DKR-KABUM-17-TSA-030: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རང་བྱུང་པདྨའི་སྙིང་ཐིག་ལས། གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོའི་ལམ་གྱི་སྔོན་འགྲོའི་ཁྲིད་ཡིག་རྣམ་གྲོལ་སྒོ་འབྱེད། | |||
|fulltitle=rang byung pad+ma'i snying thig las/ gu ru'i thugs sgrub dngos grub snying po'i lam gyi sngon 'gro'i khrid yig rnam grol sgo 'byed | |||
|citation=[[Khyentse, Dilgo]]. ''Rang byung pad+ma'i snying thig las gu ru'i thugs sgrub dngos grub snying po'i lam gyi sngon 'gro'i khrid yig rnam grol sgo 'byed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: 228-246. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=Contemplative Guide Books and Instructional Manuals - khrid yig, Preliminary Practices - sngon 'gro | |||
|terma=Yes | |||
|dkroutline=Six | |||
|cycle=rang byung pad+ma snying thig | |||
|cycletib=རང་བྱུང་པདྨ་སྙིང་ཐིག་ | |||
|language=Tibetan | |||
|volumenumber=017 | |||
|volnumtib=༡༧ | |||
|volyigtib=ཙ་ | |||
|totalvolumes=25 | |||
|textnuminvol=030 | |||
|pagenumbers=228-246 | |||
|totalpages=38 | |||
|beginfolioline=1a | |||
|endfolioline=19b1 | |||
|totalfolios=19 | |||
|multivolumework=No | |||
|rectonotes=sngon khrid | |||
|versonotes=rang byung pad+ma snying thig | |||
|colophontib=།ཞེས་པའང་ཕྱིའི་རྒྱལ་ཁབ་ཕ་རན་སིའི་ནགས་ཁྲོད་འོག་མའི་སྒྲུབ་སྡེ་ཐེག་མཆོག་གྲུབ་པའིགླིང་དུ་སྨིན་ཁྲིད་འབོག་པའི་སྐབས་ཉེར་མཁོར་གྱུར་ཅིང་དམ་པའི་ཡོན་ཏན་དུ་མས་ཐུགས་རྒྱུད་ཕྱུག་པའི་མཆོག་སྤྲུལ་པདྨ་དབང་རྒྱལ་ནས་ཆེད་བསྐུལ་བཞིན་གནས་དེ་ཉིད་ནས་དབུ་བརྩམས་ཏེ་ལྷོ་འབྲུག་སྤ་གྲོ་སྐྱེར་ཆུའི་རྩ་གསུམ་དགྱེས་པའི་གཙུག་ལག་ཁང་དུ་རང་བྱུང་པདྨའི་སྙིང་ཐིག་གི་ཚོགས་མཆོད་འབུམ་ཕྲག་བསགས་པའི་སྐབས་གྲུབ་པར་བགྱིས་པ་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཏེ་འདིས་ཀྱང་འབྲེལ་ཚད་མཚོ་སྐྱེས་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་བྷ་ཝནྟུ།། །། | |||
|colophonwylie=/zhes pa'ang phyi'i rgyal khab pha ran si'i nags khrod 'og ma'i sgrub sde theg mchog grub pa'igling du smin khrid 'bog pa'i skabs nyer mkhor gyur cing dam pa'i yon tan du mas thugs rgyud phyug pa'i mchog sprul pad+ma dbang rgyal nas ched bskul bzhin gnas de nyid nas dbu brtsams te lho 'brug spa gro skyer chu'i rtsa gsum dgyes pa'i gtsug lag khang du rang byung pad+ma'i snying thig gi tshogs mchod 'bum phrag bsags pa'i skabs grub par bgyis pa po 'gyur med theg mchog bstan pa'i rgyal mtshan te 'dis kyang 'brel tshad mtsho skyes bla mas rjes su 'dzin pa'i rgyur gyur cig__/sarba dA b+ha wan+tu//_// | |||
|pdflink=File:DKR-KABUM-17-TSA-030.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། རང་བྱུང་པདྨའི་སྙིང་ཐིག་ལས། གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོའི་ལམ་གྱི་སྔོན་འགྲོའི་ཁྲིད་ཡིག་རྣམ་གྲོལ་སྒོ་འབྱེད་བཞུགས། ། | |||
<br> | |||
༄༅། །ན་མོ་མ་ཧཱ་གུ་ར་ཝེ། དབང་བཞིའི་ལམ་ཀུན་ཉམས་སུ་ལེན་པའི་ཐོག་མར་སྔོན་འགྲོའི་རིམ་པ་ཉིད་ཤིན་ཏུ་གལ་ཆེ་བས་ཇི་ལྟར་བྱ་བའི་ཚུལ་འདུས་གསལ་དུ་བཀོད་པ་ལ། དང་པོ་ཉམས་ལེན་གྱི་ཐུན་ཐམས་ཅད་ཀྱི་སྔོན་འགྲོ་ནི། ཡིད་དང་མཐུན་པའི་གནས་སུ་བདེ་བའི་སྟན་ལ་བག་ཕེབས་པས་སྒོ་གསུམ་རང་བབས་སུ་བཞག་སྟེ་རླུང་རོ་དགུའམ་སུམ་ཕྲུགས་སུ་བསལ། བདག་ད་རེས་ཆོས་ལྡན་གྱི་རྟེན་ཐོབ། ཆོས་དང་བླ་མ་འཕྲད་པའི་སྐལ་བཟང་མངོན་སུམ་དུ་གྱུར་པའི་སྐབས་འདིར་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་གཞན་ཕན་གྱི་བསམ་པ་རྩེ་གཅིག་པས། །ཨེ་མ་ཧོ། ཞེས་ངོ་མཚར་བའི་ཚིག་གིས་སེམས་གཟེངས་བསྟོད་པ་དང་བཅས། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །དགྲ་བཅོམ་ཉན་ཐོས་རང་རྒྱལ་དང༌། །སོ་སོའི་སྐྱེ་བོ་དང་པོ་པའི། །ཡོན་ཏན་ཕུན་ཚོགས་མ་ལུས་པ། །གོང་མ་དག་ལ་བསྟེན་ནས་འབྱུང༌། །ཞེས་གསུངས་པ་ལྟར་རང་གི་མདུན་གྱི་ནམ་མཁར་ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོའི་དབུས་སུ་ཕྱོགས་དུས་སྐྱབས་གནས་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་རིགས་བརྒྱའི་ཁྱབ་བདག་ཞི་ཁྲོའི་དཀྱིལ་འཁོར་རབ་འབྱམས་སྤྲོ་བསྡུའི་མེས་པོ་དཀྱིལ་འཁོར་འཁོར་ལོའི་མགོན་པོ་རིགས་ཀུན་ཁྱབ་བདག་དྲན་པས་གདུང་བ་ཀུན་སེལ་རིག་སྟོང་ངེས་པ་དོན་གྱི་དཔལ་མགོན་བླ་མ་དམ་པ་ནི། གདོད་ནས་སྙིང་དབུས་འོད་གསལ་དབུ་མའི་ཕོ་བྲང་དུ་འདུ་འབྲལ་མེད་པར་བཞུགས་བཞིན་པ་ནས་གདུལ་བྱ་གཞན་གྱི་དོན་དུ་ཀུན་ཁྱབ་ཐུགས་རྗེ་ཆེན་པོས་མཚན་དཔེ་རྫོགས་པའི་གཟུགས་ཀྱི་སྐུར་བཞེངས་ལ། རང་གི་མདུན་གྱི་ནམ་མཁར་མཐོང་བས་ཡིད་འཕྲོག་མཆོད་པའི་སྤྲིན་རྒྱ་མཚོ་སྤྲིན་འཁྲིགས་པ་ལྟ་བུའི་དབུས་སུ་དབང་པོའི་སྤྱོད་ཡུལ་དུ་མངོན་སུམ་གྱུར་པ་བཞིན་གཤེགས་ནས་སྐུ་གསུང་ཐུགས་དགྱེས་བཞིན་བདག་ལ་ཞལ་ཕྱོགས་པས་བཞུགས་ཏེ་ཤེས་རྒྱུད་བྱིན་གྱིས་རློབས་པར་མཛོད་ཅིག་ཅེས་དྭངས་འདོད་ཡིད་ཆེས་ཀྱི་དད་པ་དང༌། ཅི་གསུང་ཚད་མ། ཅི་མཛད་ལེགས་མཐོང་གི་མོས་གུས་ལྡན་པ་ལ་བླ་མ་དགྱེས་པའི་བྱིན་རླབས་ལྷག་པར་འཇུག་པས་གཞལ་མེད་ཕོ་བྲང་ཉམས་དགའ་བར་ཞེས་ཞིང་དང་གནས་ཀྱི་བརྡར་བཏགས་ཏེ། དད་མོས་ཅན་ལ་བླ་མ་དང་འདུ་འབྲལ་མེད་པས་ཡུན་རིང་མོ་ནས་ཐུགས་རྗེའི་ཕྱག་གིས་འཁྱུད་པས་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེན་པོའི་ཁྱབ་བདག་དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་སྐུ་ཡི་དགྱེས་པའི་ཞལ་རང་ལ་ཕྱོགས་པས་བསམ་རྒྱུ་བླ་མ་ལས་མེད་པ་ཉིན་མཚན་ཀུན་ཏུ་མི་བརྗེད་པར་ཡང་ཡང་དྲན་བཞིན་པས་སྒོ་གསུམ་དངོས་པོ་ཀུན་གྱིས་བཏུད་དེ་རྟག་ཏུ་གུས་པས་ཕྱག་བགྱིད་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱ་མཚོ་ཅི་དགར་དྲན་པ་ཙམ་གྱིས་མོད་ལ་འབད་མེད་དུ་སྟེར་ཞིང་རིག་འཛིན་རྣམ་བཞིའི་གནས་སམ་གོ་འཕང་བདེ་བླག་ཏུ་ཐོབ་པ་ལ་ཕྱི་ནང་གསང་བའི་བར་ཆད་ཀྱི་གེགས་མེད་པའི་དབུགས་དབྱུང་བར་མཛོད་ཅིག་ཅེས་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སོགས་ཀྱིས་གསོལ་བ་ཕུར་ཚུགས་སུ་བཏབ་མཐར། བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པས་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་བྱིན་གྱིས་བརླབས་པར་བསམ་ལ་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག་གོ །གཉིས་པ་མདོ་སྔགས་ཐེག་པ་ཆེ་ཆུང་ཐུན་མོང་གི་སྔོན་འགྲོའི། དང་པོ་དལ་འབྱོར་རྙེད་དཀའ་ལ་བསམ་པས་ཚེ་འདིའི་སྣང་ཤེས་ལ་བློ་ལྡོག་པའི་དམིགས་རྐང་ནི། རང་རེའི་ལུས་རྟེན་འདི་དགག་ཕྱོགས་མི་ཁོམ་པའི་གནས་ལས་ཐར་པས་དལ་བ་བརྒྱད་ཀྱི་རྟེན་གྱི་གཟུགས་ལ་སྒྲུབ་ཕྱོགས་རང་གཞན་གྱི་འབྱོར་པ་བཅུ་ཚང་བ་རིན་པོ་ཆེའི་རྒྱན་བརྒྱན་པ་ལྟ་བུ་ལྷ་བས་ལྷག་པའི་མི་ཡི་ལུས་རྟེན་ཁྱད་དུ་འཕགས་པ་འདི་དཔེ་སྟོང་གསུམ་རྒྱ་མཚོར་གྱུར་པའི་ཁ་རླུང་གིས་གཡེང་བ་ལ་གཉའ་ཤིང་བུ་ག་གཅིག་པ་སྐད་ཅིག་ཀྱང་མི་སྡོད་པ་ཞིག་ཡོད་པ་ལ། མཚོ་གཏིང་དུ་རུས་སྦལ་ལོང་བ་ལོ་བརྒྱ་རེའི་མཚམས་མཚོ་ཁར་ལན་རེ་དོན་པའི་མགྲིན་པ་གཉའ་ཤིང་གི་བུག་པར་འཕྲད་པ་ལས་ཀྱང་མི་ལུས་རྙེད་དཀའ་བ་སོགས་དཔེ་དང༌། དམྱལ་བ་ས་ཆེན་པོའི་རྡུལ། ཡི་དྭགས་ཆུ་བོ་གངྒའི་བྱེ་མ་སྙེད། ལྷ་མ་ཡིན་ཁ་བ་བུ་ཡུག །མི་དང་ལྷ་སེན་མོའི་སྟེང་གི་རྡུལ་གྱི་མང་ཉུང་དང༌། ངན་སོང་ལས་མཐོ་རིས་ནི་ཉིན་གྱི་སྐར་མའི་དཔེས་བསྟན་པས་གྲངས། བསོད་ནམས་མ་བསགས་ན་མཐོ་རིས་ཀྱི་རྟེན་མི་ཐོབ་པས་སོ་སྐྱེའི་རྒྱུད་ལ་དགེ་བློ་ཙམ་སྐྱེ་དཀའ་བ་ལ་བསམ་ནས་རྒྱུ་དང༌། མི་ལུས་ཀྱི་རྟེན་སོ་བྱང་སྔགས་གསུམ་གྱི་སྡོམ་པའི་རྟེན་དུ་རུང་ཞིང་ངེས་འབྱུང་དད་བརྩོན་ཤེས་རབ་སྐྱེ་སླ་ཞིང་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་སྣོད་ཁྱད་དུ་འཕགས་པས་ངོ་བོའི་སྒོ་ནས་བསམ་ཀྱང་རྙེད་དཀའ་བར་བསམ་ཞིང༌། རྒྱུ་མཚན་དེས་རྣམ་གཡེང་དང་འཇིག་རྟེན་ཆོས་བརྒྱད་ཀྱིས་འཕྲོག་བརླག་ཏུ་མི་གཏོང་གཏན་གྱི་འདུན་མ་སངས་རྒྱས་ཀྱི་གོ་འཕང་ཡང་དག་པའི་དོན་འབྲས་ཆེན་པོ་སྒྲུབ་ནུས་པའི་རྟེན་མཆོག་ཏུ་གྱུར་པ་ལྷ་བས་ལྷག་པ་རུ་ངེས་པར་ཡིད་ཆེས་ཀྱིས་མཐོང་ནས་འདུན་པ་རྩེ་གཅིག་པས་རབ་ཚེ་འདི། འབྲིང་བར་དོ། ཐ་མས་ཀྱང་སྐྱེ་བ་བརྒྱུད་ནས་གྲོལ་ངེས་པའི་སྒོ་གསུམ་གྱི་བྱ་བ་སྙིང་པོ་ལོན་ནུས་པར་བླ་མ་དང་དཀོན་མཆོག་གིས་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་བཏབ་པས་རྒྱུད་བསྐུལ་བར་བྱའོ། །གཉིས་པ་སྣོད་བཅུད་མི་རྟག་པའི་རང་བཞིན་ལ་བསམ་ནས་ལུས་སེམས་རྟག་འཛིན་ལས་བློ་ལྡོག་པའི་ཁྲིད་ནི། ཕྱི་གནོད་འཇིག་རྟེན་ནམ་ཟླ་དུས་བཞི་དང་མཐར་མེ་བདུན་ཆུ་གཅིག་གིས་འཇིག །ནང་སྣོད་དེ་ལ་བརྟེན་པའི་བཅུད་ཀྱི་འགྲོ་བ་སྡང་ཡུལ་གྱི་དགྲ། ཆགས་ཡུལ་གྱི་གཉེན་བར་མ་བཏང་སྙོམས་སོགས་སྲིད་པའི་བཟང་ངན་བདེ་སྡུག་སྣང་ཚུལ་གང་ཞིག་ལ་བསམས་ནས་དཔྱད་ཀྱང་སྐྱེ་རྒ་ན་འཆི་མཐའ་བཞིས་བསྡུས་པ། ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་ལས་མ་འདས་པས་ཆུ་ཡི་ལྦུ་བ་བཞིན་མྱུར་དུ་མི་རྟག་འཇིག་པའི་ཆོས་ཅན་ཁོ་ནར་ངེས་པའི་ཕྱིར། འདིར་སྣང་འཇིག་རྟེན་ཆོས་བརྒྱད་སྒྲུབ་པའི་རྣམ་གཡེང་གི་ལོང་ཁོམ་མེད་པ་འཇིགས་སྐྲག་ཆེན་པོས་འཆི་བའི་སྡུག་བསྔལ་འབའ་ཞིག་དྲན་པའི་ལྕག་གིས་བསྐུལ་ཏེ་མགོ་ལ་མེ་ཤོར་བ་ལྟ་བུའི་བརྩོན་འགྲུས་ཀྱིས་སྒོ་གསུམ་སོས་དལ་དུ་སྡོད་པས་ཚེ་འདིའི་བྱ་བ་ལ་གཡེང་བའི་སྙོམས་ལས་ངང་ཆོས་ལ་ཕྱི་བཤོལ་གྱི་ལེ་ལོའི་མངོན་ཞེན་ལས་བློ་ལྡོག་སྟེ་ལམ་ལ་རྩེ་གཅིག་ཏུ་བརྩོན་ནུས་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་བཏབ་བོ། །གསུམ་པ་ལས་རྒྱུ་འབྲས་བསླུ་མེད་ལ་བསམ་ནས་ལོག་ལྟ་རྒྱུ་འབྲས་ལས་བློ་ལྡོག་པའི་ཁྲིད་ནི། དེ་ལྟར་འཆི་བ་ཐོག་ཏུ་བབས་པའི་ཚེ་མེ་ཤི་བའམ། ཆུ་སྐམ་པ་ལྟ་བུ་མེད་དུ་མི་འགྲོ་བར། ཚེ་འདིའི་སྣང་བ་ནུབ་སྲིད་པ་བར་དོའི་གནས་སུ་འཁྱམ་པའི་སྐབས་དཀར་པོ་དགེ་བའི་ལས་བཅུ་དང་ནག་པོ་སྡིག་པའི་ལས་བཅུ་སྟོབས་ཆེ་ཆུང་གི་གཞན་དབང་འབའ་ཞིག་གིས་ཁམས་གསུམ་གྱིས་བསྡུས་པའི་འགྲོ་བ་རིགས་དྲུག་གི་གནས་སུ་སྐྱེས་ན་མཐོ་རིས་གསུམ་ཁྱབ་པ་འདུ་བྱེད་དང་འགྱུར་བའི་སྡུག་བསྔལ། དམན་པ་ངན་སོང་གསུམ་སྡུག་བསྔལ་གྱི་སྡུག་བསྔལ་འབའ་ཞིག་ལས་མ་འདས་པས་ཚེ་འདིའི་བཟང་ངན་གྱི་སྣང་བ་སྣ་ཚོགས་སུ་རྨི་ལམ་ལྟར་མ་ངེས་པར་ཤར་བས་དགེ་བ་ལས་བདེ་བ། སྡིག་པ་ལས་སྡུག་བསྔལ་གྱི་འབྲས་བུ་རྣམ་སྨིན་མྱང་སྟོབས་དང་གཉེན་པོས་དག་པ་ལས་གཞན་དུ་ནམ་ཡང་ཆུད་ཟོས་མེད་པ་འབྲས་བུ་བདེ་སྡུག་མི་བསླུ་བ་ཟིན་པའི་ཕུང་པོ་འདི་ལ་སྨིན་པར་འགྱུར་ངེས་པའི་ཕྱིར་དེ་ལ་ཡིད་ཆེས་པའི་དྲན་ཤེས་ཀྱིས་དགེ་སྡིག་བླང་དོར་ཚུལ་བཞིན་ལག་ཏུ་ལེན་ནུས་པར་བྱིན་གྱིས་རློབས་ཤིག་ཅེས་སོ། །བཞི་པ་འཁོར་བའི་ཉེས་དམིགས་ལ་བསམ་ནས་སྲིད་པའི་རྒྱུ་འབྲས་ལས་བློ་ལྡོག་པའི་ཁྲིད་ནི། འཁོར་བའི་གནས་རིས་ལས་ཀྱི་འབྲས་བུ་ལ་གཙོ་བོར་སྤྱོད་པ་ཞེ་སྡང་གི་འཁྲུལ་པའི་རང་གཟུགས་དམྱལ་བ་ལ་ཚ་དམྱལ་བརྒྱད་དང༌། གྲང་དམྱལ་བརྒྱད་ཉི་ཚེ་བ་དང་ཉེ་འཁོར་ལྷག་པ་བཅུ་དྲུག །འདོད་ཆགས་དང་སེར་སྣས་ཡི་དྭགས་ཕྱི་ནང་སྒོས་ཁུར་གྱི་སྒྲིབ་ཅན། སྤྱིའི་སྡུག་བསྔལ་བཀྲེས་སྐོམ་དང༌། གཏི་མུག་གིས་དུད་འགྲོ་རྣམས་བླུན་རྨོངས་བཀོལ་སྤྱོད་ཀྱི་སྡུག་བསྔལ་བརྩེགས་མར་འབྱུང་བ་ལ་བསམ་ན་སྐྱེས་བུ་གཅིག་གི་ལུས་ལ་མདུང་ཐུང་སུམ་བརྒྱས་དུས་གཅིག་ཏུ་འབིགས་པའི་ཟུག་རྔུས་དམྱལ་བར་མེ་སྟག་གཅིག་ཕོག་པའི་ན་ཚ་ཡང་མཚོན་མི་ནུས་གསུངས་པའི་ཕྱིར་སྡུག་བསྔལ་རྒྱ་ཆེ་དོས་དྲགས་ལ་མཐའ་ཡས་ཤིང༌། མཐོ་རིས་གསུམ་ལ་སྤྱོད་པ་གཙོ་ཆེ་བ་ན་ཡང་སྐྱེ་རྒ་ན་འཆི་དགྲ་གཉེན་འདུ་འབྲལ་དང་འདོད་པ་མི་འགྲུབ་མི་འདོད་པ་ཐོག་ཏུ་བབ་པ། ཕྲག་དོག་གིས་འཐབ་རྩོད། འཕོ་ལྟུང་དང་རྣམ་གཡེང་གི་སྡུག་བསྔལ་ལས་བདེ་བའི་གོ་སྐབས་ནམ་དུ་ཡང་མེད་པས་སྲིད་པའི་གནས་དེ་ལས་མྱུར་དུ་ཐར་པ་ཞིག་ནམ་འབྱུང་ན་སྙམ་པའི་ངེས་འབྱུང་ཤུགས་དྲག་པོ་ཞིག་དུས་རྟག་པར་རྒྱུད་ལ་སྐྱེ་ནས་ཐར་པའི་ལམ་ལ་བརྩོན་ནུས་པར་བྱིན་གྱིས་རློབས་ཤིག །ལྔ་པ་དགེ་བའི་བཤེས་གཉེན་བསྟེན་ཏེ་ཐར་པའི་ཕན་ཡོན་ལ་བསམ་པས་ལམ་ལོག་ལམ་གོལ་ལས་བློ་ལྡོག་པའི་ཁྲིད་ནི། རྒྱུ་ལས་ཉོན་ཀྱིས་འཆིང་ཞིང་འབྲས་བུ་སྡུག་བསྔལ་གྱིས་མནར་བའི་སྲིད་པ་དེ་ལས་སྐྱོབ་པའི་ལམ་ཡང་དག་སྟོན་ནུས་པའི་དཔེ་རྒྱ་མཚོ་ཆེན་པོ་ལས་ནོར་བུ་ལེན་པའི་ཐབས་ལ་མཁས་པའི་དེད་དཔོན་ལྟ་བུ་ཐར་པའི་ལམ་གྱི་རྒྱུ་འབྲས་མ་ནོར་བ་སྟོན་པར་མཛད་པའི་སྐྱབས་གཅིག་པུར་གྱུར་པ། མདོ་རྒྱུད་ལས་གསུངས་པའི་ཡོན་ཏན་གྱི་མཚན་ཉིད་དང་ལྡན་པ། སྤང་རྟོགས་སངས་རྒྱས་ཐམས་ཅད་དང་དབྱེར་མེད་ཀྱང་བཀའ་དྲིན་སངས་རྒྱས་ལས་ལྷག་པའི་ཞལ་སྐྱིན་བླ་མ་དགེ་བའི་བཤེས་གཉེན་མཆོག་སྒོ་གསུམ་གཡོ་ཟོལ་མེད་པར་བསྟེན་ནས། རབ་སྒྲུབ་པ། འབྲིང་ལུས་ངག །ཐ་མ་ཟང་ཟིང་གི་མཆོད་པས་མཉེས་པ་གསུམ་གྱི་བྱ་བས་ཐུགས་མཛོད་ལེན་པ་ལ་བུང་བས་མེ་ཏོག་གི་བཅུད་ལ་རོལ་པ་བཞིན་ལེགས་པར་བསྟེན་པར་བྱས་ནས། ལམ་མ་ནོར་བ་ཤེས་ན་དེ་ལ་འཇུག་འདོད་ཀྱི་དད་སྤྲོ་བརྩོན་འགྲུས་འབྱུང་བའི་སྒོ་དང་པོ་ཐོས་པ་རྣ་བའི་བདུད་རྩི་ལྟ་བུ་ཡང་ཡང་ཐོས་པས་མི་དད་པ་དད་པར་བྱས། བར་དུ་དེ་དོན་བསམ་པས་མངོན་དུ་སྤྱོད་དེ་འཁོར་བའི་ལས་ལ་སྙིང་པོ་མེད་པར་ཤེས་ཏེ་རྣམ་གཡེང་གི་གཉེན་པོར་འགྱུར། མཐར་སྒོམ་པས་ཉམས་སུ་ལེན་པས་ཆོས་དང་སེམས་རྒྱུད་འདྲེས་པར་འཛིན་པ་ལ་བརྩོན་པ་ཡལ་བར་མི་འདོར་བར་ཚེ་འདིར་རྣམ་གྲོལ་གྱི་གོ་འཕང་མངོན་དུ་བྱེད་ནུས་པར་བྱིན་གྱིས་རློབས་ཤིག་ཅེས་ཐུན་མོང་གི་ལམ་ངེས་འབྱུང་གི་བསམ་པས་ཐེག་ཆེན་བླ་མེད་ཀྱི་ལམ་ལ་མཚམས་སྦྱོར་བའི་ཕྱིར། གཤིས་ངན་བདག་གི་སེམས་རྒྱུད་ཆོས་ཀྱིས་འདུལ་ནུས་པར་བྱིན་གྱིས་རློབས་ཤིག་ཐར་ལམ་ལག་དུ་གཏད་མཛད་པའི་སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཆེན་པོ་བླ་མ་རྗེ་དང༌། དེས་བསྟན་པའི་ལམ་ཉམས་སུ་ལོན་ནས་མཆོག་ཐུན་གྱི་དངོས་གྲུབ་སྩོལ་ཅིག་བླ་མའི་ཐུགས་ཡེ་ཤེས་ཀྱི་རོལ་རྩལ་རྩ་གསུམ་ཀུན་འདུས་རིགས་ཀུན་ཁྱབ་བདག་འཆི་མེད་པདྨ་ཐོད་ཕྲེང་རྩལ། ལམ་དམན་པ་དང༌། ལམ་ལོག་པར་གོལ་བའི་ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བླ་མའི་ཕྲིན་ལས་ཀྱི་རང་གཟུགས་མཁའ་འགྲོ་ཆོས་སྐྱོང་གི་ཚོགས། དངོས་གཅིག་དུ་མའི་རོལ་གར་གྱི་ཐུགས་དམ་བསྐུལ་བའི་ཕྱིར་དད་མོས་སྙིང་ཐག་པ་ནས་དྲན་ནོ་ཞེས་གསོལ་བ་བཏབ་པས་སྐྱབས་དེ་རྣམས་ཀྱི་བྲི་གང་དང་དུས་ལས་ཡོལ་བ་མེད་པའི་ཐུགས་རྗེའི་སྤྱན་གྱིས་དུས་ཀུན་ཏུ་གཟིགས་ཤིག་ཅེས་ཚིག་དོན་ལ་སེམས་ཀྱིས་བསམ་ཞིང་བརྗོད་དེ་གསོལ་བ་ཡང་ཡང་གདབ་བོ། །གསུམ་པ་ཐུན་མིན་ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེ་ཐེག་པའི་སྔོན་འགྲོའི། དང་པོ་སྐྱབས་འགྲོའི་ཁྲིད་ནི། སྤྱིར་ཉན་རང་གི་ལམ་གྱི་མི་མཐུན་ཕྱོགས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བ་བྱེ་བྲག་བྱང་ཆུབ་སེམས་དཔའི་ལམ་གྱི་མི་མཐུན་ཕྱོགས་རང་དོན་ཡིད་བྱེད། ལྷག་པར་གསང་སྔགས་ཀྱི་ལམ་གྱི་མི་མཐུན་ཕྱོགས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་གསུམ་ལས་བློ་གཏད་པ་ཙམ་གྱིས་གཏན་དུ་མི་བསླུ་ཞིང་འགྱུར་ལྡོག་མེད་པར་སྐྱོབ་ནུས་པ་ནི་དཀོན་མཆོག་གསུམ་ཡིན་ཏེ། སངས་རྒྱས་ཀྱིས་སྤང་བའི་ཡོན་ཏན་མཐར་ཕྱིན་པས་རང་འཇིགས་པ་ཐམས་ཅད་དང་བྲལ། རྟོགས་པའི་ཡོན་ཏན་ཡོངས་སུ་རྫོགས་པས་གཞན་སྐྱོབ་པའི་ནུས་པ་དང་ཐབས་ལ་མཁས་ཤིང་དེའི་དབང་གིས་ཉེ་རིང་ཕྱོགས་ལྷུང་མེད་པའི་ཐུགས་རྗེ་ཀུན་ལ་སྙོམས་པ་དེས་སྐྱོབ་བྱེད་དངོས་སངས་རྒྱས། དེས་བསྟན་པའི་ཆོས། དེ་སྒྲུབ་པའི་གྲོགས་དགེ་འདུན་གསུམ་སྟེ་སྐྱོབ་བྱེད་ཕྱིའི་ཡན་ལག་སངས་རྒྱས་ཀྱིས་བསྒྲུབས་ཟིན་ཀྱང༌། ནང་གི་ཡན་ལག་བསྐྱབ་བྱའི་སེམས་ཅན་དེའི་བློ་རྩེ་གཅིག་ཏུ་གཏོད་པ་རང་ངོས་ནས་ཚང་དགོས་པས་དྭངས་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་རྒྱུད་ལ་ཅི་སྐྱེས་སུ་འབད་པའི་ཕྱིར་ངག་འདོན་ལྟར་ཚོགས་ཞིང་གསལ་བཏབ་སྟེ་སྐྱབས་འགྲོའི་ཚིག་བསགས་ཤིང༌། སྐྱབས་མཐར་ཐུག་རྟོགས་པ་ཆོས་སྐུ་དེ་མ་འོངས་པར་རང་རྒྱུད་ལ་བསྒྲུབ་པར་དམ་བཅའ་བ་རྒྱུ་མཚན་ཉིད་ཐེག་པའི་སྐྱབས་འགྲོ། ཕྱི་དུས་ལ་མི་ལྟོས་པར་རང་སེམས་བདེ་གཤེགས་སྙིང་པོ་མཆོག་གསུམ་དུ་ཡེ་ནས་གྲུབ་ཟིན་པ་དེ་མངོན་དུ་བྱ་ཕྱིར་སྐྱབས་འགྲོའི་དམ་བཅའ་བླང་བ་འབྲས་བུ་རྡོ་རྗེ་ཐེག་པའི་སྐྱབས་འགྲོ་གཉིས་ཟུང་འཇུག་གི་ཚུལ་དུ་དཀོན་མཆོག་རྗེས་དྲན་གྱི་བློ་བསྙེལ་བ་མེད་པས་འཁོར་བའི་སྡུག་བསྔལ་ལ་འཇིགས་སྐྲག །དཀོན་མཆོག་ལ་ཡིད་ཆེས་ཀྱི་དད་པ། སྐྱབས་འགྲོ་མི་ཤེས་པའི་སེམས་ཅན་ལ་སྙིང་རྗེ་གསུམ་དང་ལྡན་པས་སྐྱབས་འགྲོ་ཉམས་སུ་ལེན་དགོས་ཤིང༌། སྐྱབས་སུ་སོང་བའི་ཕན་ཡོན་ནི་ཡོན་ཏན་མཛོད་ལས། ནང་པའི་ཁྱུར་འགྲོ་སྡོམ་པ་མཐའ་དག་རྟེན། །སྡིག་སྒྲིབ་འཛད་ཅིང་གནོད་པའི་ཚོགས་ཀྱིས་སྤོང༌། །ངན་འགྲོའི་གཡང་སྲུང་དཀོན་མཆོག་གསུམ་མི་འབྲལ། །ཕུན་སུམ་ཚོགས་པ་མཐོང་བའི་ཆོས་ལ་འོང༌། །བསོད་ནམས་ཚོགས་རྫོགས་གཟུགས་ཀྱི་སྐུ་གཉིས་འགྲུབ། །ཅེས་དང༌། བསླབ་བྱ་ནི། དགག་པའི་བསླབ་བྱ་སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་མི་བཅོལ། ཆོས་ལ་སྐྱབས་སུ་སོང་ནས་གཞན་སེམས་ཅན་ལ་མི་འཚེ། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས། བསྒྲུབ་པའི་བསླབ་བྱ། སངས་རྒྱས་ཀྱི་སྐུ་གཟུགས། གསུང་རབ་ཡི་གེ་འབྲུ་གཅིག་ཡན་ཆོད། དགེ་སྦྱོང་གི་རྟགས་ཙམ་འཛིན་པ་ཚུན་ཆད་ལ་བརྙས་བཅོས་སྤང༌། ནས་ཁྱད་པར་སྔགས་ཀྱི་ལམ་ནི་སྐྱབས་ཡུལ་གྱི་གཙོ་བོ་བླ་མ་ཡིན་པས་དེ་ཉིད་ལ་སྐྱབས་གནས་ཀུན་འདུས་སུ་ཤེས་པས་དེ་ཐམས་ཅད་ཡོན་ཏན་དང་ཕན་འདོགས་པའི་ཞིང་དཀོན་པའི་མཆོག་ཏུ་ཤེས་པས་གུས་པ་དང་དད་པ་ཁོ་ནས་བཀུར་ཞིང་དུས་བཟང་རྣམས་དང་རྒྱུན་དུ་མཆོད་ཅིང་གསོལ་བ་གདབ་པས་དུས་རྟག་པར་སྐྱབས་འགྲོ་ཉམས་ལེན་གྱི་མཐིལ་དུ་བྱའོ། །གཉིས་པ་ཐེག་པ་ཆེན་པོའི་ལམ་གྱི་སྲོག་རྩ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཁྲིད་ནི། སེམས་ཅན་ཐམས་ཅད་ལ་དགྲ་གཉེན་ཆགས་སྡང་གི་འཁྲུལ་རྟོག་སྤངས་ཏེ་བདག་བས་གཞན་གཅེས་ཀྱི་བློ་སྙིང་ཐག་པ་ནས་སྐྱེ་བའི་ཐབས་ལ་རྩེ་གཅིག་ཏུ་ཉམས་སུ་ལེན་དགོས་པས། ཐོག་མར་རང་གི་རྩ་བའི་མ་ལ་བསམ་ནས་འདི་ལ་སྡུག་བསྔལ་གྱི་བདེན་པས་དངོས་སུ་གནོད། ཀུན་འབྱུང་ལས་ཉོན་གྱི་བདེན་པས་བརྒྱུད་ནས་གནོད་པའི་སྡུག་བསྔལ་ཅན་དེས་བདག་དང་པོ་ལྟོ་རུ་ཞུགས་ནས་བཟུང་བདག་ཁོ་ནའི་དོན་དུ་མ་ལ་སྡུག་བསྔལ་མང་པོ་བྱས། བཙས་ནས་ཉམ་ཆུང་ཡན་ལག་ཉིང་ལག་གི་རྩལ་མ་རྫོགས། དབང་པོའི་མཐུ་ཉམས། བཞིན་མི་སྡུག་པ་དེ་ང་ཡི་ཕྲུག་གུ་ཞེས་གཅེས་སྤྲས་ཀྱིས་པང་དུ་བླངས། ཕང་པས་ཁྲུས་ཁང་ལྟར་བྱས། མི་གཙང་བ་ཁ་དང་ལག་པས་ཕྱིས། མ་ཡི་ལུས་ཟུངས་ནུ་ཞོ་འཇམ་པོས་བསྙེན་བཀུར་བྱས། ཤ་ཡི་དྲོད་ལ་བཅར། གཏམ་ངན་དང་སྡུག་བསྔལ་ཁྱད་དུ་བསད་ནས། བརྡ་དང་བཟང་པོའི་སྤྱོད་ལམ་བསླབ། སྡིག་སྡུག་བཟོད་དཀའ་ཡང་བསྲན་ཚུག་པར་བྱས་པ་རྟེན་འདི་ཙམ་དུ་མ་ཟད་ཚེ་རབས་སྔ་ཕྱི་དུ་མར་འདི་ལྟར་བྱས་སྙམ་པའི་དྲིན་དྲན་པས་དེ་ལ་བྱས་པ་དྲིན་དུ་གཟོ་བའི་བསམ་པ་ཡིད་དུ་འོང་བའི་བྱམས་པ། འདི་འཁོར་བར་འཁྱམས་ཏེ་སྡུག་བསྔལ་སྣ་ཚོགས་མྱོང་བ་ལ་བརྟགས་པའི་སྙིང་རྗེ། སངས་རྒྱས་ཀྱི་བསྟན་པ་དང་མཇལ་ཞིང་ཆོས་སྒྲུབ་པའི་རྟེན་ཕུན་ཚོགས་འདི་མ་ཡི་དྲིན་ལས་འབྱོར་པའི་ཆ་ནས་དགའ་བ། རྩ་བའི་མ་བཞིན་སེམས་ཅན་ཐམས་ཅད་ཡིན་པར་ཤེས་པས་ཉེ་རིང་མེད་པའི་བཏང་སྙོམས་ཚད་མེད་བཞིས་བློ་འཁོལ་ཏེ། གཏོང་ཕོད་དང་ཁྲེལ་ངོ་ཚ་ཤེས་པས་རྒྱུ་འབྲས་མན་ངག་བདུན་གྱིས་ཐོག་མར་སྐྱེ་སླ་བའི་མཛའ་བཤེས། ངན་སོང་གསུམ་དང་ཉམ་ཐག་གི་མི། སྡིག་ཅན་སོགས་ལ་བློ་ཡང་ཡང་སྦྱངས་ནས་འབྱོངས་པ་ན་སྐྱེ་དཀའ་བའི་གནོད་བྱེད་དགྲ་གདོན། སེམས་ཅན་ཀུན་ལ་བསྒོམ་ཏེ་དེ་རྣམས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་གི་ཉེས་པའི་ཚོགས་ཐམས་ཅད་བདག་གིས་དང་དུ་བླང་བར་བྱ། བདག་གི་ལེགས་ཕྱོགས་ཅི་ཡོད་ཐམས་ཅད་ལྟོས་པ་མེད་པར་ཕ་མ་དེ་རྣམས་ལ་བཏང་བས་དངོས་སུ་ཐོབ་པར་བསྒོམས་ཤིང་དགའ་བ་དྲག་ཏུ་བྱ། ཁྱད་པར་དམིགས་པ་གསལ་བའི་ཕྱིར་རང་གི་དབུགས་ནང་དུ་རྔུབ་པ་དང་བསྟུན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད་ནག་འུབ་ཀྱིས་བསྡུས་ཏེ་སྣ་སྒོ་ནས་ཞུགས། རང་གི་སྙིང་ནང་དུ་ཐིམ་པས་སེམས་ཅན་རྣམས་སྡིག་སྡུག་དང་གཏན་བྲལ་དུ་སོང་བར་བསམ། དབུགས་ཕྱིར་འགྲོ་བ་ན། རང་གི་བདེ་བ་དང་དགེ་བ་ཅི་ཡོད་ཐམས་ཅད་ཟླ་ཟེར་ལྟ་བུའི་རྣམ་པ་སྣ་སྒོ་ནས་དཀར་ལམ་གྱིས་སོང་སེམས་ཅན་ཐམས་ཅད་ལ་ཐིམ། དེ་རྣམས་འཕྲལ་དེ་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསམ་ཞིང་དགའ་བ་བསྒོམ་པ་འདི་ཐུན་གྱི་དངོས་གཞི་བྱས་ཏེ་བསྒོམ། སྐྱབས་འགྲོའི་སྐབས་ལྟའི་ཚོགས་ཞིང་གི་སྤྱན་སྔར་བདག་བས་གཞན་གཅེས་པར་བྱ་བར་ཁས་བླང་གི་དམ་བཅའ་བ་གལ་ཆེ། སྤྱིར་བདག་གཅེས་པར་འཛིན་པའི་བློ་འདི་ལུས་ལ་མེ་སྟག་ཙམ་ཕོག་ཀྱང་ང་ཚིག་གོ་སྙམ་དུ་འཛིན། སེམས་རྣམ་རྟོག་གིས་ང་སྐྱིད་དོ། །སྡུག་གོ །ངས་ཤེས་སོ། །མི་ཤེས་སོ་སྙམ་དུ་འཛིན། བཏགས་པའི་མིང་གཞན་གྱིས་བརྗོད་ན་ང་བོས་སོ། །ང་ལ་ཟེར་རོ། །ང་བསྟོད་དོ། །ང་སྨད་དོ། །ཞེས་འཛིན། ངར་འཛིན་དེ་ལ་བརྟེན་ནས་ཆགས་སྡང་གི་ཉོན་མོངས་དང༌། ལས་དགེ་སྡིག་བསྐྱེད། དེས་ནི་འཁོར་བའི་སྡུག་བསྔལ་བསྐྱེད་པ་ཡིན་པས་སྲིད་རྩ་ངར་འཛིན་ལྷན་སྐྱེས་འདི་ལ་ཐུག །ང་འདི་གཅེས་པར་བཟུང་བས་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱི་འགལ་ཟླར་གྱུར་པས་ང་དེ་ལ་དཔྱད་ན་ལུས་ནི་ཡན་ལག་ཉིང་ལག་དུ་མ་སྤུངས་པའི་མཚན་ཉིད་ཅན་ལ་ཤ་པགས་རུས་པ་སོགས་སིལ་བུར་བསིལ་བ་ན་གཟུགས་མཐའ་རྡུལ་ཕྲན་ཆ་མེད་ལས་མ་འདས། སེམས་ནི་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་ལ་དཔྱད་ན་སྐད་ཅིག་ཆ་མེད་ལས་མ་འདས། མིང་ནི་བེམ་ཤེས་དེ་གཉིས་ཚོགས་པ་ལ་གློ་བུར་དུ་བཏགས་པ་ཙམ་ལས་བཏགས་དོན་བཙལ་ན་མི་རྙེད། དེས་ན་རྡུལ་དང་སྐད་ཅིག་རེ་རེ་ནས་བདག་མ་ཡིན་ཏེ་མཚན་ཉིད་མི་མཐུན་ཞིང་སྐད་ཅིག་མས་འགྱུར་བས་མི་རྟག་ལ། རྡུལ་སོགས་རེ་རེ་ནས་འཛིན་ན་ཐུག་མེད་དུ་འགྱུར། ཚོགས་པ་ལ་བཏགས་སྙམ་ན་རྡུལ་དང་སྐད་ཅིག་མ་བསགས་ཤིང་འདུས་པ་ཙམ་ལས་གཞན་མེད། བརྩམ་གཞི་རེ་རེ་ནས་བདག་ཏུ་མ་གྲུབ་པས་དེ་དག་ཚོགས་པ་ལ་བདག་ཏུ་མི་འགྲུབ་བོ། །དེ་ནས་གཞན་དུ་གྲུབ་ན་དེ་དག་བསལ་བའི་ཤུལ་དུ་བདག་ཡོད་དགོས་པས་མ་དམིགས་པ་མངོན་སུམ་གྱིས་ཁེགས་སོ། །འོ་ན་ཅིས་འཁྲུལ་སྙམ་ན། ཕྱིན་ཅི་ལོག་གི་རྟོག་པས་བཏགས་པ་འཁྲུལ་སྣང་མ་བརྟགས་ཉམས་དགའ་བ་ཙམ་སྟེ། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པས་འཇིགས་སྣང་སྐྱེ་ཡང་དེའི་ཚེ་ཐག་པ་ཕར་སོང་བ་དང་སྦྲུལ་ཚུར་འོང་སྟེ་གནས་པའང་མེད། ཐག་པ་དེ་སྦྲུལ་མ་ཡིན་ལ། དེ་ལས་གཞན་དུའང་སྦྲུལ་གྲུབ་པ་མེད། དོན་ལ་དེ་གཉིས་འབྲེལ་བ་མེད་ཀྱང་ཡོད་པ་ལྟར་བཟུང་བ་འཁྲུལ་སྣང་ཕྱིན་ཅི་ལོག་གི་ཞེན་པས་སོ། །དེའི་ཚེ་མར་མེ་སོགས་ཀྱི་རྐྱེན་ལ་བརྟེན་ནས་ཐག་པའི་མཚན་ཉིད་རྟོགས་ན། སྦྲུལ་འཛིན་གྱི་འཇིགས་སྐྲག་ཞི་ཡང་ཐག་པ་ཚུར་འོང་བ་དང་སྦྲུལ་ཕར་སོང་བ་མེད་དེ་ཐག་པའི་སྟེང་དུ་སྦྲུལ་ཡེ་ནས་མ་གྲུབ་པས་སོ། །དེ་བཞིན་ཕྱིན་ཅི་ལོག་གི་ཞེན་པས་ལྔ་ཕུང་ལ་བདག་ཏུ་བཟུང་ནས་འཁྲུལ་ཀྱང་གོང་སྨོས་ལྟར་དཔྱད་པ་གནད་དུ་སོང་བས་ངར་འཛིན་དེ་ལྡོག་ཀྱང༌། འཁྲུལ་པའི་བློ་དེ་བསལ་བ་ཙམ་ལས་ངའོ་སྙམ་པ་དེ་ཡེ་ནས་ཡོད་མ་མྱོང་བས་བསལ་བྱའི་དངོས་པོ་རང་མཚན་དུ་གྲུབ་པ་ནི་ཅི་ཡང་མེད་དོ། །དེ་བཞིན་དུ་ཆོས་བདག་ཀྱང་ངར་འཛིན་དེའི་ཞེན་ཡུལ་ལུས་སེམས་མིང་གསུམ་གྱིས་མཚོན་ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ལ་སྔར་བཞིན་དཔྱད་ན་གཟུགས་མཐའ་རྡུལ་ཕྲན། ཤེས་པ་སྐད་ཅིག་ཆ་མེད་གཉིས་ཀྱང་གྲུབ་མཐས་བརྟགས་པ་ཙམ་ལས་དོན་ལ་གྲུབ་པ་མེད་དོ། །རགས་པ་བརྩམ་པའི་ཚེ་རྡུལ་ཆ་དྲུག་གམ་བཅུར་འགྱུར་བས་ཆ་མེད་ཀྱི་དམ་བཅའ་ཉམས། ཆ་མེད་ལས་མ་འདས་ན་གོང་བུའང་རྡུལ་ཆ་མེད་གཅིག་ཏུ་འགྱུར། ཤེས་པའང་སྐད་ཅིག་སྔ་ཕྱི་དབུས་གསུམ་དུ་མ་ཕྱེ་ན་བསྐལ་པའང་སྐད་ཅིག་ཏུ་འགྱུར་བས་བེམ་ཤེས་གཉིས་མ་དམིགས་ན་མིང་སོགས་བཏགས་པ་ཙམ་དུ་ཟད་པས་འདུས་བྱས་འདུས་མ་བྱས་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ལས་རང་བཞིན་གྱིས་གྲུབ་པ་ཅི་ཡང་མི་རྙེད། མིང་མཐའ་ཡང་ཡི་གེ་སིལ་བུ་ལས་མ་འདས་པས། དངོས་མཐའ་ཆོས་ཉིད། རྟོག་མཐའ་མི་རྟོག་པ། བརྗོད་མཐའ་བརྗོད་བྲལ་དུ་མཉམ་པ་ཉིད་ལས་མ་འདས་སོ། །འོ་ན་སྣང་བ་འདི་ཅི་ལས་བྱུང་སྙམ་ན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལས་མཁའ་ལ་འཇའ་ཚོན་ལྟར་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་སྟོང་ཉིད་ལས་མ་འདས་པའི་གནད་ཀྱིས་ཅིར་ཡང་སྣང་དུ་རུང་བ་སྟེ། ཡེ་ནས་སྣང་སྟོང་ཟུང་འཇུག་མཐའ་བཞི་སྤྲོས་བྲལ་མཉམ་པ་ཆེན་པོ་ནི་ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་སྟེ་དེ་རྟོགས་ན་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་གསུངས། །དེས་ཆོས་ཐམས་ཅད་བདག་མེད་མཉམ་པ་ཉིད་རྫོགས་པར་རྟོགས་པ་ནུས་པས་དགོངས་པ་དེའི་ངང་ནས་དཔྱད་ན་ང་དང་ང་ཡི་ལུས་སེམས་མིང་གསུམ་སོགས་འཁོར་འདས་ཀྱི་ཆོས་ཀུན་བདེན་མེད་སྒྱུ་མའི་རང་བཞིན། བདེན་པས་བཟུང་སྟེ་བདག་ལ་གཅེས་པར་འཛིན་གཞན་ལ་ཆགས་སྡང་རྨོངས་གསུམ་གྱིས་ཞེན་པའི་བྱ་བས་ཅི་ཞིག་བྱ། དོན་དམ་མཉམ་ཉིད་ཀྱི་ངང་ནས་ཀུན་རྫོབ་ཕ་མ་སེམས་ཅན་ཐམས་ཅད་བྱང་ཆུབ་སྒྲུབ་པའི་རྟེན་ལ་སངས་རྒྱས་དང་སེམས་ཅན་མཉམ་པར་ཤེས་པས་གཞན་དོན་འབའ་ཞིག་ལ་བློ་སྦྱང་བ་སེམས་བསྐྱེད་ཀྱི་ཉམས་ལེན་གྱི་མཐིལ་ཡིན་པས་སྔོན་འགྲོའི་སྐབས་ཙམ་དུ་མ་ཟད་དངོས་གཞི་བསྐྱེད་རྫོགས་རྫོགས་ཆེན་གྱི་ཉམས་ལེན་ཐམས་ཅད་ཀྱི་གྲོགས་སུ་ཤིན་ཏུ་གཅེས་པ་ཡིན་ཏེ་ཐེག་པ་ཆེན་པོ་ཞེས་པའི་ཉམས་ལེན་གང་ཟག་དབང་པོ་མཆོག་དམན་ཐམས་ཅད་ལ་བྱ་སླ་ཁྱེར་བདེ་བའི་བདུད་རྩིའི་ཉིང་ཁུ་ལྟ་བུའོ། །གསུམ་པ་རྡོར་སེམས་བསྒོམ་བཟླས་ནི། འདི་ལྟར་འོ་སྐོལ་འཁོར་བའི་དོང་དུ་ནི་ལྷུང༌། གཟུང་འཛིན་གྱི་སྒྲོག་དམ་པོས་ནི་བཅིངས། ཉོན་མོངས་པའི་མཚོན་གྱིས་ནི་བསྣུན། ད་ལྟ་སྡུག་བསྔལ་ལ་སྤྱོད་ཅིང་ཕྱི་མའི་སྡུག་བསྔལ་འདྲེན་པ་ལས་འོས་མེད་ཅིང་འདི་ཅིས་ལན་སྙམ་ན་རྒྱུད་ལ་ལྐོག་གྱུར་གྱི་ཉོན་མོངས་ཆུ་ནང་དུ་ལན་ཚྭ་ཞུ་བ་བཞིན་མཆིས་པ་དེ་ཉིད་དཔེར་ན་ནད་རོ་ཅན་གྱི་མི་ད་ལྟ་བདེ་ཡང་སློང་བྱེད་ཀྱི་རྐྱེན་ཟས་སྤྱོད་ཕྲན་བུས་མངོན་དུ་གྱུར་ཏེ་ཟུག་རྔུ་ལྡང་བ་བཞིན་ཡིན་པའི་གནས་ཚུལ་ལ་བསམ་ནས་སྡིག་པ་ལ་འགྱོད་པའི་བློ་བསྐྱེད་དེ། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་པད་དཀར་འདབ་མ་བརྒྱད་པ་སྡོང་བུ་སོར་བཞི་ཙམ་ཚངས་བུག་ཏུ་ཟུག་པའི་ལྟེ་བར་ཟེའུ་འབྲུ་དམར་སེར་གྱི་ཚད་དང་མཉམ་པའི་ཟླ་དཀྱིལ་དཀར་བསིལ་ཉ་གང་བའི་སྟེང་དུ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་འོད་ཟེར་འཕྲོ་ཞིང་ཞི་འཛུམ་མཚན་དཔེའི་ཉམས་འགྱུར་ཡོངས་སུ་རྫོགས་པ་ལ། དར་དཀར་པོའི་སྟོད་གཡོགས། ཁ་དོག་སྣ་ཚོགས་པའི་སྨད་དཀྲིས། ཅོད་པན། ཟི་དིར་ཞེས་དར་མཐིང་ཁྲའི་ཅོད་པན་ལྟག་པ་ནས་ཕྱིར་འཕྱང་བ། གར་གྱི་ཕུ་དུང་ཞེས་སྟོད་ཁེབས་ལ་དཔུང་པ་ཁེབས་པའི་ཕུ་དུང་ཐུང་ངུ་ཅན་ཏེ་དར་གྱི་ཆས་གོས་ལྔ་དང༌། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། རིན་པོ་ཆེའི་དོ་ཤལ་ལྟེ་འོག་ནས་འཁོར་བ། སོ་མོ་དོ་ཞེས་ནུ་མའི་བར་སྦྲེལ་བའི་དོ་ཤལ་ཐུང་བ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་ཅན་དུ་གསལ་བཏབ་ནས། མོས་གུས་གདུང་ཤུགས་དྲག་པོས་བདག་གི་ཤེས་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཞིག་ཁྱེད་མཁྱེན་སྙམ་སྟེ་གསོལ་བ་བཏབ་ཅིང་རྡོར་སེམས་ཀྱི་ཐུགས་ཀར་ཟླ་དཀྱིལ་གྱི་དབུས་སུ་ཧཱུྃ་ཡིག་གི་མཐར་ཡིག་བརྒྱའི་སྔགས་ཕྲེང་དཀར་པོ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་གཡས་བསྐོར་དུ་གསལ་ལ། ཀློག་པའི་ཚུལ་གྱིས་ཅུང་ཟད་བཟླས་པས། དེ་ལས་བདེ་ཆེན་གྱི་བདུད་རྩི་དཀར་པོ་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བབས། ཡབ་ཡུམ་གྱི་སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བྱུང་པད་མའི་སྡོང་བུ་ལ་འཁྲིལ་བའི་ཚུལ་གྱིས་རང་གི་ཚངས་བུག་ནས་ཞུགས་ཏེ་ཤྭ་འུད་ཆེན་པོའི་སྣ་ལ་སྦུར་མི་ཆགས་པ་ལྟར་ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་ཅད་སྲོག་ཆགས། སྡིག་སྒྲིབ་ཐམས་ཅད་དུད་སོལ་ཁུ་རླངས་ཀྱི་རྣམ་པ་བ་སྤུའི་བུ་ག་དང་འོག་སྒོ་གཉིས་ནས་ཐོན། ས་རིམ་པ་དགུ་ཡི་འོག་ཏུ་འཆི་བདག་གླང་དམར་པོའི་རྣམ་པར་གནས་པའི་ཁ་ནས་ཞུགས་ལྟོ་བར་ཚུད་པས་དུས་མ་ཡིན་པའི་འཆི་བ་བསླུས་པར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླ། འཁོར་ལོ་བཞིའི་གནས་རྣམས་ཀྱང་བདུད་རྩིས་སྐྱ་མེར་གྱིས་ཁེངས་ནས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག །བདེ་སྟོང་དགའ་བ་བཞི་ཡི་ཡེ་ཤེས་རྒྱུད་ལ་སྐྱེས་པས་ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པར་བསམ། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་དང་བཅས། སླར་མོས་གུས་གདུང་ཤུགས་དྲག་པོས། མགོན་པོ་བདག་ནི་སོགས་སྐྱབས་གསོལ་གྱི་ཚིག་བརྗོད་པ་དང༌། རང་རྒྱུད་ཀྱི་སྡིག་སྒྲིབ་དག་པ་ལ་བླ་མ་རྡོ་རྗེ་སེམས་དཔའ་དགྱེས་པས་ཞལ་འཛུམ་མདངས་སུ་བཞད་ཅིང་གསུང་གིས་དངོས་སུ་གནང་བ་བྱིན་པ་དང་ཆབས་ཅིག་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས། རང་ཉིད་ཀྱང་སྐད་ཅིག་གི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་སོགས་མ་འདྲེས་ཤིང་ཡོངས་སུ་རྫོགས་པ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟ་བུར་གསལ་བའི་ཐུགས་ཀར་ཟླ་དཀྱིལ་གྱི་དབུས་སུ་ཐུགས་སྲོག་ཧཱུྃ། ཕྱོགས་བཞིར་ཨོཾ། བཛྲ། ས། ཏྭའི་སྔགས་ཀྱི་ཡིག་འབྲུ་རྣམས་གསལ་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འཕགས་པ་མཆོད། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཚུར་འདུས་རང་ལ་ཐིམ། སླར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཕྱི་སྣོད་ཀྱི་འཇིག་རྟེན་འོག་མིན་མངོན་པར་དགའ་བའི་ཞིང་དང༌། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རྡོར་སེམས་རིགས་ལྔའི་གོ་འཕང་ལ་བཀོད། དེ་ཐམས་ཅད་དང་རང་ཉིད་ལྷན་ཅིག་པས་བཟླས་པར་བསམ་ལ་ཡང་སྙིང་ཅི་ནུས་སུ་བཟླ་བ་ནི་ཁྱད་པར་བསྐྱེད་རིམ་ལ་བརྟེན་པའི་སྒྲིབ་སྦྱོང་དང༌། མཐར་ཐུག་ལྷ་སྔགས་ཀྱི་སྤྲོས་པ་འོད་གསལ་གཉུག་མའི་ངང་དུ་བསྡུས་ཏེ་སྦྱང་བྱ་སྦྱོང་བྱེད་ཀྱི་རྟོག་ཚོགས་ཐམས་ཅད་གཟོད་མ་ནས་རང་བཞིན་གྱིས་མ་གྲུབ་པའི་རིག་སྟོང་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བལྟ་ཞིང་མཉམ་པར་འཇོག་པ་ནི་དོན་དམ་རྫོགས་རིམ་ལ་བརྟེན་པའི་སྒྲིབ་པ་སྦྱོང་ཚུལ་བླ་ན་མེད་པའོ། །ཡིག་བརྒྱའི་སྔགས་དོན་ཤེས་ན་ལེགས་པས་ཡིག་བརྒྱའི་སྔགས་དོན་བོད་སྐད་དང་ཤན་སྦྱར་བ་ནི། ཨོཾ་རབ་བསྔགས། བཛྲ་ས་ཏྭ་ས་མ་ཡ། རྡོ་རྗེ་སེམས་དཔའ་དམ་ཚིག་ནི། མ་ནུ་པཱ་ལ་ཡ་བཛྲ་སཏྭ། རྗེས་སུ་སྐྱོངས་ཤིག་རྡོར་སེམས་ཀྱཻ། ཏེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། ཁྱེད་ཀྱིས་བདག་ལ་བརྟན་པར་བཞུགས། སུ་ཏོ་ཥྱོ་མེ་བྷ་ཝ། ཤིན་ཏུ་ཚིམས་པར་བདག་མཛོད་ཅིག །སུ་པུཥྱོ་མེ་བྷ་ཝ། ལེགས་པར་རྒྱས་པར་བདག་མཛོད་ཅིག །ཨ་ནུ་རཀྟོ་མེ་བྷ་ཝ། བདག་ལ་རྗེས་སུ་ཆགས་པར་མཛོད། སརྦ་སིདྡྷི་མྨེ་པྲ་ཡཙྪ། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། སརྦ་ཀརྨ་སུ་ཙ་མེ། ལས་རྣམས་ཐམས་ཅད་ལ་ཡང་བདག །ཙིཏྟཾ་ཤྲི་ཡཾ་ཀུ་རུ། བདག་གི་སེམས་ནི་དགེ་བར་མཛོད། ཧཱུྃ་ཐུགས་སྲོག །ཧ་ཧ་ཧ་ཧ་ལམ་ཚད་མེད་བཞི། དགའ་བ་བཞི། འབྲས་བུ་སྐུ་བཞི། ཧོ་དེ་ལ་དགྱེས་པའི་བཞད་སྒྲ། བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། བཛྲ་མ་མེ་མུཉྩཿ རྡོ་རྗེས་བདག་ནི་མ་དོར་ཅིག །བཛྲཱི་བྷ་ཝ། རྡོ་རྗེ་ཅན་དུ་མཛད་དུ་གསོལ། མ་ཧཱ་ས་མ་ཡ་སཏྭ། དམ་ཚིག་སེམས་དཔའ་ཆེན་པོ། ཨཱཿཆེད་དུ་སྦྱོར་ཅིག །ཅེས་སོ། །བཞི་པ་བླ་མའི་རྣལ་འབྱོར་བསགས་སྦྱང་དང་བཅས་པའི་དམིགས་ཁྲིད་ལ་ཚོགས་རྟེན་གསལ་གདབ་པ་དང༌། བསགས་སྦྱང་སྤྱི་དང༌། བྱེ་བྲག་གསོལ་བ་གདབ་པ། མཐར་དབང་ལེན་པ་དང་བཞི་ལས། དང་པོ་ནི། འཁོར་བ་སྡུག་བསྔལ་དུ་ཤེས་པའི་གོ་བ་དང༌། དེ་ལ་ཡིད་མུག་བྱས་པ་གཅིག་པུས་མི་ཕན། དེ་ལས་ཐར་པའི་ཐབས་ཁོ་ན་ལྷུར་ལེན་དགོས། ཐབས་རྨད་དུ་བྱུང་བ་ནི་དམ་པའི་ཆོས་ཡིན། ཆོས་དེ་ནོར་འཁྲུལ་མེད་པར་སྟོན་ནུས་པ་ནི་བླ་མ་ཁོ་ན་ཡིན། བླ་མ་དེ་ལ་ཡང་ཕྱི་སྒྲོ་འདོགས་གཅོད་མཁས་པའི་བླ་མ། ནང་གསང་སྔགས་ཀྱི་གདམས་ངག་སྟོན་པའི་བླ་མ། གསང་བ་སེམས་ཉིད་ངོ་སྤྲོད་པའི་བླ་མ། རང་བཞིན་གཞིའི་བླ་མ། དག་པ་རང་སེམས་ཀྱི་བླ་མ། སྣང་བ་བརྡའི་བླ་མ། གང་ཟག་བརྒྱུད་པའི་བླ་མ་རྣམས་གསུངས་ལ། ་རང་ལ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་གཅིག་ལ་དེ་ཐམས་ཅད་འདུ་བས། བསམ་པ་ཅི་མཛད་ལེགས་མཐོང་གི་དད་མོས་དང༌། སྦྱོར་བ་སྒོ་གསུམ་གཡོ་ཟོལ་མེད་པར་བསྟེན་ནས་བྱིན་རླབས་རྒྱུད་ལ་འཕོ་བ་བླ་མའི་རྣལ་འབྱོར་བསྒོམ་པ་གལ་ཆེ་བས་དེ་ཉམས་སུ་ལེན་པའི་ཚུལ་ནི། འདི་ལྟར་ནམ་མཁས་གར་ཁྱབ་ཐམས་ཅད་རང་གི་སྣང་བས་ཁྱབ། སྣང་བས་ཁྱབ་ཚད་ཀྱི་ཞིང་ཁམས་ཐམས་ཅད་ལ་ཐ་མལ་གྱི་འཛིན་སྟངས་དབྱིངས་སུ་ཐིམ་པ་ལས་རང་བྱུང་ལྷུན་གྲུབ་ཏུ་ཤར་བའི་དག་པ་རབ་འབྱམས་འོག་མིན་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གདོད་ནས་ལྷུན་གྱིས་གྲུབ་པའི་ཡིན་ལུགས་གསལ་གདབ་པ་རྡོ་རྗེ་ཐེག་པའི་ཞིང་ཁམས་སྦྱོང་བ་སེམས་སྟོབས་ཆེན་པོའི་སྤྱོད་ཡུལ་ཡིན་པ་དང༌། རྡོ་རྗེ་ཐེག་པའི་ཉམས་ལེན་མཐར་ཐུག་ཟབ་དབང་གསུམ་ཕྱག་རྒྱ་ལ་བརྟེན་དགོས་པ་དང༌། རང་སེམས་ལྷན་སྐྱེས་ཡེ་ཤེས་བསྐྱེད་པའི་ཉེ་རྒྱུ་དང་ཐབས་ཧེ་རུ་ཀས་རྡོ་རྗེ་ཆགས་པ་ཆེན་པོས་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱིས། རང་ཉིད་གཞི་ལུས་ཀྱི་དངོས་པོ་ངོ་བོ་མཚོ་རྒྱལ་ལ། རྣམ་པ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཡས་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ཤིང༌། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་འཆང་བ། པད་ཉི་བམ་རོ་དམར་སེར་མགོ་བོ་གཡོན་དུ་བསྟན་པའི་གདན་ལ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སོར་རྩེས་རོ་ཡི་སྙིང་གར་བརྫིས་ཏེ་བཞེངས་པ། དར་དཔྱང་དང་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང༌། སྤྱན་གསུམ་བླ་མའི་ཐུགས་ཀར་གཟིགས་པ་གསལ་བའི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་དང་ཐ་མི་དད་པའི་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་རྡོ་རྗེའི་བརྟུལ་ཞུགས་སྤྱོད་པའི་དཔལ་ཧེ་རུ་ཀའི་ཆས་ཅན། ལོ་བརྒྱད་ལོན་པའི་ངང་ཚུལ་གྱི་སྐུ་མདོག་དཀར་དམར་གྱི་ལང་ཚོ་རྒྱས་པའི་ཉམས་འགྱུར་ཅན། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་སྐུ་གཅེར་བུ་རུས་པའི་ཕྱག་རྒྱ་དྲུག་དང་སྟག་ཤམ་གསོལ་ཞིང༌། ཡུམ་དབྱིངས་ཕྱུག་མནྡཱ་ར་བ་སྔོན་མོ་གྲི་ཐོད་འཛིན་པ་དང་སྦྱོར་བའི་ཐུགས་ཡེ་ཤེས་ཆེན་པོའི་རྣམ་རོལ་བརྒྱུད་གསུམ་རིག་འཛིན་བླ་མ། རྒྱུད་སྡེ་དྲུག་དང་འབྲེལ་བའི་ཡི་དམ་ཞི་ཁྲོ་རབ་འབྱམས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་དངོས་གཅིག་དུ་མའི་རོལ་གར་གསལ་སྟོང་ཟུང་འཇུག་ཆུ་ཟླ་དང་འཇའ་ཚོན་ལྟ་བུ་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་གཟི་བརྗིད་མཚུངས་པ་མེད་པས་ཐ་མལ་གྱི་ཤེས་པ་རང་འགགས་སུ་འགྲོ་བར་གསལ་བཏབ་ནས། ཚིག་བདུན་གསོལ་འདེབས་ཚར་གསུམ་མམ་བདུན་གྱིས་བསྐུལ་ཏེ་མོས་གུས་གདུང་ཤུགས་དྲག་པོ་དང་བཅས་ཏེ་ཐུགས་རྒྱུད་བསྐུལ་བས་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་ནས་སྐྱབས་ཡུལ་རྒྱ་མཚོ་མངོན་སུམ་བཞིན་དུ་བྱོན་ཏེ་དམ་ཡེ་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བལྟའོ། །གཉིས་པ་ལ་ཐུན་མོང་དང་ཁྱད་པར་གྱི་བསགས་སྦྱང་གཉིས་ལས། དང་པོ་ནི། འདིར་རྡོ་རྗེ་ཐེག་པ་ནི་ཐབས་མང༌། དཀའ་བ་མེད། དབང་རྣོན་གྱི་སྤྱོད་ཡུལ་ཡིན་པས་གསང་བ་བླ་མེད་ཀྱི་ཚོགས་ཞིང་གི་རབ་དང་ཕུལ་དུ་གྱུར་པ་ནི་རྡོ་རྗེ་སློབ་དཔོན་ཡིན་པས་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཡན་ལག་བདུན་པ་སྟེ། རང་ལུས་གྲངས་མེད་པ་སྤྲུལ་ཏེ་དེ་རྣམས་དང་ལྷན་ཅིག་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་སྒོ་གསུམ་གུས་པས་ཕྱག་འཚལ་བ་དང༌། དངོས་བཤམས་ཡིད་སྤྲུལ་གྱི་ཀུན་བཟང་རྡོ་རྗེ་བདེ་བ་ཆེན་པོའི་མཆོད་སྤྲིན་མཁའ་དབྱིངས་ཁྱབ་པར་སྤྲོས་ཏེ་འབུལ་བ་དང༌། ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་གནོང་འགྱོད་ཀྱི་བཤགས་པས་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པ་ཚོགས་ཞིང་གི་ཐུགས་རྗེའི་འོད་ཟེར་གྱིས་བཀྲུས་ཏེ་དག་པ་དང༌། ཕྱིས་མི་བྱེད་པར་གཉེན་པོས་བཤགས་སྡོམ་དང༌། འཁོར་འདས་ལམ་གསུམ་གྱི་དགེ་རྩ་ལ་དགའ་བས་རྗེས་སུ་ཡི་རང་བ་དང༌། རྒྱལ་བ་སྲས་བཅས་ཀྱིས་ཐེག་པ་གསུམ་ལས་བརྩམས་ཏེ་ཆོས་འཁོར་བསྐོར་བར་བསྐུལ་བ་དང༌། འཁོར་བ་མ་སྟོང་བར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང༌། དེ་ལྟར་དུས་གསུམ་དུ་བསགས་པའི་དགེ་རྩ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུར་རྒྱལ་བ་སྲས་བཅས་ཀྱིས་བསྔོས་པ་བཞིན་ཡོངས་སུ་བསྔོ་བ་སྟེ། ཡན་ལག་བདུན་གྱི་དམིགས་པ་རྣམས་དྲན་པས་ཕྱག་དངོས་སུ་འཚལ་བ་དང་བཅས་ལན་ཇི་ལྟར་རིགས་པ་བྱས་པས་ཕ་རོལ་ཏུ་ཕྱིན་པའི་བསྐལ་པ་ཆེན་པོའི་ཚོགས་འདིར་སྐད་ཅིག་མའི་བྱེ་བྲག་གིས་འདུམ་ནས་ཚེ་གཅིག་སོགས་ནས་གྲོལ་བ་ཡིན་ནོ། །གཉིས་པ་ཁྱད་པར་གྱི་བསགས་སྦྱང་མཎྜལ་གྱི་ཁྲིད་ནི། དག་པ་གཉིས་ལྡན་གྱི་སངས་རྒྱས་ཚོགས་གཉིས་ཀྱི་འབྲས་བུ་ཡིན་ལ། དེའི་ཕྱིར་ལམ་དུས་ཚོགས་གཉིས་བསགས་པ་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཚོགས་བསགས་ཀྱི་སྒོ་ཀུན་ལས་བྱ་སླ་ཕན་ཡོན་ཆེ་བ་ནི་མཎྜལ་ཏེ། དེ་ཡང་རིན་པོ་ཆེ་དང་ལི་རྡོ་ཤིང་ལ་སོགས་པའི་འབྱོར་པ་དང་བསྟུན་པའི་མཎྜལ། དྲི་བཟང་དང་བ་བྱུང་གིས་བྱུགས། རིན་ཆེན་སྨན་འབྲུའི་ཚོམ་བུ་ལྔ་སྒྲུབ་པའི་མཎྜལ་ཉེར་སྤྱོད་ཀྱི་མཆོད་པས་བསྐོར། ལག་ཏུ་ཐོག་པའི་མཎྜལ་བྱི་དོར་ལེགས་པར་བྱས་ཏེ། ཐུན་མོང་སྤྲུལ་སྐུའི་མཎྜལ་གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་ནི་སྟོང་གསུམ་འཇིག་རྟེན་གྱི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་སྣོད་བཅུད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པས་ཡོངས་སུ་གང་བ་དང༌། བྱེ་བྲག་ཏུ་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ལྟོས་མེད་དུ་འབུལ། དེའི་སྟེང་མཁར་ཐུན་མིན་ལོངས་སྐུའི་མཎྜལ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་མཆོད་པའི་སྤྲིན་ཕུང་འབྱམས་ཀླས་སུ་ཤར་བ། དེའི་སྟེང་གི་དབྱིངས་ཁྱད་པར་ཆོས་སྐུའི་མཎྜལ་སྐྱེ་མེད་གདོད་མའི་གཞི་ལ་འགག་མེད་འོད་གསལ་གྱི་སྣང་ཆ་རིག་པ་ཚད་ཕེབས་ཀྱི་ཚོམ་བུར་བཀོད་པ་སྟེ། དེ་དག་ཀྱང་རྡུལ་ཕྲ་རབ་རེ་རེའི་ཁོང་དུ་རྡུལ་སྙེད་ཀྱི་ཞིང་ཁམས་ཅིར་ཡང་འཆར་བའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་རྣམ་པ་ཐམས་ཅད་པའི་ཚུལ་ཁོང་དུ་ཆུད་པས་ཕུལ་ནས། སངས་རྒྱས་ཕལ་པོ་ཆེའི་ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ་མོས་པས། བདག་གཞན་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་ཤིང༌། སྒྲིབ་གཉིས་བྱང་བས་ཉམས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེས་ནས་མཐར་ཐུག་སྐུ་གསུམ་གྱི་ཞིང་ཁམས་རྒྱ་མཚོར་ལོངས་སྤྱོད་ནུས་པར་མཛད་དུ་གསོལ་སྙམ་པའི་མོས་གུས་ཀྱི་གདུང་བ་དང་བཅས་ཏེ་འབུལ་ལོ། །གསུམ་པ་བྱེ་བྲག་ཏུ་གསོལ་བ་གདབ་པ་ནི། འདིར་དཔལ་མགོན་བླ་མ་དམ་པས་ནི་དང་པོ་ཐེག་པ་གསུམ་གྱི་ལམ་བསྟན་ཏེ་ལམ་ལོག་དང༌། གོལ་སར་མ་ཤོར་བར་རང་ཉིད་གང་དུ་འཚང་རྒྱ་བའི་ལམ་མཛུབ་ཚུགས་སུ་བསྟན་པས་ཐོས་པའི་སྒྲོ་འདོགས་བཅད། ཁྱད་པར་སངས་རྒྱས་ལས་ཀྱང་དཀོན་པའི་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་རྒྱལ་ཐབས་ལ་བཀོད། ལྷག་པར་ཚེ་གཅིག་སངས་རྒྱས་པའི་མྱུར་ལམ་རང་སེམས་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་སྤྲད་ནས་རང་བཞིན་གཞི་ཡི་བླ་མ་ངོ་ཤེས་པར་མཛད་པས། དག་པ་སེམས་ཀྱི་བླ་མ་ངེས་པའི་དོན་དུ་རང་དང་འདུ་འབྲལ་མེད་པར་བཞུགས་པར་ཡིད་ཆེས་རྙེད། དེ་ལ་གོམས་པས་ཕྱི་ཚོགས་དྲུག་གི་སྣང་བ་བརྡ་ཡི་བླ་མ་ངེས་འབྱུང་དང་དག་སྣང་བརྩོན་འགྲུས་སོགས་ལམ་གྱི་ཡོན་ཏན་བསྐྱེད་པས་བོགས་འདོན་ཏེ་མཐོང་ཐོས་དྲན་རེག་ཙམ་གྱིས་ཐར་པའི་ས་བོན་འདེབས་ཤིང་སངས་རྒྱས་ཐམས་ཅད་དང་ཕྲིན་ལས་མཉམ་ཞིང༌། རང་ངོར་བཀའ་དྲིན་སངས་རྒྱས་ལས་ཀྱང་ཆེ་བའི་གང་ཟག་བརྒྱུད་པ་གསུམ་ལྡན་གྱི་བླ་མ་ལ་མོས་གུས་བྱས་རིན་ཆོག་པ་དང་གསོལ་བ་བཏབ་པས་འཚེངས་པར་ཐག་བཅད། ངེས་ཤེས་བསྐྱེད། བློ་སྙིང་བྲང་གསུམ་ལིང་གིས་བཀལ། འདི་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་ཁོ་ན་མཁྱེན་ནོ་སྙམ་པའི་རེ་ལྟོས་ལིང་སྐྱུར་གྱིས་བླ་མ་སངས་རྒྱས་ཀུན་འདུས་སུ་ཤེས་པ། སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བ་དྲན་པ། ལུས་ཀྱི་བ་སྤུ་གཡོ། མིག་ནས་མཆི་མ་འཁྲུགས། གདུང་ཤུགས་དྲག་པོས་བློ་སྣ་བླ་མས་འཕྲོག་པ། བསམ་རྒྱུ་བླ་མ་ལས་མེད་པ། ལུས་སེམས་ཚུགས་མི་ཐུབ་པའི་གདུང་ཤུགས་དྲག་པོས། བླ་མ་སྤྱོད་ལམ་ཐམས་ཅད་དུ་དྲན་པས་ནམ་ཡང་བརྗེད་དུ་ཕང་པའི་ཁྱད་ཆོས་བཞི་ལྡན་གྱི་མོས་གུས་ཚད་དུ་ཕྱིན་པས་གསོལ་འདེབས་འབུམ་ཕྲག་སོགས་བསགས་ཤིང༌། ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་ཡང་ཡང་བྱས་པས་མཆོག་ཐུན་གྱི་འདོད་དོན་ཐམས་ཅད་འདིས་འགྲུབ་པ་ཡིན་ནོ། །བཞི་པ་དབང་ལེན་ནི། སྤྱིར་བླ་མ་སྐུ་བཞིའི་དཀྱིལ་འཁོར་དེ་དག་ཕུང་ཁམས་སྐྱེ་མཆེད་ལ་གདོད་ནས་ལྷུན་གྲུབ་ཏུ་རྫོགས་པ་ལས་གཞན་དུ་ཚོལ་མི་དགོས་པ་མེ་ཏོག་གར་ཡོད་དྲི་ཡོད་པ་བཞིན་ཡིན་ཡང་དེའི་ནུས་པ་སད་བྱེད་དབང་བཞི་ལེན་པའི་དམིགས་པ་ནི། བླ་མ་ལ་གདུང་བ་དྲག་པོའི་རྐྱེན་གྱིས་བདག་ཉིད་ལ་བརྩེ་བས་རྗེས་སུ་དགོངས་ཏེ། བླ་མའི་སྐུ་ལས་འཕྲོས་པའི་འོད་ཀྱིས་རེག་པས་འཁོར་རྣམས་འོད་དུ་ཞུ་ནས་བླ་མའི་སྐུ་ལ་བསྡུས། བླ་མ་ཉིད་སྐྱབས་གནས་ཀུན་འདུས་སྔར་ལས་ཀྱང་གཟི་མདངས་ཆེར་འབར་བའི་སྤྱི་མགྲིན་སྙིང་གའི་གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་སྔོན་པོའི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དཔལ་མགོན་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྫོགས་པར་ཐོབ་པ་དང་ལྷན་ཅིག །བུམ་པ། གསང་བ། ཤེར་ཡེ། བཞི་པའི་དབང་བཞི་ཐོབ་ཅིང༌། བསྐྱེད་རིམ། གཏུམ་མོ། ཕོ་ཉའི་རྣལ་འབྱོར། རྫོགས་པ་ཆེན་པོའི་ལམ་བཞི་བསྒོམ་པ་ལ་དབང༌། ལུས། ངག