འཇིག་རྟེན་གསུམ་ན་ཅི་ཡང་མེད། །སོགས་ནས། བཀླག་པས་འདི་དག་ཐམས་ཅད་འགྲུབ། །ཞེས་སོགས་རྡོ་རྗེ་འཆང་རང་ཉིད་ཀྱིས་རྒྱ་ཆེར་བསྔགས་པ་མཛད་དོ། །རྫོགས་རིམ་གྱི་དབང་དུ་བྱས་ན། རྩ་རླུང་ཐིག་ལེ་ཐམས་ཅད་དབུ་མ་ཡེ་ཤེས་ཀྱི་རླུང་ཐིག་ལེ་དང་བཅས་པ་འབའ་ཞིག་ལ་འདུས་པས། འདི་ཁོ་ནར་གནད་དུ་བསྣུན་པས་གཞན་ཐམས་ཅད་ཤུགས་ཀྱིས་འབྱོངས་ཞིང་དངོས་གྲུབ་མྱུར་བའི་ཟབ་གནད་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ལམ་ཟབ་མོ་འདི་ལ་བརྟེན་ནས་འཕགས་བོད་དུ་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་ཞིག་འཇའ་ལུས་མཁའ་སྤྱོད་ཀྱི་གོ་འཕང་མངོན་དུ་མཛད་པའི་ཚུལ་ལ་དྲན་པས་ཉེ་བར་བཞག་སྟེ། བདག་ལེགས་སུ་འདོད་པའི་སྐལ་བཟང་རྣམས་ཀྱིས་ཚུལ་འདི་ཁོ་ནར་ཉམས་ལེན་གྱི་སྙིང་པོར་དྲིལ་བར་བྱའོ། །གསུམ་པ་ནི། བསྙེན་པའི་གྲངས་ཐེབས་པ་དང་གྲུབ་ན་ཞག་གསུམ་གྱི་བར་ཕྱི་རོལ་མཆོད་པ་བྱ། གནས་དེ་ཉིད་དམ་ཕྱི་རོལ་གཞན་གྱིས་མི་མཐོང་བའི་སར་ཁ་སྐོང་གི་སྦྱིན་སྲེག །ལྷ་སྔགས་ཨོཾ་གསུམ་མ་དང་རྫས་ཏིལ་འབའ་ཞིག་ལ་གྲངས་བཟུང་ནས་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆ་འབུལ། དེ་ནས་གཟའ་སྐར་བཟང་བའི་ཐོར་ཐུན་གྱི་མཇུག་ཏུ་གཏོར་བསྔོ་རྒྱས་པར་བྱ་ཞིང་གཏོར་མ་འབུལ། སྒོ་དྲུང་གི་རྒྱལ་ཆེན་ལ་གཏང་རག་དང་། གཤེགས་གསོལ་བྱ། དེ་ནས་གྲོགས་དམ་ཚིག་དང་ལྡན་པ་རྣམས་དང་རིམ་གྱིས་འཕྲད་པ་སོགས་བྱའོ། །དེ་དག་གི་གནས་སྐབས་ཐམས་ཅད་དུ་རྒྱས་འདེབས་པར་བྱེད་པ་ཆོས་ཉིད་དངོས་སུ་སྟོན་པའི་ཉམས་ལེན་གྱི་གནད་ཅུང་ཟད་བཤད་ན། ཚར་ཆེན་རྡོ་རྗེ་འཆང་ཆེན་པོས། སྐྱེ་འགགས་གནས་གསུམ་བྲལ་བ་གདོད་མའི་གཤིས། །ཞེས་སོགས་གསུངས་པའི་དོན། འཁོར་འདས་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་ཁོ་ནའི་རྣམ་འཕྲུལ་ལས་དོན་ལོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་། སེམས་དེ་ལ་ཡང་ཁ་ནང་དུ་ལྡོག་ནས་ཆེར་གྱིས་བལྟས་པས། དང་པོར་སྐྱེ་བའི་རྒྱུས་སྟོང་། བར་དུ་གནས་པའི་ངོ་བོས་སྟོང་། མཐར་འགགས་པའི་འབྲས་བུས་སྟོང་པས་ན་གདོད་མ་ནས་རང་ཆས་སུ་གནས་པའི་གཤིས་ལུགས་ངོ་བོ་སྟོང་པ། མཚན་ཉིད་གསལ་བ་དེ་གཉིས་དབྱེར་མེད་པའི་ཟུང་འཇུག །ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བའི་བློ་འདས་ཀྱི་རིག་པ་སྐད་ཅིག་མ་འདི་ཀ་དོན་དམ་ལྷན་ཅིག་སྐྱེས་པའི་རྡོ་རྗེ་རྣལ་འབྱོར་མར་རང་ངོ་འཕྲོད་ནས་ཐག་བཅད་ངེས་ཤེས་བསྐྱེད། འཛིན་པ་མ་ཞུགས་པར་བྱས་ཏེ་ཉམས་ལེན་གྱི་རྒྱུན་སྐྱོང་། རྣམ་རྟོག་གང་སྐྱེས་ཀྱང་དེ་ཀ་རང་གི་སྟེང་དུ་བཟོ་བཅོས་མ་བྱས་པར་ཀློད་ནས་སེམས་ལ་སེམས་ཀྱིས་བལྟ་བའི་ཚུལ་གྱིས་མ་ཡེངས་ཙམ་དུ་བཞག་པས་རྟོག་པ་ཁོ་རང་གསལ་སྟོང་ཟུང་འཇུག་ཏུ་རྗེན་ལྷང་གིས་འཆར་བ་ཞིག་ཡོང་། དེས་མཚོན་ཏེ་བསྐྱེད་རྫོགས་བསྒོམ་པ་ལ་སོགས་མཉམ་བཞག་དང་རྗེས་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཉམས་ལེན་དང་མ་བྲལ་བ་གལ་ཆེ་སྟེ། དེའི་ཚུལ་ཡང་། བླ་མ་ས་སྐྱ་པ་ཆེན་པོས། བསྐྱེད་རིམ་རྟོག་པ་ཡིན་མོད་ཀྱང་། །རྟོག་པའི་ངོ་བོ་སེམས་ཡིན་ཏེ། །སེམས་ཀྱི་མཚན་ཉིད་གསལ་རིག་ཡིན། །གསལ་རིག་རང་བཞིན་སྟོང་པ་ཉིད། །སྟོང་པ་གདོད་ནས་ཆོས་ཀྱི་དབྱིངས། །འཁྲུལ་པ་ཆོས་ཀྱི་དབྱིངས་ཉིད་དུ། །ཤེས་པས་རྟོག་པ་ཐམས་ཅད་ཀྱང་། །ཇི་ལྟར་བསྒོམ་ཀྱང་མི་རྟོག་ཉིད། །བཙལ་ཡང་འཁྲུལ་བ་ག་ལ་སྲིད། །ཅེས་གསུངས་པ་ལྟར། སེམས་ཀྱི་གཤིས་ལུགས་བརྗོད་བྲལ་གྱི་ངང་ནས། གདངས་བདེ་ཆེན་དུ་མ་འགགས་པའི་རང་རྩལ་ལྷ་དང་གཞལ་ཡས་ཁང་སོགས་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྣང་སྟོང་ཟུང་འཇུག་ཆེན་པོའི་ལམ་ལ་བསླབས་པས་བསྐྱེད་རྫོགས་དབྱེར་མེད་དང་ཅིར་སྣང་ཡེ་ཤེས་སུ་འཆར་བའི་དོན་ལ་རིམ་གྱིས་དབང་འབྱོར་བར་འགྱུར་རོ། །དེ་ལྟར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལམ་གྱི་རིམ་པ་ཟབ་མོ་འདི་ལ། སྤྱིར་འཕགས་བོད་ཀྱི་མཁས་གྲུབ་དུ་མས་བཀྲལ་བའི་གཞུང་དང་། ཁྱད་པར་རང་ལུགས་ཉམས་ལེན་སྙིང་པོར་དྲིལ་བའི་དབང་དུ་བྱས་ན། ངག་འདོན་ཐུན་མོང་ཙམ་དུ་ཚར་ཆེན་དང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཐུན་མོང་མ་ཡིན་པར་གནས་གསར་རྡོ་རྗེ་འཆང་གི་སྒྲུབ་ཐབས་ནག་འགྲོས་མ་དང་། དེ་དག་གི་གོ་དོན་འཇམ་དབྱངས་མཁྱེན་བརྩེའི་ཁྲིད་ཡིག་ཆེན་མོ་ལ་གཞི་བྱས། འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་རྣམ་བཤད་དང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་པའི་བླ་མའི་རྣལ་འབྱོར་སོགས་ཡིག་ཆུང་། ཚར་ཆེན་རིན་པོ་ཆེས་མཛད་པའི་ལུས་དཀྱིལ། བསམ་མི་ཁྱབ་ཐུན་མིན། འཕོ་བ་རྣམས་ཀྱི་ཡིག་ཆུང་གིས་བརྒྱན་པ་དང་། ཞལ་ཤེས་ཀྱི་གནད་འགའ་ཞིག་ཞི་བཟང་འཕགས་པ་དགེ་ལེགས་རྒྱལ་མཚན་གྱིས་གནས་གསར་བའི་གསུང་ཇི་ལྟ་བ་བཞིན་ཟིན་བྲིས་སུ་མཛད་པ་རྣམས་སུ་མི་གསལ་བ་གང་ཡང་མ་མཆིས་ཤིང་། དེ་མཚུངས་ཚེས་བཅུའི་མཆོད་པ་དང་། ཞི་བའི་སྦྱིན་སྲེག་གནས་གསར་བ་དང་། བསྙེན་ཡིག་རྨོར་ཆེན་དང་། མཁས་གྲུབ་སངས་རྒྱས་རྒྱ་མཚོས་མཛད་པས་མཚོན་བྱིན་རླབས་དང་ལེགས་བཤད་རྨད་དུ་བྱུང་བ་གླེགས་བམ་དུ་ལོངས་པ་དུ་མ་ཡོད་བཞིན་དུ། འདི་ལྟ་བུ་འབྲི་བ་ལ་དགོས་པ་གང་ཡང་མ་མཆིས་མོད། འོད་ཀྱང་ཟབ་ཆོས་འདི་ཉིད་ཁྱབ་བརྡལ་དུ་དར་ཆེས་བས། གྲུབ་མཐའ་གཞན་གྱི་ཕྱོགས་སུ་གང་གི་དཔེ་དེ་རྣམས་ཐམས་ཅད་རྙེད་དཀའ་བ་དང་། རང་རེའི་རྗེས་འབྲངས་འགའ་ཞིག་ཀྱང་དཔེ་མང་ཀློག་པའི་ངལ་བ་མི་ནུས་ཤིང་། བློ་གྲོས་དམན་པས་ཡིག་ཆ་ཕན་ཚུན་གུང་བསྒྲིགས་མི་ཤེས་པ་སོགས་དང་། སྤྲོས་པ་ཆུང་བས་ཚེས་བཅུའི་མཆོད་པ་སོགས་རྒྱས་པར་མི་ནུས་པ་རྣམས་ལ་ཕན་པའི་བསམ་པ་ཁོ་ནས་ངག་འདོན་དང་དམིགས་རིམ་མདོར་བསྡུས་དཀྱུས་གཅིག་ཏུ་བཀོད་པ་ལ་མཁས་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི། །བསྐྱེད་དང་རྫོགས་པའི་ཚུལ་འདི་ལ། །བརྟེན་ནས་འགྲོ་ཀུན་མཁའ་སྤྱོད་གྲོང་། །བགྲོད་པའི་གསང་ལམ་ཉིད་གྱུར་ཅིག །ཅེས་པའང་ལམ་འདི་ལ་མོས་པའི་དགེ་སློང་གུ་ཎ་ལཀྵྨིས་ཚེས་བཅུའི་མཆོད་པ་མདོར་བསྡུས་པ་ཞིག་དགོས་ཞེས་ཆེད་དུ་བསྐུལ་བས་མཚམས་སྦྱར་ཏེ། དོན་གཉེར་བློ་གྲོས་དམན་པ་གཞན་ལའང་ཕན་པའི་བསམ་པས་བསྐྱེད་རྫོགས་ཡན་ལག་དང་བཅས་པ་ཉུང་གསལ་སྙིང་པོར་དྲིལ་བ་འདི་ནི། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་རྣམས་ཀྱི་བཀའ་དྲིན་ལས་ཚུལ་འདིའི་སྨིན་གྲོལ་གྱི་བདུད་རྩི་མང་དུ་ཐོས་པའི་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱི་ཞལ་ལུང་དྲི་མ་མེད་པ་ལ་ཉེ་བར་བཏུས་ཏེ་སྦྱར་བའི་དགེ་ལེགས་ཀྱི་སྣང་བས་ཕན་བདེའི་པདྨོ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །། ༈ }} | ||
༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་མདོར་བསྡུས་པ་མཁའ་སྤྱོད་བགྲོད་པའི་གསང་ལམ་ཞེས་བྱ་བ་བཞུགས་སོ། །བླ་མ་རྡོ་རྗེ་རྣལ་འབྱོར་མར། །བཏུད་ནས་དེ་ཡི་རིམ་གཉིས་ཚུལ། །མདོར་བསྡུས་མཁའ་སྤྱོད་རྡོ་རྗེའི་གྲོང་། །བགྲོད་པའི་གསང་ལམ་འདིར་གསལ་བྱ། །དེ་ལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། འདི་ཉིད་ཀྱི་བྱིན་རླབས་ཉམས་ཁྲིད་དང་བཅས་པ་ལེགས་པར་ཐོབ་ཅིང་། དམ་ཚིག་དང་སྡོམ་པར་ལྡན་པའི་གང་ཟག་གིས་ཉམས་སུ་བླང་བྱའི་ལམ་ནི། བསྐྱེད་པའི་རིམ་པ་ཕག་མོ་མཁའ་སྤྱོད། རྫོགས་པའི་རིམ་པ་རྩ་དབུ་མ། ལམ་གྱི་ཡན་ལག་པྲ་སེ་ནཱ་དབབས་པ། སྨན་ཆེན་མོ་བཅུད་ལེན། གནོད་སྦྱིན་མོ་དབང་དུ་བྱ་བ་རྣམས་སུ་བཤད་པ་ལས། དང་པོ་ནི། རྗེ་ས་སྐྱ་པ་ཆེན་པོའི་ཞལ་ནས། ཉལ་དང་ལྡང་དང་བདུད་རྩི་མྱང་། །ཚད་མེད་བླ་མ་བདག་ལྷར་བསྐྱེད། །འགྲོ་བ་དག་པའི་རྣལ་འབྱོར་དང་། །དཔའ་བོ་དཔའ་མོས་བྱིན་གྱིས་རླབས། །ངག་བཟླས་ཡིད་བཟླས་གཉིས་གཅིག་ཡིན། །བསམ་མི་ཁྱབ་པའི་རྣལ་འབྱོར་དང་། །སྤྱོད་ལམ་གྱི་ནི་རྣལ་འབྱོར་ཏེ། །དེ་ལྟར་རྣལ་འབྱོར་བཅུ་གཅིག་གོ །ཞེས་གསུངས་པ་འདིར་འདུ་བ་ལས། དང་པོ་ཉལ་བའི་རྣལ་འབྱོར་ནི། ནུབ་མོ་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་གྱིས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཉལ་པའམ། སྟོང་ཉིད་དེའི་ངང་ལས་ཐུན་མཚམས་ཀྱི་ལྷར་ལྡང་སྟེ། གནས་ཁང་ཆོས་འབྱུང་དམར་པོ་འོད་ཀྱི་རང་བཞིན་ཅན་གྱི་ནང་དུ། རང་ཉིད་སེང་གེའི་ཁྲི་ལ་འཁོད་པའི་སྔས་མགོར་སེང་ཁྲི་པད་ཟླའི་སྟེང་དུ། རྩ་བའི་བླ་མ་རྡོ་རྗེ་ཆོས་ཀྱི་རྣམ་པར་བཞུགས་པ་ལ་མོས་གུས་དུང་ངེ་བ་དང་། ལྷ་ཡི་གསལ་སྣང་མ་བྲལ་བའི་ངང་ནས་གཉིད་ལོག །གཉིས་པ་ལྡང་བའི་རྣལ་འབྱོར་ནི། ཐོ་རངས་ནམ་གྱི་བརྒྱད་ཆ་ཙམ་ལོན་པ་ན། ནམ་མཁའ་ནས་མཁའ་སྤྱོད་ཀྱི་དཔའ་བོ་དང་རྣལ་འབྱོར་མས་ཌཱ་མ་རུའི་སྒྲ་ཨོཾ་གསུམ་མའི་གདངས་སུ་བསྒྲགས་པས་བསྐུལ་ཏེ། འོད་གསལ་སྟོང་ཉིད་དེའི་ངང་ལས་ཆུ་ལས་ཉ་འཕར་བ་ལྟར་ཐུན་མཚམས་ཀྱི་ལྷར་ལྡང་བའམ། ཉལ་ལུགས་ཕྱི་མ་ལྟར་ན། རང་དང་བླ་མ་གནས་ཁང་སོགས་ཅིར་སྣང་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་གསལ་བཞིན་པའི་ངང་ནས་ལྡང་ལ། སྔས་མགོའི་བླ་མ་ལ་མོས་གུས་བྱས་པས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམ་མོ། །གསུམ་པ་བདུད་རྩི་མྱོང་བའི་རྣལ་འབྱོར་ནི། བདུད་རྩི་རིལ་བུ་དངོས་སུ་འབྱོར་ན་དང་། མ་འབྱོར་ན་བྱིན་གྱིས་བརླབ་པའི་ནང་མཆོད་སྲིན་ལག་གིས་བླངས་ཏེ། ཨོཾ་ཨཱཿཧཱུྃ་གིས་མྱོང་བས་སྙིང་གའི་བྃ་ཡིག་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མཆོད་པར་བསམ། བཞི་པ་ཚད་མེད་པའི་རྣལ་འབྱོར་ནི། ཐོག་མར་ཐ་མལ་གྱི་སྣང་བ་ཐམས་ཅད་དབྱིངས་སུ་ཐིམ་པ་ལས་གནས་ཡུལ་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་ངང་། རང་གི་སྨིན་མཚམས་ཀྱི་ཐད་ཁྲུ་གང་ཙམ་གྱིས་མཐོ་བའི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས། སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས། ཡོན་ཏན་ནོར་ལྷ། ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་འདུས་པའི་ངོ་བོར་གསལ་བཏབ། དེའི་མདུན་དུ་རང་ཉིད། རང་གི་གཡས་གཡོན་དུ་ཕ་མ། མདུན་དུ་གནོད་བྱེད། མཐར་སྐོར་ཀུན་ཏུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁོད་དེ། འདུན་པ་ཕྱོགས་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ངེས་འབྱུང་དང་སྙིང་རྗེ་ཆེན་པོའི་ཤུགས་དྲག་ཏུ་བསྐྱེད་བཞིན་པའི་ངང་། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས༴ འཕགས་པའི་དགེ་འདུན་རྣམས༴ ཞེས་ཅི་ནུས་དང་། མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་གསོལ་བ་བཏབ་པས། གདན་སེང་ཁྲི་ནས་ཡར་འོད་དུ་ཞུ། དབུའི་གཙུག་ཏོར་ནས་མར་འོད་དུ་ཞུ་སྟེ། ཐུགས་ཀའི་ཐད་དུ་འོད་དམར་པོའི་རྣམ་པར་གྱུར་པ་རང་གི་སྨིན་མཚམས་ནས་ཐིམ་པས། རང་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམ་ལ་རིག་པ་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག །དེ་ནས་ཚད་མེད་དངོས་ནི། བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱ། དེའི་ཆེད་དུ་རྡོ་རྗེ་རྣལ་འབྱོར་མའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་པའི་དོན་དྲན་བཞིན་པས་ལན་གསུམ་བརྗོད། སྤྲོ་ཞིང་ནུས་ན་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱང་སྟོབས་བཞི་ཚང་བའི་དམིགས་གནད་དང་མ་བྲལ་བའི་སྒོ་ནས་མ་རྒྱུད་སྤྱི་ལྟར་བྱ། ལྔ་པ་བླ་མའི་རྣལ་འབྱོར་ལ། ཐུན་མོང་བ་ནི། རང་གི་མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ། རྩ་བའི་བླ་མ་དཔའ་བོ་རྡོ་རྗེ་ཆོས་སྐུ་མདོག་དམར་པོ། །ཕྱག་གཡས་ཌ་མ་རུ་དང་། གཡོན་ཐོད་པ་བདུད་རྩིས་བཀང་བ་དང་། གྲུ་མོ་གཡོན་ན་ཁ་ཊྭཱྃ་ག་བསྣམས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལང་ཚོ་དར་ལ་བབ་པའི་རྣམ་པ་ཅན། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་བསམ་ལ་མོས་གུས་དྲག་པོས། གང་གི་དྲིན་གྱིས་སོགས་དང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་ཧེ་རུ་ཀར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་འོད་དམར་པོ་བདེ་བ་ཆེན་པོའི་རྣམ་པས་རང་གི་སྤྱི་བོ་ནས་ཞུགས། སྙིང་གའི་བྃ་ཡིག་ལ་ཐིམ་པས། དེ་ཉིད་ཇེ་ཆེར་སོང་སྟེ་མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པར་བསམ་ལ། གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག །ཡང་ན་མན་ངག་ཐོབ་པས་ཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར་ཉམས་སུ་བླངས་ཏེ། དེའི་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །དྲུག་པ་བདག་གི་གཞི་སྦྱངས་བསྒྱུར་གྱིས་ལྷར་བསྐྱེད་པའི་རྣལ་འབྱོར་ནི། དེའི་ངང་ལས། རང་གི་སྙིང་གར་ཨེ་ཨེ་ལས་ཆོས་འབྱུང་ཉིས་བརྩེགས་ཀྱི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བྃ་ཡིག་དམར་པོའི་མཐར། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ། བཛྲ་ཝརྞྞ་ནཱི་ཡཻ། བཛྲ་བཻ་རོ་ཙ་ནཱི་ཡཻ། ཧཱུྃ་ཧཱུྃ་ཧཱུྃ་ཕ྄ཊ་ཕ྄ཊ་ཕ྄ཊ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་གཡོན་སྐོར་དུ་གནས་པ་ལས་འོད་ཟེར་འཕྲོས། ལུས་ཀྱི་ཕྱི་ནང་ཐམས་ཅད་གང་བས་སྒོ་གསུམ་གྱི་སྡིག་སྒྲིབ་དག་སྟེ་ལུས་འོད་ཀྱི་གོང་བུར་གྱུར། དེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པད་ཉིའི་གདན་ལ། རང་ཉིད་རྣམ་སྣང་རིགས་བདག་དང་བཅས་པའི་རྡོ་རྗེ་རྣལ་འབྱོར་མ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོའི་ནུ་མ་བརྫིས་ཤིང་། གཡོན་བསྐུམ་པས་འཇིགས་བྱེད་ནག་པོའི་མགོ་བོ་རྒྱབ་ཏུ་བལྟས་པའི་གདོང་མནན་པ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དག་པ་མཁའ་སྤྱོད་དུ་གཟིགས་པ། གཡས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་བརྐྱང་ཞིང་། གཡོན་ཐོད་པ་ཁྲག་གིས་གང་བ་སྟེང་ཕྱོགས་སུ་བཟུང་ནས་ཞལ་གྱེན་དུ་ཕྱོགས་པས་གསོལ་བ། ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱྃ་ག་ལ་ཌཱ་མ་རུ་དང་། དྲིལ་བུ་དང་། འཕེན་རྩེ་གསུམ་པ་འཕྱང་བཞིན་པ་བསྣམས་པ། བདེ་སྟོང་གི་ཉམས་མཆོག་ཏུ་རྒྱས་ཤིང་། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་སྤྱི་བོར་རུས་པའི་འཁོར་ལོ། སྙན་རྒྱན། མགུལ་རྒྱན། གདུ་བུ། སྐེ་རགས་རྣམས་སོ། །ལྔས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གསལ་བཏབ། བདུན་པ་གཞན་གྱི་གཞི་སྦྱང་བསྒྱུར་འགྲོ་བ་དག་པའི་རྣལ་འབྱོར་ནི། སྙིང་གའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བ་སྤུའི་བུ་ག་ནས་ཕྱིར་འཕྲོས། རིགས་དྲུག་གི་བརྟན་གཡོ་ཐམས་ཅད་ལ་ཕོག་པས། མ་དག་པའི་སྣང་བ་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ། སྣོད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པར་བསམ། བརྒྱད་པ་དཔའ་བོ་དཔའ་མོས་བྱིན་གྱིས་བརླབས་ཏེ་དམ་ཡེ་དབྱེར་མེད་དུ་བྱ་བ་ནི། འབར་བའི་ཕྱག་རྒྱ་དཔྲལ་བར་གཡོན་དུ་ལན་གསུམ་བསྐོར་ཞིང་། ཕཻཾ། རང་གི་སྙིང་གའི་བྃ་ཡིག་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་དང་། འགྲོ་བ་རྣལ་འབྱོར་མར་གྱུར་པ་ཐམས་ཅད་ཀྱང་། ཛཿཧཱུྃ་བྃ་ཧོཿས་རང་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། སྐབས་འདིར་མན་ངག་ཐོབ་པ་ཡིན་ན་ལུས་དཀྱིལ་གསལ་བཏབ་པ་ནི། དེའི་རྐྱེན་གྱིས་སྙིང་གའི་བྃ་ཡིག་འོད་དུ་ཞུ་བ་ལས་དབུས་སུ་བྃ་ཡིག་གི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་དམར་མོ། ཤར་ནས་བརྩམས་ཏེ་གཡོན་སྐོར་གྱིས་བྃ་ཡིག་གི་ཆ་ཤས་ཡ་ར་ལ་ཝ་བཞིའི་ངོ་བོ་སྙིང་པོའི་རྣལ་འབྱོར་མ་དཀར་ལྗང་དམར་སེར་བཞི་དང་། མཐའ་སྐོར་སྔགས་ཀྱི་ཡིག་འབྲུ་སོ་གཉིས་ཀྱང་རེ་རེ་ནས། ཡུལ་ཉེར་བཞིའི་རྣལ་འབྱོར་མ་དང་། སྒོ་མཚམས་མ་བརྒྱད་ཀྱི་ངོ་བོ་རྣལ་འབྱོར་མ་དམར་མོ་རེ་རེ་སྟེ་ཐམས་ཅད་ཀྱང་རྒྱན་ཆ་ལུགས་ཕྱིའི་རྣལ་འབྱོར་མ་ཇི་ལྟ་བ་བཞིན་གསལ་བར་གྱུར་པར་བསམ་མོ། །གང་ལྟར་ཡང་། མཐར་པད་སྐོར་འཁྱུད་རྒྱ་དང་བཅས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། ཐབས་ཤེས་གཉིས་སུ་མེད་པའི་བདེ་ཆེན་གྱི་ཡེ་ཤེས་སུ་བདག་ཉིད་རྣམ་པར་དག་ལ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྣམ་པར་དག་གོ་སྙམ་དུ་ང་རྒྱལ་བཟུང་ཞིང་རིག་པ་འཛིན་མེད་དུ་བཞག །དེ་ནས་གོ་ཆ་བཅིངས་པ་ནི། རང་གི་ལུས་ཀྱི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མྃ་དཀར་མོ་རྨོང་བྱེད་མ། དཔྲལ་བར་ཧྲིཾ་ཧྲཱིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕ྄ཊ་ཕ྄ཊ་དུད་ཁ་ཙཎྜི་ཀའི་ངོ་བོར་གྱུར། ཅེས་བརྗོད་ཅིང་། དེ་ཡང་གནས་སོ་སོར་ཟླ་དཀྱིལ་ལ་རྒྱབ་ཡོལ་གྱི་ཚུལ་དུ་བྱས་པའི་ངོ་བོ་ལྷ་ལ་རྣམ་པ་ཡི་གེའི་གཟུགས་སུ་འདི་ལ་བཞེད་ཚུལ་འདྲ་མིན་གཞན་ཡང་སྣང་ངོ་། །མཆན། སྦྲེང་ཚར་དུ་གསལ་བཏབ། དགུ་པ་བཟླས་པའི་རྣལ་འབྱོར་ལ་གཉིས་ཏེ། དང་པོ་མཁའ་སྤྱོད་སྒྲུབ་པའི་ལམ་གྱི་གཙོ་བོ་ངག་བཟླས་ནི། ལུས་དཀྱིལ་གསལ་གདབ་ན། ལུས་དཀྱིལ་གྱི་གཙོ་མོའི་ཐུགས་ཀར་ཆོས་འབྱུང་གྲུ་གསུམ་དམར་པོ་ཉིས་བརྩེགས་ཀྱི་ནང་དུ་ཟླ་དཀྱིལ་བྃ་ཡིག་སྔགས་ཕྲེང་དང་བཅས་པ་གསལ་བ་དང་། མ་བཏབ་ན་སྔར་གསལ་བཞིན་པའི་སྔགས་ཕྲེང་ལ་ཡིད་གཏད་པས། དེ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕོ་ཉ་གསུམ་གྱི་བྱིན་རླབས་དང་ནུས་མཐུ་མཁའ་སྤྱོད་ཀྱི་དངོས་གྲུབ་ཐམས་ཅད་འོད་དམར་པོའི་རྣམ་པས་སྔགས་ཕྲེང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། ཡིད་གཞན་དུ་མ་ཡེངས་པར་བྱིན་གྱིས་བརླབ་པའི་ཕྲེང་བ་བཟུང་སྟེ་ཨོཾ་གསུམ་མ་དམ་བཅས་པའི་གྲངས་ལས་མི་ཉུང་བར་བཟླས། གཉིས་པ་སྤྲོས་བཅས་ཀྱི་རྫོགས་རིམ་ཡིད་བཟླས་ནི། ལུས་གནད་དང་བཅས་རླུང་རོ་བསལ། འོག་རླུང་ཅུང་ཟད་འཐེན། སྟེང་རླུང་ཆིལ་གྱིས་མནན་པ་དང་མཉམ་དུ་མཆིལ་མ་སྒྲ་མེད་ཞིག་མིད་པས་སྙིང་གའི་ཆོས་འབྱུང་ཟླ་བ་ལུས་དཀྱིལ་བཅས། བདེ་བ་བསྐྱེད་པར་འདོད་ན་གསང་གནས་དང་། མི་རྟོག་པ་བསྐྱེད་པར་འདོད་ན་ལྟེ་བར་ཕབས་ལ་རླུང་ཁ་སྦྱོར་དུ་འཛིན་པ་དང་ལྷན་ཅིག་ཡིད་ཀྱིས་ལུས་དཀྱིལ་གྱི་ལྷ་རྣམས་ཡིག་འབྲུའི་གཟུགས་སུ་བསྒྱུར། ཡ་ར་ལ་ཝ་བཞི་བྃ་ཡིག་ལ་ཐིམ་པར་བསམ་ལ། སྔགས་ཕྲེང་ཡིད་ཀྱིས་ཀློག་པའི་ཚུལ་དང་བཅས་རླུང་བུམ་ཅན་ཅི་ཐུབ་འཛིན། མཐར་བཟླས་པ་བསྡུ་བ་ན། ཕྲེང་བ་ཐལ་མོའི་བར་དུ་བཅུག་ལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་ཅིང་ཕྲེང་བ་མགོ་ཐོག་ཏུ་བཞག །ཞར་བྱུང་གི་རྫོགས་རིམ་གཉིས་བསྒོམ་པར་འདོད་ནི། དང་པོ་ནི། ཆོས་འབྱུང་གི་མདུན་རྒྱབ་སྤངས་པའི་གྲྭ་བཞིར་དགའ་འཁྱིལ་དམར་པོ་གཡོན་དུ་ཤུགས་དྲག་ཏུ་འཁོར་བ་ལ་སེམས་གཏད་པས་བདེ་བའི་ཡེ་ཤེས་སྐྱེས་པར་བསམ་ལ་རླུང་ཁ་སྦྱར་དུ་འཛིན། གཉིས་པ་ནི། ཆོས་འབྱུང་སྔགས་ཕྲེང་སོགས་རེ་ཞིག་མི་དམིགས་པའི་ངང་། ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཡར་སྣ་སྤྱི་བོ་ནས་སྨིན་མཚམས་སུ་གུག་པ། མར་སྣ་གསང་གནས་ཀྱི་པདྨར་ཟུག་པའི་ནང་དུ་དགའ་འཁྱིལ་དམར་པོ་དང་། སྨིན་མཚམས་སུ་དགའ་འཁྱིལ་དཀར་པོ་ཆུང་ངུ་གཡོན་སྐོར་ཤུགས་དྲག་ཏུ་འཁོར་བ་ལ་སེམས་གཏད་པས། མས་ཡར་ནས་རིམ་གྱིས་བྱུང་སྟེ་བདེ་བ་དང་། སྟོང་པའི་ཡེ་ཤེས་སྐྱེས། མཐར་སྙིང་གར་འདྲེས་ཏེ་དབུ་མའི་སྟོང་པའི་ངང་དུ་མི་དམིགས་པར་བསམས་ལ་འཛིན་མེད་དུ་བཞག་གོ། །དེ་ནས་བསྐྱེད་རིམ་ལ་རིམ་གྱིས་བསླབ་པའི་ཚེ། ང་རྒྱལ་ལ་སེམས་འཛིན་པ། རྣམ་པ་སྤྱི་ལ་སེམས་འཛིན་པ། བྱེ་བྲག་རྒྱན་མེད་དང་། རྒྱན་ཅན་ལ་སེམས་འཛིན་པ། ལུས་དཀྱིལ་ལ་སེམས་འཛིན་པ་རྣམས་རེག་མཐོང་གི་མཚན་མ་བརྟན་པོ་མ་སྐྱེས་ཀྱི་བར་དུ་བསྒོམ་ཞིང་། དེ་ཐམས་ཅད་འཛིན་མེད་ཀྱི་ལྟ་བ་དང་ཟུང་འབྲེལ་དུ་ཉམས་སུ་བླང་ངོ་། །བཅུ་པ་བསམ་མི་ཁྱབ་པའི་རྣལ་འབྱོར་ལ། ཐུན་མོང་བ་ནི། རང་གི་སྙིང་གའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་སྟེ། གཟུགས་མེད་ཁམས་འོད་སྔོན་པོའི་རྣམ་པས་ལུས་ཀྱི་སྟོད་ཀྱི་ཆ་ལ་ཐིམ། གཟུགས་ཁམས་འོད་དམར་པོའི་རྣམ་པས་ལུས་ཀྱི་བར་གྱི་ཆ་ལ་ཐིམ། འདོད་ཁམས་འོད་དཀར་པོའི་རྣམ་པས་ལུས་ཀྱི་སྨད་ཀྱི་ཆ་ལ་ཐིམ། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བ་སྙིང་གའི་ཆོས་འབྱུང་ལ་ཐིམ། དེ་ཟླ་བ་ལ་ཐིམ། དེ་སྔགས་ཕྲེང་ལ་ཐིམ། དེ་བྃ་ཡིག་ལ་ཐིམ། བྃ་ཡིག་གི་ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམ་ལ་མཉམ་པར་བཞག་པའམ། མན་ངག་ཐོབ་པ་ཡིན་ན་བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་བསྒོམ་སྟེ། དེའི་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །བཅུ་གཅིག་པ་སྤྱོད་ལམ་གྱི་རྣལ་འབྱོར་ལ་དངོས་དང་། ཡན་ལག་གཉིས་ལས་དང་པོ་ནི། རྟོག་པ་ནམ་འཕྲོ་བ་ན། སླར་ཡང་རང་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་རྒྱན་དང་ཕྱག་མཚན་སྤངས་པའི་སྐུར་གྱུར་པའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་སོགས། གོ་ཆ་བཀོད་པས་བདག་དང་རྣལ་འབྱོར་སྲུང་། གནས་སྲུང་བའི་སླད། ལག་པ་གཡོན་པའི་སྡིགས་མཛུབ་ཀྱིས་སེ་གོལ་ཕྱོགས་གཡོན་སྐོར་དང་། མཚམས་གཡས་སྐོར་དུ་བརྡབ་ཅིང་སྔགས་བརྗོད་པ་ནི། ཨོཾ་སུམྦྷ་ནི་སོགས་བརྗོད་ཅིང་། ཤར་དང་སྟེང་དུ་ཁྭ་གདོང་མ་སྔོན་མོ། དེ་བཞིན་དུ། ཨོཾ་གྲྀཧྞཱ་སོགས་བརྗོད་ཅིང་། བྱང་དུ་འུག་གདོང་མ་ལྗང་གུ། ཨོཾ་གྲྀཧྞཱ་པ་ཡ་སོགས་བརྗོད་ཅིང་ནུབ་དང་འོག་ཏུ་ཁྱི་གདོང་མ་དམར་མོ། ཨོཾ་ཨཱ་ན་ཡ་སོགས་བརྗོད་ཅིང་། ལྷོར་ཕག་གདོང་མ་སེར་མོ་རྣམས་གྲུབ་པར་བསམ། ཡང་། ཨོཾ་སུམྦྷ་སོགས་ཚར་གཅིག་གིས། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་པ་མ་གཡས་ལྗང་གཡོན་སྔོ་བ་རྣམས་གྲུབ་པར་བསམ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་དང་པོ་གཉིས་ཌཱ་མ་རུ་དང་ཁ་ཊྭཱྃ་ག་འོག་མ་གཉིས་གྲི་ཐོད་ཐོགས་པ། སྤྱན་གསུམ་མ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་པ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པར་གསལ་བཏབ། སླར་ཡང་ཐུན་མོང་དུ་ཨོཾ་སུམྦྷ་ནི། ཚར་གཅིག་བརྗོད་པས། དེ་རྣམས་ལ་དེ་འདྲ་བའི་སྐུ་གྲངས་མེད་པ་དང་། རྡོ་རྗེའི་གུར། མདའི་དྲྭ་བ། ཡེ་ཤེས་ཀྱི་མེ་དཔུང་གི་ཕྲེང་བ་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་ཐམས་ཅད་ཚར་བཅད། དཔག་ཚད་བརྒྱ་ཡི་ཚད་ཙམ་ཚུན་ཆད་དུ་སྲུང་བའི་གུར་ཁང་གསལ་ཞིང་བརྟན་པར་བསམ་ནས། དགེ་བ་འདི་ཡིས་སོགས་བསྔོ་སྨོན་བྱ། སྤྱོད་ལམ་ལ་འཇུག་པའི་ཚེ་སྣང་བ་ཐམས་ཅད་རྣལ་འབྱོར་མའི་སྐུ། སྒྲར་གྲགས་པ་ཐམས་ཅད་ཨོཾ་གསུམ་མའི་གདངས། ཡིད་ཀྱི་དྲན་རྟོག་གང་ཤར་ཐམས་ཅད་གསལ་སྟོང་འཛིན་མེད་དུ་འཇོག་པ་སྟེ་སྐུ་གསུང་ཐུགས་ཀྱི་དགའ་བ་གསུམ་དང་མ་བྲལ་བར་ལམ་དུ་ཁྱེར་ནས་ཐ་མལ་གྱི་སྣང་ཞེན་སྤང་། གཉིས་པ་ཡན་ལག་ལ། ཁ་ཟས། ཕྱི་རོལ་མཆོད་པ། སྦྱིན་སྲེག །ཚེས་བཅུའི་མཆོད་པ། གཏོར་མའི་རྣལ་འབྱོར་དང་ལྔ་ལས། དང་པོ་ནི། རྒྱས་པར་བྱེད་ན། བཟའ་བཏུང་རྣམས་མདུན་དུ་བདར་ལ། སུམྦྷས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རླུང་མེ་དང་། །ཐོད་པའི་སྒྱེད་པུ་གསུམ་གྱི་ཁར། །ཨ་ཡིག་ལས་བྱུང་ཀ་པཱ་ལར། །བཟའ་བཅའ་བཏུང་པའི་དངོས་པོ་ཀུན། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །བསྐོལ་ཞིང་འོད་དུ་ཞུ་བ་ལས། །དམ་ཚིག་ཡེ་ཤེས་དབྱེར་མེད་པའི། །བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ རང་ཉིད་རྡོ་རྗེ་རྣལ་འབྱོར་མའི། །སྙིང་གར་བླ་མ་ཡི་དམ་དང་། །ལྟེ་བར་ཆོས་སྲུང་ནོར་ལྷའི་ཚོགས། །གཏུམ་མོའི་མེ་ལྕེའི་ཀློང་ན་བཞུགས། །ལག་གཉིས་རྡོ་རྗེའི་དགང་བླུགས་ཀྱིས། །ཁ་ཟས་ཡེ་ཤེས་བདུད་རྩིའི་རྒྱུན། །ཕུལ་བས་ཟག་མེད་བདེ་བ་ཆེས། །དགྱེས་ཤིང་བྱིན་གྱིས་བརླབ་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཞེན་པ་མེད་པར་ལོངས་སྤྱད། དེ་ཙམ་མི་ནུས་ན། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་གྱིས་བརླབས་ལ་སྙིང་གའི་བྃ་ཡིག་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མཆོད་པར་མོས་པའམ། བསྡུ་ན། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་རོལ། གཉིས་པ་ནི། ཚར་ཆེན་རིན་པོ་ཆེའི་སྒྲུབ་དཀྱིལ་དང་། གནས་གསར་རྗེས་ནག་འགྲོས་སུ་མཛད་པ་སོགས་ལས་རྟོགས་པར་བྱ། གསུམ་པ་ལ། སྦྱིན་སྲེག་དངོས་དང་། མར་མེའི་སྦྱིན་སྲེག་གཉིས་ལས། དང་པོ་ལའང་རྒྱས་པ་དང་། མདོར་བསྡུས་ཏེ་བྱ་བའི་ཚུལ་གཉིས་ཀྱི། དང་པོ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གསུང་གནས་གསར་རིན་པོ་ཆེའི་ནག་འགྲོས་སུ་མཛད་པ་དང་། པཎ་ཆེན་ནམ་མཁའ་དཔལ་བཟང་སོགས་ཀྱིས་མཛད་པའི་ཡིག་ཆ་ཁུངས་ཐུབ་ལས་ཤེས་པར་བྱ་ལ། གཉིས་པ་མདོར་བསྡུས་པ་ནི། སྔགས་ཀྱི་ནུས་པ་དབྱུང་བ་དང་སྡིག་སྒྲིབ་ཞི་བ་སོགས་ཀྱི་སླད་དུ། རྒྱུན་གྱི་དུས་སམ་ཇི་ལྟར་རིགས་པའི་དུས་སུ། རྗེ་ས་སྐྱ་པ་ཆེན་པོས། སྤྲོས་པ་ལ་མི་དགའ་ན། རྗེ་བཙུན་མ་ཉིད་མཆོད་པ་ནས་བཟུང་སྟེ་ལྷ་མཉེས་པ་ཉིད་ཀྱིས་ཆོ་ག་མ་ཚང་བ་མེད་པ་ཡིན་ནོ། །ཞེས་གསུངས་པའི་དོན་ཀུན་མཁྱེན་རིན་པོ་ཆེ་བསོད་ནམས་སེང་གེས་ཇི་ལྟར་བཀྲལ་བ་བཞིན་བརྗོད་ན། ཐབས་སྟེགས་ཀྱི་ངོས་རེ་ཁཱ་ཟླུམ་པོ་གཉིས་སྐོར་གྱི་ནང་དུ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་ཐིག་གདབ། ཆོས་འབྱུང་གི་རི་མོ་རྡུལ་ཚོན་དཀར་པོས་བཅད། ནང་ཐམས་ཅད་རྡུལ་ཚོན་དམར་པོས་བཀང་། མདུན་རྒྱབ་སྤངས་པའི་གྲྭ་བཞིར་དགའ་འཁྱིལ་གཡོན་སྐོར་དང་། དབུས་སུ་ཉི་གདན་ལ་ཚོམ་བུ་དམར་པོ་བཀོད། རང་གི་གཡོན་ཐབ་ཀྱི་གཡས་སུ་མཆོད་པ་ལྔ་དང་གཏོར་མ། རང་གི་གཡས་ཐབ་ཀྱི་གཡོན་དུ་མར་ཁུ་དང་། བསྲེག་རྫས་ཏིལ་ནག་པོ་འབའ་ཞིག་བཤམས། བདག་བསྐྱེད་སྔོན་དུ་འགྲོ་བས། ཐབ་དང་ཡོ་བྱད་རྣམས། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་ཐབ་ཁུང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བུད་ཤིང་བརྩེགས་པ་དང་བཅས་པ་དངས་ཤིང་ཐོགས་པ་མེད་པར་གྱུར། ཧཱུྃ། ཞེས་ཡང་ཡང་བརྗོད། མཆོད་རྫས་དང་བསྲེགས་རྫས་རྣམས་ཀྱང་། ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་མཆོད་རྫས་དང་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ། དེ་ནས། ཨོཾ་གསུམ་མའི་རྗེས་སུ། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་པས་མེ་སྦར། བསང་སྦྱང་། སྟོང་པའི་ངང་ལས་མེ་འབར་བའི་དབུས་སུ་ཆོས་འབྱུང་གི་ནང་དུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་ཡིག་དམར་པོའི་མཐར་གཡོན་སྐོར་གྱིས། ཨོཾ་ཨོཾ་ཨོཾ་ནས། སྭཱ་ཧཱ་ཞེས་པའི་སྔགས་ཕྲེང་ཁ་དོག་དམར་པོས་བསྐོར་བ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡིག་འབྲུ་རྣམས་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཞབས་གཡས་བརྐྱང་པས་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྟེང་འོག་ཕྱོགས་མཚམས་མཐའ་སྐོར་ཀུན་ཏུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བསྐོར་བར་གསལ་བཏབ། ཡེ་ཤེས་པ་གཞུག །གོ་ཆ་བཀོད། དབང་བསྐུར། རྒྱས་གདབ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་པུཥྤེ་ནས། ཤབྡའི་བར་གྱིས་ཕྱི་མཆོད། ཨོཾ་གསུམ་མའི་མཐར་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། རང་གཞན་གྱི་སྡིག་སྒྲིབ་ཐམས་ཅད་ཏིལ་ལ་བསྟིམ་ཞིང་དེ་ཉིད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ཏེ། ཐོག་མར་ཨོཾ་གསུམ་མའི་རྗེས་སུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་གསང་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ལན་གསུམ་སོགས་ཀྱི་རྗེས། ཨོཾ་གསུམ་མ་འབའ་ཞིག་གིས་ཕུལ་ལ་གྲངས་བཟུང་། དེའི་ཚེ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་སངས་རྒྱས་བྱང་སེམས་སྐུ་མདོག་དཀར་པོ་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་དག །ལུས་ཡེ་ཤེས་ཀྱི་བདུད་རྩིས་ཁེངས་ཏེ་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ཐོབ། མདུན་བསྐྱེད་ལས་ཀྱང་འོད་ཟེར་དཀར་པོ་འཕྲོས་པས་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་བར་བསམ། སྐབས་སྐབས་སུ་མར་གྱིས་མེ་གསོ། མཐར་གོང་བཞིན་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། གཏོར་མ་དང་པོ་རྗེ་བཙུན་མ་དང་། གཉིས་པ་མཁའ་འགྲོ་སྤྱི་གཏོར་ལྟར་ཕུལ། རྗེ་བཙུན་མའི་ཞབས་དྲུང་ནས་བླངས་པར་མོས་པས་འདི་ཡེ་ཤེས་པ་གཤེགས་པའི་རྗེས་སུ་བྱས་ཀྱང་རུང་། ཐབས་ཀྱི་ཐལ་བ་ཅུང་ཟད་བླངས་ཏེ་གནས་གསུམ་དུ་བྱུགས། ཡི་གེ་བརྒྱ་བས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱི་སོགས་ཀྱིས་མཐར། བཛྲ་མུཿས་ཐབ་ཀྱི་ཡེ་ཤེས་པ་གཤེགས། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་རང་ལ་ཐིམ། རང་གི་གནས་རྣམས་སུ་སོགས་གོ་ཆ་བཀོད། བསྲུང་བ་བྱ། བསྔོ་སྨོན་བཀྲ་ཤིས་བརྗོད། ལས་ཀྱི་རྗེས་མི་མངོན་པར་བྱའོ། །གཉིས་པ་མར་མེའི་སྦྱིན་སྲེག་ནི། རང་གི་མདུན་དུ་སྟེགས་ཀྱི་ཁར་མར་མེའི་ཀོང་བུ་ཡངས་པར། རས་དམར་གྱིས་དཀྲིས་པའི་སྡོང་བུ་སྦོམ་པོ་བཙུགས། མར་དཀར་གྱི་ཁུ་བས་བཀང་ལ་བཞག །མ་འབྱོར་ན་གཏོར་མ་དང་། མཆོད་པ་ལྔ་བཤམས། བསྲེག་རྫས་ཏིལ་ནག་པོ་དང་། གཞན་ཡང་རྡོར་དྲིལ་ནང་མཆོད་སོགས་འདུ་བྱས་ལ། བདག་བསྐྱེད་རྒྱས་པར་བྱ་བའམ། ཐུན་མཚམས་ཀྱི་རྗེ་བཙུན་མར་དྲན་པར་བྱས་ཏེ། མཆོད་རྫས་ནང་མཆོད་དང་། སུམྦྷས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་དུ་འབྲུ་གསུམ་ཞུ་བ་ལས་བྱུང་བའི་མཆོད་རྫས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་བསམས་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ་གི་བར་དང་། གྷཎྜེར་ཎི་ཏས་བརླབས། དེ་ནས་ཨོཾ་གསུམ་མའི་རྗེས་སུ། ཨོཾ་བཛྲ་ཛྭ་ལ་རྃ། ཞེས་པས་མར་མེ་སྦར། བསང་སྦྱང་། སྟོང་པའི་ངང་ལས་ཨེ་ཨེ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ། པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བྃ་ཡིག་དམར་པོའི་མཐར། ཨོཾ་ཨོཾ་ཨོཾ་ནས། སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་གཡོན་སྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས། དེ་ཡོངས་སུ་གྱུར་པ་ལས་རྣམ་སྣང་རིགས་བདག་དང་བཅས་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། ཞབས་གཡས་བརྐྱངས་པས་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཕཻཾ། ཐུགས་ཀའི་བྃ་ཡིག་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷཿསོགས། དེའི་གནས་རྣམས་སུ་སོགས། གོ་ཆ་བཀོད། ཕྱི་མཆོད། ནང་མཆོད། བསྟོད་པ་རྣམས་བྱ། དེ་ནས་མདུན་དུ་ཏིལ་བཞག་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྙིང་ག་ནས་ཀྃ་ནག་པོའི་རྣམ་པས་འཐོན་སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་ཏིལ་ལ་ཐིམ་པ་དེ་ཉིད་རྗེ་བཙུན་མའི་ཞལ་དུ་ཕུལ་བས་ལྟེ་བའི་གཏུམ་མོའི་ཡེ་ཤེས་ཀྱི་མེས་བསྲེག་ཅིང་སྦྱངས་པར་བསམ་ལ། གཡོན་པའི་མཐེབ་སྲིན་གྱིས་ཏིལ་བླངས་ཏེ་འབུལ་ཞིང་། ཨོཾ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་པའམ། ཨོཾ་གསུམ་མའི་རྗེས་སུ། ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། གང་རུང་གིས་འབུལ། རྫས་རྫོགས་པ་ན། མཆོད་བསྟོད་གོང་ལྟར་དང་། གཏོར་མ་ཡོད་ན་གཏོར་ཆོག་ལྟར་ཕུལ་བའི་རྗེས། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཅེས་གསོལ་བ་གདབ། ཡིག་བརྒྱའི་མཐར། མ་འབྱོར་པ་དང་། སོགས་ཀྱིས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱི་སོགས་ཀྱི་མཐར། བཛྲ་མུཿས་ཡེ་ཤེས་པ་གཤེགས། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་རང་ལ་ཐིམ། བདག་བསྐྱེད་རྒྱས་པ་དང་འབྲེལ་ན། གོ་ཆ་བཀོད་ཅིང་བསྲུང་བ་བྱ། གང་ལྟར་ཡང་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །དེ་ལྟར་འབད་པས་སྡིག་པ་ཐམས་ཅད་བྱང་ཞིང་། རྗེ་བཙུན་མའི་བྱིན་རླབས་མྱུར་དུ་འཇུག་པར་འགྱུར་རོ། །བཞི་པ་ཚེས་བཅུའི་མཆོད་པ་ལའང་རྒྱས་བསྡུས་གཉིས་ལས། དང་པོ་ནི། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་བཤམས་ཤིང་སྒྲུབ་ཅིང་མཆོད་པ་དང་། དབང་བླང་བ་དང་། ཚོགས་ཀྱི་མཆོད་པ་སོགས་གནས་གསར་བའི་ཡིག་ཆ་ལྟར་རོ། །གཉིས་པ་ནི། རྗེ་ས་སྐྱ་པ་ཆེན་པོའི་ཚེས་བཅུའི་མཆོད་པའི་ཡི་གེ་ལས་ཇི་ལྟར་འབྱུང་བ་ཀུན་མཁྱེན་རིན་པོ་ཆེས་གསལ་བར་མཛད་པ་བཞིན་བརྗོད་ན་སྦྱོར་བ་དང་། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་ཚོགས་གསག་པར་འདོད་ན་ཡར་ངོ་དང་། སྒྲིབ་པ་དག་པར་འདོད་ན་མར་ངོའི་ཚེས་བཅུར། གནས་ཁང་ཕྱག་དར་བྱ་ཞིང་དྲི་བཟང་པོའི་ཆུས་ཆག་ཆག་གདབ། བྲིས་སྐུ་སོགས་རྟེན་ཇི་ལྟར་རིགས་པའི་མདུན། རས་དམར་པོས་བཀབ་པའི་སྟེགས་ཀྱི་ཁར་མཉྫིའི་སྟེང་དུ། མཎྜ་ལར་ཙནྡན་དམར་མོའི་ཆུས་སྲིན་ལག་གཡོན་པས་ཆོས་འབྱུང་གྲུ་གསུམ་གཡོན་སྐོར་དུ་བྲིས་པའི་ནང་ཐམས་ཅད་ཙནྡན་དམར་པོའི་ཆུས་བྱུགས། ཙནྡན་དམར་པོའི་ཆུ་མ་འབྱོར་ན་ཆང་བདུད་རྩིར་བྱིན་གྱིས་བརླབས་པས་དེ་ལྟར་བྱས་ལ། དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་ལ་བཞག །དེའི་གཡས་སུ། མེ་ཏོག་རྩ་བའི་ཡིག་རྙིང་སོགས་སུ་མཆོད་པ་ལྔ་ཁོ་ན་ལས་མ་བཤད་ཀྱང་། སྤྲོ་ན་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱང་རུང་། བདུག་སྤོས། མར་མེ། གཡོན་དུ་དྲི་ཆབ། གཏོར་མ། ལྷ་བཤོས། མདུན་དུ་མ་ད་ནཱའི་ཕུད་དང་། བཱ་ལ་སོགས་ཚོགས་ཀྱི་ཡོ་བྱད། གཞན་ཡང་ནང་མཆོད། རྡོར་དྲིལ། ཌཱ་མ་རུ་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱའོ། །གཉིས་པ་དངོས་གཞི་ལ། ཐོག་མར་བདག་བསྐྱེད་བརྒྱུད་འདེབས་དང་སྐྱབས་འགྲོ་ནས། ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་བྱ། དེ་ནས་མདུན་བསྐྱེད་གསལ་གདབ་པ་ནི། ཚོམ་བུ་སུམྦྷས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མཎྜལ་གྱི་དབུས་སུ་ཆོས་འབྱུང་ལ་གནས་པའི་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་ལྟེ་བའི་བྃ་ཡིག་ལས་བྃ་ཡིག་གཉིས་པ་ཞིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཆད་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། ཞབས་གཡས་བརྐྱང་པས་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཞེས་པའི་བར་བདག་བསྐྱེད་བཞིན་བརྗོད། འབར་བའི་ཕྱག་རྒྱ་དང་། ཕཻཾ། རང་གི་ཐུགས་ཀའི་བྃ་ཡིག་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། ཨོཾ་ཡོ་ག་ཤུདྡྷོཿ སོགས་ཀྱིས་བརྟན་པར་བྱ། དེའི་གནས་རྣམས་སུ་ནས། ཙཎྜི་ཀའི་ངོ་བོར་གྱུར། བར་གྱི་གོ་ཆ་བཀོད། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་ལྷ་ཚོགས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ནས་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རྩ་བའི་བླ་མ་རྗེ་བཙུན་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་ཚོགས་ཞིང་སྤྱན་དྲང་། ནང་མཆོད། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པ། དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ་རྣམས་གསལ་བའི། འོག་གི་རླུང་གཡོས། མེ་སྦར། རྫས་ཐམས་ཅད་ཁོལ་བས་འོད་དུ་ཞུ་ནས་དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། གཡོན་པའི་མཐེབ་སྲིན་སྦྱར་བས་ཆོས་འབྱུང་གཡོན་སྐོར་དུ་བྲིས་ཏེ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བརྗོད་པས་བྱིན་གྱིས་བརླབས་པས་རྫས་ཐམས་ཅད་ལ་གཏོར་ཏེ། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་ལ་སོགས་པ་མཆོད་རྫས་རྣམས་དངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤཔྡ་ཨཱཿཧཱུྃ་གི་བར་གྱིས་བརླབས་ལ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་པུཥྤེ་པྲ་ཏིཙྪ་སྭཱ་ཧཱ་ནས། ཤཔྡའི་བར་དང་། གྷཎྜེ་ར་ཎི་ཏས་རོལ་མོ་བྱ། ཨོཾ་གསུམ་མའི་རྗེས་སུ་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་གཏོར་མ་ནང་མཆོད་ཆུ་ཆང་གིས་སྦྱངས་ལ། སུམྦྷས་བསང་། སྭཱ་བྷཱ་ཝས་སྦྱང་། ལག་པ་གཡས་གཡོན་གཉིས་ཀ་བསྟན་ལ། བྱ་ཁྱུང་གིས་ཕྱག་རྒྱ་བཅས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བརླབས། ཕཻཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཆོས་སྐྱོང་དང་འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ པད་སྐོར་གྱི་རྗེས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་མཐར་སེ་གོལ་གཏོག་པ་དང་བཅས་ཏེ། ཨོཾ་གསུམ་མའི་རྗེས་སུ། ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་ལྔའམ་བདུན་གྱིས་ཕུལ། ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་པུཥྤེ་ནས། ཤཔྡའི་བར་གྱིས་ཕྱི་མཆོད། ཨོཾ་བཛྲ་ཨཱ་རལླི་ཧོཿ ཨོཾ་ཨཱཿཧཱུྃ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་པས་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། སོགས་ཀྱིས་བསྟོད། འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་སུ། །རོལ་མོ་གླུ་དབྱངས་སིལ་སྙན་སོགས་མཆོད་ཅིང་། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །ཅེས་གསོལ་བ་གདབ། དེ་ནས་གཏོར་མ་གཞན་རྣམས་གུར་ཞལ་སོགས་ཆོས་སྲུང་རྣམས་དང་། དུར་ཁྲོད་བདག་པོ་ཡབ་ཡུམ་དང་། མཁའ་འགྲོ་སྤྱི་གཏོར་གྱི་བར་ཇི་ལྟར་རིགས་པས་བཏང་། དེ་ནས་མདུན་གྱི་ཚོགས་རྫས་རྣམས་ལ་ནང་མཆོད་འཐོར་ཞིང་བསང་སྦྱང་བྱིན་རླབས་བདུད་རྩི་ལྟར་བྱས་རྗེས། ཚོགས་ཕུད་སྣོད་གཅིག་ཏུ་བླུགས་པ་དང་། མ་དཱ་ན་སྣོད་གཅིག་ཏུ་བླུགས་པ་མཎྜལ་གྱི་མདུན་དུ་བཞག །གཏོར་མ་རྣམས་ལའང་ཕུལ། སླར་ཐམས་ཅད་ནང་མཆོད་ཆུ་ཆང་གིས་བྲན་ལ། ཐོག་མར། གང་གི་དྲིན་གྱིས་སོགས་ཀྱིས་བླ་མ་ལ་ཕྱག་བྱ་བ་སྔོན་དུ་འགྲོ་བས། དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་པས་སྨན་ཕུད་འབུལ། དེ་ནས་ཚོགས་ཕུད་དང་པོ་ནི། ཞལ་ཟས་རོ་བརྒྱ་ལྡན་ཞིང་སོགས་ཀྱི་མཐར། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭཱ་ས་པཱ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བླ་མ་དང་དཀོན་མཆོག་ཡི་དམ་སྤྱི་ལ་ཕུལ། དེ་རྗེས། ཨོཾ་གསུམ་མའི་མཐར། ཨ་ཀཱ་རོ་བཏགས་པས་རྗེ་བཙུན་མ་ལ་འབུལ་ཞིང་། གཞན་ཡང་གུར་ཞལ་སོགས་ཀྱི་གཏོར་མ་ཡོད་ན་སོ་སོའི་གཏོར་སྔགས་ཀྱིས་རྒྱས་པར་འབུལ་བའམ། དེ་ཙམ་མ་ནུས་ན། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལི་དེ་བཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་དང་། ཨོཾ་ཤྲཱི་དྷརྨ་པཱ་ལ་ཙ་ཏུ་རྨུ་ཁ་ས་པ་རི་སོགས་དང་། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཤྲཱི་ཤྨ་ཤ་ནཱ་ཨདྷི་པ་ཏི་ས་པ་རི་ཝཱ་ར་སོགས་ཀྱིས་འབུལ་ཞིང་། མཐར་འཇིག་རྟེན་པ་ལ་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ཀྱིས་ཕུལ། ཐུན་མོང་དུ་ཕྱི་ནང་གི་མཆོད་པ་སྔར་བཞིན་མཆོད། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཅེས་གསོལ་བ་གདབ། ཚོགས་ཀྱི་ཡོ་བྱད་ལ་གཙང་སྨེའི་རྣམ་རྟོག་སྤངས་ཏེ། སྙིང་གའི་བྃ་ཡིག་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མཆོད་པར་བསམ་ལ། ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཞེས་བརྗོད་ཅིང་ཚིམ་པར་རོལ། ལྷག་མ་བསྡུས་ཏེ་ཆང་གི་ཁ་ཕྲུ་འབར་བའི་ཕྱག་རྒྱའི་བར་ནས་འཐོར་ཞིང་། ཕཻཾ། ཨུཥྩི་ཊ་བ་ལིདྟ་བྷཀྵ་སཱི་སྭཱ་ཧཱ། འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་ནོ། །ངོམས་ཤིང་ཚིམ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་ཅེས་ཕྱི་རོལ་དུ་དོར། ཀོལླ་ཨི་རཊྛ་སོགས་རྡོ་རྗེའི་གླུ་དང་། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེས་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གིས་ལམ་གྱིས་གྲོལ་འགྱུར་བ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སོགས་བཀྲ་ཤིས་དང་སྨོན་ལམ་བྱའོ། །གསུམ་པ་རྗེས་ནི། མཆོད་པ་རྣམས་ཁ་གསོས་ཤིང་། བསང་སྦྱང་བྱིན་རླབས་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་པུཥྤེ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་སོགས་ཀྱིས་བསྟོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དང་སེམས་ཅན་ཐམས་ཅད་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པར་གསོལ། རྟེན་ཡོད་ན། འདིར་ནི་གཟུགས་དང་སོགས་བརྟན་བཞུགས་དང་། མེད་ན། ཨོཾ་ཁྱེད་ཀྱི་སོགས་ཀྱིས། ཚོམ་བུའི་ཡེ་ཤེས་པ་དང་། གཏོར་མ གྲོན་གྱི་ཡེ་ཤེས་པ་རྣམས་གཤེགས། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་རྣམས་རང་ལ་གཉིས་སུ་མེད་པ་ཐིམ་པར་བསམ་ལ། རང་གི་གནས་རྣམས་སུ་སོགས་གོ་ཆ་བཀོད། བསྲུང་བ་བྱ། དགེ་བ་འདི་ཡིས་སོགས་བསྔོ་བ་དང་། མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་གདབ། ཕུན་ཚོགས་དགེ་ལེགས་སོགས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མ་དགྲམ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་བཟླས་བསྒོམ་རྣམ་པ་གཉིས་དང་། ཚེས་བཅུའི་མཆོད་པ་མ་ཆགས་པར་ཉམས་སུ་བླངས་པ་ནི་ལས་དང་པོ་པས་མཁའ་སྤྱོད་སྒྲུབ་པའི་ལམ་གྱི་གཙོ་བོ་ཡིན་པས་ཤིན་ཏུ་གལ་ཆེའོ། །ལྔ་པ་གཏོར་མའི་རྣལ་འབྱོར་ནི། དཀུ་བག་སྟེ་ཤ་ཆང་གི་དམ་རྫས་ངེས་པར་ཚང་ཞིང་བསྒྲུབ་པའི་བདུད་རྩི་རིལ་བུ་དང་སྦྱར་བའི་གཏོར་མ་པདྨའི་སྙིང་པོ་ལྟར་ཟླུམ་པ། འཕྲལ་གཏོར་ལ་པད་འདབ་དང་། འཛིན་གཏོར་སོགས་ལ་མཐེབ་ཀྱུས་བསྐོར་བ་གཙང་སྦྲ་དང་ལྡན་པ་བཤམས། ཚེས་བཅུའི་མཆོད་པའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ཕུལ་བ་ལས། མཆོད་པའི་སྐབས་སུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད་པ་ཙམ་གྱི་ཁྱད་པར་རོ། །འདིས་ནི་བར་ཆད་ཐམས་ཅད་ཞི་བ་དང་བསམ་པའི་དོན་འགྲུབ་པ་སོགས་དགོས་པ་ཁྱད་པར་ཅན་མང་ངོ་། །དེ་ལྟར་དབང་པོ་རབ་རྣལ་འབྱོར་བཅུ་གཅིག་པོ་འདི་མ་ཆགས་པར་ཉམས་སུ་བླངས་ཞིང་། ཚེས་བཅུའི་མཆོད་པ་ལ་བརྩོན་པ་ཙམ་གྱིས་ཚེ་འདིར་ལུས་མ་སྤངས་པར་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ལ། འདི་ཉིད་བསྐྱེད་རིམ་ཕག་མོ་མཁའ་སྤྱོད་ཅེས་གཙོ་བོར་གསུངས་པ་མ་གཏོགས། དོན་གྱིས་བསྐྱེད་རྫོགས་ཟུང་འཇུག་ཡིན་ཏེ་མངོན་རྟོགས་ཀྱི་དཀྱུས་གཅིག་ལ་དབང་བཞིའི་ལམ་མཐའ་དག་ཚང་བའི་ཕྱིར་རོ། །དབང་པོ་འབྲིང་གིས་གཞིའི་བསྙེན་པ་མཐར་ཕྱིན་པ་ན། ལངྐ་ལིའི་ཤིང་ལ་བརྟེན་ནས་སིནྡྷཱུ་རའི་བསྒྲུབ་པ་ཚུལ་བཞིན་དུ་བྱས་པས་རྡོ་རྗེ་རྣལ་འབྱོར་མ་མི་མོའི་རྣམ་པ་ཅན་གྱིས་རྗེས་སུ་བཟུང་ཞིང་མཁའ་སྤྱོད་ཀྱི་གྲོང་དུ་འཁྲིད་པ་སྟེ། དེའི་ཚུལ་ནི། དེང་དུས་ལག་ལེན་ལ་འདེབས་པ་ཉུང་བས་འདིར་མ་བྲིས་ལ། རྟོགས་པར་འདོད་ན་ཁྲིད་ཡིག་ཆེན་མོ་དང་། འཇམ་མགོན་ཀུན་དགའ་བསོད་ནམས་ཀྱི་ཡིག་ཆ་སོགས་ལས་ཤེས་པར་བྱའོ། །དབང་པོ་ཐ་མས་དེ་ལྟ་བུ་ལག་ཏུ་མ་བླངས་པའམ། བླངས་ཀྱང་མ་གྲུབ་ན་བཟླས་བསྒོམ་ལ་བརྩོན་པས། འཆི་ཁའམ་བར་དོར་བཟླས་བསྒོམ་བྱེད་པའི་སྣང་བ་ཤར་མ་ཐག་རྣལ་འབྱོར་མས་མདུན་བསུས་ཏེ་མཁའ་སྤྱོད་དུ་འཁྲིད་པར་ངེས་ནའང་། ཆེས་མྱུར་བར་བྱེད་པའི་ཐབས་ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་ཉམས་སུ་བླང་བའི་ཚུལ་ལ། སྦྱང་བ་དང་། ལས་ལ་སྦྱོར་བའོ། །དང་པོ་ལའང་རྗེ་བཙུན་ཡབ་ཡུམ་ཞལ་སྦྱོར་དང་། ཡུམ་རྐྱང་གི་འཕོ་བ་གཉིས་ལས། འདིར་ཕྱི་མ་ཅུང་ཟད་བཤད་ན། གསལ་གདབ་པ་དང་སྦྱང་བ་དངོས་གཉིས་ལས། དང་པོ་ནི། བདག་བསྐྱེད་དང་འབྲེལ་ན་ཐུན་མཚམས་ཀྱི་ལྷར་གསལ་བཞིན་པའི་ངང་དང་། མ་འབྲེལ་ན་སྐྱབས་སེམས་སྔོན་དུ་འགྲོ་བས་རང་སྐད་ཅིག་གིས་རྣལ་འབྱོར་མར་གསལ་གདབ་གང་ལྟར་ཡང་། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། རྩ་བ་ཕྲ་བ་མདའ་སྨྱུག་ཙམ་ལ། རྩེ་མོ་སྦོམ་པ་སྦ་ལྕག་ཙམ་པ། ཡར་སྣ་སྤྱི་གཙུག་ཚངས་བུག་ཏུ་ཟུག་ཅིང་རྒྱ་མཐོང་ལྟར་ཁ་བྱེ་བ། མར་སྣ་ལྟེ་བར་ཟླ་གདན་ལ་ཟུག་པ། ཆོས་འབྱུང་དམར་པོ་གྲུ་གསུམ་པའི་ནང་དུ་ཟུག་པར་བསྒོམ་ཀྱང་རུང་། དེའི་སྟེང་དུ་རང་གི་རླུང་སེམས་དབྱེར་མེད་པའི་ངོ་བོ་བྃ་ཡིག་གམ། ཐིག་ལེ་དམར་པོ་ཆེ་ཆུང་རིལ་མ་ཙམ་པ་འཕུར་ལ་ཁད་པ་ཞིག་གསལ་གདབ། རང་གི་སྤྱི་བོར་སེང་ཁྲི་པད་ཟླ་འཇིགས་བྱེད་དུས་མཚན་གྱི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་བཞུགས་པ་ལ། བརྒྱུད་པའི་བླ་མ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ། དེ་དག་ཀྱང་འཇའ་གུར་གྱི་དབུས་ན་བཞུགས་ཤིང་། མེ་ཏོག་གི་ཆར་ཆེན་པོ་རྒྱུན་མི་ཆད་པར་འབེབས་པ། འཇའ་མདུང་ཚུགས་སུ་ཟུག་ཅིང་སྤོས་ཀྱི་དྲི་ཞིམ་པོ་འཐུལ་པ་སོགས་མཁའ་སྤྱོད་དངོས་དང་མཚུངས་པར་གྱུར། ཅེས་བརྗོད་ཅིང་བསམ། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་སྐྱབས་ཡུལ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ་པས་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་བསམ་མོ། །གཉིས་པ་སྦྱང་བ་དངོས་ནི། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་རྒྱུར་བྱས་པ་ལས་བྱུང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་མཆོད་པར་མོས་ཏེ། ཨོཾ་གུ་རུ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྟོད། སྤྲོ་ན་བརྒྱུད་པའི་གསོལ་འདེབས་དང་། གང་ལྟར་ཡང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་མཁའ་སྤྱོད་རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས་སོ། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས་ཤིག །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན༴ ལམ་མཆོག་འཕོ་བ་འབྱོངས་པར༴ འཕྱུགས་མེད་མཁའ་སྤྱོད་འགྲུབ་པར༴ ཞེས་ཚར་གྲངས་ཅི་ནུས་བརྗོད་ཅིང་གསོལ་བ་ཕུར་ཚུགས་སུ་བཏབ་ལ། འོག་རླུང་དྲག་ཏུ་འཐེན་པ་དང་མཉམ་དུ་གཤང་སྒོའི་རླུང་གཡོས་ཟླ་དཀྱིལ་ལ་ཕོག །རང་སེམས་བྃ་ཡིག་གམ་ཐིག་ལེ་གསལ་བ་དེ་ཉིད་དབུ་མའི་ནང་ནས་སྐར་མདའ་འཕང་བ་ལྟར་སོང་། བླ་མ་རྗེ་བཙུན་མའི་གསང་བ་ནས་ཞུགས་ཏེ་ཐུགས་ཀའི་བྃ་ཡིག་ལ་སིབ་ཀྱིས་ཐིམ་པར་བསམ་ལ་སེམས་བཟུང་། ཡང་སྟེང་རླུང་རྡུབས་པས་བླ་མའི་ཐུགས་ཀ་ནས་བྱུང་སྟེ་སྔར་ལྟར་གདན་ལ་འཁོད་པར་བསམ་ལ་རླུང་བུམ་པ་ཅན་ཁ་སྦྱར་དུ་འཛིན། སླར་ཡང་མཆོད་བསྟོད་བྱ་བའམ། གསོལ་འདེབས་ཀྱི་མཐར་སྔར་བཞིན་དམིགས་པའི་རྟེན་གོམས་པ་ལ་བསླབས་པ་ནི་རླུང་གི་འཕོ་བ་དང་། སྐབས་སུ། ཨཱི་ཧི་ཀ྄ །ཞེས་བརྗོད་པས་ཐིག་ལེ་སྤར་བ་དང་། ཀ་ཧི། ཞེས་པས་འབེབས་པ་སྟེ་སྒྲས་འཕོ་བའང་ཉམས་སུ་བླངས། འདི་གཉིས་ཀྱི་སྔ་མ་འབྱོངས་དཀའ་ཡང་འབྱོངས་ཕྱིན་བརྟན་པ་ཡིན་ལ། ཕྱི་མ་འབྱོངས་སླ་ཡང་བརྟན་དཀའ་བ་ཡིན་ཞེས་གསུངས། དེ་ལྟར་དུས་རྒྱུན་དུ་ལན་བདུན་སོགས་དང་། འདི་ཁོ་ན་སྦྱང་བའི་ཚེ་ཞག་བདུན་སོགས་ཐུན་བཞིར་བཅད་ལ་འབད་རྩོལ་དྲག་པོས་རྟགས་མ་བྱུང་བར་ཉམས་སུ་བླང་བར་བྱ་ཞིང་། རྟགས་ནི་སྤྱི་བོ་ཟ་བ་དང་། སྐྲངས་པ་དང་། ཆུ་སེར་འཛག་པ་དང་། སྒྲུབ་ཁང་ལ་འཇའ་ཟུག་པ་སོགས་འབྱུང་ངོ་། །ཐུན་ལས་ལྡང་བ། རླུང་སེམས་མར་ཕབས་པའི་རྗེས། མཐའ་སྐོར་གྱི་སྐྱབས་ཡུལ་རྣམས་བླ་མ་རྡོ་རྗེ་རྣལ་འབྱོར་མར་ཐིམ། དེ་ཉིད་རང་གི་ཚངས་བུག་ནས་བརྒྱུད་སྙིང་གར་དབུ་མའི་ནང་དུ་ཞུགས། སྤྱི་གཙུག་སྣ་ཚོགས་རྡོ་རྗེ་སྲ་ཞིང་འཐས་པས་བཀག་པར་བསམ། རྟགས་བྱུང་བ་སོགས་ཀྱི་ཚེ་ཚེ་སྒྲུབ་བྱེད་པར་འདོད་ན། སྙིང་གའི་རྣལ་འབྱོར་མ་འཆི་མེད་ཚེའི་བདུད་རྩིའི་ཆུ་རྒྱུན་དུ་གྱུར་ནས་ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། བ་སྤུའི་བུ་ག་ཚུན་ཆད་ཀྱང་བདུད་རྩིའི་ཟིལ་པ་ཕྲམ་མེར་ཡོད་པར་བསམ་ལ་རླུང་བུམ་ཅན་ཅི་ནུས་སུ་འཛིན། མཐར་བདག་བསྐྱེད་དང་འབྲེལ་ན་གོ་ཆ་བཀོད་པ་སོགས་དཀྱུས་ལྟར་དང་། མ་འབྲེལ་ན་བསྔོ་སྨོན་བཀྲ་ཤིས་སོགས་བྱའོ། །གཉིས་པ་ལས་ལ་སྦྱར་བ་ནི། ངེས་པའི་འཆི་ལྟས་བྱུང་ཞིང་དུས་ལ་བབས་པའི་ཚེ། སྔར་བཞིན་གསལ་གདབ། ཁྱད་པར་རང་གི་ལུས་ལོངས་སྤྱོད་དགྲ་གཉེན་བར་མའི་འགྲོ་བ་དང་བཅས་པ་བླ་མ་རྣལ་འབྱོར་མར་ཕུལ་ནས། ཆགས་སྡང་རྨོངས་གསུམ་གྱི་ཞེན་པ་བཙན་ཐབས་སུ་སྤངས། དམ་ཚིག་ཉམས་ཆགས་བཤགས་སྡོམ་གྱི་འདུན་པ་དྲག་པོ་བྱ། དམིགས་གནད་སྔར་བཞིན་ལ་རང་སེམས་བླ་མའི་ཐུགས་ཀར་ཐིམ། བླ་མ་རྗེ་བཙུན་མར་གསལ་བ་ཡང་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་པར་བསམ་ལ། དབྱིངས་སྟོང་ཉིད་དུ་རྗེན་ནེ། གདངས་གསལ་རིག་ཏུ་ལམ་མེ། དེ་གཉིས་དབྱེར་མེད་པ་བརྗོད་བྲལ་བློ་འདས་ཀྱི་ངང་དུ་མཉམ་པར་བཞག་པས། དེའི་ངང་དུ་དབུགས་ཆད་ན་འཕོ་བ་ཐེབས་པ་ཡིན་ནོ། །གལ་ཏེ་གཟའ་གདོང་ཐུག་ལྟ་བུ་རྐྱེན་གློ་བུར་བས་དམིགས་པའི་གསལ་འདེབས་རྒྱས་པ་ལང་མ་བྱུང་ན། རང་སེམས་དང་བླ་མའི་ཐུགས་དབྱེར་མེད་དུ་བསྲེས་པའི་ངང་ལ་མཉམ་པར་བཞག །དེ་ལྟར་དྲན་པས་མ་ཟིན་པའམ། འཕོ་བ་མ་འབྱོངས་ནས་བར་དོའི་སྣང་བ་ཤར་ན། དེ་སྦྱང་བའི་ཚུལ་ནི། ད་ལྟ་ནས་གང་ཤར་གྱི་སྣང་བ་སྤྱི་དང་། ཁྱད་པར་འཇིགས་སྐྲག་སོགས་གློ་བུར་དུ་འཆར་བའི་ཚེ་བར་དོའི་སྣང་བ་ཤེས་པར་བྱས་ལ། རང་གཞན་གྱི་སྣང་བ་ཐམས་ཅད་སྦྱང་བསྒྱུར་གྱིས་ལྷ་དང་གཞལ་ཡས་ཁང་དུ་བསྒྱུར། རིག་པ་བརྗོད་མེད་དུ་ཆམ་མེར་འཇོག་པ་ལ་བསླབ་པས་བར་དོར་ཡང་དྲན་པས་ཟིན་ནས་ལམ་གྱི་འཕྲོ་མཐུད་དེ་གྲོལ་བར་འགྱུར་རོ། །དབང་པོ་ཤིན་ཏུ་ཐ་མས་འདའ་ཀ་མའམ། བར་དོའི་གདམས་ངག་མ་ཐེབ་ན། སྐྱེ་བ་ཕྱི་མར་ལམ་གྱི་འཕྲོ་མཐུད་ནས་མཁའ་སྤྱོད་ཀྱི་གོ་འཕང་དོན་དུ་གཉེར་བ་སྟེ། དེ་ཉིད་འགྲུབ་པའི་སླད་དུ་མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་སོགས་གདབ་ཅིང་། བླ་མ་ལ་མོས་གུས་དང་མ་བྲལ་ན་ངེས་པར་འགྲུབ་པ་ཡིན་ནོ། །དེ་རྣམས་ཀྱིས་གཙོ་བོར་བསྐྱེད་རིམ་གྱི་རྣལ་འབྱོར་ཡན་ལག་དང་བཅས་པ་བསྟན་ནས། །གཉིས་པ་རྫོགས་པའི་རིམ་པ་ལ། སྤྱིར་ཆོས་ཉིད་དངོས་སུ་སྟོན་པ་དང་། བརྒྱུད་ནས་སྟོན་པ་གཉིས་ལས། འདིར་ཕྱི་མ་དཔེ་གསུམ་གྱིས་དོན་གཅིག་གཏན་ལ་འབེབས་པར་བྱེད་པ་ལ། གཞི་ཆོས་ཅན་འཁོར་བའི་དུས་སུ་འཁྲུལ་སྣང་གི་གཙོ་བོ་རྩ་རླུང་ཐིག་ལེ་ཐམས་ཅད་ཀྱི་ཁྱབ་བྱེད་ནང་གི་ཕོ་ཉ་མཆོག་རྩ་དབུ་མ་ཁོ་ན་ལ་གནད་དུ་བསྣུན་པས། གཉིས་མེད་ཀྱི་ཡེ་ཤེས་མྱུར་དུ་འཆར་བའི་གནད་ཤེས་པར་བྱས་ནས། དེ་ལ་གནད་དུ་བསྣུན་པའི་ལམ་ཇི་ལྟར་བསྒོམས་པའི་གནད་རྗེ་བཙུན་ཡབ་དང་ཐུན་མོང་དང་། ཡུམ་རྐྱང་ཐུན་མོང་མ་ཡིན་པའི་རྩ་དབུ་མའི་རྣལ་འབྱོར་གཉིས་ལས། ཕྱི་མ་ལའང་ཆགས་ཅན་ཕོ་ཉའི་ལམ་ལ་དགའ་བ་དང་། ཆགས་བྲལ་རྣལ་འབྱོར་གྱི་ལམ་ལ་དགའ་བ་གཉིས་ཀྱི་ཕྱི་མ་ལྟར་བསྒོམ་པའི་ཚུལ་ལ། ཐོག་མ་སྦྱང་བའི་ཚུལ་སོགས་རྒྱས་པར་འཁྲིད་ཡིག་ཆེན་མོ་ལས་ཤེས་པར་བྱས་ནས། འདིར་རྒྱུན་དུ་ཉམས་སུ་བླངས་པའི་ཚུལ་ཅུང་ཟད་ཙམ་བཤད་ན། རྩ་དབུ་མ་ཁ་དབྱེ་བའི་རྣལ་འབྱོར་དང་། དབྱེ་ནས་བསྒོམ་པའི་མན་ངག་གཉིས་ལས། དང་པོ་ནི། རྒྱན་གྱི་ཉམས་ལེན་ལ་ཞར་བྱུང་གི་རྫོགས་རིམ་གྱི་མཇུག་ཏུ་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས། རང་རྣལ་འབྱོར་མའི་ལུས་དབུས་དྲང་པོར་རྩ་དབུ་མ་མར་སྣེ་ལྟེ་འོག་སོར་བཞིར་སླེབས་པ། ཡར་སྣེ་སྤྱི་བོར་ཟུག་པའི་ནང་དུ་བྱང་སེམས་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་གྱིས་མཚན་པ། གཡས་སུ་རོ་མ་དམར་མོ། གཡོན་དུ་རྐྱང་མ་དཀར་མོ། གཉིས་ཀའང་གྲོ་སོག་འབྲིང་པོ་ཙམ་ཡར་སྣེ་སྤྱི་གཙུག་ནས་གུག་སྟེ་སྣ་བུག་གཉིས་སུ་ཧ་རེ་ཟུག་པ། མར་སྣེ་ལྟེ་བའི་ཐད་དུ་དབུ་མ་དང་སྦུབས་གཅིག་ཏུ་གྱུར་པའི་ནང་དུ། ཙཎྜ་ལཱི་རྃ་དམར་པོ་མེའི་རང་བཞིན་ཅན་རིལ་མ་ཙམ་གྱིས་མཚན་པ། མེ་འབར་ལ་ཁད་པ་དེའི་འོག་ཏུ་རླུང་དཀྱིལ་ལྗང་ནག་སྲན་མ་བཀས་པ་ཙམ་གསལ་བཏབ། རླུང་རོ་དགུ་ཕྲུགས་སུ་ཕྱག་ལེན་ལྟར་བུས་ལ། འོག་རླུང་ཕྱེད་འཐེན་ཙམ་དང་། སྟེང་རླུང་རྫོགས་པར་རྔུབས། སླར་འོག་སྒོ་འབྱེད་འཛུམ་གསུམ་ཙམ་གྱིས་འོག་རླུང་རྫོགས་པར་དྲངས་པས་རླུང་དཀྱིལ་ལ་ཕོག །རླུང་གཡོས་རྃ་ཡིག་ལས་མེ་ལྕེ་དམར་ཉུག་ཉུག་འབར་བར་བསམ་ལ་བུམ་ཅན་འཛིན། མཐར་འཛིན་མེད་པའི་ལྟ་བས་རྒྱས་འདེབས། དེ་ནས་ལུས་ཁོལ་བུར་དྲོད་སྐྱེ་བ་སོགས་ཅུང་ཟད་གོམས་པ་ན། རིམ་གྱིས་རྩ་གསུམ་གྱི་ནང་ཐམས་ཅད་མེས་གང་། དེ་ནས་རྩ་ཕྲན་ཐམས་ཅད་ཀྱང་མེས་ཁེངས་ཏེ་སྡིག་སྒྲིབ་བག་ཆགས་དང་བཅས་པའི་ངོ་བོ་ཁམས་སྙིགས་མ་ཐམས་ཅད་ཆམ་ཆམ་བསྲེགས། དྭངས་མ་བདུད་རྩིར་ཞུ་བ་དང་། སྤྱི་བོའི་ཧཾ་ལ་རེག་པས་བདུད་རྩིའི་རྒྱུན་དངུལ་ཆུ་ལྟ་བུའི་དྭངས་མས་རྩ་ཐམས་ཅད་ཁེངས་ཏེ་བདེ་དྲོད་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམ་ལ་རླུང་བུམ་ཅན་འཛིན། གཉིས་པ་བསྒོམ་པའི་མན་ངག་ལ། རླུང་ལུས་ལ་གནས་པས་བདེ་བ་དང་། སེམས་ལ་ཞུགས་པས་སྟོང་པར་བསྒྲུབ་པའི་རྣལ་འབྱོར་གཉིས་ལས། དང་པོ་ནི། རོ་རྐྱང་གཉིས་མི་དམིགས་པར་བཞག །དབུ་མ་སྦ་ལྕག་འབྲིང་པོ་ཙམ་ཡར་སྣ་སྤྱི་གཙུག་ནས་སྨིན་མཚམས་སུ་གུག་པའི་ནང་དུ། ཆོས་འབྱུང་དམར་སེར་འོད་ཀྱི་རང་བཞིན་ཅན་གྱི་རྩ་བ་ཕྲ་བ་དབུ་མའི་ནང་དུ་ཟུག་པ་ལ་བུག་པ་ཐལ་ལེ་ཡོད་པ། མར་སྣེ་གསང་གནས་ཀྱི་པདྨའི་ནང་དུ་ཧ་རེ་ཡོད་པའི་ནང་ཆོས་འབྱུང་སྔ་མ་ལྟ་བུ་ཞིག་གསལ་གདབ། སྨིན་མཚམས་ཀྱི་ཆོས་འབྱུང་ནང་ཐིག་ལེ་དཀར་ལ་སྔོ་མདངས་ཆགས་པ། འོད་ཁ་དོག་ལྔ་འཕྲོ་བ་སྲན་མ་ཙམ་ཞིག་གསལ་ལ། འོག་རླུང་ཅུང་ཟད་འཐེན། སྟེང་རླུང་ཅུང་ཞིག་རྔུབས་པའི་རྐྱེན་གྱིས་དེ་ལས་འོད་ཁ་དོག་ལྔ་ལྡན་འཕྲོ་བར་བསམ་ལ་སེམས་བཟུང་བས་སྨིན་མཚམས་སུ་ན་ལྷང་ལྷང་བའམ་བདེ་བ་སྐྱེ་བ་སོགས་ཀྱི་རྟགས་བྱུང་ན། ཐིག་ལེ་དེ་བུག་པ་ནས་ཡར་སོང་། སྤྱི་གཙུག་གི་དབུ་མའི་ནང་དུ་རི་རྩེར་སྐར་མ་ཤར་བ་བཞིན་འོད་ཕྲམ་ཕྲམ་དུ་གནས་པར་བསམ་ལ་སེམས་བཟུང་། མཐར་དེ་ལས་བདེ་ཆེན་གྱི་ཐིག་ལེ་ཤེལ་དཀར་བཞུ་བ་ལྟ་བུ་པདྨའི་སྣལ་མ་ཙམ་པ་ཞིག་ནར་གྱིས་བབས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་ཀྱི་དབུ་མའི་ནང་དུ་བབས་པ་ལ་སེམས་བཟུང་བས་ཡས་བབས་ཀྱི་དགའ་བཞིའི་ཡེ་ཤེས་སྐྱེས་པར་བསམ། དེ་ནས་གསང་གནས་ཀྱི་ཆོས་འབྱུང་གི་ནང་ནས་ཀྱང་ཕྱིར་སོར་ཕྱེད་དང་གསུམ་ཉུག་གེ་ཡོད་པ་ལ་སེམས་གཏད། སླར་ཆོས་འབྱུང་གི་བུག་པ་ནས་གྱེན་དུ་བྱུང་སྟེ། ལྟེ་བ་ནས་སྤྱི་བོའི་གཞིར་གནས་ཀྱི་ཐིག་ལེ་ལ་ཐིམ་པའི་བར་གནས་སོ་སོར་སེམས་བཟུང་བས། མས་བརྟན་གྱི་དགའ་བཞི་སྐྱེས་པར་བསམ་ལ་རིག་པ་འཛིན་མེད་དུ་བཞག །གཉིས་པ་ནི། དབུ་མ་ཆོས་འབྱུང་བཅས་སྔར་བཞིན་གསལ་བའམ། ཡང་ན་ཆོས་འབྱུང་མི་དམིགས་པར་བཞག །དབུ་མའི་ཡར་སྣ་སྨིན་མཚམས་དང་། མར་སྣ་གསང་གནས་ཀྱི་མཚམས་སུ་ཐད་བཅད་དུ་ཡོད་པར་བསམ། དེ་ནས་སྨིན་མཚམས་ཀྱི་ཆོས་འབྱུང་གི་ནང་ངམ་དབུ་མའི་ཡར་སྣེར་ཐིག་ལེ་བསྒོམ་པ་དེ་ལ་སེམས་བཟུང་སྟེ་སྤྱི་གཙུག་ཏུ་སྤོ་པའི་བར་སྔར་བཞིན་ལ། སྤྲོ་ན་བདེ་ཆེན་གྱི་ཐིག་ལེ་འབེབས་བཟློག་གི་དམིགས་པ་ཡང་བྱ། གང་ལྟར་ཡང་སྤྱི་བོའི་ཐིག་ལེ་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་པས། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་ཚོན་ལྟ་བུ་བུན་གྱིས་འཕྲོས། དབུ་མའི་ནང་བརྒྱུད་རྩ་ཁམས་གང་ལ་རེག་པ་ཐམས་ཅད་འཇའ་ཚོན་དུ་སོང་། དེ་ནས་ཆེར་འཕྲོས་པས་ལུས་རིལ་པོ། གནས་ཁང་། ལུང་པ། ཡུལ་ཕྱོགས། མཐར་ཁམས་གསུམ་ཐམས་ཅད་འོད་ཁ་དོག་ལྔ་འཇའ་ཚོན་ལྟ་བུ་ཁྲ་ཤིག་ཤིག ན་བུན་ལོང་ལོང་དུ་གྱུར་པར་བསམ་ལ་སེམས་བཟུང་། མཐར་དེ་ཐམས་ཅད་ནམ་མཁའ་ལ་དུ་བ་ཡལ་བ་བཞིན་བདེ་སྟོང་གི་ངང་དུ་མི་དམིགས་པར་བསམ་པའམ། ཡང་ན་དེ་ཐམས་ཅད་རང་གི་ལུས་ལ་ཐིམ། ལུས་སྤྱི་བོའི་ཐིག་ལེ་ལ་ཐིམ། དེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཆོས་ཉིད་ཀྱི་ངང་དུ་ཐིམ་པར་བསམ། སྡུད་རིམ་སྔ་མ་ལྟར་ན། རང་ལུས་ལྷ་སྐུ་རྩ་ཐིག་དང་བཅས་སྐད་ཅིག་གིས་ལམ་གྱིས་གསལ་འདེབས། ཕྱི་མ་ལྟར་ན། ཐོག་མར་རང་གི་སྨིན་མཚམས་ཀྱི་ཐིག་ལེ་དེ་ཁྲ་ཆེམ་གྱིས་གྲུབ། དེ་ནས་རིམ་བཞིན་དུ་ལུས་རྩ་དང་བཅས་པ་གྲུབ་པར་བསམ་ལ་དམིགས་པ་བསྐྱར། དེ་ལྟར་ན་རླུང་ལུས་ལ་གནས་པས་ཁམས་སྙིགས་མ་དངས་མ་དང་། སེམས་ལ་ཞུགས་པས་དངས་མ་འཇའ་ལུས་སུ་བསྒྱུར་པར་བྱེད་པའི་ཐབས་དམ་པ་སྟེ། ཚུལ་འདི་ལ་གོམས་པས་ཅིར་སྣང་བདེ་ཆེན་ཡེ་ཤེས་སུ་འཆར་བ་ན། གསང་བའི་སྤྱོད་པས་བོགས་དབྱུང་ཞིང་། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་། ཕྱག་རྒྱའི་ཉེ་རྒྱུས་མཚམས་སྦྱར་ཏེ་ཚེ་གཅིག་གིས་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པར་འགྱུར་རོ། །གསུམ་པ་ལམ་གྱི་ཡན་ལག་པྲ་སེ་ན་དབབས་པ་སོགས་ནི། དེང་སང་ལག་ལེན་འདེབས་པ་ཉུང་བས་འདིར་མ་བྲིས་ཏེ། རྗེ་བཙུན་ས་སྐྱ་པའི་གསུང་རབ་རྣམས་ལས་ཤེས་པར་བྱ་ཞིང་། འདིར་འཕྲོས་དོན་དུ་བསྙེན་པ་བྱེད་ཚུལ་གྱི་ལག་ལེན་ཅུང་ཟད་བཤད་ན། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྟེན་གྱི་གང་ཟག་ངེས་འབྱུང་དང་སྙིང་རྗེ་ཆེན་པོས་རྒྱུད་སྦྱངས་ཏེ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ། བྱིན་རླབས་ཀྱིས་སྨིན་ཞིང་ཉམས་ཁྲིད་ཟབ་མོ་ཐོབ་པ་ཆགས་མེད་ཀྱི་རྒྱུན་དང་ལྡན་ཞིང་བརྩོན་འགྲུས་ཡལ་བར་མི་འདོར་བས། གནས་དབེན་ཞིང་ཡིད་དང་མཐུན་ལ་རང་དབང་འདུས་པའི་གནས་སུ། མར་ངོའི་ཚེས་བཅུ་ལྟ་བུ་དུས་ཁྱད་པར་ཅན་གྱི་སྔ་དྲོ་གནས་ཁང་ཕྱག་དར་བྱ། རང་ཉིད་ཁ་ནུབ་ཏུ་ཕྱོགས་པའི་མདུན་རྣལ་འབྱོར་མའི་སྐུ་བྲིས་འབུར་གང་རིགས་ཀྱི་མདུན་དུ། གཏོར་མ་ལྔ་ཚར་སོགས་ཇི་ལྟར་རིགས་པ་མཆོད་པ་དང་བཅས་པ་བཤམས། བསྒུལ་བསྐྱོད་མི་དགོས་པའི་མལ་འོག་ཏུ་སྣ་ཚོགས་རྡོ་རྗེ་བྲིས་པའི་སྟེང་འབྲུ་དཀར་དང་ཀུ་ཤའི་ཆུན་པོ་དགྲམ། མདུན་དུ་ནང་མཆོད་རྡོར་དྲིལ། ཌཱ་མ་རུ་སོགས་ཉེར་མཁོའི་ཡོ་བྱད་དང་། མལ་ས་དེ་མིན་པ་ཞིག་ཏུ་རང་འཁོད་པའི་མདུན་གཏོར་མ་ཆ་གསུམ་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་སྟ་གོན་བྱ། གཉིས་པ་ནི། ཕྱི་དྲོའི་ཆ་ལ་བབས་པ་ནས། གྲོགས་དམ་ཚིག་པ་དང་བཅས་ཏེ་ཆ་གསུམ་ཡིད་ཆེས་པ་བཏང་པའམ། སྔོན་འགྲོ་གཏོར་མ་དཀྱིལ་ཆོག་ནས་འབྱུང་བ་བཞིན་ལ། མི་འདྲ་བའི་ཁྱད་པར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་སྒྲུབ་ཟབ་མོ་བགྱིད་པར་འཚལ་ན། ཞེས་དང་། བསྙེན་སྒྲུབ་ཀྱི་བྱ་བ་མཐར་མ་ཕྱིན་པར་ཞེས་བསྒྱུར། གཏོར་མ་ཕྱིར་དོར་བའི་ཚེ། མདུན་མཁར་བླ་མ་ཡི་དམ་འཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མངོན་སུམ་བཞིན་དུ་བཞུགས་པར་མོས་ཏེ། བདེན་སྟོབས་བརྗོད་པས་དེ་རྣམས་ཀྱི་སྐུ་ལས་རྡོ་རྗེ་ཁྲོ་བོ་དང་མེ་དཔུང་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་སྤྲོས། ཡུངས་ཀར་ཀྱང་འབྲུ་རེ་རེ་ནས་སྤྲུལ་པའི་ཕོ་ཉ་སྲིན་པོ་ཁྲོས་པ་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར་ཏེ་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད། བསད་བཅད་བཏུབ་ཅིང་ཆོས་དབྱིངས་སུ་ཐིམ། སྤྲུལ་པའི་ཁྲོ་བོའི་ཚོགས་རྣམས་ཚུར་འདུས་ཏེ་སྲུང་བའི་གུར་དུ་གྱུར་པར་བསམ་ལ། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། མཚམས་གཡོག་དང་སྨན་པ་སོགས་དམིགས་ཁོང་དུ་བཅུག་དགོས་པ་རྣམས་ཀྱང་འཇུག །སྤྲོ་ན་ཤེར་སྙིང་བདུད་བཟློག་དང་བཅས་པའང་བྱ། དེ་ནས་སྒོ་ཡི་ཕྱི་རོལ་དུ་ཐོ་དཀར་པོ་བཙུགས་ལ། རང་ཉིད་གྲོགས་དང་བཅས་རྡོར་དྲིལ་ཡུངས་ཀར་སྤོས་སོགས་ཐོགས་ལ། རྒྱས་པར་རྨོར་ཆེན་གྱིས་མཛད་པའི་ཐོ་འཛུགས་ལྟར་བྱ། ངོར་ལུགས་ལ་ཆ་གསུམ་ཙམ་ལས་གཞན་མི་མཛད། མཆན། དེ་ཙམ་མི་ནུས་ཀྱང་། ཐོ་འཇམ་མགོན་ཀུན་བློའི་གསུངས། མཆན། སུམྦྷ་ནི་སོགས་བརྗོད་ཅིང་ཡུངས་ཀར་གྱིས་བྲབས། གུ་གུལ་བདུག །མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ། ཡེདྷརྨཱ་ཚར་གསུམ། ཕྱོགས་བཅུ་ན་བཞུགས་པའི་སོགས་བརྟན་བཞུགས་སྤྱི་ལྟར་ལ། བྱེ་བྲག་ཏུ་ཐོ་འདི་ལ་རྒྱལ་ཆེན་བཞི་འཁོར་དང་བཅས་པ་བརྟན་པར་བཞུགས་ནས་བདག་གི་བསྙེན་སྒྲུབ་མཐར་མ་ཕྱིན་གྱི་བར་དུ། ཕྱིའི་བར་ཆད་ནང་དུ་མི་གཏོང་ཞིང་། ནང་གི་དངོས་གྲུབ་ཕྱིར་མི་ཡལ་བར་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། སུ་པྲ་ཏིཥྛ་དང་། ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར། བཀྲ་ཤིས་བརྗོད། ནང་དུ་ལོག་ལ་རང་ཉིད་མལ་དུ་འཁོད། ངེས་འབྱུང་དང་བྱང་སེམས་གསལ་གདབ་ལ། བརྒྱུད་པའི་བླ་མ་དང་། རྩ་བའི་བླ་མའི་སྐུ་བསྟོད་མོས་གུས་ཤུག་དྲག་པོས་བྱས། དེ་ནས་གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས། སྐྱབས་འགྲོ་ནས་བསམ་མི་ཁྱབ་པའི་བར་ཚར་ལུགས་ལྟར་ན་གནས་གསར་རྡོ་རྗེ་འཆང་དང་། ངོར་ལུགས་ལྟར་ན་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་དཀྱུས་ནས་འབྱུང་བ་ལྟར་ཉམས་སུ་བླངས་རྗེས་ཐུན་མཚམས་ཀྱི་ལྷར་ལྡང་ཞིང་གཏོར་མ་འབུལ། གོ་ཆ་བཀོད་ཅིང་བསྲུང་བ་དང་བསྔོ་སྨོན་རྒྱས་པར་བྱ། གོང་གི་ཡིག་ཆ་དེ་གཉིས་མ་འབྱོར་ན་སྔོན་དུ་ཁོ་བོས་བཤད་པའི་སྒྲུབ་ཐབས་འདི་ཁོ་ན་ལྟར་ཉམས་སུ་བླངས་ཀྱང་རུང་ངོ་། །སླར་སྲོད་ཐུན་སྐྱབས་འགྲོ་ནས་བསྡུ་རིམ་པར་དཀྱུས་ལྟར་ལ། ཉལ་བའི་རྣལ་འབྱོར་གྱིས་ཉལ། སང་ནངས་པར་ལྡང་སྟེ་བདུད་རྩི་མྱོང་བ་དང་། སྐྱབས་འགྲོ་སོགས་དཀྱུས་ལྟར། ཉི་མ་ཤར་ཙམ་གྱི་ཚེ་ཐུན་གྲོལ། གཏོར་མ་བརྒྱ་རྩ་དང་ཚེ་སྒྲུབ་སོགས་བྱེད་ན་སྐབས་འདིར་བྱ། དེ་ནས་ཐུན་ཚུགས་ལ་ཉིན་ཕྱེད་མ་ཟིན་ཙམ་ལ་གྲོལ། ཁ་ཟས་ཀྱི་རྣལ་འབྱོར་དང་། ཕྱག་བསྐོར་མདོ་འདོན་པ་སོགས་དགེ་བའི་བྱ་བ་ཅི་འགྲུབ་བྱ་ཞིང་ཅུང་ཟད་ངལ་གསོ། །དེ་ནས་གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས་ཐུན་ལ་ཞུགས། ཉི་མ་ནུབ་ལ་ཉེ་བ་ན་གྲོལ་ནས་གཏོར་མའི་རྣལ་འབྱོར་རྒྱས་པར་བྱ། སྤྱིར་གྲུབ་ན་ཐུན་སྔ་མ་གཉིས་ཀྱི་མཇུག་ཏུའང་གཏོར་བསྔོ་བྱ་བར་གསུངས། བིར་སྲུང་དང་བྲག་རྫོང་མ་སོགས་སྲུང་འཁོར་གྱི་རིགས་ཡོད་ན་ཉམས་སུ་བླངས། དེ་ནས་སྲོད་ཐུན་ལ་འཇུག་ཅིང་། ནམ་གུང་མ་ཟིན་ཙམ་ལ་གྲོལ་ནས་ཉལ་བའི་རྣལ་འབྱོར་སོགས་སྔར་བཞིན་བྱ་སྟེ། དེ་ལྟར་ཐུན་བཞིའི་སྤྱིར་ཚར་ལུགས་ལ་ཐུན་བཞི་དང་། ངོར་ལུགས་ལ་ཐུན་གསུམ་མཛད་ཀྱང་། སྐབས་འདིར་རྗེ་རྡོ་རྗེ་འཆང་གིས་ཀྱང་། ཐུན་བཞི་བསྒོམ་ཞིང་གུས་པས་གསོལ་བཏབ་པས། ཞེས་གསུངས་པས་ཐུན་བཞི་ཁོ་ན་ལེགས་སོ། །མཆན། ཚུལ་གྱིས་ཐོག་མར་ཐུན་རྣམས་ལ་སྔོན་འགྲོ། སྐྱབས་འགྲོ། རྡོར་སེམས། མཎྜལ་རྣམས་རིམ་པ་གཙོ་བོར་བྱས་ཏེ། རབ་འབུམ་ཐེར་དང་། དེ་མིན་ཀྱང་མཚམས་ཀྱི་དངོས་གཞི་ཡུན་རིང་ཐུང་ལ་ལྟོས་ཏེ་ཞག་གསུམ། བདུན་སོགས་ཇི་ལྟར་འོས་པ་བྱ། དངོས་གཞིར་གཙོ་བོ་ངག་བཟླས་དང་། ཐུན་མཇུག་ཏུ་ཡིད་བཟླས། ཞར་བྱུང་གི་རྫོགས་རིམ་མཁའ་སྤྱོད་སྒྲུབ་པའི་ལམ་ཁྱད་པར་ཅན་བསམ་མི་ཁྱབ་ཐུན་མིན་རྣམས་མ་ཆགས་པར་བྱ། གཞན་འཕོ་བ་དང་། རྩ་དབུ་མའི་རྣལ་འབྱོར་སོགས་ཀྱང་ཇི་ལྟར་རིགས་པར་བསྒོམ། ལམ་དུས་ནི་ཐོར་ཐུན་གྲོལ་ནས་སྔ་ཐུན་མཚུགས་པའི་བར་བྱ་ཞིང་། དེ་མིན་ཁ་འདོན་ཆུང་ངུའི་རིགས་རྣམས་ཐུན་མཚམས་གང་རུང་ལ་མ་ཆགས་ཙམ་བྱ། ཐུན་ལ་ཞུགས་ནས་མ་གྲོལ་བར་ཇ་སོགས་བཞེས་ཀྱང་ངག་མཚམས་དམ་པར་བཅད། ཐོག་མར་ཁོག་གྲིམ་ལ་སོས་དལ་བ། བར་དུ་སྒོ་གསུམ་འཇུག་པ་ཆིག་བསྒྲིལ། མཐར་ཇེ་ལྷོད་ལ་བཏང་ནས་མཚམས་དང་ཞེ་མ་འགྲས་པར་བསླབ། བཟླས་པ་འགྲོ་ཆེ་བ་དང་ཉམས་དང་རྨི་ལམ་གསལ་བ་སོགས་བཟང་རྟགས་དང་། བཟླས་པ་འགྲོ་བ་བུལ་ཞིང་ནད་གདོན་སོགས་རྐྱེན་ངན་གང་བྱུང་ཡང་རེ་དོགས་ཀྱི་རྣམ་རྟོག་ཚབ་ཚུབ་མི་བྱ་བར་བློ་བླ་མ་དང་དཀོན་མཆོག་ལ་གཏད་ནས་ལྷོད་ཀྱིས་གློད། དམ་བཅའ་ཡལ་བར་མི་འདོར་བའི་སྙིང་རུས་བསྐྱེད། རིག་པ་བརྗོད་མེད་དུ་ཆམ་མེར་བཞག་པས་གེགས་ཐམས་ཅད་རང་གྲོལ་དུ་འགྲོ། བཟླས་པའི་ཐོག་མར། ཐོད་པའམ་བོ་དྷི་ཙིའི་ཕྲེང་བ་བརྒྱ་རྩ་བརྒྱད་ལ། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཾ་སརྦ་བུདྡྷ་མ་ཡཾ་བྷ་བེ་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱཿཁཾ་སྭཱ་ཧཱ། ལན་གསུམ་བཟླས་པའི་ཁ་རླངས་ཕྲེང་བར་ཕོག་པར་བྱས་ཏེ་བྱིན་གྱིས་བརླབས། དངོས་གཞིའི་བཟླས་དམིགས་ནི་གཙོ་བོ་སྔར་བཤད་པ་བཞིན་དང་། དམིགས་པ་གཅིག་ཁོ་ནས་སྐྱོ་ན། རེས་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་གསལ་ལམ་མེ་བ་ལ་སེམས་གཏད། རེས་སྐུ་ཡི་ཆ་ཤས་རེ་རེ་ནས་སེམས་འཛིན། རེས་སྔགས་ཀྱི་ཡིག་འབྲུ་དང་སྒྲ་ཙམ་ལ་སེམས་བཟུང་། རེས་གནས་ལུགས་བརྗོད་བྲལ་གྱི་ངང་དུ་ངལ་གསོ། རེས་འོད་ཟེར་གྱི་རྩེ་ལས་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་དང་། རེས་སྣོད་བཅུད་ཐམས་ཅད་ལྷར་གསལ་བ་དང་། དེ་ཐམས་ཅད་ཀྱིས་ཀྱང་ཨོཾ་གསུམ་མའི་སྒྲ་འུར་དིར་གྱིས་སྒྲོགས་པར་བསམ་ལ་བཟླ་བ་སོགས་དམིགས་པའི་རྩལ་སྦྱང་བས་གཅིག་གྲོགས་གཅིག་གིས་བྱས་ཏེ་རྣལ་འབྱོར་ལ་བོགས་ཐོན་པར་འགྱུར་ཞིང་། མདོར་ན་སེམས་མ་ཡེངས་པའི་ངང་དུ་བཟླས་བ་བྱ་བ་ནི་ཤིན་ཏུ་གལ་ཆེའོ། །བཟླས་པའི་གྲངས་ནི། གཞིའི་བསྙེན་པར་འབུམ་ཕྲག་བཞི། ཁྲི་ཕྲག་བཞི། སྟོང་ཕྲག་བཞི། བརྒྱ་ཕྲག་བཞི་རྣམས་ཀྱིས་དོན་འགྲུབ་པར་གསུངས་ལ། འབྲུ་འབུམ་བྱེད་ན་འབུམ་ཕྲག་སོ་བདུན་མཛད་པ་ཕྱག་ལེན་ནོ། །དེ་ཡང་སྒྲུབ་པ་པོ་ནམ་འཆི་ཆ་མེད། འཁོར་བ་ལ་ངེས་འབྱུང་། སེམས་ཅན་ལ་སྙིང་རྗེ། བླ་མ་ལ་མོས་གུས་རྣམས་ལམ་གྱི་སྲོག་ཏུ་བཟུང་། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གཅེས་སྤྲས་སུ་བྱས་ནས་རྩེ་གཅིག་ཏུ་བསྙེན་ན་དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པ་ནི། རྒྱུད་སྡེའི་བཞུགས་ཚུལ། བསྒོམ་བྱའི་ལྷ། བཟླ་བྱའི་སྔགས། ཟབ་མོའི་རྫོགས་རིམ་རྣམས་ཀྱི་སྒོ་ནས་གཞན་ལས་ཆེས་ཁྱད་དུ་འཕགས་པའི་དབང་གིས་ཏེ། དེ་ཡང་རྒྱུད་སྡེའི་བཞུགས་ཚུལ་གྱི་དབང་དུ་བྱས་ན། རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་པ་ནི་རྣལ་འབྱོར་གསང་མཐའི་རྒྱུད་ཡིན་ལ། དེ་ལའང་ལཱུ་ནག་དྲིལ་གསུམ་རྣལ་འབྱོར་མ་དང་བཞི་ལས། ཕྱི་མ་འདི་ཁོ་ན་མཆོག་ཏུ་ཟབ་པའི་ཕྱིར་ཡང་རྩེ་ནཱ་རོ་མཁའ་སྤྱོད་ཅེས་གྲགས་སོ། །བསྒོམ་བྱའི་ལྷ་ཡི་དབང་དུ་བྱས་ན། རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པས་མཚོན། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་ནི། མཁའ་འགྲོ་མ་བྱེ་བ་ཕྲག་ཕྱེད་དང་བཞི་འདུས། དེ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། དེ་བདུན་ཅུ་རྩ་བདུན་དུ། དེ་སོ་བདུན་དུ། དེ་ཉི་ཤུ་རྩ་བཞིར། དེ་ཡང་བརྒྱད། དེའང་རྡོ་རྗེ་རྣལ་འབྱོར་མ་འདི་ཁོ་ན་ལ་འདུ་བའི་ཕྱིར། འདི་བསྒོམ་པས་དཔའ་བོ་མཁའ་འགྲོ་ཇི་སྙེད་ཐམས་ཅད་བསྒོམ་པར་འགྱུར་བ་ཉིད་དོ། །བཟླ་བྱའི་སྔགས་ཀྱི་དབང་དུ་བྱས་ན། གསང་སྔགས་ཨོཾ་གསུམ་མ་འདི་ཉིད་ཕག་མོ་སོ་བདུན་མའི་དཀྱིལ་འཁོར་གྱི་ལྷ་ཉིད་ཡི་གེའི་གཟུགས་སུ་ཤར་བ་ཡིན་ཅིང་། དེ་ལས་འཕྲོས་ཏེ་སྔར་སྨོས་པ་བཞིན་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པར་ཤར་བའི་ཕྱིར་ན། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ངོ་བོ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་སྔགས་ཐམས་ཅད་འདུས་པར་བཤད་པས་དེ་ཐམས་ཅད་ཀྱི་བྱིན་རླབས་ཞུགས་པར་འགྱུར་བ་དང་། དམ་ཚིག་དང་ལྡན་པའི་སྔགས་པས་བཀླགས་པ་ཙམ་གྱིས་དོན་ཐམས་ཅད་གྲུབ་པའི་ཕྱིར། བདེ་མཆོག་རྩ་རྒྱུད་ལས། འདི་ལས་ཤིན་ཏུ་མཆོག་གྱུར་པ། །འཇིག་རྟེན་གསུམ་ན་ཅི་ཡང་མེད། །སོགས་ནས། བཀླག་པས་འདི་དག་ཐམས་ཅད་འགྲུབ། །ཞེས་སོགས་རྡོ་རྗེ་འཆང་རང་ཉིད་ཀྱིས་རྒྱ་ཆེར་བསྔགས་པ་མཛད་དོ། །རྫོགས་རིམ་གྱི་དབང་དུ་བྱས་ན། རྩ་རླུང་ཐིག་ལེ་ཐམས་ཅད་དབུ་མ་ཡེ་ཤེས་ཀྱི་རླུང་ཐིག་ལེ་དང་བཅས་པ་འབའ་ཞིག་ལ་འདུས་པས། འདི་ཁོ་ནར་གནད་དུ་བསྣུན་པས་གཞན་ཐམས་ཅད་ཤུགས་ཀྱིས་འབྱོངས་ཞིང་དངོས་གྲུབ་མྱུར་བའི་ཟབ་གནད་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ལམ་ཟབ་མོ་འདི་ལ་བརྟེན་ནས་འཕགས་བོད་དུ་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་ཞིག་འཇའ་ལུས་མཁའ་སྤྱོད་ཀྱི་གོ་འཕང་མངོན་དུ་མཛད་པའི་ཚུལ་ལ་དྲན་པས་ཉེ་བར་བཞག་སྟེ། བདག་ལེགས་སུ་འདོད་པའི་སྐལ་བཟང་རྣམས་ཀྱིས་ཚུལ་འདི་ཁོ་ནར་ཉམས་ལེན་གྱི་སྙིང་པོར་དྲིལ་བར་བྱའོ། །གསུམ་པ་ནི། བསྙེན་པའི་གྲངས་ཐེབས་པ་དང་གྲུབ་ན་ཞག་གསུམ་གྱི་བར་ཕྱི་རོལ་མཆོད་པ་བྱ། གནས་དེ་ཉིད་དམ་ཕྱི་རོལ་གཞན་གྱིས་མི་མཐོང་བའི་སར་ཁ་སྐོང་གི་སྦྱིན་སྲེག །ལྷ་སྔགས་ཨོཾ་གསུམ་མ་དང་རྫས་ཏིལ་འབའ་ཞིག་ལ་གྲངས་བཟུང་ནས་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆ་འབུལ། དེ་ནས་གཟའ་སྐར་བཟང་བའི་ཐོར་ཐུན་གྱི་མཇུག་ཏུ་གཏོར་བསྔོ་རྒྱས་པར་བྱ་ཞིང་གཏོར་མ་འབུལ། སྒོ་དྲུང་གི་རྒྱལ་ཆེན་ལ་གཏང་རག་དང་། གཤེགས་གསོལ་བྱ། དེ་ནས་གྲོགས་དམ་ཚིག་དང་ལྡན་པ་རྣམས་དང་རིམ་གྱིས་འཕྲད་པ་སོགས་བྱའོ། །དེ་དག་གི་གནས་སྐབས་ཐམས་ཅད་དུ་རྒྱས་འདེབས་པར་བྱེད་པ་ཆོས་ཉིད་དངོས་སུ་སྟོན་པའི་ཉམས་ལེན་གྱི་གནད་ཅུང་ཟད་བཤད་ན། ཚར་ཆེན་རྡོ་རྗེ་འཆང་ཆེན་པོས། སྐྱེ་འགགས་གནས་གསུམ་བྲལ་བ་གདོད་མའི་གཤིས། །ཞེས་སོགས་གསུངས་པའི་དོན། འཁོར་འདས་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་ཁོ་ནའི་རྣམ་འཕྲུལ་ལས་དོན་ལོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་། སེམས་དེ་ལ་ཡང་ཁ་ནང་དུ་ལྡོག་ནས་ཆེར་གྱིས་བལྟས་པས། དང་པོར་སྐྱེ་བའི་རྒྱུས་སྟོང་། བར་དུ་གནས་པའི་ངོ་བོས་སྟོང་། མཐར་འགགས་པའི་འབྲས་བུས་སྟོང་པས་ན་གདོད་མ་ནས་རང་ཆས་སུ་གནས་པའི་གཤིས་ལུགས་ངོ་བོ་སྟོང་པ། མཚན་ཉིད་གསལ་བ་དེ་གཉིས་དབྱེར་མེད་པའི་ཟུང་འཇུག །ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བའི་བློ་འདས་ཀྱི་རིག་པ་སྐད་ཅིག་མ་འདི་ཀ་དོན་དམ་ལྷན་ཅིག་སྐྱེས་པའི་རྡོ་རྗེ་རྣལ་འབྱོར་མར་རང་ངོ་འཕྲོད་ནས་ཐག་བཅད་ངེས་ཤེས་བསྐྱེད། འཛིན་པ་མ་ཞུགས་པར་བྱས་ཏེ་ཉམས་ལེན་གྱི་རྒྱུན་སྐྱོང་། རྣམ་རྟོག་གང་སྐྱེས་ཀྱང་དེ་ཀ་རང་གི་སྟེང་དུ་བཟོ་བཅོས་མ་བྱས་པར་ཀློད་ནས་སེམས་ལ་སེམས་ཀྱིས་བལྟ་བའི་ཚུལ་གྱིས་མ་ཡེངས་ཙམ་དུ་བཞག་པས་རྟོག་པ་ཁོ་རང་གསལ་སྟོང་ཟུང་འཇུག་ཏུ་རྗེན་ལྷང་གིས་འཆར་བ་ཞིག་ཡོང་། དེས་མཚོན་ཏེ་བསྐྱེད་རྫོགས་བསྒོམ་པ་ལ་སོགས་མཉམ་བཞག་དང་རྗེས་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཉམས་ལེན་དང་མ་བྲལ་བ་གལ་ཆེ་སྟེ། དེའི་ཚུལ་ཡང་། བླ་མ་ས་སྐྱ་པ་ཆེན་པོས། བསྐྱེད་རིམ་རྟོག་པ་ཡིན་མོད་ཀྱང་། །རྟོག་པའི་ངོ་བོ་སེམས་ཡིན་ཏེ། །སེམས་ཀྱི་མཚན་ཉིད་གསལ་རིག་ཡིན། །གསལ་རིག་རང་བཞིན་སྟོང་པ་ཉིད། །སྟོང་པ་གདོད་ནས་ཆོས་ཀྱི་དབྱིངས། །འཁྲུལ་པ་ཆོས་ཀྱི་དབྱིངས་ཉིད་དུ། །ཤེས་པས་རྟོག་པ་ཐམས་ཅད་ཀྱང་། །ཇི་ལྟར་བསྒོམ་ཀྱང་མི་རྟོག་ཉིད། །བཙལ་ཡང་འཁྲུལ་བ་ག་ལ་སྲིད། །ཅེས་གསུངས་པ་ལྟར། སེམས་ཀྱི་གཤིས་ལུགས་བརྗོད་བྲལ་གྱི་ངང་ནས། གདངས་བདེ་ཆེན་དུ་མ་འགགས་པའི་རང་རྩལ་ལྷ་དང་གཞལ་ཡས་ཁང་སོགས་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྣང་སྟོང་ཟུང་འཇུག་ཆེན་པོའི་ལམ་ལ་བསླབས་པས་བསྐྱེད་རྫོགས་དབྱེར་མེད་དང་ཅིར་སྣང་ཡེ་ཤེས་སུ་འཆར་བའི་དོན་ལ་རིམ་གྱིས་དབང་འབྱོར་བར་འགྱུར་རོ། །དེ་ལྟར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལམ་གྱི་རིམ་པ་ཟབ་མོ་འདི་ལ། སྤྱིར་འཕགས་བོད་ཀྱི་མཁས་གྲུབ་དུ་མས་བཀྲལ་བའི་གཞུང་དང་། ཁྱད་པར་རང་ལུགས་ཉམས་ལེན་སྙིང་པོར་དྲིལ་བའི་དབང་དུ་བྱས་ན། ངག་འདོན་ཐུན་མོང་ཙམ་དུ་ཚར་ཆེན་དང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཐུན་མོང་མ་ཡིན་པར་གནས་གསར་རྡོ་རྗེ་འཆང་གི་སྒྲུབ་ཐབས་ནག་འགྲོས་མ་དང་། དེ་དག་གི་གོ་དོན་འཇམ་དབྱངས་མཁྱེན་བརྩེའི་ཁྲིད་ཡིག་ཆེན་མོ་ལ་གཞི་བྱས། འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་རྣམ་བཤད་དང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་པའི་བླ་མའི་རྣལ་འབྱོར་སོགས་ཡིག་ཆུང་། ཚར་ཆེན་རིན་པོ་ཆེས་མཛད་པའི་ལུས་དཀྱིལ། བསམ་མི་ཁྱབ་ཐུན་མིན། འཕོ་བ་རྣམས་ཀྱི་ཡིག་ཆུང་གིས་བརྒྱན་པ་དང་། ཞལ་ཤེས་ཀྱི་གནད་འགའ་ཞིག་ཞི་བཟང་འཕགས་པ་དགེ་ལེགས་རྒྱལ་མཚན་གྱིས་གནས་གསར་བའི་གསུང་ཇི་ལྟ་བ་བཞིན་ཟིན་བྲིས་སུ་མཛད་པ་རྣམས་སུ་མི་གསལ་བ་གང་ཡང་མ་མཆིས་ཤིང་། དེ་མཚུངས་ཚེས་བཅུའི་མཆོད་པ་དང་། ཞི་བའི་སྦྱིན་སྲེག་གནས་གསར་བ་དང་། བསྙེན་ཡིག་རྨོར་ཆེན་དང་། མཁས་གྲུབ་སངས་རྒྱས་རྒྱ་མཚོས་མཛད་པས་མཚོན་བྱིན་རླབས་དང་ལེགས་བཤད་རྨད་དུ་བྱུང་བ་གླེགས་བམ་དུ་ལོངས་པ་དུ་མ་ཡོད་བཞིན་དུ། འདི་ལྟ་བུ་འབྲི་བ་ལ་དགོས་པ་གང་ཡང་མ་མཆིས་མོད། འོད་ཀྱང་ཟབ་ཆོས་འདི་ཉིད་ཁྱབ་བརྡལ་དུ་དར་ཆེས་བས། གྲུབ་མཐའ་གཞན་གྱི་ཕྱོགས་སུ་གང་གི་དཔེ་དེ་རྣམས་ཐམས་ཅད་རྙེད་དཀའ་བ་དང་། རང་རེའི་རྗེས་འབྲངས་འགའ་ཞིག་ཀྱང་དཔེ་མང་ཀློག་པའི་ངལ་བ་མི་ནུས་ཤིང་། བློ་གྲོས་དམན་པས་ཡིག་ཆ་ཕན་ཚུན་གུང་བསྒྲིགས་མི་ཤེས་པ་སོགས་དང་། སྤྲོས་པ་ཆུང་བས་ཚེས་བཅུའི་མཆོད་པ་སོགས་རྒྱས་པར་མི་ནུས་པ་རྣམས་ལ་ཕན་པའི་བསམ་པ་ཁོ་ནས་ངག་འདོན་དང་དམིགས་རིམ་མདོར་བསྡུས་དཀྱུས་གཅིག་ཏུ་བཀོད་པ་ལ་མཁས་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི། །བསྐྱེད་དང་རྫོགས་པའི་ཚུལ་འདི་ལ། །བརྟེན་ནས་འགྲོ་ཀུན་མཁའ་སྤྱོད་གྲོང་། །བགྲོད་པའི་གསང་ལམ་ཉིད་གྱུར་ཅིག །ཅེས་པའང་ལམ་འདི་ལ་མོས་པའི་དགེ་སློང་གུ་ཎ་ལཀྵྨིས་ཚེས་བཅུའི་མཆོད་པ་མདོར་བསྡུས་པ་ཞིག་དགོས་ཞེས་ཆེད་དུ་བསྐུལ་བས་མཚམས་སྦྱར་ཏེ། དོན་གཉེར་བློ་གྲོས་དམན་པ་གཞན་ལའང་ཕན་པའི་བསམ་པས་བསྐྱེད་རྫོགས་ཡན་ལག་དང་བཅས་པ་ཉུང་གསལ་སྙིང་པོར་དྲིལ་བ་འདི་ནི། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་རྣམས་ཀྱི་བཀའ་དྲིན་ལས་ཚུལ་འདིའི་སྨིན་གྲོལ་གྱི་བདུད་རྩི་མང་དུ་ཐོས་པའི་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱི་ཞལ་ལུང་དྲི་མ་མེད་པ་ལ་ཉེ་བར་བཏུས་ཏེ་སྦྱར་བའི་དགེ་ལེགས་ཀྱི་སྣང་བས་ཕན་བདེའི་པདྨོ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །། ༈ }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 08:54, 20 May 2021
Wylie title | rje btsun rdo rje rnal 'byor ma nA ro mkha' spyod ma'i bskyed rdzogs mdor bsdus pa mkha' spyod bgrod pa'i gsang lam | |
---|---|---|
Location | mkhyen brtse'i bka' 'bum Volume 7, sde tshan 15, Text 4, Pages 350-402 (Folios 24b6 to 50b1) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Associated People | ནཱ་རོ་པ་ (Nāropa) | |
Citation | 'jam dbyangs mkhyen brtse'i dbang po. rje btsun rdo rje rnal 'byor ma nA ro mkha' spyod ma'i bskyed rdzogs mdor bsdus pa mkha' spyod bgrod pa'i gsang lam. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 7: 350-402. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Activity Manual - las byang · Generation Stage - bskyed rim · Completion Stage - rdzogs rim | |
Cycle | ནཱ་རོ་མཁའ་སྤྱོད་མ་ (na ro mkha' spyod ma) | |
Deity | rdo rje rnal 'byor ma | |
Colophon |
།ཅེས་པའང་ལམ་འདི་ལ་མོས་པའི་དགེ་སློང་གུ་ཎ་ལཀྵྨིས་ཚེས་བཅུའི་མཆོད་པ་མདོར་བསྡུས་པ་ཞིག་དགོས་ཞེས་ཆེད་དུ་བསྐུལ་བས་མཚམས་སྦྱར་ཏེ། དོན་གཉེར་བློ་གྲོས་དམན་པ་གཞན་ལའང་ཕན་པའི་བསམ་པས་བསྐྱེད་རྫོགས་ཡན་ལག་དང་བཅས་པ་ཉུང་གསལ་སྙིང་པོར་དྲིལ་བ་འདི་ནི། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་རྣམས་ཀྱི་བཀའ་དྲིན་ལས་ཚུལ་འདིའི་སྨིན་གྲོལ་གྱི་བདུད་རྩི་མང་དུ་ཐོས་པའི་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱི་ཞལ་ལུང་དྲི་མ་མེད་པ་ལ་ཉེ་བར་བཏུས་ཏེ་སྦྱར་བའི་དགེ་ལེགས་ཀྱི་སྣང་བས་ཕན་བདེའི་པདྨོ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། | |
ces pa'ang lam 'di la mos pa'i dge slong gu Na lak+Sh+mis tshes bcu'i mchod pa mdor bsdus pa zhig dgos zhes ched du bskul bas mtshams sbyar te/__don gnyer blo gros dman pa gzhan la'ang phan pa'i bsam pas bskyed rdzogs yan lag dang bcas pa nyung gsal snying por dril ba 'di ni/__khyab bdag rdo rje sems dpa'i ngo bor gyur pa mkhan chen thams cad mkhyen pa byams pa rnal 'byor 'jam dpal bzang po sogs yongs 'dzin dam pa chos bzhin du spyod pa rnams kyi bka' drin las tshul 'di'i smin grol gyi bdud rtsi mang du thos pa'i rgyal khams kyi bya bral ba 'jam dbyangs mkhyen brtse'i dbang pos/__mkhas shing dngos grub brnyes pa rnams kyi zhal lung dri ma med pa la nye bar btus te sbyar ba'i dge legs kyi snang bas phan bde'i pad+mo mchog tu rgyas pa'i rgyur gyur cig__/sarba dA mang+ga laM/ |
1 Texts in this Section (sde tshan or chos tshan)
Footnotes
Other Information
- JKW-KABUM-07-JA-015-004
- Tibetan Publications
- Tibetan Texts
- mkhyen brtse'i bka' 'bum
- nA ro mkha' spyod ma
- rdo rje rnal 'byor ma
- Activity Manual - las byang
- Generation Stage - bskyed rim
- Completion Stage - rdzogs rim
- 'jam dbyangs mkhyen brtse'i dbang po
- rdzong sar blo gros phun tshogs
- Nāropa
- JKW-KABUM-07-JA-015
- Khyentse Lineage Project
- JKW-KABUM-Volume-07-JA