ཡིད། ཆ་སྙོམས་ཀྱི་སྒྲིབ་པ་བཞི་དག་ཅིང༌། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་ཡི་འབྲས་བུའི་གོ་འཕང་མངོན་སུམ་དུ་བྱེད་པའི་སྐལ་པ་དང་ལྡན་པར་བྱས་པར་བསམ་པ་ནི་སྔོན་འགྲོ་དངོས་གཞིའི་ལམ་གྱི་ཡོན་ཏན་ཐམས་ཅད་གོང་འཕེལ་དུ་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པས་གསོལ་འདེབས་ཀྱི་བཟླས་པའི་སྐབས་སུ་ཡང་དམིགས་པ་འདི་ཡང་ཡང་བྱས་པས་བྱིན་རླབས་བཙན་ཐབས་སུ་འཕོ་བས་གལ་ཆེའོ། །སླར་ཡང་མོས་གུས་དུང་བ་དང་བཅས་གདུང་བའི་ཡིད་ཀྱིས་གསོལ་བ་བཏབ་པས་བླ་མ་ཉིད་ཤིན་ཏུ་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མ་དང་རང་སེམས་དབྱེར་མེད་ཀྱི་ངང་ལ་རང་གི་སེམས་ཉིད་དུས་གསུམ་གྱི་རྟོག་པས་མ་བཅོས་པ་གཉུག་མའི་སེམས་དོན་དམ་བླ་མའི་རང་ཞལ་མཇལ་ཏེ་བཟོ་མེད་ལྷུག་པར་བཞག་པའི་རང་ངོ་བསྐྱང༌། སླར་ཡང་རྣམ་རྟོག་འཕྲོ་བར་བརྩམ་ན་ཕྱི་སྣོད་ཀྱི་སྣང་བ་ཟངས་མདོག་དཔལ་གྱི་རི་བོའི་ཞིང་པདྨ་འོད། ནང་བཅུད་ཀྱི་སྐྱེ་འགྲོ་ཐམས་ཅད་བླ་མའི་ཡེ་ཤེས་ཀྱི་རང་མདངས། རྒྱུད་དུག་ལྔའི་འཁྲུལ་རྟོག་སྐྱེ་འགག་གནས་གསུམ་དང་བྲལ་བ་བླ་མ་སྐུ་གསུམ་གྱི་ཡེ་ཤེས་ལྔ་ཡི་ངོ་བོ། ན་ཚ་གདོན་བགེགས་ཀྱིས་གནོད་པ་སོགས་མི་འདོད་པ་ཅི་བྱུང་ཡང་ལས་ངན་འཛད་པའི་ཐབས་སུ་བླ་མས་དངོས་གྲུབ་གནང་བ་ཡིན་སྙམ་དུ་དགའ་བ་སྒོམ་ཞིང་སྤང་བློ་མི་བྱ། སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྦྱང་བའི་རྒྱུར་སྨོན་ལམ་གདབ་མ་ཤེས་ན་སྣང་སྲིད་དགྲ་རུ་ལྡང༌། སྐྱིད་པ་ཟོད་བདེ་དགེ་སྦྱོར་འཕེལ་བ་སོགས་བྱུང་ན་བླ་མའི་ཐུགས་རྗེར་ཤེས་པས་དེ་ལ་མཆོད་ཅིང་ང་རྒྱལ་དང་དགའ་བྲོད་བྱས་ན་གེགས་དང་བར་ཆད་འབྱུང་བས་སྒྱུ་མ་ལྟ་བུར་བལྟ། བསྒོམ་པས་སྐྱོ་དུབ་དང་བྱིང་རྒོད་བྱུང་ན་ཐུགས་ཡིད་བསྲེས་ཏེ་ལྟ་བའི་རང་མདངས་བསྐྱངས། དུས་ཀུན་བླ་མ་མ་བརྗེད་པར་གསོལ་བ་བཏབ་ན་ཀུན་རྫོབ་རྩོལ་བཅས་ཀྱི་བླ་མའི་རྣལ་འབྱོར་ཡིན། བླ་མ་དང་རང་སེམས་དབྱེར་མེད་ཀྱི་ངང་སྐྱོང་བའི་དྲན་ཤེས་དང་མ་བྲལ་ན་དོན་དམ་རྩོལ་མེད་ཀྱི་བླ་མའི་རྣལ་འབྱོར་ཡིན། རིག་པ་མ་བཅོས་པའི་ངང་སྐྱོང་བ་བླ་མ་ཆོས་སྐུའི་རྣལ་འབྱོར་ཡིན། ཚོགས་དྲུག་གང་ཤར་རང་གྲོལ་དུ་ཤེས་ན་གསལ་མདངས་བླ་མ་ལོངས་སྐུའི་རྣལ་འབྱོར། འཁྲུལ་རྟོག་ཐམས་ཅད་རང་ཤར་རང་གྲོལ་དུ་སྐྱོང་བ་སྣ་ཚོགས་སྤྲུལ་སྐུའི་བླ་མའི་རྣལ་འབྱོར། སྣང་སྲིད་དག་པ་རབ་འབྱམས་སུ་ཤེས་ན་ཀུན་ཀྱང་བླ་མའི་རྣམ་རོལ་དུ་ཤེས་ནས་ཉམས་སུ་བླངས་པས་ཐུགས་རྗེ་བྱིན་རླབས་ངང་གིས་འབྱུང༌། དོན་དམ་ཆོས་སྐུའི་བླ་མ་དང་འདུ་འབྲལ་མེད་པའི་ངེས་ཤེས་སྐྱེས་པ་བྱུང་ན་ཉམས་ལེན་ཐམས་ཅད་ཀྱི་གནད་དེ་ལ་ཚང༌། སྐྱེ་འཆི་བར་དོ་རུ་འཁྲུལ་པ་རྒྱུན་ཆད་ནས་དཔལ་ལྡན་བླ་མའི་གོ་འཕང་མཐོང་བའི་ཆོས་ལ་མངོན་དུ་བྱེད་པ་ཚད་མས་གྲུབ་པའོ། །རྗེས་སུ་རང་གཞན་ཡིད་ཅན་ཐམས་ཅད་བླ་མ་དམ་པས་ཅི་མཛད་ལེགས་མཐོང་གིས་བླ་མ་དང་ཐུགས་ཡིད་གཅིག་ཏུ་འདྲེས་པའི་བསྔོ་སྨོན་དམ་པས་རྒྱས་གདབ་པར་བྱའོ། །ཞེས་པའང་ཕྱིའི་རྒྱལ་ཁབ་ཕ་རན་སིའི་ནགས་ཁྲོད་འོག་མའི་སྒྲུབ་སྡེ་ཐེག་མཆོག་གྲུབ་པའིགླིང་དུ་སྨིན་ཁྲིད་འབོག་པའི་སྐབས་ཉེར་མཁོར་གྱུར་ཅིང་དམ་པའི་ཡོན་ཏན་དུ་མས་ཐུགས་རྒྱུད་ཕྱུག་པའི་མཆོག་སྤྲུལ་པདྨ་དབང་རྒྱལ་ནས་ཆེད་བསྐུལ་བཞིན་གནས་དེ་ཉིད་ནས་དབུ་བརྩམས་ཏེ་ལྷོ་འབྲུག་སྤ་གྲོ་སྐྱེར་ཆུའི་རྩ་གསུམ་དགྱེས་པའི་གཙུག་ལག་ཁང་དུ་རང་བྱུང་པདྨའི་སྙིང་ཐིག་གི་ཚོགས་མཆོད་འབུམ་ཕྲག་བསགས་པའི་སྐབས་གྲུབ་པར་བགྱིས་པ་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཏེ་འདིས་ཀྱང་འབྲེལ་ཚད་མཚོ་སྐྱེས་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་བྷ་ཝནྟུ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-17-TSA]] | [[Category:DKR-KABUM-Volume-17-TSA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 08:11, 1 June 2024
Wylie title | rang byung pad+ma'i snying thig las/ gu ru'i thugs sgrub dngos grub snying po'i lam gyi sngon 'gro'i khrid yig rnam grol sgo 'byed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 17, Text 30, Pages 228-246 (Folios 1a to 19b1) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Rang byung pad+ma'i snying thig las gu ru'i thugs sgrub dngos grub snying po'i lam gyi sngon 'gro'i khrid yig rnam grol sgo 'byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 228-246. Delhi: Shechen Publications, 1994. | |
Genre | Contemplative Guide Books and Instructional Manuals - khrid yig · Preliminary Practices - sngon 'gro | |
Cycle | རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig) | |
Colophon |
།ཞེས་པའང་ཕྱིའི་རྒྱལ་ཁབ་ཕ་རན་སིའི་ནགས་ཁྲོད་འོག་མའི་སྒྲུབ་སྡེ་ཐེག་མཆོག་གྲུབ་པའིགླིང་དུ་སྨིན་ཁྲིད་འབོག་པའི་སྐབས་ཉེར་མཁོར་གྱུར་ཅིང་དམ་པའི་ཡོན་ཏན་དུ་མས་ཐུགས་རྒྱུད་ཕྱུག་པའི་མཆོག་སྤྲུལ་པདྨ་དབང་རྒྱལ་ནས་ཆེད་བསྐུལ་བཞིན་གནས་དེ་ཉིད་ནས་དབུ་བརྩམས་ཏེ་ལྷོ་འབྲུག་སྤ་གྲོ་སྐྱེར་ཆུའི་རྩ་གསུམ་དགྱེས་པའི་གཙུག་ལག་ཁང་དུ་རང་བྱུང་པདྨའི་སྙིང་ཐིག་གི་ཚོགས་མཆོད་འབུམ་ཕྲག་བསགས་པའི་སྐབས་གྲུབ་པར་བགྱིས་པ་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཏེ་འདིས་ཀྱང་འབྲེལ་ཚད་མཚོ་སྐྱེས་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་བྷ་ཝནྟུ།། །། | |
/zhes pa'ang phyi'i rgyal khab pha ran si'i nags khrod 'og ma'i sgrub sde theg mchog grub pa'igling du smin khrid 'bog pa'i skabs nyer mkhor gyur cing dam pa'i yon tan du mas thugs rgyud phyug pa'i mchog sprul pad+ma dbang rgyal nas ched bskul bzhin gnas de nyid nas dbu brtsams te lho 'brug spa gro skyer chu'i rtsa gsum dgyes pa'i gtsug lag khang du rang byung pad+ma'i snying thig gi tshogs mchod 'bum phrag bsags pa'i skabs grub par bgyis pa po 'gyur med theg mchog bstan pa'i rgyal mtshan te 'dis kyang 'brel tshad mtsho skyes bla mas rjes su 'dzin pa'i rgyur gyur cig__/sarba dA b+ha wan+tu//_// |