SPCD-KABUM-01-KA-007: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་སྙིང་པོ་ཀུན་དྲིལ་མ།
|fulltitle=thun min sngon 'gro'i khrid yig snying po kun dril ma
|citation=[['phags mchog rdo rje]]. ''Thun min sngon 'gro'i khrid yig snying po kun dril ma''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. 1: 301-506.  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|collectiontitletib=འཕགས་མཆོག་བཀའ་འབུམ།
|collectiontitle='phags mchog bka' 'bum
|collectiontitle='phags mchog bka' 'bum
|collectiontitletib=འཕགས་མཆོག་བཀའ་འབུམ།
|totalvolumes=3
|author='phags mchog rdo rje
|author='phags mchog rdo rje
|authortib=འཕགས་མཆོག་རྡོ་རྗེ་
|authortib=འཕགས་མཆོག་རྡོ་རྗེ་
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|tibgenre=Contemplative Guide Books and Instructional Manuals - khrid yig, Preliminary Practices - sngon 'gro
|terma=No
|language=Tibetan
|language=Tibetan
|volumenumber=01
|volnumtib=༡
|volnumtib=༡
|volyigtib=ཀ
|volyigtib=ཀ
|volumenumber=01
|totalvolumes=3
|volumeLetter=KA
|textnuminvol=007
|textnuminvol=007
|pagenumbers=301-506
|totalpages=205
|beginfolioline=1a1
|endfolioline=103a3
|totalfolios=103
|multivolumework=No
|versonotes=thun min sngon 'gro'i khrid yig
|colophontib=།སླར་སྨྲས་པ། ད་རེས་དལ་འབྱོར་ཕུན་སུམ་ཚོགས་པའི་སྐབས། །ཐར་པ་མཆོག་གི་བཙན་ས་མ་བཟུང་ན། །ཚེ་འདི་གློ་བུར་ཕལ་ཆེར་འཆི་ནས་འགྲོ། །ངན་སོང་གནས་སུ་འཁྱམས་དུས་འགྱོད་ཀྱང་འཕྱི། །དོན་ནི་ཡོད་ལ་མེད་པའི་བྱ་བཞག་དོར། །སྙིང་པོ་ཆོས་ལ་དྲིལ་ཅིག་གྲོགས་མཆེད་རྣམས། །བདེ་གཤེགས་ཁམས་ཀྱི་མེ་ལོང་ཡེ་དྭངས་ཀྱང་། །གློ་བུར་གཡའ་ཡིས་ཚེ་རབས་ཀུན་ཏུ་བསྒྲིབས། །དེ་ཕྱིར་རྒྱལ་བ་ཐུགས་རྗེ་ཐབས་མཁས་པའི། །འཇུག་པ་འདི་ལ་སུ་ཞིག་བརྩོན་བྱས་ན། །མཆོག་གསུམ་རྗེས་བཟུང་བྱང་ཆུབ་སེམས་མཆོག་འབྱོངས། །སྒྲིབ་ཚོགས་བྱང་ཞིང་བསོད་ནམས་ཚོགས་རབ་རྫོགས། །ཁྱད་པར་བླ་མའི་རྣལ་འབྱོར་ལ་བརྟེན་ཚེ། །རང་བྱུང་གཉུག་མའི་ཡེ་ཤེས་མངོན་གྱུར་ཏེ། །སྐུ་བཞིའི་གོ་འཕང་མྱུར་དུ་རེག་པས་ན། །གཞན་དོན་ཐུགས་བསྐྱེད་ཡར་ཟླའི་དཔལ་བཞིན་རོལ། །ཕྱོགས་ཀྱི་གྲུབ་པའི་འདབ་མ་གྱེས་པར་མཛོད། །སརྦ་མངྒ་ལཾ།
|colophonwylie=/slar smras pa/_da res dal 'byor phun sum tshogs pa'i skabs/_/thar pa mchog gi btsan sa ma bzung na/_/tshe 'di glo bur phal cher 'chi nas 'gro/_/ngan song gnas su 'khyams dus 'gyod kyang 'phyi/_/don ni yod la med pa'i bya bzhag dor/_/snying po chos la dril cig grogs mched rnams/_/bde gshegs khams kyi me long ye dwangs kyang /_/glo bur g.ya' yis tshe rabs kun tu bsgribs/_/de phyir rgyal ba thugs rje thabs mkhas pa'i/_/'jug pa 'di la su zhig brtson byas na/_/mchog gsum rjes bzung byang chub sems mchog 'byongs/_/sgrib tshogs byang zhing bsod nams tshogs rab rdzogs/_/khyad par bla ma'i rnal 'byor la brten tshe/_/rang byung gnyug ma'i ye shes mngon gyur te/_/sku bzhi'i go 'phang myur du reg pas na/_/gzhan don thugs bskyed yar zla'i dpal bzhin rol/_/phyogs kyi grub pa'i 'dab ma gyes par mdzod/_/sarba mang+ga laM/
|pdflink=File:SPCD-KABUM-01-KA-007.pdf
|pdflink=File:SPCD-KABUM-01-KA-007.pdf
|volumeLetter=KA
|InitCategories=Khyentse Lineage Project; SPCD-KABUM-Volume-01-KA
|InitCategories=Khyentse Lineage Project; SPCD-KABUM-Volume-01-KA
}}
}}
Line 20: Line 34:
<onlyinclude>
<onlyinclude>
{{TibP|
{{TibP|
ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་སྙིང་པོ་ཀུན་དྲིལ་མ་བཞུགས་སོ།།
༄༅།  །ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་སྙིང་པོ་ཀུན་དྲིལ་མ་བཞུགས་སོ།།
སྲིད་དང་ཞི་བའི་ཁམས་འདི་ན། །བདེ་བ་ཐམས་ཅད་འབྱུང་བའི་གནས། །སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ། །ཤེས་ནས་བྱང་ཆུབ་བར་དུ་འདུད། །རྨོངས་པ་རང་འདྲའི་ཡིད་ངོ་ལ། །བླ་མའི་ཞལ་ལུང་དྲི་མེད་རྣམས། །གསལ་བའི་ས་བོན་བསྐྲུན་ཕྱིར་དུ། །ཐུན་མིན་སྔོན་འགྲོའི་སྙིང་པོ་བྲི། །དེ་ཡང་ཁམས་གསུམ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཏེ་མེའི་འོབས་ལྟ་བུ། སྲིན་པོའི་གླིང་ལྟ་བུ། མཚོན་གྱི་རྩེ་ལྟ་བུར་མཐོང་ནས། དེའི་རྒྱུ་ངོ་མ་ཚེ་འདིར་སྣང་གི་དགྲ་འདུལ་གཉེན་སྐྱོང་། ཟས་གོས་དོན་གཉེར་འགྲོ་འདུག་བྱ་བཞག་འདུ་འཛི་གཡེང་བའི་རྣམ་པ་ཐམས་ཅད་སྙིང་པོ་ཅི་ཡང་མེད་པའི་རྒྱུ་མཚན་གྱིས་བློ་སྣ་ངེས་པ་ཅན་གྱིས་ཡོངས་སུ་མ་ལྡོག་ན། ཐུན་མིན་སྔོན་འགྲོའི་བསགས་སྦྱང་གི་རིམ་པ་ལ་ཚིག་ཙམ་རྗེས་ཟློས་ཀྱིས་གྲངས་གསོག་པ་དང་། འ་འུར་ཡལ་ཡོལ་གྱི་ངང་ནས་ཚེ་འདིའི་དཔོན་པོ་ལ་ཁྲལ་འཇལ་བྱེད་པ་ལྟ་བུའམ། གཡོག་ངན་ལ་ལའི་ལས་ཀ་ལྟ་བུ་བྱས་པས་དོན་ཅུང་ཟད་ཙམ་ནམ་དུའང་མི་འབྱུང་སྟེ། ཇི་སྐད་དུ། དཀོན་མཆོག་གི་རྟེན་སྡིག་སྡུག་གིས་བཞེངས། ཚེ་ཕྱི་མ་རླུང་ལ་བསྐུར། ཅེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། རང་གི་སྐྱོན་ལ་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །དུས་རྣམ་ཀུན་ཏུ་རང་གི་འཁྲུལ་བ་ལ། །བརྟགས་ནས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། སྤྱོད་འཇུག་ལས། བདག་གིས་སྤྱོད་པ་འདི་འདྲས་ནི། །མི་ལུས་ཀྱང་ནི་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་གསུངས་པ་ལྟ་བུ་ལས་དོན་ནམ་ཡང་མི་གྲུབ་སྟེ། དཔེར་ན་འཇིག་རྟེན་ནའང་བརྩོན་འགྲུས་དང་ཐབས་ཆེ་བ་དང་ཤེས་རབ་ཆེ་བ་ཞིག་གིས་བྱ་བ་གང་དང་གང་ཡིན་ཡང་རུང་མི་འགྲུབ་པ་མེད་པ་ལྟ་བུ་འབྱུང་བ་དང་། བརྩོན་འགྲུས་མ་བྱས་ན་འཇིག་རྟེན་པའི་བྱ་བ་སྣ་རེ་ཙམ་ཡང་འགྲུབ་དཀའ་བའི་རང་བཞིན་ལས་མ་འདས་ན་དམ་པའི་ཆོས་ལ་ལྟ་ཅི་སྨོས་པས། དེས་ན་དད་པ་དང་དོན་གཉེར། དཀའ་སྤྱད་དང་བརྩོན་འགྲུས་ཁྱད་འཕགས་ལྷག་པར་བསྐྱེད་པ་ནི་གལ་ཤིན་ཏུ་ཆེ་བའི་རང་བཞིན་ཏེ། སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུངས་པས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། ། དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན༑ །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་དང་། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་བདག་ཀྱང་དགེ་ལ་སྤྱོད་ཅིང་། གཞན་ཡང་དེ་ལ་བསྐུལ་བ་ནི་དལ་འབྱོར་སྙིང་པོ་བྱེད་པ་སྟེ་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བཀུར་རོ། །ཞེས་དང་། མདོ་ལས། བདག་གི་ནོར་ནི་བཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་བཏང་ལ་སྲོག་སྲུང་སྟེ། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་བཏང་ལ་ཡང་དག་ཆོས་སྒྲུབས་ཤིག །ཅེས་དང་། ཇི་སྐད་དུ། བརྩོན་འགྲུས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །བརྩོན་འགྲུས་ལྡན་པ་ཡོན་ཏན་ཚོགས་འཕེལ་ཞིང་། །བརྩོན་འགྲུས་ལྡན་པས་བསམ་པ་མ་ལུས་འགྲུབ། །བརྩོན་འགྲུས་ལྡན་པ་མྱུར་དུ་མྱ་ངན་འདས། །ཞེས་དང་། ཇི་སྐད་དུ། ཐམས་ཅད་བརྩོན་འགྲུས་སྟེང་ན་གདའ། །དད་ལྡན་གཡོ་མེད་གང་ཟག་གིས། །སྒྲུབ་ལ་ནན་ཏན་གཙོར་འདོན་ན། །དེ་ཡི་ལག་ན་བྱང་ཆུབ་འདུག །ཅེས་དང་། ས་པཎ་གྱིས། རྒྱུན་ཆགས་བརྩོན་པ་མ་བཏང་བར། །བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ། །ཆུ་བོ་དལ་གྱིས་བབ་པ་ཡིས། །ཡངས་པའི་ས་ཆེན་བསྐོར་ནས་འགྲོ། །ངང་ཐུང་འབད་པས་མཐར་མི་ཕྱིན། །བྱ་བ་ཆེན་པོ་ཡུན་གྱིས་སྒྲུབས། །ཞེས་དང་། ཆོས་བཅུ་པ་ལས། ཇི་ལྟར་བདག་སེམས་ཅན་ཐམས་ཅད་བསྒྲལ་ཕྱིར་དང་། སྒྲོལ་ཕྱིར་དང་། དུལ་བ་དང་། ཞི་བར་འགོད་པའི་ཕྱིར་བརྩོན་པར་བྱེད་ན་བདག་ཉིད་མ་དུལ་བ་དང་། མ་ཞི་བ་དང་མ་བསྲུངས་པ་ནི་བདག་གི་ཆ་མ་ཡིན་པས། ཞི་བ་དང་། དུལ་བ་དང་། བསྲུང་བར་བྱའོ། །ཞེས་གསུངས་པ་ལྟར་དང་པོ་དད་པ་དང་དོན་གཉེར་དཀའ་སྤྱད་དང་སྙིང་རུས། ཞི་དུལ་དང་བག་ཡོད་སོགས་ལེགས་པར་འབྱོངས་པའི་སྒོ་ནས་ཆོས་སྒྲུབ་དགོས་ཚུལ་གྱི་རང་བཞིན་རྣམས་ལོ་རྒྱུས་དྲི་མ་མེད་པས་མཚམས་སྦྱར་ཏེ་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་འབྱོར་ངེས་པར་སྔོན་དུ་བྱས་ལ། དེ་ནས་བརྒྱུད་ལྡན་གྱི་བླ་མའི་ཞལ་རྒྱུན་དང་ཕྱག་བཞེས་ཟབ་མོ་དང་མཐུན་ངེས་པར་སྒོ་གསུམ་ཐུགས་ཉམས་ཤིན་ཏུ་བག་ཕེབས་པའི་ངང་ནས། དང་པོ་ངག་གི་འདོན་བྱ་གང་ཡིན་པ་དེ་དག་བློ་རུ་བྱང་ཆུབ་པར་འཛིན་ཅིང་། དེ་ནས་ཟླ་བ་ཁ་ཤས་ལ་སྐྱབས་ཡུལ་རྣམས་མ་འདྲེས་པ་སོ་སོར་གསལ་བཏབ་ལ་བརྟན་ཆ་གཅིག་ཏུ་ཆེ་བ་མ་བྱུང་གི་བར་དུ་བསྒོམས་ནས་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་འདྲོངས་ངེས་པར་གྱུར་པའི་སྤྱན་སྔར། མཆོད་པ་སོགས་ཀྱང་དངོས་སུ་བཤམས་པ་དེས་མཚོན་ནས་ཡིད་ཀྱི་སྤྲུལ་པའི་ཏིང་ངེ་འཛིན་གྱིས་མཁའ་ཁྱབ་ཏུ་སྤེལ་བའི་དམིགས་འདུན་རྩེ་གཅིག་ཏུ་དྲིལ་ནས་བསྒོམ་པར་མཛད་པ་ལས། གཞན་སའམ་རྡོའམ། བར་སྣང་སྟོང་པ་ལ་འབུལ་བྱ་འབུལ་བྱེད་གྱུར་པ་ལྟ་བུར་སླ་ཆོས་སུ་ནམ་ཡང་མ་བྱེད་པར་དཀའ་བ་དང་དུ་བླངས། སླ་བ་རྒྱབ་ཏུ་དོར་ནས་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མཚན་མེད་པ། རྗེས་རྨི་ལམ་དང་སྒྱུ་མ་ལྟ་བུའི་བསྔོ་བ་སྟེ་དམ་པ་གསུམ་ཀ་ཚང་བའི་སྒོ་ནས་ལག་ལེན་ཚད་ལྡན་རེ་རིམ་གྱིས་ངེས་པར་བཏབ་མཛད་དགོས་པ་ཡིན་མ་གཏོགས། དད་པ་དང་དོན་གཉེར་ཅི་ཡང་མེད་པའི་ངང་ནས་འགོ་ཆད་གཞུག་རྡུམ་ལྟ་བུའི་སྒོམ་བཟླས་འགའ་རེ་སོང་ན་ཚོགས་རྫོགས་རྒྱུ་དང་སྒྲིབ་པ་བྱང་རྒྱུ་མ་དགོས་པར་ཆོས་ལ་བརྟེན་ནས་ཚོགས་ངན་ཚབས་པོ་ཆེ་བསགས་པའི་རྒྱུ་རུ་མི་འགྱུར་བའི་ངེས་པ་འགའ་ཡང་མེད་དེ། དྭགས་པོ་ལྷ་རྗེས། ཆོས་ཆོས་བཞིན་དུ་མ་སྤྱད་ན། སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་གསུངས་པ་ལྟར། དེ་ལྟ་བུ་ལ་ངེས་པ་ཅན་གྱི་གོ་བ་ལོན་དགོས་པ་དང་། ལར་ནི་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་མཐའ་ཡས་པ་རྣམས་དངོས་པོའི་གཟུགས་སུ་མཆིས་ན་རི་བོའི་དཔངས་དང་། རྒྱ་མཚོའི་གཏིང་དང་། ཐང་གི་མཐའ་རྒྱ་ལྟ་བུ་ཟབ་ཅིང་རྒྱ་ཆེ་བ་མཐའ་ཡས་པ་འགའ་ཞིག་ཡོད་ཤག་རེད་པས། དེ་དག་སྐྱོན་མེད་ལྟ་བུ་བཏང་སྙོམས་སུ་འཇོག་ན་རང་གིས་རང་བསླུས་བཞག་པ་ལྟ་བུ་ལས་ནམ་ཡང་མི་ཡོང་བས་དད་བརྩོན་དྲག་པོ་དང་ལྡན་པའི་སྒོ་ནས་ཡོངས་སུ་ངེས་པ་ཅན་གྱིས་སྦྱང་དགོས་ཏེ། ཐབས་ཕུན་སུམ་ཚོགས་པའི་སྐབས་འདིར་ཡོངས་སུ་སྦྱང་བར་མ་ནུས་ན། ཚེ་འདི་དང་ཕྱི་མའི་འཇིགས་པ་དང་སྡུག་བསྔལ་དཔག་ཏུ་མེད་པ་རྣམས་སེལ་བའི་ཐབས་དང་དམིགས་འདུན་ཙམ་སུ་ལ་གཏད་པས། དང་པོ་ནས་ཆོས་གང་སྒྲུབ་ན་ཕྱི་མའི་གཏན་དོན་རང་ལ་བསམ་བློ་འཁོར་ངེས་རེ་བཏང་སྟེ་སྤང་བླང་གི་རིམ་པ་རྣམས་ངེས་ཤེས་བརྟན་པོ་རེའི་གཞི་གཟུང་བ་འདི་ཙམ་གལ་ཆེ་བའི་རང་བཞིན་སྔོན་དུ་བྱ་དགོས་སོ།།  ༈  །།དེ་ནས་རྒྱུད་ལས་སུ་རུང་བར་བྱེད་པ་སྐྱབས་འགྲོའི་རིམ་པ་ལ། དཀོན་མཆོག་གསུམ་ཞེས་པའི་དོན་ནི་འཇིག་རྟེན་ན་ཤིན་ཏུ་འབྱུང་བར་དཀའ་བས་ན་དཀོན། འཇིག་རྟེན་ཀུན་གྱི་རྒྱན་བླ་ན་མེད་པ་དང་། དྲི་མ་མེད་པ་དང་། མཐུ་དང་ལྡན་པ་དང་། འགྱུར་བ་མེད་པ་སོགས་ཀྱི་མཆོག་རབ་ཡིན་པས་ན་དཀོན་མཆོག་ཅེས་པ་དང་། གསུམ་ནི་དོན་གཉིས་མཐར་ཕྱིན་སངས་རྒྱས་དང་གཅིག །སྒྲིབ་གཉིས་མུན་སེལ་དམ་ཆོས་དང་གཉིས། རིག་གྲོལ་གཉིས་ལྡན་དགེ་འདུན་ཏེ་དཀོན་མཆོག་གསུམ་ཞེས་པའི་ཚིག་དོན་དེ་ལྟར་དང་། སྐྱབས་འགྲོ་ནི་སེམས་ཅན་ཐམས་ཅད་སྲིད་ཞིའི་འཇིགས་པ་མཐའ་དག་ལས་སྐྱོབ་ཕྱིར་དུ་ཡང་དག་པའི་ལམ་ལ་འགྲོ་བའི་གཞི་རྩོམ་པར་བྱེད་པས་ན་སྐྱབས་འགྲོ་ཟེར་བ་ཡིན་ཏེ། དཔེར་ན་བྱིས་པ་ཁྱིས་དེད་པ་མི་ཆེན་པོ་ལ་སྐྱབས་སུ་འགྲོ་བ་ལྟར་རམ་ཉེས་ཆེན་གྱི་མི་རྒྱལ་པོ་ཆེན་པོ་ལ་མགོ་བཏགས་པ་དང་འདྲ་ཞིང་། དེ་ལྟར་ཆོས་ལ་འཇུག་པའི་སྒོ་དང་པོ་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་གལ་གནད་ཤིན་ཏུ་ཆེ་བའི་རང་བཞིན་ཏེ་སྐྱབས་སུ་མ་སོང་བས་སྡོམ་པ་ཙམ་ཡང་མི་ཐོབ་ལ། སྡོམ་པས་མ་བསྡོམས་པའི་ལམ་ནི་གཏན་ནས་མེད་པས་ན། དེའི་ཕྱིར་ལམ་ཐམས་ཅད་ཀྱི་རྟེན་གཞི་མཆོག་རབ་རྩེ་མོ་ཡིན་པར་བཤད་དེ། སྐྱབས་འགྲོ་ལྔ་བཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར། སྐྱབས་འགྲོ་ནི་ཆོས་ལ་འཇུག་པའི་གཞི་མ་སྒོ་ཡིན་པའི་ཕྱིར་ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པའི་རང་བཞིན་དང་། གཞན་ཡང་དགོངས་འདུས་ལས། གང་འདིར་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་མཁན། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྐྱོབས་པར་ནུས་མ་ཡིན། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཅེས་དང་། དཀོན་བརྩེགས་ལས། དགེ་སློང་དག་ཁྱོད་ཀྱི་རང་ངམ་གཞན་གྱི་ཕྱིར་ཡང་རུང་སྟེ་འཇིགས་པ་དང་འཚེ་བ་དེ་དག་ལས་ཐར་བར་བྱ་བའི་ཕྱིར་སྐྱབས་སུ་སོང་ཞིག་དང་ཁྱོད་ཀྱི་འདོད་པའི་རེ་བ་དེ་དང་དེར་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། མདོ་རྒྱལ་མཚན་དམ་པ་ལས། དགེ་སློང་དག་ཁྱེད་དགོན་པ་དང་། རི་ཁྲོད་དང་། འབྲོག་སྟོང་ལ་སོགས་པར་འདུག་ཀྱང་རུང་། གསུམ་ལ་སྐྱབས་སུ་སོང་ཞིག་དང་། འཇིགས་པ་དང་སྡུག་བསྔལ་མེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་དུ་ཆོས་ལ་འཇུག་པའི་སྒོ་མ་ནོར་བ་དང་པོར་བྱེད་ནས་ལམ་སྣེ་ཡོངས་སུ་ཟིན་པ་དང་། འདི་ཕྱི་ཀུན་ཏུ་འཇིགས་པའི་སྒོ་དུ་མ་ལས་སྐྱོབས་པ་དང་། ཕན་བདེ་ཚད་མེད་པའི་ལམ་ལ་སྦྱོར་ནས་མཐུན་རྐྱེན་ཕུན་སུམ་ཚོགས་པ་འབྱུང་བའི་གནས་གཅིག་པུར་ཡིན་པ་སོགས་ཕན་ཡོན་མཐའ་ཡས་པ་གསུངས་པ་ལྟར་ཡིད་ཆེས་ཁུངས་བཙུན་སྤྲོ་བ་ལྷག་པར་བསྐྱེད་པ་སྔོན་དུ་སོང་བའི་ངང་ནས། ལམ་ཉམས་སུ་ལེན་པའི་སྐབས་འདིར་དད་པ་རྣམ་པ་གསུམ་གྱིས་གཞི་བཟུང་དགོས་པ་ཡིན་ཞིང་། དེ་ཡང་མཆོག་གསུམ་གྱི་རྟེན་དང་བླ་མ་སོགས་མཇལ་ཡོང་བའི་ཚེ་འཕྲལ་དུ་དད་པ་ལྷང་ལྷང་སྐྱེས་པ་ནི་མདོར་ན་དང་བའི་དད་པ་ཡིན། དེ་རྣམས་ཀྱིས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རྣམས་ཕྱོགས་ལམ་མཐོང་ནས་རང་རྒྱུད་དེ་ལ་དེ་ལྟ་བུ་འབྱོར་ན་ཅི་མ་རུང་སྙམ་པ་ནི་འདོད་པའི་དད་པ་ཡིན། དེ་བཞིན་སྙིང་ནས་སྐྱབས་སུ་སོང་བ་ལ་འདི་ཕྱི་ཀུན་ཏུ་མི་བསླུ་བའི་བདག་ཉིད་ཆེན་པོ་གཅིག་ཏུ་ཡིན་བཞིན་ངེས་ཤེས་གཏན་པོ་རྙེད་པ་ནི་ཡིད་ཆེས་པའི་དད་པ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་གྲུབ། །ཅེས་དང་། ཇི་སྐད་དུ། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་སྦྱོར། །དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཆོས་རྣམས་ཀུན་གྱི་རྩ་བ་དད་པ་འོ། །ཞེས་གསུངས་པ་ལྟར་དད་པ་དང་མོས་གུས་རབ་འབྲིང་ཐ་མ་གང་ཡོད་ན་ཐུགས་རྗེ་དང་བྱིན་རླབས་ཀྱང་དེ་ལྟར་ཐོགས་རྡུགས་མེད་པར་འཇུག་པ་ཡིན་ཏེ། ཅི་ཕྱིར་སྙམ་ན། རང་གིས་དད་པ་དང་མོས་གུས་ཡང་དག་པས་མཚམས་སྦྱོར་བྱ་བར་ནུས་ན། རྒྱལ་བ་རྣམས་ཀྱི་དགོངས་པ་ལ་གཤེགས་བཞུགས་ཀྱི་ཁྱད་པར་མི་མངའ་བ་རྒྱལ་བའི་ཡོན་ཏན་དང་། མཁྱེན་པའི་ཡེ་ཤེས་ལ་གསལ་འགྲིབ་དང་འཕོ་འགྱུར་མེད་པ་རྒྱལ་བའི་ཡོན་ཏན་དང་། བརྩེ་བ་ཆེན་པོས་སེམས་ཅན་གྱི་འགྲོ་དོན་ལས་གཞན་མཛད་རྒྱུ་ཅུང་ཟད་ཙམ་ཡང་མེད་པ་རྒྱལ་བའི་ཡོན་ཏན་དང་། དེ་བཞིན་དུ་ནུས་པས་གང་ལ་གང་འདུལ་གྱི་ཐུགས་རྗེ་དང་ཕྲིན་ལས་ཀྱི་རྣམ་པ་སྣ་ཚོགས་ཐོགས་རྡུགས་མེད་པར་སྒོ་དུ་མ་ནས་འཇུག་ཅིང་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པ་སོགས་རྒྱལ་བའི་ཡོན་ཏན་ཁྱད་པར་དུ་མས་འཕགས་པ་དེ་ལྟར་ཡིན་པས་ན། གསོལ་བ་སྙིང་ནས་བཏབ་པ་ཙམ་གྱིས་ཆོས་ཉིད་ཀྱི་དབྱིངས་ནས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པ་ངམ་ངམ་ཤུགས་ཀྱིས་འབྱུང་བའི་ཕྱིར་ཏེ། དཀོན་བརྩེགས་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །རྟག་ཏུ་བྱིན་གྱིས་རློབ་པ་དང་། །ཉེས་པ་ཀུན་ལས་རྣམ་པར་ཐར། །ཞེས་དང་། ཨོ་རྒྱན་ཆེན་པོས། དད་པ་ཅན་གྱི་གང་ཟག་ཕོ་མོ་ལ། །སོགས། ཞེས་དང་། ངལ་གསོ་ལས། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །རྒྱལ་བ་སྲས་བཅས་རྒྱ་མཚོའི་སྤྲིན་ཕུང་བསམ། །འདི་ནི་རང་གི་དད་སྟོབས་དྲི་མེད་དང་། །མཁྱེན་བརྩེའི་དབང་ཕྱུག་རྣམས་ཀྱི་ཐུགས་རྗེ་ཡིས། །ཇི་ལྟར་བསམ་པ་དེ་བཞིན་འགྲུབ་པ་ཡིན། །ཞེས་གསུངས་པ་ཇི་བཞིན་རྒྱལ་བ་སྲས་བཅས་ཀྱིས་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་མ་ཡིས་བུ་གཅིག་པུ་ལ་བརྩེ་བ་བཞིན་སྙིང་རྗེ་ཆེན་པོས་གཟིགས་པ་དམ་པ་ནི་དུས་དང་ཕྱོགས་རིས་མེད་པ་ཞིག་ཡིན་པ་ནི་གཞིར་བཅས་རུང་། འོ་ན་སེམས་ཅན་ཉམ་ཐག་རྣམས་འཁོར་བའི་གནས་ན་ད་དུང་ཅིའི་ཕྱིར་ལྷག་པ་ཡིན་སྙམ་ན་དེ་ནི་རང་རང་དད་པ་སོ་སྐྱེའི་དབང་དུ་སོང་སྟེ་ལས་ངན་བསགས་པའི་དབང་གིས་རྒྱལ་བའི་ཐུགས་རྗེ་འཇུག་པ་དང་དངོས་གྲུབ་སྟེར་བའི་ཐབས་དེ་ཙམ་དབེན་པ་ལྟ་བུ་མཆིས་པ་ཡིན་ཏེ། ཨོ་རྒྱན་ཆེན་པོས། དད་མེད་ཕུག་པ་བྱང་ལྟས་ལྟ་བུ་ལ། །ཐུགས་རྗེའི་ཉི་མ་ནམ་ཡང་འཆར་དུས་མེད། །དད་མེད་ཆུ་དཀྱིལ་རྡོ་རིལ་ལྟ་བུ་ལ། །ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་ཟིན་དུས་མེད། །ཅེས་གསུངས་པ་ལྟར་ཡིན་པས། དེས་ན་རང་རང་སོ་སོའི་དད་པ་དག་སྣང་དང་མོས་གུས་ཀྱི་རྩལ་ཁྱད་པར་ཅན་འབྱོངས་པ་སོགས་ལ་རག་ཁོ་ན་ལས་པར་ཡིན་འདུག་པས་ལྷག་པར་དད་པ་དང་དག་སྣང་ཕལ་དང་ཕལ་ལས་ཁྱད་པར་དུ་མས་འཕགས་པ་ཞིག་བསྐྱེད་པ་ཅི་ནས་གལ་ཆེ་ཤོས་ལགས་པས་ཁ་ཙམ་དུ་མ་ལུས་པར་ངེས་པར་བྱས་ཏེ། དེ་ནས་ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་སྐྱབས་སུ་འགྲོ་བའི་དོན་དང་། དུས་ཀྱི་ཚད་དང་། ཡུལ་གྱི་རྣམ་དབྱེ་བཅས་མདོ་ཙམ་ཞིག་བཤད་ན། ཐེག་གསུམ་གྱི་སྐྱབས་སུ་འགྲོ་བའི་དོན་ཡང་སེམས་བསྐྱེད་ཆེ་འབྲིང་ཆུང་གསུམ་སྟེ། ཆུང་ངུའི་མངོན་མཐོ་ལྷ་མིའི་བདེ་འབྲས་འདོད་ནས་ངན་སོང་གི་འཇིགས་པ་ལ་བསམ་སྟེ་སྐྱབས་སུ་འགྲོ་བས་ན་བསམ་པ་མ་དག་པས་སྐྱེས་བུ་ཆུང་ངུར་བཞེད་པ་དང་། ཉན་རང་གི་རིགས་ཅན་རྣམས་རིགས་དྲུག་འཁོར་བའི་འཇིགས་པ་ཀུན་ལ་སྐྲག་ནས་ཞི་བ་རང་དོན་ཁོ་ན་ཚོལ་བའི་ཕྱིར་སྐྱབས་སུ་འགྲོའང་རང་དོན་གྱི་བསམ་པ་ལས་མེད་པས་སྐྱེས་བུ་འབྲིང་དུ་བཞེད་པ་དང་། ཆེན་པོ་ནི་རང་རྒྱུད་ཀྱི་སྡུག་བསྔལ་རྟོགས་པས་རང་དོན་ཞི་བདེའི་འདོད་པ་ཡོངས་སུ་སྤངས་ནས་གཞན་དོན་ཁོ་ནའི་ཕྱིར་དུ་སྐྱབས་སུ་འགྲོ་བས་ན་སྐྱེས་བུ་མཆོག་རབ་ཏུ་བཞེད་དེ། སྐྱབས་སུ་འགྲོ་བའི་དུས་ཀྱི་ཚད་ཀྱང་གསུམ་སྟེ། ཕལ་པ་དག་རང་རང་གི་ལྷ་ལ་འདོད་དོན་འགྲུབ་ཀྱི་བར་དུ་འགྲོ་ཞིང་ཁྱད་པར་དུ་མཐོ་རིས་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ལས་མེད་པས་ཆུང་ངུར་བཞེད། འབྲིང་ནི་གནས་སྐབས་ཇི་སྲིད་འཚོ་ཡི་བར་དུ་དང་། མཐར་ཐུག་དགྲ་བཅོམ་པའི་གོ་འཕང་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བ་ལས་མེད་པས་འབྲིང་དུ་བཞེད། ཆེན་པོ་ནི་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུའམ་སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བས་མཆོག་རབ་ཏུ་བསྔགས་སོ། །བསྐྱབ་བྱའི་ཡུལ་ལའང་ཐུན་མོང་དང་ཐུན་མིན་གཉིས་ཏེ། ཐེག་པ་ཆུང་ངུའི་སངས་རྒྱས་ནི་མཆོག་གི་སྤྲུལ་སྐུ་དང་། ཆོས་ནི་ལུང་དང་རྟོགས་པའི་བདག་ཉིད་གསུང་རབ་ཡན་ལག་བཅུ་གཉིས་དང་། སོ་སོའི་རྒྱུད་ཀྱི་ལམ་དང་། ཏིང་ངེ་འཛིན་ལ་སོགས་པ་དང་། དགེ་འདུན་ལའང་སོ་སྐྱེ་དང་འཕགས་པ་གཉིས་ཏེ། སོ་སྐྱེ་ནི་དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློང་ཕ་མ་གཉིས། དགེ་སློབ་མ་སྟེ་སོ་སོར་ཐར་པ་རིས་བདུན་དང་། འཕགས་པ་ལ་རྒྱུན་ཞུགས། ཕྱིར་འོང་བ། ཕྱིར་མི་འོང་བ། དགྲ་བཅོམ་པ་དང་བཞི། དེ་རེ་རེ་ལ་ཞུགས་པ་དང་འབྲས་གནས་གཉིས་སུ་དབྱེ་བས་ཟུང་བཞི་ཡ་བརྒྱད་རྣམས་ཡིན་པར་གསུངས། ཐེག་ཆེན་གྱི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དག་པ་གཉིས་ལྡན་ཅན་དང་། ཆོས་ནི་སྨྲ་བསམ་བརྗོད་དུ་མེད་པའི་རང་བཞིན་སངས་རྒྱས་སུ་འགྲོ་བའི་བདག་ཉིད། རྣམ་པ་ལམ་བདེན་ལུང་གི་ཆོས་དང་འགོག་བདེན་རྟོགས་པའི་ཆོས་གཉིས་ཀྱི་མཚན་ཅན། རྗོད་བྱེད་ཐེག་ཆེན་གྱི་ཟབ་ཅིང་རྒྱ་ཆེའི་མདོ་སྡེ་རྣམས་སོ། །དགེ་འདུན་ནི་སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་མངོན་སུམ་དུ་མཐོང་བ་འཕགས་པའི་ཚོགས་རྣམས་ཏེ་དེ་དག་ནི་ཀུན་རྫོབ་དང་། མཐར་ཐུག་དོན་དམ་པའི་དབང་དུ་བྱས་ན་སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པར་ཤེས་པའོ། །དེ་ཡང་། དྲིན་ལན་བསབ་པའི་མདོ་ལས། ཚེ་དང་ལྡན་པ་དགའ་བོས་གསོལ་པ། སངས་རྒྱས་གང་ལ་སྐྱབས་སུ་འགྲོ་ལགས། བཀའ་སྩལ་པ་ཆོས་སྐུ་ལ་སྐྱབས་སུ་འགྲོ་ཡི་གཟུགས་ཀྱི་སྐུ་མ་ཡིན་ནོ། །གསོལ་པ་ཆོས་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ་དོན་དམ་པའི་ཆོས་ལ་སྐྱབས་སུ་འགྲོ་ཡི་ཀུན་རྫོབ་ཀྱི་ཆོས་ནི་མ་ཡིན་ནོ། །གསོལ་པ་དགེ་འདུན་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ་དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་ཡི་ཀུན་རྫོབ་ཀྱི་དགེ་འདུན་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཐུན་མོང་དང་། ཐུན་མིན་གཉིས་ཀའི་སྐྱབས་ཡུལ་གྱི་རྣམ་དབྱེ་རབ་ཏུ་ལུང་འདིས་རྣམ་པར་ཕྱེད་པ་དང་། ཡང་གསང་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོ་ནི་དཀོན་མཆོག་གསུམ་ཀ་རང་སེམས་ལྷུན་གྲུབ་སྟེ་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་གཞན་དུ་མི་སྨོན་འབྲས་བུའི་མཐར་ཐུག་ཉིད་དུ་ཤེས་པ་ནི་བསྐྱབ་བྱ་སྐྱོབ་བྱེད་སྐྱབས་འབྲས་ཡོངས་སུ་རྫོགས་པའི་ཕྱིར་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ཀུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་དང་། ཡུམ་བར་མ་ལས། རབ་འབྱོར། གང་ལ་སངས་རྒྱས་ཀྱང་མི་དམིགས་པ། ཆོས་དང་དགེ་འདུན་མི་སེམས་ན། འདི་ནི་ཡང་དག་པའི་སྐྱབས་སུ་འགྲོ་བའོ། །ཞེས་དང་། རྒྱུད་བླ་མ་ལས། སྐྱབས་ནི་སངས་རྒྱས་ཉག་གཅིག་པུ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཏེ། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ། །ཞེས་གསུངས་པ་ལྟར་སྐྱབས་ཡུལ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་སྟེ། དེ་ཡང་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དཀོན་མཆོག་གསུམ་གྱི་ངོ་བོར་ཡེ་ནས་དབྱེར་མེད་རང་ཆས་ལྷུན་གྲུབ་ཏུ་གནས་ཡོད་པའི་དབང་གིས་གཞན་དུ་མི་སྨོན་པ་ནི་འབྲས་བུས་སྐྱབས་ཡུལ་མཐར་ཐུག་ཉིད་ཡིན་པས་དེ་ལྟར་འགྲུབ་པ་ལ་བླང་དོར་བཅོས་བསླད་མེད་པར་རྩེ་གཅིག་ཏུ་མཉམ་པར་བཞག་པས་བསྐྱབ་བྱ་སྐྱོབ་བྱེད་སྐྱབས་འབྲས་དང་བཅས་པའི་སྙིང་པོ་ཡང་ཟབ་མཆོག་ཏུ་གྱུར་པ་ཡིན་པར་ཤེས་པར་བྱས་ལ། དེ་ལྟ་བུ་སྒྲུབ་པའི་མཐུན་རྐྱེན་དུ་ལས་དང་པོ་པའི་གནས་སྐབས་སུ་ཕྱིའི་དཀོན་མཆོག་གསུམ་ལ་སྐྱེལ་མའི་ཚུལ་དུ་སྐྱབས་སུ་འགྲོ་བར་བྱ་དགོས་ཚུལ་སོགས་རྣམ་དབྱེ་སྤྱི་དང་བྱེ་བྲག་མང་ཡང་། ད་ལན་སྙིང་པོའི་དོན་རྣམས་མདོར་བསྡུས་ཏེ་ལག་ལེན་བཏབ་ཚུལ་སྙིང་པོ་དྲིལ་ནས་འཆད་ན། སེམས་ཅན་གྱི་རྟེན་གཞི་མ་དག་པའི་སྣང་བ་འདི་དག་གང་ལ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས་ནས། རང་གི་མདུན་མཁར་ལ་ལུང་དང་། གཤང་གཤོང་དང་། འབའ་འབུར་གྱི་རྣམ་པ་མེད་པ། གསེར་གྱི་ས་གཞི་མེ་ལོང་གི་ངོས་ལྟར་འཇམ་ཤིང་དྭངས་པ། མནན་ན་ནེམ་པ། བཏེགས་ན་འཕར་བ། རྒྱ་རབ་ཏུ་ཡངས་པ་བཻཌཱུརྻའི་མིག་མང་རིས་དང་བཅས་ཞིང་ཁམས་ཀྱི་མཚན་ཉིད་ཡོངས་སུ་ཚང་བའི་མཐིལ་དུ་རྒྱ་མཚོ་ཆེན་པོ་བསིལ་དྲོད་སྙོམས་པ། རོ་མངར་བ། ལྗིད་ཡང་པ། རེག་བྱ་འཇམ་པ། དྲི་མ་མེད་པ། རྙོག་པ་མེད་པར། རབ་ཏུ་དྭངས་པ། མགྲིན་པ་ནས་འཇུག་བདེ་བ། ལྟོ་བ་འཇུ་བདེ་བ་སྟེ་ཆུ་བོ་ཡན་ལག་བརྒྱད་ཀྱི་ཡོན་ཏན་དང་ལྡན་པའི་རྒྱ་མཚོ་ཆེན་པོ་འཁྱིལ་བ་རུ་བྱ་ངང་པ་དང་ཁྲུང་ཁྲུང་། ཀ་ལ་པིང་ཀ །མཐིང་རིལ་ལ་སོགས་ཆུ་གནས་མང་པོས་སྐད་སྙན་སྒྲོགས་པས་བརྒྱན་པ་མཛེས་ཤིང་ཡིད་རབ་ཏུ་འཕྲོག་པའི་དབུས་སུ་དགོས་འདོད་འབྱུང་བའི་དཔག་བསམ་གྱི་སྡོང་པོ་རྒྱ་ཆེ་བ། དཔངས་མཐོ་བ། ཡལ་ག་ལྔ་པ་ཅན་ནམ་མཁའི་ཁམས་སུ་གྱེས་པ་ལོ་མ་དང་། མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ། དར་དང་རིན་ཆེན་རིགས་ཀྱི་དྲྭ་བ་དང་དྲྭ་ཕྱེད་ཀྱིས་མཐའ་རུ་དྲིལ་གཡེར་གྱིས་བརྒྱན་པ་དེ་དག་གིས་ཀྱང་ཆོས་སྐད་ལྷང་ལྷང་སྒྲོགས་པ་མཛེས་ཤིང་ཡིད་དུ་འོང་བའི་པད་སྡོང་དབུས་མའི་སྟེང་ན་མི་འཇིགས་པའི་སེང་གེ་ཆེན་པོ་བརྒྱད་ཀྱིས་ཕྱོགས་བཞི་ནས་བཏེགས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་རྒྱ་ཆེ་བ། དཔངས་མཐོ་བའི་ཁར་སྣ་ཚོགས་པདྨ་འབུམ་བདལ་བའི་དབུས་སུ་ཟེའུ་འབྲུ་དམར་སེར་གྱི་སྟེང་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དྭངས་གསལ་དྲི་མ་མེད་པའི་གདན་ལ་ངོ་བོ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་དང་གཉིས་སུ་མ་མཆིས་པར་ཕྲིན་ལས་ཀྱི་ཕོ་ཉ་གདུལ་བྱའི་སྣང་ངོར་གང་ཟག་མིའི་གཟུགས་སུ་བྱོན་པ་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པའི་གཏིང་མཐའ་མི་མངོན་པར་མངའ་བ། བརྩེ་བ་ཆེན་པོས་ཁམས་གསུམ་གྱི་སྐྱེ་འགྲོ་ཡོངས་ལ་བུ་གཅིག་པུའི་མ་ལྟར་བརྩེ་བའམ་གཟིགས་པ། ནུས་པའི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཟབ་མོས་འབྲེལ་ཚད་སྨིན་གྲོལ་གྱི་ལམ་ཡངས་པོར་བཀོད་པས་བཀའ་དྲིན་མཚུངས་ཟླ་མེད་པ་རང་རང་གི་རྩ་བའི་བླ་མ་ཉིད་ཡིན་པ་ལ། རྣམ་པ་ནི་སྤྱིར་ལྷོ་འཛམ་གླིང་ལྷག་པར་བོད་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྲོལ་འབྱེད་འགྲན་ཟླ་ཀུན་དང་བྲལ་བ་སངས་རྒྱས་གཉིས་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་འཆང་ཡིན་པ་ལ། དེ་ཡང་སྐུ་མདོག་དཀར་ལ་དམར་བའི་མདངས་ཅུང་ཟད་ཆགས་པ། ཞལ་གཅིག་སྤྱན་གཉིས་ནམ་མཁར་གཟིགས་པ། ཞལ་ཅུང་ཟད་ཁྲོ་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་པས་སྣང་སྲིད་ཟིལ་གྱིས་གནོན་པའི་གསེར་གྱི་རྡོརྗེ་རྩེ་ལྔ་པ་ཐུགས་ཀ་ནས་སྡིགས་པའི་ཚུལ་དུ་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་དབུས་སུ་ཡོ་ག་ཚེའི་དངོས་གྲུབ་བརྙེས་པའི་རྟགས་སུ་ཚེ་བུམ་ལྗོན་ཤིང་གིས་བརྒྱན་པ། ནང་ནས་རིམ་གྱིས་སྐུ་ལ་གསང་གོས་དཀར་པོ། མདུང་མ་དམར་པོ། ཕོད་ཆེན་མཐིང་ག །ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན། ཟ་འོག་གི་བེར་ཆེན་དམར་སྨུག་བཅས་བརྩེགས་མར་མནབས་པ། དབུ་ལ་པད་ཞུ་གསོལ་བ། ཡུམ་ཡེ་ཤེས་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་ཅིང་ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ་ཡབ་ཡུམ་གཉིས་ཀ་སྐུ་གཟི་བརྗིད་རབ་ཏུ་འབར་བ་ལྟ་བས་ཆོག་མི་ཤེས་པར་བཞུགས་པའི་དབུ་སྟེང་ན། སྙིང་ཐིག་བརྒྱུད་ལུགས་ལྟར་ན་བདག་ཅག་གི་རྩ་བའི་བླ་མ་བཀའ་དྲིན་སུམ་ལྡན་གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཛྙཱ་ན་དེ་ཉིད་སྐུ་མདོག་དཀར་གསལ་དབུ་སྐྲ་ཐོར་ཚུགས་ལ་པུཎྜ་རི་ཀས་བརྒྱན་པ་ཕྱག་གཡས་ཐོད་པ་བདུད་རྩིས་གང་བ་ཚེ་བུམ་དང་ལྡན་པར་བསྣམས་པ་གཡོན་ཐབས་ཤེས་ཀྱི་མདའ་གཞུ་འཛིན་པ། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། དར་འཕུར་མའི་ཨང་རག་དང་སྒོམ་ཐགས་གསོལ་བ་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། དེའི་སྟེང་ན་ཁམས་སྤྲུལ་བསྟན་པའི་ཉི་མ་རྡོ་རྗེ་སློབ་དཔོན་གྱི་ཆས་ཅན། དབུ་ལ་པད་ཞུ་གསོལ་བ། ཕྱག་གཡོན་མཉམ་བཞག་ཐོད་པ་དང་། གཡས་རྡོ་རྗེ་འཕྱར་སྟབས་སུ་འཛིན་པ། དེ་སྟེང་པདྨ་འོད་གསལ་མདོ་སྔགས་གླིང་པ་སྔ་འགྱུར་པཎ་གྲུབ་ཀྱི་ཆས་ཅན། ཕྱག་གཡས་མཆོག་སྦྱིན་གྱིས་རྡོ་རྗེ་དང་པད་སྡོང་རྩེར་བུམ་པ་དང་། གཡོན་མཉམ་བཞག་གིས་དྲིལ་བུ་དང་པད་སྡོང་པོད་རལ་བཅས་འཛིན་པ། དེ་སྟེང་འཇིགས་མེད་རྒྱལ་བའི་མྱུ་གུ་རྡོ་རྗེ་སློབ་དཔོན་གྱི་ཆས་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་དུ་གསེར་གྱི་འཁོར་ལོ་བསྣམས་པ། དེ་སྟེང་རིག་འཛིན་འཇིགས་མེད་གླིང་པ་ན་བཟའ་དཀར་ཆས་དབུ་རལ་གྱི་གླེགས་བམ་བཅིང་བ་ཅན། ཞབས་ཕྱེད་སྐྱིལ་དུ་བཞུགས་ཤིང་། ཕྱག་གཡས་མཆོག་སྦྱིན་དང་གཡོན་གདན་བརྟེན་པད་སྡོང་པོད་རལ་འཛིན་པ། དེ་སྟེང་ཀློང་ཆེན་རབ་འབྱམས་པཎ་གྲུབ་ཆས་ཅན་ཞབས་སྐྱིལ་ཀྲུང་དང་། ཕྱག་གཉིས་ངལ་གསོ་ཕྱག་རྒྱས་པད་སྡོང་པོད་རལ་འཛིན་པ། དེ་སྟེང་དབུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དབུ་ལ་དར་ཐོད་དཀར་པོ་བཅིངས་ནས་ཕྱག་མཉམ་བཞག་གི་སྟེང་དུ་གསེར་གྱི་འཁོར་ལོ་བསྣམས་པ། གཡས་སུ་ལོ་ཆེན་བཻ་རོ་ཙ་ན་པཎ་གྲུབ་ཀྱི་ཆས་ཅན། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་མཉམ་བཞག་པོ་ཏི་བསྣམས་པ། གཡོན་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཅན་ཏེ། ཕྱག་གཡས་མཆོད་སྦྱིན་དང་གཡོན་ཀ་པཱ་ལ་བདུད་རྩིའི་གང་བ་དཀུར་བརྟེན་པ། རྒྱལ་པོའི་སྤྱི་གཙུག་ཏུ་ཨོ་རྒྱན་རིན་པོ་ཆེ་པདྨ་འོད་འབར་ལྟར་དང་། དེ་སྟེང་དྲི་མེད་བཤེས་གཉེན་པཎ་གྲུབ་ཀྱི་ཆས་ཅན་ཕྱག་གཉིས་མཉམ་གཞག་གི་སྟེང་དུ་ཐོད་པ་བདུད་རྩིས་གང་བར་བསྣམས་པ། དེ་སྟེང་ཛྙཱ་ན་སུ་ཏྲ་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་པོ་ཏི་བསྣམས་པ། དེ་སྟེང་ཤྲཱི་སིངྷ་ཕྱག་གཡས་རྡོ་རྗེ་དང་བཅས་སྡིགས་མཛུབ་ནམ་མཁར་གཏད་དེ་གཡོན་ཀ་པཱ་ལ་དཀུར་བརྟེན་པ། དེ་སྟེང་འཇམ་དཔལ་བཤེས་གཉེན་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་བཞག་པོ་ཏི་བསྣམས་པ། དེ་གསུམ་ཀའང་ཧེ་རུ་ཀའི་ཆས་ཀྱིས་ཡོངས་སུ་སྤྲས་པ་ཅན་གསལ། དེ་སྟེང་དགའ་རབ་རྡོ་རྗེ་ཞབས་སྐྱིལ་ཀྲུང་གིས་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་བཞག་མཛད་པ། དེ་སྟེང་རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་ཕྱག་གཉིས་རྡོར་དྲིལ་འཛིན་པ། དེ་སྟེང་ཀུན་ཏུ་བཟང་པོ་རྒྱན་མེད་ཡབ་རྐྱང་བཅས་གོང་མའི་གདན་ལ་འོག་མའི་དབུ་མ་རེག་ཙམ་ཡེ་ཤེས་ལྔའི་རང་བཞིན་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བཞིན་དུ་བཞུགས་པར་གསལ་ཡང་ཡང་འདེབས། དེ་བཞིན་མདུན་གྱི་ཡལ་གར་པད་ཟླའི་སྟེང་དུ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་གསེར་བཙོ་མའི་མདོག་ལྟ་བུ་ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་གི་སྟེང་དུ་ལྷུང་བཟེད་བསྣམས་ནས་བཞུགས་པའི་གཙོས་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་སོགས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་སོགས་མཚན་བཟང་དཔེ་བྱད་ཀྱིས་བརྒྱན་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་ཀྱི་ཡལ་ག་ལ་རིགས་གསུམ་མགོན་པོའི་གཙོས་ཉེ་སྲས་རྣམས་དང་དུས་གསུམ་གྱི་བྱང་ཆུབ་སེམས་དཔའི་ཚོགས་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཤིང་ཞབས་གཉིས་མཉམ་པའི་སྟབས་དང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱབ་ཀྱི་ཡལ་གར་འོད་ལྔའི་དྲྭ་མིག་རྒྱ་ཡངས་པའི་ཀློང་ན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གཙོས་མདོ་སྔགས་ཀྱི་ཆོས་རྣམས་གདོང་དར་རང་ཕྱོགས་ལ་བསྟན་ཏེ་ཨཱ་ལི་ཀཱ་ལིའི་སྒྲ་སྙན་པར་སྒྲོགས་ནས་བརྩེགས་མར་བཞུགས་པ། གཡོན་གྱི་ཡལ་ག་ལ་ཉན་ཐོས་མཆོག་ཟུང་གཉིས་ཀྱི་གཙོས་ཉན་ཐོས་དགྲ་བཅོམ་པའི་ཚོགས་ཞབས་བཞེངས་སྟབས་དང་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་ལ་མཁར་གསིལ་དང་ལྷུང་བཟེད་བསྣམས་པ། དེའི་སྟེང་གི་ཕྱོགས་མཚམས་རྣམས་སུ་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་ཀྱི་ཁོངས་སུ་གཏོགས་པའི་རྒྱ་བོད་ཀྱི་པཎ་གྲུབ་བྱོན་ནོ་ཅོག་ཀུན་བཞུགས་པ་དང་། མཐའ་སྐོར་བར་མཚམས་རྣམས་སུ་རྒྱུད་སྡེ་བཞི་དྲུག་གིས་བསྡུས་པའི་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་རྣམས་དང་། རྡོ་རྗེ་ཆོས་སྲུང་ཕོ་རྒྱུད་ཐམས་ཅད་ཀྱི་ཞལ་ཕྱིར་གཟིགས་ནས་ཕྱིའི་བར་ཆད་ནང་དུ་མི་བཏང་བའི་ཕྲིན་ལས་མཛད་པ། ཆོས་སྲུང་མོ་རྒྱུད་ཐམས་ཅད་ཞལ་ནང་དུ་གཟིགས་ནས་ནང་གི་དངོས་གྲུབ་ཕྱིར་མི་བཏང་བའི་ཕྲིན་ལས་མཛད་ཅིང་། དེ་དག་ཀྱང་སྐུ་མདོག །ཞལ་ཕྱག །རྒྱན་ཆས། ཉམས་འགྱུར་གྱི་རྣམ་པ་སྣ་ཚོགས་གཅིག་ཏུ་མ་ངེས་པ་དུ་མར་སྟོན་པར་མཛད་པ་སོགས། མདོར་ན་ནམ་མཁའ་ལ་སྤྲིན་ཕུང་འཁྲིགས་པ་བཞིན་དུ་ལེགས་པར་གསལ་ཅི་ཐེབས་བྱས་ལ། དེ་དག་ཀྱང་ངོ་བོ་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་བཞུགས་ཀྱང་རྣམ་པ་ཞི་དྲག་གི་སྐུ་གང་ལ་གང་འདུལ་སྟོན་པའི། མཆོག་གསུམ། རྩ་གསུམ། སྐུ་གསུམ་འདུས་པའི་བདག་ཉིད། ཐུགས་རྗེ་བྱིན་རླབས་ཀྱི་ཕུང་པོ། ཡོན་ཏན་ཕྲིན་ལས་ཀྱི་རྣམ་རོལ། ཕ་མཐའ་ཡས་པར་མངའ་བའི་རང་བཞིན་ཅན་དུ་ངེས་ཤེས་ཡང་ཡང་བརྟན་པོར་བསྐྱེད་པའི་ངང་ནས་རང་གཞན་སེམས་ཅན་ཐམས་ཅད་ཚེ་འདིའི་ནད་གདོན། རྐྱེན་ངན་འདྲེ་གདོན་འབྱུང་པོའི་འཚེ་བའི་རིགས་ཏེ། དགྲ་ཡི་མཚོན་ཆ་ཟས་དུག་དུག་སྦྲུལ་གཅན་གཟན་གཡང་དང་འཕྲང་། མེ་ཆུ་དང་ཆད་པའི་འཇིགས་པ་སོགས་དང་། ཤི་འཕོས་ནས་བར་དོའི་འཁྲུལ་སྣང་གི་འཇིགས་སྐྲག་རྣམས་དང་། ངན་སོང་གསུམ་གྱི་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་སོགས་ཀྱི་སྡུག་བསྔལ་དང་། གནས་དང་། དུས་མཐའ་དག་ལས་སྐྱོབས་པར་བྱ་བའི་ཕྱིར་དུ་དེང་ནས་བཟུང་སྟེ་སྐྱབས་ཡུལ་ཁྱེད་རྣམས་རང་རྒྱུད་དུ་ངེས་པར་མ་གྲུབ་ཀྱི་བར་དུ་རྩེ་གཅིག་ཏུ་སྐྱབས་སུ་མཆིའོ། །སྒོ་གསུམ་ཁྱེད་ལ་འབུལ་ལོ། །འདི་ཕྱིའི་ཚེ་རབས་ཀུན་ཏུ་སྐྱིད་སྡུག་ལེགས་ཉེས་ཅི་མཛད་ན་ཁྱེད་རྣམས་མཁྱེན་སྙམ་པའི་དད་འདུན་རྩེ་གཅིག་པའི་ངང་ནས་མོས་གུས་ཀྱི་རྩལ་ཡང་ཡང་བསྐྱེད་དེ། ཕྱག་འཚལ་བའི་རིམ་པ་ལ་ལེགས་པར་འཇུག་དགོས་པ་ཡིན་ཞིང་། དེ་ཡང་ཕྱག་འཚལ་ལུགས་ཀྱི་རིམ་པ་སྤྱིར་མང་ཡང་བསྡུ་ན་འདི་ལྟ་སྟེ། ཐར་མདོ་ལས། པདྨ་ཁ་འབུས་ཕྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་པ་ལྟར་ལག་གཉིས་ཕྱག་རྒྱ་གནས་གསུམ་ལ་ལེགས་པར་བཅའ་ཞིང་དཔྲལ་བ་དང་ལག་མཐིལ་པུས་མོ་བཅས་ས་ལ་ཕབ་ནས་འཚལ་བ་ནི་ཡན་ལག་ལྔ་ལྡན་གྱི་ཕྱག་ཞེས་པ་དེ་ཡིན་ཞིང་། རང་གི་གཡས་སུ་སྐྱེ་བ་ད་རེས་ཀྱི་ཕ་དང་། གཡོན་དུ་མ། མདུན་དུ་གང་གནོད་གྱི་དགྲ་བགེགས་དང་མཐའ་བསྐོར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ས་གཞིའི་ངོས་ལ་ཁྲོམ་ཆེན་པོ་ཚོགས་པ་ལྟར་གཅིག་ཏུ་འདུས་པར་དམིགས་ནས་རང་གཞན་འདུན་པ་གཅིག་པའི་སྒོ་ནས་ལུས་གུས་པས་ལོ་ཐོག་གི་སྙེ་མ་རླུང་གིས་བསྐྱོད་པ་ལྟ་བུར་ཁྱབ་གཅིག་གིས་ཕྱག་འཚལ་བ་དང་། ངག་གུས་པས་སྐྱབས་འགྲོའི་ཚིག་གང་ཡིན་པ་དེ་དག་བུང་བ་ཚང་ནས་ཞིག་པ་ལྟ་བུ་འུར་དིར་རི་འདོན་པ་དང་། ཡིད་གུས་པའི་སྒོ་ནས་སྐྱབས་དང་རེ་ས་གཞན་ན་མེད་པས་འདི་ཕྱི་ཀུན་ཏུ་སྐྱིད་སྡུག་ལེགས་ཉེས་ཆེ་ཕྲ་ཅི་དང་ཅི་བྱུང་ཡང་ཁྱེད་རྣམས་མཁྱེན་སྙམ་པའི་བློ་དུང་ངེ་བ་དང་ནམ་ཡང་མི་འབྲལ་བར་བུ་ཤི་བའི་མ་ལྟར་དྲན་རྒྱུ་སྐྱབས་ཡུལ་གྱི་དཀོན་མཆོག་གསུམ་ལས་མེད་པར་བྱས་ནས་སྐྱབས་འགྲོའི་ངག་འདོན་གང་ཡིན་པ་དང་ཕྱག་གི་གྲངས་ཀ་དང་ཆབས་ཅིག་འབྲེལ་ནས་དཀའ་ཚེགས་ཐམས་ཅད་ཁྱད་དུ་སྤྱད་པས་སྡིག་སྒྲིབ་བྱང་ངེས་པར་འགྱུར་བའི་ན་ཚ་དང་གཟེར་ཟུག །ལྟོགས་སྐོམ་དང་འཁྱག་སྡུག་སོགས་ལུས་ལ་དཀའ་སྣང་སེམས་ལ་འཚེར་སྣང་ཇི་ལྟར་བྱུང་རུང་། ཚེ་རབས་སྡིག་སྒྲིབ་ཀྱི་གཉེན་པོར་ད་རེས་འགྲོ་ཆས་འདུག་སྙམ་ནས་ཁྱད་པར་ཅན་གྱི་དགའ་སྤྲོ་དང་བཅས་ཏེ་ཞིབ་པར་གསོག་དགོས་པ་ཡིན། དེ་ནས་མཐར་ཐུན་བསྡུ་བའི་སྐབས་སུ་སླར་མོས་གུས་ཡང་ཡང་བསྐྱེད་པའི་རྐྱེན་གྱིས་ཡོལ་བ་བསྡུ་བ་ལྟ་བུ་སྐྱབས་ཡུལ་རྣམས་རིམ་གྱིས་གཡས་བསྐོར་གྱི་ཚུལ་དུ་འོད་དུ་ཞུ་བ་དང་དེ་བཞིན་བརྒྱུད་པའི་བླ་མ་རྣམས་ཀྱང་རིམ་པར་རྩྭ་འགོའི་ཟིལ་པ་ཧྲིལ་གྱིས་འགྲིལ་ནས་གཅིག་གཉིས་ལ་དབྱེར་མེད་ཐིམ་པ་ལྟར་འོད་དུ་ཞུ་བ་དང་བཅས་རྩ་བའི་བླ་མ་ཡབ་ཡུམ་ལ་ཡོངས་སུ་ཐིམ་པའི་སྟོབས་ཀྱིས་ལྷག་པར་སྐུ་ལས་འོད་ཟེར་དཔག་མེད་ཆེས་ཆེར་འཕྲོས་པས་ཉི་མ་གཅིག་གིས་མུན་པ་ཐ་དག་ཆབས་ཅིག་ཏུ་སེལ་བ་ལྟར་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པའི་མོད་ལ་ཚེ་བསོད་དཔལ་འབྱོར་ཤེས་རབ་སོགས་རྒྱས་པ་དང་། ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་ཞིང་ཐམས་ཅད་འོད་ཀྱི་རྣམ་པར་གྱུར་པའི་སྟོབས་ཀྱིས་བྱ་ཚོགས་འུར་རྡོས་དཀྲོག་པ་བཞིན་བླ་མའི་ཐུགས་ཀ་ལ་ཡར་ཐིམ། བླ་མ་ཡང་ཆོས་སྐུ་སྤྲོས་བྲལ་གདོད་མའི་ངང་ལ་བསྟིམ་པའི་ངང་ནས་ཅི་ཡང་མི་དམིགས་པར་སྟོང་ཉིད་ལ་མཉམ་པར་ཡུད་ཙམ་བཞག་ཅིང་། དགེ་བ་འདི་ཡིས་སོགས་བསྔོ་བ་དང་སྨོན་ལམ་ཅི་རིགས་པས་མཐའ་ལེགས་པར་བརྒྱན་པར་བྱའོ། །དེ་ལྟར་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་ལ་སྐྱབས་སུ་སོང་ནས་བཟུང་སྟེ་སླར་ཕྱིན་ཆད་སྤང་བྱ་དང་བླང་བྱ་དང་ཆ་མཐུན་གྱི་རིམ་པ་རྣམས་ཚུལ་བཞིན་སྲུང་སྡོམ་བྱ་བ་གལ་ཆེ་བའི་རང་བཞིན་ཏེ། བཅོམ་ལྡན་འདས་ཀྱིས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ཏེ། །དམ་པའི་ཆོས་ལ་སྐྱབས་སོང་ནས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །འཕགས་པའི་དགེ་འདུན་སྐྱབས་འགྲོ་བ༑ །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པ་ལྟར་སངས་རྒྱས་ལ་སྐྱབས་སུ་སོང་ནས་བཟུང་འཇིག་རྟེན་པའི་ལྷ་རྣམས་ལ་སྐྱབས་སུ་ནམ་ཡང་མི་འཚོལ་ཕྱག་ཀྱང་འཚལ་མི་རུང་བས་ངེས་པར་སྤང་བར་བྱ། ཆོས་ལ་སྐྱབས་སུ་སོང་ནས་བཟུང་སྟེ་སེམས་ཅན་ཆེ་ཕྲ་ཀུན་ལ་གནོད་འཚེའི་རིགས་གཏན་ནས་བྱ་མི་ཉན་པས་ངེས་པར་སྤང་བར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་དམ་པའི་ཆོས་ཕྱོགས་ལ་ལོག་ལྟ་ཅན་དང་སྡིག་སྤྱོད་རྣམས་དང་གཏན་ནས་འགྲོགས་པར་མི་བྱའོ། །དེ་བཞིན་དུ་བསྒྲུབ་བྱ་ལ་རང་གཞན་སུས་ཡིན་རུང་སྐུ་རྟེན་ཆེ་ཕྲ་དང་། རྒྱུ་བཟང་ངན། གསར་རྙིང་། ཡག་སྡུག་ཐམས་ཅད་ལ་ལེགས་ཉེས་ཀྱི་ཁྱད་པར་མི་ཕྱེད་པར་ཀུན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ནས་སྐུ་དང་གྲིབ་མ་མི་འགོམ་ཤིང་ཕྱག་སྐོར་དང་མཆོད་པའི་རྟེན་གྱི་གཙོ་བོར་བྱ་དགོས། དེ་བཞིན་སངས་རྒྱས་ཀྱི་བསྟན་པ་མི་ནུབ་པའི་རྩ་བ་ཡིན་པས་གསུང་རབ་གླེགས་བམ་རྣམས་དང་ཐ་ན་ཡི་གེའི་རས་མ་ལ་ཚིག་བཞི་འམ་འབྲུ་གཅིག་ཡོད་པ་ཚུན་ཆད་ལ་གུས་པར་བྱ་ཞིང་ས་རྗེན་སྟེང་དང་སྨད་གཡོགས་སོགས་མི་གཙང་བའི་སྟེང་དུ་ནམ་ཡང་མི་བཞག་པར་གཙང་སར་བཏེགས་ཏེ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་པའི་རྟེན་དུ་བྱ། དེ་བཞིན་དགེ་འདུན་བཞི་སྡེ་ལོང་པ་ཡན་ཆད་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ་གུས་པ་ཆེན་པོས་ཕྱག་མཆོད་བཀུར་སྟི་བྱེད་ཅིང་ཐ་ན་ལྷན་པ་དམར་སེར་ཚུན་ཆད་གཙང་སར་བཏེགས་ཏེ་དད་པ་དང་དག་སྣང་བསྐྱེད་དགོས་པ་ཡིན། དེ་བཞིན་ཆ་མཐུན་ལའང་སངས་རྒྱས་བྱང་སེམས་ཀྱི་སྐུ་བཞེངས་པ། གསུང་རབ་ཀློག་པ་དང་བཞེངས་པ། དགེ་འདུན་གྱི་ཚོགས་ལ་བཀུར་སྟི་ཞབས་ཏོག་བྱ་བ་དང་། ཁྱད་པར་རྡོ་རྗེ་ཐེག་པའི་སྐབས་སུ་ད་ལྟ་རང་ལ་བླང་དོར་གྱི་གནད་སྟོན་པའི་བླ་མ་རང་ལ་སྐྱབས་གནས་མ་ལུས་འདུས་པའི་བདག་ཉིད་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་ཐ་ན་སྐུའི་གྲིབ་མ་ཙམ་ཡང་མི་འགོམ་པར་ཞབས་ཏོག་དང་བསྙེན་བཀུར་ཅི་དྲག་ལ་འབད་དགོས་པ་དང་། དེ་བཞིན་བཀའ་ཇི་ལྟར་སྩལ་བ་ཐམས་ཅད་ཆོས་དཀོན་མཆོག་དངོས་ཀྱི་འདུས་ཤེས་བཞག་ནས་ཅི་གསུང་དང་དུ་བླངས་ནས་སྒྲུབས། བླ་མའི་ཉེ་འཁོར་དང་རང་གི་གྲོགས་མཆེད་རྣམས་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ་སྒོ་གསུམ་གུས་འདུད་ཆེན་པོ་དང་བཅས་ཏེ་འགྲོགས་ཤིང་མི་མཉེས་པར་སྐད་ཅིག་ཙམ་བྱ་མི་ཉན་ཏེ། སྔོན་བཤད་མ་ཐག་པའི་ཚུལ་བཞིན་གཙོ་ཆེར་གསང་སྔགས་རྡོ་རྗེ་ཐེག་པའི་སྐྱབས་ཡུལ་གྱི་གཙོ་བོ་ནི་བླ་མ་རང་ཡིན་ཏེ། དེའི་ཐུགས་ཆོས་ཀྱི་སྐུ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། གསུང་ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཐམས་ཅད་ཀྱི་ངོ་བོ། སྐུ་སྤྲུལ་པའི་སྐུ་དགེ་འདུན་ཐམས་ཅད་ཀྱི་ངོ་བོ། དེ་བཞིན་ཡོན་ཏན་ནོར་ལྷ་གཏེར་བདག །ཕྲིན་ལས་ཆོས་སྐྱོང་སྲུང་མ་དང་བཅས་པ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་དད་འདུན་བརྟན་པོར་བསྐྱེད་ནས་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་འཕྲལ་ཡུན་རྣམ་པ་ཀུན་ཏུ་བློ་གཏད་ལིང་གིས་བཀལ་ཏེ་མོས་གུས་རྩེ་གཅིག་བསྐྱེད་ནས་གསོལ་བ་འདེབས་པ་དང་། ཕྱག་སྐོར་དང་། མཆོད་བསྟོད་སོགས་ཅི་ནུས་སུ་བརྩོན་དགོས་པ་ཡིན་ཞིང་། གལ་ཏེ་རང་གི་ཉེས་སྤྱོད་ཀྱིས་བླ་མའི་ཐུགས་སུན་དབྱུང་བར་གྱུར་ན་ངོ་བོ་གཅིག་པའི་ཕྱིར་མགོ་ཆད་ན་གསོ་མི་རུང་བཞིན་སྐྱབས་ཡུལ་ཐམས་ཅད་དུས་གཅིག་ལ་སྤང་འགྲོ་བ་ཡིན་པས་ཚིག་དང་ཚུལ་འཆོས་ཙམ་མ་ཡིན་པར་དོགས་གཟབ་སྙིང་ནས་བྱ་བ་གལ་གཅིག་ཏུ་ཆེ་བའི་རང་བཞིན་ངེས་པར་མཛད་དགོས་སོ། །དེ་ལྟ་བུ་སྐྱབས་སུ་སོང་ཞིང་བསླབ་བྱ་རྣམས་སྤེལ་བ་དང་བསྲུང་སྡོམ་ཚུལ་བཞིན་ལྡན་པའི་ཕན་ཡོན་སོགས་མདོར་བསྡུས་ཙམ་བཤད་ན། ཚེ་འདི་ལ་ནད་གདོན་བར་ཆད་ཉོན་མོངས་ཐམས་ཅད་ཞི་ཞིང་། ཚེ་བསོད་ཉམས་རྟོགས་ཡོན་ཏན་ཐམས་ཅད་གང་བསམ་འབད་མེད་ལྷུན་གྱིས་གྲུབ་པ་དང་། མ་ཟད་ཕྱི་མ་ངན་འགྲོའི་འཇིགས་པ་ཐ་དག་ལས་སྐྱོབས་ཤིང་ཕན་བདེ་ཚད་མེད་པའི་ལམ་ལ་ངེས་པར་ཚེ་རབས་ཀུན་ཏུ་གོང་ནས་གོང་འཕེལ་ལ་སྦྱོར་ནས་མཐར་ཐུག་ཏུ་སངས་རྒྱས་ཀྱི་སྐུ་འགྲུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དགེ་འདུན་རྒྱ་མཚོ་ལྟ་བུ་འདུ་བ་སོགས་ཕན་ཡོན་མཐའ་ཡས་པར་ཡོད་དེ། མདོ་སྡེ་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབས། །འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་གནས་མིན་དང་། །འཇིགས་ཚོགས་ཐེག་པ་དམན་དག་ལས། །སྐྱོབས་ཕྱིར་སྐྱབས་ཀྱི་དམ་པ་ཡིན། །ཞེས་དང་། མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །ཞེས་དང་། མདོ་ཉི་མའི་སྙིང་པོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཞིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་སོགས་ཕན་ཡོན་གྱི་དཔེ་དང་ལུང་འདྲེན་རྣམས་མཐའ་ཡས་པར་གསུང་པས་མདོར་བསྡུས་ཙམ་བསྟན་པ་ཡིན་ནོ།།  ༈  །།དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རིམ་པ་ལ། དེའི་མཚན་དོན་འབྲེལ་ཆགས་ཙམ་བཤད་ན། ཀུན་གཞི་བདེ་གཤེགས་སྙིང་པོ་ལ་དྲི་མ་ཡེ་ནས་མེད་པས་ན་བྱང་བ་དང་། དེ་ནི་བཟང་ངན་གཉིས་སུ་མེད་པའི་ཡོན་ཏན་ལྷུན་གྱིས་གྲུབ་པའམ། མངོན་པར་ཆུབ་པས་ན་བྱང་ཆུབ་ཅེས་དང་། དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྒྲུབ་བྱ་མཐར་ཐུག་མཆོག་དང་རབ་ཏུ་ཡིན་པས་ན་མཆོག་ཏུ་ཞེས་པ་དང་། དེ་ལྟ་བུ་ལ་དེ་སྔོན་རང་རེའི་སེམས་འཁྲུལ་བའི་དབང་གིས་ཐོག་མ་མེད་པ་ནས་ལས་དང་ཉོན་མོངས་པའི་དབང་དུ་སོང་བས་མ་རིག་པའི་རྒྱུ་བྱས་པ་ལས་བྱུང་བའི་རྟོག་པ་ཐམས་ཅད། ད་ལན་བྱང་ཆུབ་ཏུ་བསྐྱེད་པར་བྱ་བའི་རིམ་པ་ལ་འཇུག་པས་ན་སེམས་བསྐྱེད་ཟེར་བ་ཡིན་གྱི། དེ་ལྟར་སེམས་བསྐྱེད་པ་ལ། སྐྱབས་ཡུལ་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ་ཆོས་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་བཟུང་སྟེ་སྐྱེས་བུ་ཆེན་པོའི་སེམས་བསྐྱེད་ཡང་རབ་ཀྱི་ཐབས་ཟབ་མོ་དང་ངེས་པར་མ་ལྡན་ན། བྱ་ཡིན་ཡང་གཤོག་པ་མེད་པ་དང་འདྲ་ཞིང་དགེ་སྡིག་གི་རྣམ་དབྱེ་གཞི་ནས་ཕྱེད་མཁན་དང་། ཆོས་ཟབ་མོ་དང་གང་ཟག་མཚམས་སྦྱོར་མཁན་དང་། དགེ་རྩའི་འགྱུར་སྐྱེད་ཀྱི་རྩལ་བཏོན་མཁན་དང་། གཞན་དོན་རླབས་ཆེ་ཆུང་དང་། ས་ལམ་མྱུར་ཞན་དང་། འབྲས་བུ་རབ་འབྲིང་ཐ་མ་ཐོབ་ལུགས་སོགས་ནི་ཀུན་སློང་བཟང་ངན་ཁོ་ན་ལ་རག་ལས་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བ་བདག་ཞན་དོན་འགྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་དང་། ཞི་བ་ལྷས། ཐུབ་པའི་གཞན་དོན་མཛད་པ་དང་། །བྱིས་པས་རང་དོན་སྒྲུབ་པ་གཉིས། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང་། ལུང་ལས། སྐྱེ་བོ་རྨོངས་པས་རང་གི་བདེ་དོན་གཉེར། །དེ་མ་ཐོབ་པས་རྟག་ཏུ་སྡུག་བསྔལ་རྒྱུ། །སྟོན་པས་རྟག་ཏུ་གཞན་དོན་བརྩོན་པས་ན། །གཉིས་ཀའི་དོན་དུ་མྱ་ངན་འདའ་བར་གྱུར། །ཞེས་དང་། སྤྱོད་འཇུག་ལས། འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་འགྲུབ་པའང་འདི་ཉིད་དོ། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དོ། །དེ་བས་བདག་གིས་རྟག་ཏུ་འདི་ཉིད་བྱ། །ཞེས་དང་། ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་པ་ལས་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་དང་། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་བྲལ་བར་འགྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང་། །ཞེས་དང་། རིག་འཛིན་འཇིགས་མེད་གླིང་པས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྒྱུན་དུ་བསམ་པ་བཟང་ལ་འབད་པར་བྱའོ། །ཞེས་གསུངས་པ་ལྟར་མདོར་བསྡུ་ན་རང་རེ་རྣམས་དེ་སྔོན་རང་འདོད་ངན་པ་ཁོ་ནའི་བསམ་སྦྱོར་གྱི་དབང་དུ་སོང་བའི་ལེ་ལན་གྱིས་འཁོར་བ་ངན་སོང་གི་གནས་སུ་མུ་མཐའ་མེད་པར་ལས་ངན་ལུས་ངན་འབྲས་བུ་ངན་པ་མྱོང་ནས་འཁྱམས་བསྡད་པ་ཡིན་འདུག་པས། ད་ནི་དེའི་གཉེན་པོ་ཆོས་ཤིག་སྒྲུབ་ན་རང་དོན་ཡིད་བྱེད་ཀྱི་བློ་ངན་འདི་དག་གཏད་ནས་དྲུངས་འབྱིན་ཏེ་གཞན་ཕན་གྱི་བསམ་སྦྱོར་བསླད་མེད་རང་ལ་གཙོར་བཏོན་པ་ནི་གལ་གནད་ཤིན་ཏུ་ཆེ་ཤོས་ཡིན་པས། དེས་ན་ད་ལྟའི་སྐབས་འདིར་ཁ་ཤས་ལ་དགྲ་གཉེན་རིས་སུ་བཅད་དེ་དགྲ་ལ་ནི་འདྲེ་རུ་བཟུང་ནས་ཤིན་ཏུ་སྡང་ཞིང་སྨོད། གཉེན་ལ་ནི་ལྷ་རུ་བཟུང་ནས་ཤིན་ཏུ་བྱམས་བརྩེས་བསྐྱང་ཁུལ་བྱེད། ཕལ་ཆེར་ནི་ལུང་མ་བསྟན་དུ་ལྷག་བསྡད་པའི་སེམས་ཅན་དེ་དག་ཐམས་ཅད་ནི་དོན་དུ་སྔ་ཕྱི་དང་ཆ་ཡོད་མེད་ཀྱི་ངོ་ཤེས་མ་ཤེས་ཙམ་མ་གཏོགས་རང་ཅག་རྣམས་དང་ཚེ་རབས་ཀུན་ཏུ་འབྲེལ་བའི་ཕ་མ་དྲིན་ཅན་ཤ་སྟག་ཡིན་པ་ནི་ལུང་རིགས་ཚད་མས་མངོན་སུམ་དུ་གྲུབ་འདུག་མོད། དེ་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གར་ཡོད་ཕ་མ་དྲིན་ཅན་གྱིས་ཁྱབ། ཕ་མ་དྲིན་ཆེན་གྱི་སེམས་ཅན་གར་ཡོད་བདེ་སྡུག་ལ་རག་མི་ལས་པ་མེད་བཞིན་ལས་ངན་སྡུག་བསྔལ་གྱིས་ཁྱབ་པས་དེ་དག་ལ་སྙིང་རྗེ་ཕྱོགས་རིས་མེད་པར་ཆབས་ཅིག་ཏུ་སྐྱེ་དགོས་པ་ཡིན་མ་གཏོགས། རང་བཞིན་དགྲ་གཉེན་གཉིས་ལ་སྙིང་རྗེ་དང་ཞེ་སྡང་མི་སྐྱེ་བ་ཙམ་གྱིས་མི་ཡོང་སྟེ། ཕན་མེད་གནོད་མེད་གཏི་མུག་བཏང་སྙོམས་ལུང་མ་བསྟན་ཞེས་པས་གོ་ག་ལ་ཆོད་པས། དེས་ན་མར་ཤེས་པ། དྲིན་དྲན་པ། དྲིན་ལན་འཇལ་དགོས་པའི་ཚུལ་རྣམས་མདོར་བསྡུས་ཏེ་ཅུང་ཟད་མ་བཤད་ན་དེའང་མི་གོ་བས། དང་པོ་མར་ཤེས་པ་ནི། ད་ལྟའི་སྣང་བ་ལྟར་ལ་ལ་ནི་ཚུར་སྐྱེ། ལ་ལ་ནི་ཕར་འཆི་ནས་སྐྱེ་འཆི་རེས་མོས་ཀྱིས་ལུས་གྲངས་མེད་བླང་བའི་རང་བཞིན་ཏེ། དཔེར་ན་རྒྱ་གར་གྱི་གྲོང་ཁྱེར་རྒྱ་ཆེ་བ་རྣམས་སུ་ཉིན་རེའི་ཁོངས་སུའང་མི་བརྒྱ་སྟོང་ཁྲི་འབུམ་ཚུར་སྐྱེས་པ་དང་བརྒྱ་སྟོང་ཁྲི་འབུམ་ཕར་འཆི་བ་ནི་མཐོང་ཐོས་མྱོང་གྱུར་དུ་ཡོད་པ་དང་། དེ་བཞིན་འདི་ཕྱོགས་ཡུལ་གྲུ་རེའི་མི་རྣམས་སྐྱེ་འཕོས་གྲངས་མེད་འབྱུང་བ་དང་ལོ་ཟླ་དང་ཞག་རེའི་ཁོངས་སུ་ཟོག་ལུག་དང་རི་དྭགས། བྱ་དང་འབུ་སྲིན་སོགས་སྐྱེ་ཤིའི་རྣམ་གྲངས་ཚད་བཟུང་དུ་མི་བཏུབ་པ་སོགས་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་ཇི་བཞིན་གནས་ངེས་མེད། ཚེ་ངེས་མེད། ལུས་གྲངས་མེད། རིགས་འདྲ་མིན་སྣ་ཚོགས་ཁམས་གསུམ་རིགས་དྲུག་ཏུ་བླང་བའི་ཚེ་དམྱལ་བ་དང་ལྷ་ཕལ་ཆེར་མ་གཏོགས་ཕ་མ་ལ་མ་བརྟེན་པ་ཆེར་མེད་པས་ན་སེམས་ཅན་ཐམས་ཅད་མ་རུ་མ་གྱུར་པ་གཅིག་ཙམ་ཡང་མེད་པའི་དོན་ནི་དེ་ལྟར་ཡིན་པ་དང་། དེའང་བསྐལ་པ་ཐོག་མ་མེད་པ་ནས་སེམས་ཅན་ཀུན་འཁྲུལ་བའི་རྒྱུད་འབྱམས་ནས་བཟུང་སྟེ་ད་ཕན་ཆད་ལ་སེམས་ཅན་གཅིག་གིས་མ་བྱས་པའི་གྲངས་ཀྱང་ལན་རེའམ་བརྒྱ་སྟོང་ཁྲི་འབུམ་ཙམ་མ་ཡིན་པར་བགྲང་བའི་ཕ་མཐའ་ལས་འདས་ཤིང་། ཚད་དང་མུ་མེད་པས་ན་སྤྱིར་ཕ་མ་མ་བྱས་པ་མེད་པ་དང་། བྱེ་བྲག་ཏུ་ས་ལག་མཐིལ་ཙམ་ཞིག་གི་སྟེང་ནའང་ལན་གྲངས་སྐྱེས་མ་མྱོང་བ་དང་། འཆི་མ་མྱོང་བ་མེད་པས་ན་གྲངས་མེད་བླང་བའི་ཚུལ་ནི་དེ་ལྟར་དུ་ཤེས་དགོས་པ་དང་། དེའང་དྲིན་ཆེ་བའི་ལས་ཀྱང་། སྐྱེ་འགྲོ་རྣམས་ལས་ངན་ལུས་ངན་འདྲ་མིན་སྣ་ཚོགས་བླངས་ནས་ཉེ་རིང་བར་མ་དོར་སོགས་གྱུར་པའི་སྐྱོན་དང་། རང་རེ་སྡིག་སྒྲིབ་ཆེ་བ་དང་སྐྱེ་འཆི་ཁ་བརྒྱུད་པའི་དབང་གིས་སྔོན་ཆགས་ཕྱི་འདེང་མི་ཕོག་པ་མ་ཟད་ད་ལྟ་ཚེ་སྟོད་སྨད་ཀྱི་བར་ནས་ཀྱང་དྲིན་ཆེ་བའི་ལས་རྣམས་བརྗེད་གྲབས་སུ་འགྲོ་བ་འདི་བཞིན་དུ་དེ་དག་རྣམས་ཕ་མའི་སྐྱེ་བ་དང་དྲིན་ཆེན་རེད་པ་ངོ་མ་ཤེས་པ་ལས། དོན་དུ་མཐོང་ཆོས་མྱོང་གྱུར་དུ་གྲུབ་པ་ད་ལྟའི་ཕ་མ་རྣམས་དང་སྔ་ཕྱི་དང་། རང་གི་ངོ་ཤེས་མི་ཤེས་དང་། ཆ་ཡོད་མེད་ཙམ་ལས་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པ་མ་ཟད་ཚད་མེད་པའི་དྲིན་གྱིས་བསྐྱངས་པས། ཚེ་རབས་ཀུན་ཏུ་འབྲལ་མི་ཕོད་བཞིན་དུ་འབྲལ་བའི་ཕ་མ་དྲིན་ཆེན་ལས་རིང་ཤ་སྟག་ཡིན་པ་ནི་གཞིར་བཅས་ཏེ། དེའང་ཅུང་ཟད་བཤད་ན་རང་རེ་རྣམས་གནམ་ནས་ཐོག་ལྷུང་བའམ་ས་ནས་མེ་ཏོག་སྐྱེས་པ་ལྟ་བུ་མ་ཡིན་ཏེ་ཁྲ་དང་སྤྱང་ཀུ་སོགས་གཅན་གཟན་གཏུམ་པོ་གདུག་པ་ཅན་གྱི་བུར་གྱུར་དུས། མ་དྲིན་མི་ཆེ་བ་གཅིག་ཙམ་མེད་བཞིན་མས་དང་པོ་བུ་རྒྱུད་རྣམས་བར་དོའི་རྣམ་ཤེས་འཁྱམས་པོ་གང་ནས་འོང་གང་ནས་ཐོན་སུ་ཡིན་མི་ཤེས་པ་དེ་ལུས་ཡོངས་སུ་མ་གྲུབ་བར་དུ་ནད་ཆེན་གདོན་ཆེན་དང་སྡུག་བསྔལ་གྱི་ཁུར་པོ་རི་བོ་ལྟ་བུས་ནོན་པ་ལྕི་བཞིན་དུ་ཟླ་དགུ་ངོ་བཅུ་མ་རྫོགས་ཀྱི་བར་དུ། ཁོངས་སུ་བསྐྱང་བའི་དྲིན་ཁོ་ན་ལ་བརྟེན་པས་དང་པོ་ལུས་ཀྱི་རྣམ་པ་མ་ལུས་པ་ཐམས་ཅད་ཡོངས་སུ་སྦྱིན་པ་དང་། དེ་ནས་སྲོག་ཡལ་བར་དོར་ནས་བཙས་པའི་ཚེ་ན་སྒོ་ང་ཁ་གས་མ་ཐག་པའི་བྱེའུ་ཕྲུག་ལྟ་བུ་ཤིན་ཏུ་ཉམ་ཐག་པ་གསོན་པོ་རེད་ཟེར་ན་མགོ་མི་ཆོག །ཤི་བ་རེད་ཟེར་ན་སྲོག་དང་དབུགས་ཡོད་ཙམ་ལུས་ཉམ་ཞན་པ་ཉ་རེ་ཉོ་རེ་དེ་རུལ་མ་བཅུག་སྐམ་མ་བཅུག་འཁྱག་ལྟོགས་ཀྱིས་འཆི་ན་འཆི་མ་བཅུག་སྟེ་འཇམ་པའི་སྟན་ལ་བཞག་ནས་འཛུམ་པའི་མདངས་ཕྱུང་། སྙན་པའི་མིང་ནས་བོས་ཏེ་ཁ་ཡིས་སྣབས་ཕྱིས། འགྲང་ལྟོགས་ལག་གིས་ཉུལ། ཚ་གྲང་མཛུབ་མོས་ཚད་བཟུང་། ལག་གིས་མི་གཙང་བ་གཅིན་རྟུག་སོགས་བྱབ་ཅིང་། ལུས་ཀྱི་དྲོད་དང་བཅུད་ཁོ་ན་ལ་བརྟེན་པས་ཡོངས་སུ་གསོས་པར་བྱས་པ་སོགས་བྱམས་སྐྱོང་ཚད་མེད་པ་ཁོ་ནས་ཉིན་མཚན་གོ་འབྲེལ་བར་འཚོས་ཤིང་བསྐྱངས་ནས་རང་སྲོག་ལས་ཀྱང་ཤིན་ཏུ་དམར་བར་བྱས། གནོད་པ་སྒོ་དུ་མ་ནས་སྐྱོབས། ཕན་པ་ཚད་མེད་པ་བཏགས་ཏེ་ཞག་དང་ཟླ་བ་ལོ་གྲངས་མང་པོའི་བར་དུ་ལུས་ཀྱི་སྐྱེད་ཕྲ་མོ་ནས་རིམ་པར་བསྲིང་བས་ན། བར་དུ་སྲོག་ཡོངས་སུ་སྦྱིན་པ་དང་། མཐར་ཁ་ན་ཟས་མེད། ལག་ན་ནོར་མེད། རྒྱབ་ན་གོས་མེད་ཕར་ངོ་ཕར་ཚུར་ངོ་ཚུར་མི་ཤེས་པ་ཉམ་ཐག་པ་དེ་ལ་ཡར་དཀོན་མཆོག་ལ་མཆོད་མ་བྲ། མར་ངན་སློང་ལ་སྦྱིན་མ་བྲ། ཤི་ཕོའི་རྒྱབ་ལ་གཏོང་མ་བྲ། གསོན་པོའི་ཁ་ལ་ཟ་མ་བྲ། རྒྱབ་ལ་གྱོན་མ་བྲ་བ་རྣམས་ཁ་ཟས་མེད་ལ་ཟས་བྱིན། ལག་ནོར་མེད་ལ་ནོར་སྤྲད། རྒྱབ་གོས་མེད་ལ་གོས་ལྷམ་སོགས་ཀྱིས་ལེགས་པར་གཡོགས་ཏེ་སྡིག་སྡུག་གཏམ་ངན་སྲོག་ལ་མ་བལྟས་པར་སྒྲུབ་པའི་ཁང་པ། ས་ཞིང་། ཕུའི་འབྲོག་པ། ཟས་གོས། རྒྱན་ནོར་ལོངས་སྤྱོད་ཡོད་རིགས་གཅེས་དགུ་དམར་དགུ་ཐམས་ཅད་སྦྱིན་ནས། ཟས་ཟ་ཚུལ། གོས་གྱོན་ཚུལ། སྐེ་རག་དམ་ལྷོད་དང་ལྷམ་སྒྲོག་བཅིང་ཚུལ། འགྲོ་མི་ཤེས་པ་ལ་འགྲོ་ཚུལ། སྨྲ་མི་ཤེས་པ་ལ་ཨ་གྱིས་མ་གྱིས། ཨ་གྱིས་ཕ་གྱིས་སོགས་རིམ་གྱིས་བསླབ་པས། བྱིས་པ་གཞོན་པར་གྱུར། གཞོན་པ་དར་ལ་བབ་པར་གྱུར་ཏེ། བླང་དོར་གྱི་གནད་མ་མཐོང་བ་མཐོང་དུ་བཅུག །མ་གོ་བ་གོ་རུ་བཅུག །མ་ཤེས་པ་ཤེས་སུ་བཅུག །མ་ཐོབ་པ་ཐོབ་ཏུ་བཅུག །མི་མཚུངས་པ་མཚུངས་པར་བཅུག་པ་སོགས་དང་མ་ཟད་ཆོས་ཀྱི་ཕྱོགས་ནས་ཀྱང་ཀ་ཁ་སོགས་རིམ་པར་བསླབ་པ་དང་དལ་འབྱོར་བཅོ་བརྒྱད་ལྡན་པ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ནུས་པ་དང་། རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ལ་འཇུག་ནུས་པ་དང་། རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབ་ནུས་པ་དང་མདོར་ན་རང་གིས་རབ་ཏུ་བྱུང་ན་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཡང་བདེ་མྱུར་དུ་སྒྲུབ་ཆོག་པའི་རྟེན་བཟང་ཕུན་སུམ་ཚོགས་པ་འདི་ནི། དཔེར་ན་འཇིག་རྟེན་ན་དཀོན་པའི་མཆོག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་འབྱུང་བའི་གཏེར་ཆེན་པོ་ཞིག་རྙེད་པ་ལས། འབུམ་འགྱུར་གྱི་ལྷག་པར་སྟེར་བའི་དྲིན་ཆེན་མ་རྒན་རྣམས་ཀྱིས་ཁེ་དང་རྒྱལ་ཁ་ཐམས་ཅད་བུ་ལ་སྦྱིན། གྱོང་དང་བུབ་ཁ་ཐམས་ཅད་རང་གིས་བླངས། བདེ་སྐྱིད་ཐམས་ཅད་བུ་ལ་སྒྲུབ། སྡིག་སྡུག་གཏམ་ངན་ཐམས་ཅད་རང་གིས་བཟོད་ནས་བུ་རྒྱུད་རང་རེ་རྣམས་ན་དོགས། ཤི་དོགས། སྡུག་དོགས། འཁྱག་ལྟོགས་ཀྱི་རེ་དོགས་སོགས་ཀྱི་ཆེད་དུ་ངག་གིས་ཚིག་བརྗོད། ལུས་ཀྱིས་ལས་བྱས། སེམས་ཀྱིས་བྱ་ར་ཁོ་ན་བྱས་པས་ཉིན་མཚན་མེད་པར་རྣམ་གཡེང་གི་དབང་དུ་དུས་འདས་ཏེ། རང་ལ་ཡོང་ངེས་འཆི་བ་མ་ཚོར་ཞིང་དགོས་ངེས་དམ་ཆོས་གང་ཡང་སྒྲུབ་མ་ཁོམ་པར་སྡིག་པ་ཚབས་ཅི་ཆེ་སྣ་ཚོགས་བསགས་ཤོར་བའི་ལན་གྱིས་འཁོར་བ་མཐའ་མེད་དུ་འཁྱམས་ནས་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་འབྱུང་བའི་རྒྱུ་དང་འབྲས་བུ་ལ་རྒྱབ་རིང་གིས་ཕྱོགས་ཏེ། ལ་ལ་ནི་སྡུག་བསྔལ་གྱི་འབྲས་བུ་ལ་དངོས་སུ་སྤྱོད་པ་དང་། ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ལོངས་སུ་སྤྱོད་དེ་སྡུག་བསྔལ་གྱི་གསོག་འཇོག་སྡུག་བསྔལ་གྱི་བསུ་སྐྱེལ། སྡུག་བསྔལ་གྱི་ཡོ་ལང་འཁྲུགས་པའི་བར་དུ་ཚུད་ཅིང་། ཡོང་ངེས་འཆི་བ་དང་ཕན་ངེས་དམ་ཆོས་ནི་ཆེར་དྲན་ནས་སྒྲུབ་མི་ཤེས་པར་ཚེ་འདིའི་འདོད་དོན་ཨེན་ཙམ་ལ་ཆགས་ཤིང་འཁྲུལ་བས་རྒྱུད་ཤིན་ཏུ་བསྡམས་ཏེ། མགོ་འཁོར་སོང་བ་མ་རྒན་ཉམ་ཐག་རྣམས་ཡལ་བར་དོར་ནས་རང་ཉིད་གཅིག་པུར་ཞི་བདེ་དོན་དུ་གཉེར་ན་ནི། དཔེར་ན་རྩ་བའི་མ་དེ་གཡང་ས་དྲག་པོ་ནས་ལྷུང་རན་པའམ། ཡང་ན་ཆུས་ཁྱེར་བ་མཐོང་ཞིང་དེ་འདོན་པའི་ཐབས་ཡོད་བཞིན་དུ་མ་འདོན་པར་རང་ཉིད་སྐམ་ས་ན་ཡིད་བདེ་བར་གནས་པ་དང་ངེས་པར་འདྲ་བས་ན། དེ་བས་འཇིག་རྟེན་གྱི་ཁམས་ན་ངོ་ཚ་བ་དང་། ཁྲེལ་མེད་པ། ཐབས་རྡུགས་པ། བླུན་ཆེ་བ་ནི་ཅི་ཡོད་སྙམ་ནས་ཞིབ་ཀྱིས་དཔེར་བླངས་ཏེ། ད་ལན་ནི་ལུས་བསྐྱེད་པའི་དྲིན། སྲོག་འཚོས་པའི་དྲིན། ཡོ་བྱད་སྟེར་བའི་དྲིན། ཆོས་དང་འཇིག་རྟེན་བསླབ་པའི་དྲིན་སོགས་ཞིབ་པར་དྲན་ནས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་བཤེས་མེད་ལོང་བ་ཐང་སྟོང་དུ་འཁྱམས་པ་ལྟ་བུའི་སེམས་ཅན་ཡིན་པས། རང་རེས་ད་ལན་མཚན་ལྡན་གྱི་བླ་མ་དང་མཇལ། ཆོས་ཐེག་པ་ཆེན་པོ་ཉམས་ལེན་བྱེད། ཁེ་ཉེས་ཐམས་ཅད་ལེགས་པར་ཤེས་ནས་བཟུང་། དྲིན་ལན་དུ་དྲིན་དྲན་ཤེས་པའི་ངང་ནས་ཕན་ལན་དུ་ཕན་ཞིག་ངེས་པར་འཇལ་དགོས་པ་ཡིན་ཞིང་། དེའང་ད་ལྟའི་བར་སྐབས་འདིར་ཚེ་འདིའི་ལོངས་སྤྱོད་དང་ལྟ་རྟོག །བྱམས་སྐྱོང་སོགས་བརྩེ་བས་ཅི་ལྟར་བསྐྱང་ཁུལ་བྱས་ཀྱང་གནས་སྐབས་ཀྱི་བྱ་བ་ཕྱོགས་རེ་ལན་རེ་ནས་དྲིན་ལན་གྱི་ཆ་ཙམ་གཞལ་བ་ཡིན་གྱི་མ་གཏོགས། ཚེ་རབས་ཐོག་མ་མེད་པ་ནས་མ་བྱས་པའི་དྲིན་དང་སྡུག་བསྔལ་གྱི་ཁུར་ལྕི་བའི་དྲིན་ལན་སོབ་པ་ནི་ཆ་ཙམ་ལས་ཅང་མི་ཡོངས་ཏེ། དཔེར་ན་རྒྱ་མཚོ་ཆེན་པོ་སྐྲ་རྩེས་གཞལ་བ་ལྟ་བུ་ལས་དོན་ཆུང་བས། དེས་ན་མྱུར་དུ་ཕན་ངེས་པའི་ཐབས་གང་གིས་བྱེད་སྙམ་ན། དངོས་སུ་སྡུག་བསྔལ་དང་བྲལ་ཏེ་སླད་ནས་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་དང་བྲལ་ཞིང་བདེ་བའི་རྒྱུ་འབྲས་ལ་ལོངས་སུ་སྤྱོད་པ་ཞིག་བྱུང་ན། དེས་ནི་གནས་སྐབས་དང་མཐར་ཐུག་འཕྲལ་ཡུན་ཀུན་ལ་དྲིན་ལན་ཡང་དག་པར་སོབ་པར་འགྱུར་ཏེ། འབད་པ་དོན་དང་ལྡན་པ་ཡིན། བྱ་བ་རླབས་ཆེ་བ་ཡིན། ཕན་པ་མཆོག་ཏུ་གྱུར་པ་ཡིན། དྲིན་ལན་ཡང་དག་པར་འཇལ་བ་ཡིན་པའི་ཕྱིར་ན་ལྷག་ཏུ་ཤེས་པར་བྱས་ལ་སྡུག་བསྔལ་གྱི་རྒྱུ་དང་བྲལ་བའི་གཉེན་པོའམ། བཟློག་པའི་ཐབས་ཟབ་མོ་བླ་ན་མེད་པ་ནི་རང་གཞན་ཀུན་གྱིས་དམ་པའི་ཆོས་སྒྲུབ་པ་ཁོ་ན་ཉིད་གལ་ཆེ་བའི་རང་བཞིན་སྟེ་སྤྱིར་མི་ལུས་ཐོབ་པ་དང་། ནང་པ་སངས་རྒྱས་པའི་མིང་དོན་གྱི་སྙིང་པོ། བྱེ་བྲག་སེར་གཟུགས་འཆང་བའི་དོན་སྒོ། ཁྱད་པར་དུས་གསུམ་རྒྱལ་བའི་ལམ་དང་། གཤེགས་ཤུལ་དང་། བསྒྲུབ་བྱའི་རིམ་པ་དེ་དག་ཁོ་ན་ཡིན་གཤིས་གལ་ཆུང་ངུ་ནམ་ཡང་མི་འཇོག་པར། ད་ལྟའི་ཕ་མ། ཉེ་འབྲེལ་ཡུལ་མི་གཉེན་གྲོགས་རྣམས་ཀྱིས་གཙོས་བློ་ལུས་ངག་ཡིད་གསུམ་ཆོས་ཕྱོགས་སུ་བསྐུལ་མ་དངོས་བརྒྱུད་བར་གསུམ་ནས་གདབ་ཅི་ཐུབ་གང་ཐུབ་བྱ་དགོས་པ་དང་། གཤིན་པོ་རྣམས་ལ་ནི་ཐབས་གཞན་གྱིས་བྱ་ཐབས་བྲལ་བས་སྙིང་རྗེ་ཤུགས་དྲག་པོ་ཚད་མེད་པས་རམ་མདའ་སྦྲན་ནས་དགེ་བ་བསྔོ་སྨོན་གྱི་རིམ་པས་རྒྱས་འདེབས་ཡོངས་སུ་བྱ་རྒྱུ་དང་། དེ་ཡང་མཐོ་རིས་ཚངས་དང་བརྒྱ་བྱིན་སོགས་ཀྱི་གོ་འཕང་ཐོབ་རུང་སླར་སྡུག་བསྔལ་ལས་མ་འདས། ཞི་བ་ཉན་རང་གི་གོ་འཕང་ཐོབ་རུང་། བྱང་སེམས་ཀྱི་ས་དང་སངས་རྒྱས་ཀྱི་ཡོན་ཏན་མི་ལྡན། དེས་ན་མཐའ་གཉིས་ལ་མི་གནས་པ་དོན་གཉིས་ལྷུན་གྱིས་གྲུབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་དེ་དག་རྣམས་འགོད་པའི་ཕྱིར། མཐོང་ཐོས་དྲན་རེག་ཙམ་གྱིས་དངོས་བརྒྱུད་བར་གསུམ་ནས་སེམས་ཅན་གྱི་འགྲོ་དོན་དཔག་མེད་བདེ་བླག་ཏུ་སྒྲུབ་ནུས་མཁན་མཚུངས་པ་མེད་པ་རྫོགས་པའི་སངས་རྒྱས་ཁོ་ནར་ཡིན་ཞིང་། དེ་ལྟ་བུའི་གོ་འཕང་དམ་པ་དེ་བདག་གིས་ལུས་རྟེན་འདི་ཐོག་ནས་ཐོབ་པར་བྱའོ་སྙམ་པའི་བློ་བཟོད་མེད་དུང་ངེ་བ། དཔེར་ན་སྐོམ་པས་ཆུ་འདོད་པ་ལྟར་དང་། མི་འབྲལ་བའི་སྒོ་ནས་ཆོས་ལ་བརྩོན་འགྲུས་རིམ་གྱིས་སྤར་ནུས་པ་ཞིག་དགོས་པ་ཡིན་ནོ། །འོན་ཀྱང་བཤད་མ་ཐག་པའི་ཚུལ་ལྟར་རང་རེ་རྣམས་ཚེ་རབས་ནས་གཞན་དག་ལ་སྲོག་དམར་པོ་བཅད་ཀྱང་སྡུག་བསྔལ་མྱོང་གི་མེད་ཆགས་དང་། རང་ཉིད་ལ་སྡུག་བསྔལ་གྱི་ཕྱོགས་ཕྲ་མོ་རེ་མྱོང་ཆིས་ཙམ་ཡང་བཟོད་མི་ནུས་པར་ཆགས་སྡང་གི་ལས་དང་ཚིག་དང་བསམ་པ་སོགས་རང་འདོད་ངན་པ་ཁོ་ནའི་དབང་དུ་སོང་བའི་རྐྱེན་གྱིས་གཞན་ཕན་གྱི་བསམ་སྦྱོར་ཡང་དག་པ་ཆེར་མི་འབྱོངས་པས་ན་སངས་རྒྱས་ཀྱི་ས་ལ་ཕྱོགས་ཙམ་མི་ཉེ་བར་ཉོན་མོངས་ཞེ་སྡང་། ཕྲག་དོག་ང་རྒྱལ། འགྲན་སེམས་འཐབ་རྩོད་སོགས་མི་དགེ་བའི་ལས་ཁོ་ནའི་དབང་དུ་སོང་ཚར་བ་དང་ཤུགས་འབྱུང་དུ་འགྲོ་བཞིན་པ་འདི་དག །སེམས་ཅན་ཐམས་ཅད་ཕ་མར་མ་མཐོང་སྟེ་བྱམས་སྙིང་རྗེ་སྒོམ་མ་ཤེས་པའམ་ཤེས་ཀྱང་སྙིང་རྗེ་གོ་ཡུལ་དུ་ཤོར་བས་ལན། རང་གིས་འཁོར་བར་འཁྱམས་ནས་ལས་ངན་ལུས་ངན་རྒྱུན་ཆད་མེད་པར་བླང་ནས་སྡུག་བསྔལ་དུ་མར་མྱོང་དགོས་པ་ཡིན་འདུག་པས། ད་ལན་དེའི་གཉེན་པོ་ཆོས་སྒྲུབ་པ་ལ་མེད་དུ་མི་རུང་བ་ཡང་དག་པར་བློ་སྦྱང་བའི་རིམ་པ་ཚད་མེད་བཞི་ལ་འཇུག་པར་བྱེད་ན་འདི་ལྟར་བློ་འཆོས་པར་བྱ་དགོས་ཏེ། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། གཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་གསུངས་པ་ལྟར། དཔེར་ན་བྱ་མས་བྱིའུ་གསོ་བ་ལྟར་ཞེས་བྱམས་སྐྱོང་ཁོ་ནས་འཚོ་ཞིང་ཕན་ཐོགས་པར་བྱ་དགོས་པ་ཡིན་པས། རང་གིས་གང་འདོད་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་འདོད་པ་གཅིག་ཀྱང་ཐབས་ལ་མི་མཁས་པའི་དབང་དུ་སོང་ནས་ལས་ངན་ལུས་ངན་བླངས་ཏེ་སྡུག་བསྔལ་གྱིས་མནར་བ་རྣམས་ལ་ལྷག་པར་སྙིང་རྗེ་བསྐྱེད་དེ་ལུས་ངག་ཡིད་གསུམ་དང་རྒྱུ་ནོར་ལོངས་སྤྱོད། ཐབས་དང་རྣམ་པ་ཅི་དྲག་གང་དྲག་གི་སྒོ་ནས་འཕྲལ་ཡུན་ཕན་བདེའི་གནས་ལ་འགོད་ཅི་ཐུབ་གང་ཐུབ་དངོས་བརྒྱུད་བར་གསུམ་ནས་བྱ་དགོས་པ་ཡིན་ཏེ། ཟླ་བ་སྒྲོན་མའི་མདོ་ལས། བྱེ་བ་ཕྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པས། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་ཀྱང་། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དང་། མདོ་ལས། བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་སོགས་གསུངས་པ་ལྟར། སེམས་ཅན་ཆེ་ཕྲ་ཀུན་གྱི་ལུས་སྲོག་དང་སེམས་ལ་གནོད་འཚེ་ཅུང་ཟད་ཙམ་ཡང་མི་བྱེད་པར་བཟོད་པའི་གོ་ཆ་ཡོངས་སུ་བསྒོས་ཏེ་གང་ལ་གང་འདོད་ཀྱིས་བྱམས་སྐྱོང་ལ་འབད་ཤིན་ཏུ་ནས་ཀྱང་མཁས་པར་བྱས་ལ། དེ་ཡང་བཟང་ལན་རེ་བ་དང་གཞན་ལ་འགྲན་སེམས་དང་འཇིག་རྟེན་ཆོས་བརྒྱད་སོགས་ཀྱི་ཚུལ་འཆོས་བྱེད་མཁན་དེང་སང་ཤིན་ཏུ་མང་བས་དེ་འདྲ་གཏན་ནས་མ་ཡིན་པར་སྙིང་ཐག་པ་ནས་ཕ་མ་རྒན་ཁོག་དང་། ཐག་རིང་གི་མགྲོན་པོ། ཡུན་རིང་གི་ནད་པ་དང་། སྒོ་ཁྱི་སྒོ་ཟོག་རྣམས་དང་། ཤན་ལག་གི་དུད་འགྲོ། ཁྲིམས་ཕོག་གི་མི། སྡིག་ཤས་ཆེ་བ་འོན་ལྐུགས་དབུལ་ཕོངས། ཐ་ན་ཤིག་འབུ་སྲིན་ཕྲ་མོའི་ཕྲ་མོ་ཚུན་ཆད་ལའང་ཞིབ་པར་རང་གི་ལུས་སེམས་འདི་ཐོག་ལ་དཔེ་ངེས་པར་བླངས་ནས་བྱམས་སྐྱོང་ཅི་དྲག་གང་དྲག་ཆེ་ཕྲ་མ་ལྟོས་པར་འབད་ཤེས་དགོས་པ་ཡིན་ཞིང་། འབྱོངས་རྟགས་སུ་ཀུན་ལ་བྱམས་པས་བུ་གཅིག་གི་མ་ལྟར་ཤིན་ཏུ་བརྩེ་བ་ཆེན་པོའི་རང་བཞིན་ངམ་ངམ་ཤུགས་ཀྱིས་འབྱུང་ངོ་། །དེ་ནས་སྙིང་རྗེ་ནི་མ་ལག་ལྡུམ་མའི་བུ་ཆུས་ཁྱེར་བ་ལྟར་ཞེས་སྙིང་རྗེ་ཚད་མེད་པ་སྐྱེ་དགོས་པ་ཡིན་ཏེ། རྒྱལ་བ་བྱམས་པས། བཀྲེན་ལ་སྙིང་བརྩེ་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་ཞིང་། །ལོག་པ་མངོན་ཞེན་ཅན་ལ་སྙིང་བརྩེ་འོ། །ཞེས་གསུངས་པ་ལྟར་དུ། དེ་ལ་དང་པོ་ཟས་གོས་ཀྱི་དབུལ་བ། ནད་གདོན་གྱིས་མནར་བ། ཁྲིམས་ཕོག་གི་མི། ཤན་ལག་གི་དུད་འགྲོ་སོགས་སྡུག་བསྔལ་དྲག་པོས་གདུང་བ་རྣམས་བློ་ཡུལ་དུ་ངེས་པར་གསལ་བའམ། མཐོང་ཐོས་རིག་པར་བྱུང་ཚེ་དེ་དག་རང་ཉིད་ཡིན་པའི་འདུ་ཤེས་དེ་ཚུག་ནས་བཞག་སྟེ་བྲོས་གབ་བྱེད་པའི་དབང་ནི་མེད། གནམ་ལ་འཕུར་བའི་གཤོག་པ་དང་ས་ལ་འཛུལ་བའི་སྡེར་མོ་ནི་མེད། ལན་གྱིས་རྒོལ་ནི་མི་ཐུབ། སྐྱབས་དང་མགོན་དང་སྙིང་རྗེ་མཁན་མེད་པས་ཅི་དྲག་གི་བསམ་བློ་ཞིབ་ཀྱིས་བསྐོར་ནས་འཇིགས་སྣང་ལྷང་ལྷང་རེ་སྐྱེས་མ་བྱུང་གི་བར་དུ་བློ་སྦྱོངས། དེ་བཞིན་ད་ལྟའི་ཕ་མ་དང་ཉེ་འབྲེལ་སྙིང་དམར་ཆེ་བ་ཅན་རྣམས་ལ་སྦྱར་ཏེ་སྒོམས། རིམ་གྱིས་མཐོང་ཐོས་རིག་པའི་སྐྱེ་འགྲོ་འབྲེལ་ཐོགས་རྣམས་དང་མ་ཟད་ཚེ་རབས་ནས་འབྲེལ་བའི་ཕ་མ་སེམས་ཅན་ངན་སོང་གི་གནས་སུ་སྡུག་བསྔལ་བདོས་དྲག་པོས་མནར་བ་རྣམས་ལ་སྙིང་རྗེ་ཚད་མེད་ཡང་ཡང་བསྐྱེད་དེ་རང་ཐོག་ཏུ་དཔེ་ཞིབ་ཀྱིས་བླངས་ནས་དཔྱད་པས་ད་ལྟའི་མི་དང་དུད་འགྲོ་འབུ་སྲིན་སོགས་ལ་མི་འདོད་པའི་རིགས་ཅུང་ཟད་རེ་བྱུང་བ་མཐོང་ཐོས་རིག་པའི་ཡུལ་དུ་གྱུར་པ་ཙམ་གྱིས་དེ་ཡང་རང་རྒྱུད་ལ་འབྱུང་བ་དང་ཁྱད་པར་མེད་པའི་བློ་བཟོད་མེད་དྲག་པོ་རེ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་བསྒོམས་ནས་དེ་དག་ལས་སྐྱོབ་པའི་ཐབས་བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་སྙིང་ནས་ཡང་ཡང་འདེབས་ཏེ་ཆོས་ལ་བརྩོན་འགྲུས་ལྷག་པར་དུ་བསྐྱེད་དགོས་པ་ཡིན་ཞིང་། སྙིང་རྗེ་འབྱོངས་རྟགས་སུ་ཕ་རོལ་གྱི་སྡུག་བསྔལ་དེ་རང་ལ་བྱུང་བ་ལས་མི་བཟོད་པའི་སྙིང་རྗེ་དང་འགྱོད་པ་ངམ་ངམ་ཤུགས་ཀྱིས་སྐྱེ་ཡོང་བ་ཡིན་ནོ། །དེ་ནས་དགའ་བ་ནི་རྔ་མོང་གི་རྔེའུ་རྙེད་པ་ལྟ་བུར་ཞེས་སེམས་ཅན་རྣམས་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཞིང་། བདེ་བའི་རྒྱུ་འབྲས་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་ནས་དངོས་སུ་བདེ་སྐྱིད་དང་ལྡན་པ་སོགས་ལ་དགའ་བ་ཁྱད་པར་ཅན་སྐྱེ་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས། བདག་ཉིད་མཐོ་བར་འདོད་པ་དེས། །ངན་འགྲོ་ངན་དང་གླེན་པར་འགྱུར། །དེ་ཉིད་གཞན་ལ་སྤོ་བྱས་ན། །བདེ་འགྲོར་རིམ་གྲོ་ཐོབ་པར་འགྱུར། །གཞན་གྱི་དོན་དུ་བདག་བསྐྱེད་ན། །རྗེ་དཔོན་ཉིད་སོགས་མྱོང་བར་འགྱུར། །ཞེས་གསུངས་པ་ལྟར་དུ། ཚེ་རིང་གཟུགས་བཟང་གཟི་བརྗིད་ཆེ་བ་དང་རིགས་རུས་སྟོབས་འབྱོར་མངའ་ཐང་སྙན་གྲགས་ཅན། ཤེས་རབ་རྣོ་བ་དང་ཡོན་ཏན་ཆེ་བ། མཛད་ཕྲིན་རྒྱས་པ་བྱ་བ་ལམ་དུ་སློང་བ་ཅན་རྣམས་ཡང་ཡང་དམིགས་ཡུལ་དུ་གསལ་ལེགས་པར་བཏབ་སྟེ། དེ་ཡང་ཕྲག་དོག་གི་བློ་ངན་ཡོངས་སུ་སྤོང་ལ་རྗེས་སུ་ཡི་རངས་ཆེན་པོ་བསྒོམས་ཤིང་ད་ལྟའི་དགྲ་བོ་དང་འགྲན་སེམས་ཆེ་བ་ཅན་རྣམས་ཀྱིས་གཙོས་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུའི་འབྱོར་བ་དང་ལྡན་ནས་མི་ཉམས་པ་གོང་ནས་གོང་དུ་འཕེལ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་ནས་དགའ་བ་སྐྱེ་དགོས་པ་ཡིན་ཏེ་མའི་བདེ་སྐྱིད་ལ་བུས་དགའ་བ་སྒོམ་དགོས་པ་ལྟར་རམ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་འཇུག་རང་རྣམས་ཡིན་བཞིན་གཞན་གྱི་བདེ་སྐྱིད་དང་ཡོན་ཏན་སོགས་ལ་ཕྲག་དོག་སྐྱེས་ན་དེ་ལས་ངོ་ཚ་བ་དང་ཐབས་རྡུགས་པ་དང་བློ་རྨོངས་པའི་ལས་ཅི་ཡོད་པས་དུས་རྟག་ཏུ་ངོས་བཟུང་སྟེ་ཕྲག་དོག་དང་འགྲན་སེམས་ཀྱི་བློ་ངན་དྲུངས་ནས་འབྱིན་ཏེ་རྗེས་སུ་ཡི་རངས་ཀྱི་བློ་རྒྱ་རབ་ཏུ་ཡངས་པར་མ་གྱུར་གྱི་བར་དུ་བསྒོམ་དགོས་ཤིང་འབྱོངས་རྟགས་སུ་གཞན་འབྱོར་ཇི་ཙམ་མཐོང་རུང་ཕྲག་དོག་སོགས་གཏན་ནས་མེད་པ་རང་ལ་འབྱོར་བ་ལས་ལྷག་ཏུ་དགའ་བའི་རང་བཞིན་སྐྱེ་ཡོང་བ་ཡིན་ནོ། །དེ་ནས་བཏང་སྙོམས་ནི་དྲང་སྲོང་གིས་མགྲོན་འགྱེད་པ་ལྟ་བུ་ཞེས་བྱ་སྟེ་བྱམས་པ་སྙིང་རྗེ་དགའ་བ་སོགས་དགྲ་གཉེན་ཆགས་སྡང་གི་ཕྱོགས་སུ་ཅུང་ཟད་ཙམ་ཡང་མི་ལྷུང་བར་དཔེར་ན་རྩིང་ཧྲུབ་རྣམས་བཏུལ་ནས་ཚགས་རྒྱབ་པ་ལྟ་བུ་ཡིན་པས་ཀུན་ལ་ཡོངས་སུ་སྙོམས་པར་བྱ་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་དུ་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་བདག་ཅག་བདེ་བར་བརྩོན། །གང་ཚེ་བདག་དང་གཞན་གཉིས་ཀ །སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །ཅེས་གསུངས་པ་ལྟར་དུ་རང་གཞན་བར་མ་དོར་གསུམ་ཀ་ལ་བསམ་སྦྱོར་གཉིས་ཀས་ཡོངས་སུ་མཉམ་ཞིང་ཁྱབ་དགོས་པ་ཡིན་པའི་ཕྱིར། ད་ལྟའི་ལུས་རྟེན་འདིའི་སྐབས་ན་དགྲ་དང་གཉེན་དུ་ཁ་ཤས་ཤིག་ངོས་བཟུང་བ་དང་། ཕལ་ཆེར་ནི་ལུང་མ་བསྟན་དུ་ལྷག་བསྡད་ཡོད་པ་དེ་དག་ཐམས་ཅད། དོན་དུ་ནི་སྔོན་ཚེ་རབས་ཐོག་མེད་ཀྱི་ཕ་མ་མ་གྱུར་པ་ནི་གཅིག་ཙམ་མེད་པར་ནི་བཤད་མ་ཐག་པའི་ཚུལ་ལྟར་ཡིན་པས། དེ་འདྲ་བ་རྣམས་ལ་ད་སྐབས་ཆགས་སྡང་གི་རིས་ཤིག་ཕྱེ་བའི་དགོས་པ་ཅི་ཡོད་དེ་ཐ་ན་ངོ་ཡང་ཚ་བ་མ་ཟད། རང་གི་ཆོས་ལམ་དུ་མི་སློང་ཞིང་གང་གྲུབ་རྣམས་ཆུད་ཟོས་སུ་གཏོང་བ་དང་། ཕྱི་མ་རྣམ་སྨིན་གྱི་ཁུར་པོ་ལྕི་བ་ལས་མ་མཆིས་པས་ན་སྙིང་རྗེ་དང་། བྱམས་པ་དགའ་བ་སོགས་ཕྱོགས་རིས་ཆེ་ཕྲའི་དབང་དུ་ནམ་ཡང་མ་སོང་བར་ནམ་མཁའ་ལྟ་བུ་ཀུན་ལ་ཡོངས་སུ་སྙོམས་པའི་བློ་རྒྱ་ཡང་ཡང་བསྐྱེད་ཅིང་བསམ་སྦྱོར་གང་བྱས་ཐམས་ཅད་ཀུན་སློང་བཟང་པོ་ཚད་ལྡན་རེ་རྒྱུད་ལ་འབྱངས་པར་བྱ་དགོས་ཤིང་། དེ་ལྟར་ཚད་མེད་བཞི་པོའི་མདོ་དོན་ཀྱང་ཡོངས་སུ་བསྡུ་ན་དུས་རྟག་ཏུ་བསམ་པ་བཟང་པོ་ཁོ་ན་བྱེད་པ་ལ་འདུས་ཏེ། དྲུང་གཟིན་ཅན་གྱིས་གདམས་ངག་གཅིག་གིས་ཆོག་པ་ཞུ་ཟེར་བ་ལ་དམ་པས་ཁྱེད་རང་གིས་གང་འདོད་པ་དེ་ལྟར་གཞན་དག་ལ་སྦྱོར་ཅིག་གསུངས་པ་ལྟར་དཔེ་དོན་ཤིན་ཏུ་གོ་བདེ་བས་དུས་རྣམ་ཀུན་ཏུ་བསམ་སྦྱོར་དེ་ལྟར་དུ་མི་ལྷོད་པ་གལ་ཆེ་ཞིང་། དེ་དག་ཀྱང་བདེན་མེད་སྒྱུ་མའི་རང་བཞིན་ཤེས་རབ་ཟབ་མོས་རྩིས་ཤུགས་འབྱུང་དུ་ཟིན་པ་གལ་ཆེའོ། །ལར་ནི་ཚད་མེད་བཞིའི་བློ་སྦྱོང་དང་སྨོན་འཇུག་གི་བསླབ་བྱ་སོགས་ཡོངས་སུ་ཤེས་ཀྱང་བཟང་ངན་གྱི་རྐྱེན་ཆེ་ཕྲ་རྣམས་དང་འཕྲད་དུས་གཉེན་པོའི་བཟོད་བསྲན་ཅུང་ཟད་ཙམ་ཡང་མེད་པར། རང་གི་རྣམ་རྟོག་ལ་དགྲ་མཐོང་། མེ་སྟག་སྟེང་དུ་གྲི་འདོན། བན་རྒན་ཕྲེང་མའི་ལྕག་ཚན། ཆོས་གོས་ཞབས་ཀྱི་དུག་མདའ་ཟེར་བའི་དཔེ་ལྟར་རང་རེ་ཆོས་པ་རྣམས་ཀྱིས་མི་བྱེད་པའི་ངེས་པ་ཆེར་མི་འདུག་ཅིང་། ཀུན་བཟང་བླ་མའི་ཞལ་ལུང་དུ་གསུངས་པ་ལྟར་སྲུང་སྡོམ་སྣ་རེ་དག་པའམ། ཡོན་ཏན་ཕྲན་བུ་རེ་ཡོད་པའི་དབང་གིས་རྒྱུད་རྟག་ཏུ་ང་རྒྱལ་གྱིས་ཁེངས་ནས་ཕ་རོལ་པོས་ལྟ་ལུགས་མཐོ་དམན་ནམ། ཚིག་གཅིག་གི་སྨྲ་ལུགས་ལེགས་ཉེས་ལའང་ང་ལ་བརྙས་བྱུང་སྙམ་ནས་ཚིག་ལན་ངན་པ་ཅི་གནོད་གང་གནོད་སྤྲད་དེ་མིའི་ཤེས་རྒྱ། སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་པ། གསང་སྔགས་ཀྱི་ལྟ་སྒོམ་སོགས་གཉེན་པོ་གང་ཡང་དྲན་ཙམ་མི་ནུས་པ་དང་། མ་ཟད་ཡོན་བདག་དང་སློབ་མས་བསྟོད་ཙ་ན། རང་རྒྱུད་ཞིབ་ཀྱིས་མི་བརྟག་པར་ང་ནི་འདི་དང་འདི་ལྟ་བུའོ་སྙམ་ནས་ང་རྒྱལ་གྱིས་རྒྱུད་སྦོས་ཤིང་སྣང་བ་འུར་ལངས་ནས། ངས་གང་བྱས་དང་གང་ལབ་ཆོག་པ་ཡིན་སྙམ་ནས་སྣང་བ་མཐོ་ལིང་ངེ་ཤེས་པ་རྩུབ་ཧྲག་གེ་གྱུར་པ་ནི་ཆོས་པ་རྣམས་བདུད་ཀྱིས་མངོན་སུམ་བསླུས་པ་ཡིན་ཅེས་པ་ལྟར་དང་། དགེ་བཤེས་སྤྱན་སྔ་བས། འུ་ཅག་ཐོས་བསམ་བྱེད་བཞིན་ང་རྒྱལ་ཇེ་ཆེར་དུ་སོང་ནས། བཟོད་བསྲན་ཤ་བུ་ལས་ཆུང་། ཀོ་ལོང་གཙང་བཙན་ལས་དམ་པར་འདུག་པ་དེ་ཚོ་ཐོས་བསམ་སྒོམ་གསུམ་དང་གང་ཟག་གི་ཤེས་རྒྱུད་ལོག་པར་སོང་བའི་རྟགས་ངེས་པར་ཡིན་ནོ། །ཞེས་དང་། དགེ་སློང་བཟང་སྟེ་ཁོང་ཁྲོ་ཆེ་ཟེར་འཇིག་རྟེན་གྱི་ཁམས་འདིར་ཁོང་ཁྲོ་ལས་ཐུ་བའི་སྡིག་པ་མེད་དོ། །ཞེས་དང་། ཕ་དམ་པའི་ཞལ་ནས། འདོད་ཆགས་དང་གཏི་མུག་གི་ལས་བརྒྱ་ལས་ཞེ་སྡང་གིས་ལས་སྐད་ཅིག་མ་སྡིག་པ་ཆེ་བར་བཤད་པ་རྣམས་མ་གོའམ། ཞེས་གསུངས་པ་ལྟར་དུ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་དང་། ཞེ་སྡང་སློང་བ་ལ་ཁོང་མ་ཁྲོ། །ཞེས་སྡང་སློང་བ་ལ་ཁོང་ཁྲོ་ན། །བཟོད་པ་བྱ་བ་དེ་ནམ་ཞིག་བསྒོམ། །ཞེས་དང་། དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། །ཞེས་དང་། འདི་ལྟར་ཕར་གནོད་མ་བྱས་ན། །འགའ་ཡང་གནོད་པ་མི་བྱེད་དོ། །དེ་བས་ངལ་བས་མ་བསྒྲུབས་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། །ཞེས་དང་། གྲགས་པའི་དོན་དུ་ནོར་གཏོང་ཞིང་། །བདག་ཉིད་ཀྱང་ནི་གསོད་བྱེད་ན། །ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤི་ན་དེ་ཀོ་སུ་ལ་རེ། །བྱེ་མའི་ཁང་བུར་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ་། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །ཞེས་དང་། བདག་ནི་གྲོལ་བ་དོན་གཉེར་བས། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །གང་དག་བདག་བཅིངས་གྲོལ་བྱེད་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །གལ་ཏེ་བདག་ནི་རང་སྐྱོན་གྱིས། །འདི་ལ་བཟོད་པར་མི་བྱེད་ན། །བསོད་ནམས་རྒྱུ་ནི་ཉེར་གནས་པས། །འདི་ལ་བདག་གེགས་བྱེད་འགྱུར་རམ། །ཞེས་སོགས་གསུངས་པས་ན་གཞན་དག་གིས་ཇི་ལྟར་གཤེ་ཡང་སླར་ཕར་མི་གཤེ། ཁྲོས་ཀྱང་སླར་ཕར་ལ་མི་ཁྲོ། བརྡེགས་ཀྱང་སླར་ཕར་ལ་མི་བརྡེག །མཚང་བྲུས་ཀྱང་སླར་ཕར་ལ་མི་འབྲུ་བར་དགེ་སྦྱོང་གི་ཆོས་བཞི་ཞེས་པ་དེ། དུས་རྣམས་ཀུན་ཏུ་ཐུགས་ཉམས་སུ་ལེགས་པར་བསྟར་ཏེ། གཞན་དག་གིས་ཚིག་ངན་དང་བརྙས་བཅོས། རྡུང་རྡེག་དང་བཀོལ་སྤྱོད་འཕྲོག་བཅོམ་དང་རྐུ་བ། མཐོ་དམའ་དང་འབྱོར་རྒུད། གྱོང་དང་བུབ་ཁ་ཆེ་ཕྲ་བར་མ་དོ་ཇི་ལྟར་བསྐལ་བྱུང་རུང་དེ་དུས་དགའ་སྤྲོ་དང་ལྡན་པས་རྟག་ཏུ་བཟོད་པར་བྱ་དགོས་ཏེ། རྒྱལ་སྲས་ཐོགས་མེད་ཀྱིས། སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང་། །སྙིང་རྗེ་དབང་གིས་དེ་ཡི་སྡིག་པ་རྣམས། །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །སྟོང་གསུམ་ཁྱབ་པར་སྒྲོགས་པར་བྱེད་ན་ཡང་། །བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས། །མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང་། །དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས། གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན། །བདག་གི་བུ་བཞིན་གཅེས་པར་བསྐྱང་བའི་མིས། །བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང་། །ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན། །རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས། །ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང་། །བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི། །སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡིས་བརྙས། །ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར། །འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང་། །ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད། །རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང་། །སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་དབང་གིས་རྒྱལ་སྲས་གཞན་བདག་གི། །ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས། །ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི། །ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་བས། །མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ། །ཆགས་པ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུགས་འགྱུར་ཞིང་། །རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས། །དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་པའི། །ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས། །དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་བཟུང་ནས། །ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་སོགས་གསུངས་པ་ལྟར་སྐྱེ་བོ་མ་རིག་པས་སྒྲིབ་པ་བླུན་རྨོངས་རྣམས་ཀྱིས་མ་དག་པས་མ་དག་པའི་སྣང་བ་ལས་ཅི་མཐོང་འཁྲུལ་པས་འཁྲུལ་གཏམ་ལས་ཅི་ཡོད། དྲན་ཤེས་བག་ཡོད་ཀྱི་གཉེན་པོ་ཅུང་ཟད་ཙམ་ཡང་མེད་པའི་རང་འདོད་ངན་པའི་གཏམ་ལ་ཡིད་རྟོན་ཕེར་བ་ཅི་ཡོད་སྙམ་ནས་བཟོད་པར་རིགས་སོ། །ཡུལ་ནི་རིང་བའི་མཆེད་སེམས་ཅན་ཐམས་ཅད། ཉེ་བའི་མཆེད་སངས་རྒྱས་བསྟན་པའི་སྒོར་ཞུགས་ཚད། ནང་གི་མཆེད་ཆོས་བརྒྱུད་གྲུབ་མཐའ་གཅིག་པ་རྣམས། གསང་བའི་མཆེད་བླ་མ་གཅིག་གིས་དཀྱིལ་འཁོར་གཅིག་ཏུ་བསྡུས་པའི་དམ་ཚིག་ལྡན་པ་རྣམས་ཡིན་པས། དེ་དག་ཀུན་ལ་ལྷག་ཏུ་བཟོད་པར་རིགས་སོ། །ཚིག་ངན་དྲག་པོ་ཅི་གནོད་སྣ་ཚོགས་ལབ་བྱུང་རུང་ལག་གིས་བརྡུང་རྒྱབ་བྱེད་པ་ནི་མིན་ཅི་སྐྱོན་སྙམ་ནས་བཟོད་པར་རིགས་སོ། །འཆི་བ་ལས་མ་འདས་པ་ཞིག་བརྡུང་བྱུང་རུང་རང་གིས་བཟོད་པ་ལ་ཟོལ་མི་འདུག་པས་ངན་སོང་གི་གནས་རིས་ལ་ནི་སྐྱེ་ཐབས་མེད་སྙམ་ནས་ལྷག་ཏུ་བཟོད་པར་རིགས་སོ། །གཞན་ཡང་ཚེ་འདིའི་སྣང་ངོར་སྙན་གྲགས་དང་འབྱོར་ཚོགས་བདེ་སྐྱིད་དང་ཐོབ་ཐང་སོགས་ཆུང་བར་གྱུར་རུང་མི་ངོ་དང་རྒྱུ་ངོ་ལ་ནམ་ཡང་མི་ཕྱོགས་པར་ཆོས་གང་འགྲུབ་དེ་དམ་ཚིག་རྣམ་པར་དག་པས་སྲུང་བ་གལ་གནད་ཆེ་བས་ན་བཟོད་པར་རིགས་སོ། །ཐོས་བསམ་སྒོམ་པ་ཕྱོགས་རེ་བས་རྒྱུད་ཁེངས་ནས་རྩོད་པའི་བརྙས་བཅོས་སྣ་ཚོགས་ཅི་ལྟར་བྱས་བྱུང་རུང་ཐ་སྙད་ཚིག་ལ་མཁས་པ་རྣམས་ལ་ང་རྒྱལ་གྱི་ཁེངས་དྲེགས་དང་། སེམས་ཀྱི་གནས་ལུགས་རྟོགས་པ་ལ་ཞི་དུལ་དང་བག་ཡོད་རེ་ལོས་ཡོད་སྙམ་ནས་ཤིན་ཏུ་ཉམ་ཆུང་གི་ངང་བསྐྱངས་ཏེ་ལྷག་པར་བཟོད་པར་རིགས་སོ། །རྐྱེན་བཟང་ངན་ཆེ་ཕྲ་རྣམས་དང་དངོས་བརྒྱུད་བར་གསུམ་ནས་བྱུང་ཞིང་འཕྲད་པའི་དུས་གཉེན་པོ་རྩོལ་བཅས། རྩོལ་མེད་གང་རུང་གིས་བཟོད་པའི་ཁུར་མ་ཐེག་ན་སེམས་རྒྱུད་ཆོས་དང་མ་འདྲེས་པའི་ཕྱིར་ཆོས་པའི་མཚང་རྟགས་གཅལ་དུ་བཀྲམ་ཡོང་བས་ན་བཟོད་པར་རིགས་སོ། །བདེ་བའི་རྒྱུ་དགེ་རྩ་གང་གྲུབ་རྣམས་ཆུད་ཟོས་སུ་འགྲོ་ཉེན་ཡོད་པ་དང་། ད་ལྟའི་དགེ་བ་སྒྲུབ་པ་ལམ་དུ་མི་ཕྱིན་པ་དང་། ཕྱིས་ནས་དགེ་བ་སྒྲུབ་པའི་སྣོད་དུ་མི་རུང་བ་དང་། ཞེ་སྡང་གིས་བསྐྱེད་པའི་སྡུག་བསྔལ་ཆེ་ཤོས་དམྱལ་བ་ཡིན་པས་དེར་ལྷུང་གིས་དོགས་ནས་སྲོག་ལ་ཐུག་ཀྱང་བཟོད་པར་རིགས་སོ། །དེ་ལྟར་དུག་ལྔའི་ནང་ནས་ཀྱང་ཁོང་ཁྲོ་ངན་པ་འདི་གློ་བུར་དུ་གློག་ཞགས་འཁྱུགས་པ་བཞིན་དུ་ལྡང་ནས་དགེ་བ་གང་འགྲུབ་རྣམས་ཆུད་ཟོས་སུ་གཏོང་བའི་ཉེན་ཁ་ཆེ་ཤོས་ཡིན་པས་རབ་འབྲིང་ཐ་མ་ཕལ་ཆེས་ལྷག་པར་དུའང་བཟོད་པའི་རིགས་ཀྱི་གོ་ཆ་འདི་དག་གྱོན་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེ་པ་བསྐྱེད་པར་བྱེད་དེ་སྐྱེས་པ་མ་ཉམས་པར་སྲུང་བ་ལ། ཤིན་ཏུ་ནས་ཀྱང་གཟབ་པ་གལ་ཆེ་བའི་རང་བཞིན་ཡིན་ནོ། །ད་ནི་སྨོན་འཇུག་གི་སེམས་བསྐྱེད་དངོས་ལ། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པར་བྱོས། །ཞེས་གསུངས་པ་ལྟར་གཏན་བདེ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མྱུར་བ་ཉིད་དུ་ད་ནི་འགོད་པར་བྱའོ་སྙམ་པ་ནི་སྨོན་སེམས་དང་། དེའི་ཕྱིར་དུ་མདོ་སྔགས་ཀྱི་ཆོས་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་སོགས་གང་དང་གང་ཡིན་པ་དེ་དག་རྩེ་གཅིག་ཏུ་ཉམས་སུ་བླངས་ནས་མཐར་ཕྱིན་པར་བྱའོ་སྙམ་པ་ནི་འཇུག་པ་སེམས་བསྐྱེད་ཡིན་པས་ཆོས་དང་གང་ཟག་ཡང་དག་པར་ཟུང་དུ་འཇུག་པའི་མཚམས་སྦྱོར་བར་བྱེད་པའི་མཁན་པོ་འདི་དག་ནི་ཐེག་ཆེན་གྱི་ལུགས་སུ་ཅི་ནས་གལ་ཆེ་ཤོས་ཡིན་པས་རྒྱུན་དུ་ཤེས་པར་བྱོས་ཤིག །ད་སྐབས་སེམས་བསྐྱེད་པའི་དམ་བཅའ་ཁྱད་པར་ཅན་དང་བཅས་ངག་དོན་རྣམས་དེ་བཞིན་ཚིག་རྗེས་དོན་དྲན་གྱི་ངང་ནས་འབུམ་ཐེར་ཁ་བསྐང་དང་བཅས་ལེགས་པར་གསོག་གོ། །དེ་ལྟར་སེམས་བསྐྱེད་ཟབ་མོའི་ལམ་ལ་འཇུག་ནས་བཟུང་སྟེ་སླད་ཀྱང་སྐྱེས་པ་ཉམས་པ་མེད་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་སྨོན་འཇུག་གི་བསླབ་བྱ་གཉིས་ཏེ། དེའང་ཚིག་དང་བསམ་པ་ཙམ་དང་ཕྱོགས་ལམ་སྒྲུབ་མདོག་བྱས་པས་མི་ཡོང་བར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཡང་དག་པ་ལ་རིམ་གྱིས་འབད་པར་བྱ་དགོས་ཏེ། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོར་འགྱུར་རམ། །ཞེས་དང་། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །ཞེས་གསུངས་པ་ལྟར་ལས་མི་ཡོང་བས། དེས་ན་སྨོན་པའི་བསླབ་བྱ་ལ། དང་པོ་རང་གིས་གནས་སྐབས་ཉི་མ་དྲོད་མོ་ཞིག་འདེ་ནས་བཟུང་རྫོགས་པའི་སངས་རྒྱས་བར་བདེ་སྐྱིད་ཆེ་ཞིང་ཆེ་བ་ནས་ཕྲ་ཞིང་ཕྲ་བར་འདོད་པ་དང་། མེ་སྟག་ཕྲ་མོ་ནས་འཁོར་བ་ངན་སོང་གི་སྡུག་བསྔལ་ཆེ་ཞིང་ཆེ་བ་ནས་ཕྲ་ཞིང་ཕྲ་བར་མི་འདོད་པ་ཇི་བཞིན་སེམས་ཅན་གྱི་རིགས་འདྲ་མིན་སྣ་ཚོགས་ཆེ་ཕྲ་ཕྱི་ནང་བར་མ་དོ་ཐམས་ཅད་ཀྱིས་ཀྱང་དེ་ལྟར་དུ་འདོད་ལུགས་གཅིག་པ་ཡིན་བཞིན་ལྷག་པར་ཤེས་པས་བསམ་སྦྱོར་གང་བྱས་རུང་རང་གཞན་ཡོངས་སུ་མཉམ་དགོས་པ་ཡིན་ཏེ་དཔེར་ན་རྫི་བོ་རྣམས་ལ་ཕྱིང་གོས་གཅིག་ལས་མེད་ཀྱང་མཉམ་དུ་གྱོན་པ་ལྟ་བུའི་རིགས་འགྲེ་ནས་བསྒྲུབ་པར་བྱའོ། །དེ་ནས་རང་གི་དབུགས་ནང་དུ་རྔུབ་དུས་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ་བསམ་པའི་བར་ཆད། སྡིག་ལྟུང་། སྒྲིབ་པ་སྡུག་བསྔལ་གྱི་རྒྱུ་དུག་གསུམ་འབྲས་བུ་ངན་སོང་གསུམ་སོགས་ཐམས་ཅད་རླུང་ནག་པོའི་རྣམ་པ་བྱུང་ནས་རང་ལ་ཐིམ་ནས་སྨིན་པར་བསམ། དབུགས་ཕྱིར་བཏང་དུས་རང་གི་བདེ་བའི་རྒྱུ་དད་པ་ངེས་འབྱུང་བྱང་སེམས་འབྲས་བུ་མངོན་མཐོ་ཉན་རང་སངས་རྒྱས་ཀྱི་ཡོན་ཏན་དང་། བདག་གི་ཚེ་བསོད་ནམས་ཁ་རྗེ་དབང་ཐང་ལུས་ལོངས་སྤྱོད་བདེ་སྐྱིད་སོགས་བདེ་བའི་དངོས་པོ་ཐམས་ཅད་རླུང་དཀར་པོའི་རྣམ་པ་བསང་དུད་མཆེད་པ་ལྟ་བུ་བྱུང་། གཞན་དག་སེམས་ཅན་ཐམས་ཅད་ལ་ཐོབ་པར་བསམ་པ་ནི་བརྗེ་བ་ཡིན། འོན་ཀྱང་དེ་ལྟ་བུ་རྒྱངས་འཕོ་རྒྱངས་འཕེན་བྱེད་པ་ལྟ་བུས་མི་ཡོང་བཞིན་དངོས་སུ་བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅད་གཞན་དག་ལ་སྦྱིན། གཞན་གྱི་སྡུག་བསྔལ་ཐམས་ཅད་རང་གིས་བླང་དགོས་ཏེ་དཔེར་ན་ཁ་བའི་ནང་ནས་གཞན་ལ་ལྷམ་ཡ་གཡར་ནུས་པ་ལྟ་བུའི་རིགས་འགྲེ་ནས་ཤེས་པར་བྱའོ། །དེ་ནས་ངན་སོང་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན། དེ་དག་གི་ཚབ་ཏུ་བདག་ངན་སོང་དུ་སྐྱེས་ནས་ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་ཅི་བྱུང་ཡང་བཟོད་པར་བྱ་སྙམ་ནས་སླར་སྙིང་སྟོབས་ཡང་ཡང་བསྐྱེད་པ་ནི་གཞན་གཅེས་པར་བཟུང་བ་ཡིན་ཞིང་། དཔེར་ན་རང་འཁྱགས་ནས་ཤི་རུང་མདོ་འདྲ་བྱེད་དེ་གཞན་ལ་གོས་སོགས་སྦྱིན་པ་ལྟ་བུའི་རིགས་འགྲེ་ནས་བསྒྲུབ་པར་བྱའོ། །དེ་ཡང་ཚིག་ཙམ་མ་ཡིན་པ་སེམས་ཐོག་ཏུ་ཡང་ཡང་བསྒོམས་ནས་དང་པོ་བཅོས་མའི་སྙིང་རྗེ། བར་དུ་བཅོས་མ་དགོས་པ་ངམ་ངམ་ཤུགས་ཀྱིས་སྙིང་རྗེ། མཐར་ངེས་ཤེས་བཟོད་གླགས་མེད་པ་དུང་ངེར་རྒྱུན་ཆགས་སུ་སྐྱེས་པ་ཞིག་གི་སྒོ་ནས་ད་ལྟའི་རྐྱེན་བཟང་ངན་རྣམ་པ་སྣ་ཚོགས་དངོས་སུ་འཕྲད་དུས་ལག་ལེན་འཛོལ་མེད་རེ་ཐོན་ངེས་དང་། ཕུགས་སུ་བསམ་སྦྱོར་དེ་འདྲའི་གདེང་ཡོངས་སུ་ཚུད་པ་ཞིག་མེད་ན་རང་གཞན་ལ་ཕན་ཐོགས་ངེས་པར་འབྱུང་དཀའ་བས་ཚིག་དང་ཚུལ་འཆོས་ཀྱི་སྒོམ་ལོ་ཙམ་དུ་མ་ལུས་པ་ཅི་ནས་གལ་ཆེའོ། །ད་ནི་འཇུག་པའི་བསླབ་བྱ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕར་ཕྱིན་དྲུག་ནི། དང་པོ་སྦྱིན་པ་ལའང་གསུམ་སྟེ། ཟས་དང་གོས་དང་ནོར་རྫས་ཀྱི་རིགས་ཕྲ་མོ་ཚུན་ཆད་དབུལ་ཕོངས་ཉམ་ཐག་རྣམས་ལ་སྦྱིན་པ་ནི་གཏོང་བ་ཆུང་ངུ་ཞེས་པ་དང་། རྟ་དང་གླང་ཆེན་བུ་དང་བུ་མོ་སོགས་རང་ལ་ལྷག་པར་གཅེས་ཤིང་དམར་ལ་དཀོན་པའི་རིགས་རྣམས་སྦྱིན་པ་ནི་གཏོང་བ་ཆེན་པོ་ཞེས་པ་དང་། རང་གི་ལུས་དང་སྲོག་དང་ཡན་ལག་སོགས་བྱ་དཀའ་བའི་རིགས་སྦྱིན་པ་ནི་ཤིན་ཏུ་གཏོང་བ་ཆེན་པོ་ཞེས་བྱ་སྟེ་ཟང་ཟིང་གི་སྦྱིན་པ་དང་གཅིག །དེ་ནས་ཆོས་ཀྱི་སྦྱིན་པ་ནི། དབང་བསྐུར་བ༑ ཆོས་བཤད་པ། ལུང་འབོག་པ་དང་། སྨྱུ་གུ། སྣག་ཚ། ཤོག་གུ། གླེགས་བམ་སྦྱིན་པ་དང་། དཀར་དམར་གྱི་གསུར་དང་ཆུ་གཏོར་ལུས་སྦྱིན་སོགས་ནི་ཆོས་ཀྱི་སྦྱིན་པ་དང་གཉིས། སེམས་ཅན་སྐྱབས་མགོན་དཔུང་རེ་ས་མེད་པ་ལ་མགོན་སྐྱབས་དང་གནས་གཡར་མཐུན་རྐྱེན་སྦྱར་བ་དང་། རི་རྒྱ་ཀླུང་རྒྱ་ཆུ་རྒྱ་སྡོམ་པ་དང་སྲོག་བསླུ་འཆི་བསླུ་ཚེ་སྒྲུབ་བྱེད་དགོས་པ་སོགས་ནི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་སྟེ། ཕན་ཡོན་ནི་རང་གི་སེར་སྣའི་ཚོགས་འཇོམས་ཤིང་ཡི་དྭགས་སྐྱེ་རྒྱུན་གཅོད་པ་དང་། བསོད་ནམས་ཀྱི་ཚོགས་རྫོགས་ཤིང་གཞན་དོན་འབྱུང་བ་ཡིན་པས་ལྷག་པར་ཤེས་དགོས། དེ་ནས་ཚུལ་ཁྲིམས་ལའང་གསུམ་སྟེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་སོགས་ཕར་ཡོངས་སུ་སྤོང་བ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཞེས་པ་དང་གཅིག །དགེ་བ་བཅུ་པོ་སོགས་དུས་དང་རྣམ་པ་ཐམས་ཅད་དུ་རང་རྒྱུད་དུ་ཚུར་ཅི་འགྲུབ་བྱེད་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་གཉིས། བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་སེམས་ཅན་གྱི་དོན་དུ་གནས་སྐབས་མངོན་མཐོའི་འབྱོར་ཚོགས་དང་མཐར་ཐུག་ངེས་ལེགས་ཀྱི་ས་བོན་འདེབས་ཤིང་། གཞན་དོན་ལྷུར་ལེན་ནས་དངོས་བརྒྱུད་བར་གསུམ་དུ་ཅི་འགྲུབ་འབད་པ་ནི་སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་དང་གསུམ་སྟེ་སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བ་ཕུན་སུམ་ཚོགས་པར་བྱེད། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་ཇི་ལྟ་ཇི་སྙེད་མཁྱེན་པས་རྟོགས་པ་ཕུན་སུམ་ཚོགས་པར་བྱེད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་གང་ལ་གང་འདུལ་གྱི་ཕྲིན་ལས་ཕུན་སུམ་ཚོགས་པར་བྱེད་པས་ལྷག་པར་ཤེས་དགོས། དེ་ནས་བཟོད་པ་ལའང་གསུམ་སྟེ། གཞན་གྱིས་རང་ལ་དངོས་སུ་རྡུང་རྡེག །འཕྲོག་བཅོམ་ཚིག་ངན་སྨྲ་བ་དང་། ལྐོག་ནས་མི་སྙན་པ་བརྗོད་པ་སོགས་ཀྱི་ཚེ་དེ་དག་ལ་ཞེ་སྡང་ཁོང་ཁྲོ་མི་བྱེད་པར་སླར་བྱམས་པ་དང་སྙིང་རྗེ་བསྐྱེད་པར་བྱ་བ་ནི་ལོག་སྒྲུབ་ཀྱི་བཟོད་པ་དང་གཅིག །དམ་པའི་ཆོས་སྒྲུབ་པའི་དུས་དཀའ་ཚེགས་ཚ་གྲང་བཀྲེས་སྐོམ་སོགས་ཅི་བྱུང་ཡང་ཆེད་དུ་བཟོད་ནས་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོགས་སྟོང་ལ་གཏད་དེ་ཆོས་སྒྲུབ་པ་ནི་ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པ་དང་གཉིས། ཆོས་དང་བླ་མ་གྲུབ་མཐའ་ཐམས་ཅད་ལ་ལོག་ལྟ་དང་ཕྱོགས་རིས་གཏན་ནས་མི་བྱ་བར་དག་སྣང་ཚད་མེད་པ་འབྱོངས་དགོས་པ་དང་། ཁྱད་པར་ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་ལ་བློ་ཆུང་ཉན་ཐོས་ཀྱི་རིགས་ཅན་གྱིས་སྐྲག་ནས་སྤང་བ་ལྟར་མི་བྱ་བར་དགོངས་པ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐབས་ལ་འབད་པར་བྱ་དགོས་པ་ནི་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་སྟེ། དགེ་བའི་ཚོགས་ནམ་ཡང་ཆུད་མི་ཟ་བར་ལམ་དུ་སློང་བ་དང་། ཞེ་སྡང་གི་འབྲས་བུ་དམྱལ་བར་མི་སྐྱེ་བ་སོགས་ཕན་ཡོན་ཆེ་བས་ལྷག་པར་ཤེས་པར་བྱ། དེ་ནས་བརྩོན་འགྲུས་ལའང་གསུམ་སྟེ། སངས་རྒྱས་བྱང་སེམས་དམ་པ་གོང་མ་རྣམས་ཀྱིས་དང་པོ་ཐོས་བསམ་སྒོམ་པས་རང་དོན་སྒྲུབ་པ་དང་། ཡོན་ཏན་མཐའ་ཡས་ཤིང་དཀའ་སྤྱད་སྙིང་སྟོབས་ཚད་མེད་པས། འཆད་རྩོད་རྩོམ་པའི་གཞན་དོན་རྒྱ་ཆེ་རྒྱུན་རིང་རླབས་ཆེན་མཛད་པའི་རྣམ་ཐར་མཐའ་ཡས་པ་རྣམས་ཐོས་རུང་སྤོབས་པ་ནི་མི་ཞུམ་ཞིང་སྒྱིད་མི་ལུག །རང་ལ་མི་བརྙས་པར་ད་རེས་དལ་རྟེན་ཕུན་སུམ་ཚོགས་པའི་གནས་སྐབས་འདིར་བདག་གིས་ཀྱང་དེ་ལྟར་བརྩོན་པར་བགྱིའོ་སྙམ་པའི་བློ་ལྷག་པར་བསྐྱེད་པ་ནི་གོ་ཆའི་བརྩོན་འགྲུས་དང་གཅིག །དེའང་སང་བྱ་གནངས་བྱེད་ཀྱི་ངང་ནས་མི་ཚེ་ཟད་མི་ཤོར་བར་མི་རྟག་པའི་བསྐུལ་མ་མྱུར་དུ་གདབ་སྟེ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར་འཕྲལ་འཕྲལ་ཉིད་དུ་ཆོས་ལ་འཇུག་དགོས་པ་ནི་སྦྱོར་བའི་བརྩོན་འགྲུས་ཞེས་པ་དང་གཉིས། དེའང་མཚམས་དང་བསྙེན་སྒྲུབ་ཁ་བཏོན་དགེ་སྦྱོར་ཞག་དང་ཟླ་བ་ལོ་ཤས་ཙམ་ལ་སོགས་ཅུང་ཟད་འགྲུབ་པ་དང་རྟགས་མཚན་ཉམས་མྱོང་ཕྲན་བུ་ཕྱོགས་རེ་ཙམ་ལ་ཆོག་ཤེས་མི་བྱ་བར་ཚེ་དང་སྒྲུབ་པ་མཉམ་པའི་དམ་བཅའ་བླངས་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བརྩོན་འགྲུས་རྒྱུན་རིང་ལ་ཤུགས་དྲག་པ་ཆུ་བོའི་རྒྱུན་བཞིན་ཉིན་མཚན་བར་མེད་དུ་འབད་དགོས་པ་ནི་ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང་གསུམ་སྟེ་ཕན་ཡོན་ཀྱང་འཇིག་རྟེན་ཀུན་གྱིས་མཆོད་ཅིང་བསྟོད་པ་དང་། རང་གི་བསམ་པ་མ་ལུས་པ་འགྲུབ་པ་དང་། ཡོན་ཏན་ཚོགས་རྣམས་ངང་གིས་འཕེལ་ཞིང་མྱུར་དུ་མྱ་ངན་ལས་འདས་པར་བྱེད་པས་ལྷག་པར་ཤེས་དགོས། དེ་ནས་བསམ་གཏན་ལའང་གསུམ་སྟེ། དེའང་འཇིག་རྟེན་འདིར་སྣང་གི་ཕ་མ་གཉེན་གྲོགས་དང་ཕུ་འབྲོག་པ་མདའ་ས་ཞིང་དགྲ་འདུལ་གཉེན་སྐྱོང་ཟས་གོས་དོན་གཉེར་འགྲོ་འདུག་བྱ་བཞག །འདུ་འཛིའི་གཡེང་བ་སོགས་ཐམས་ཅད་སྤངས་ནས། མི་མེད་ལུང་སྟོང་དུ་མི་ཚེ་བསྐྱེལ་ཏེ་གནས་དབེན་ས་རུ་འདུག །གྲོགས་རི་དྭགས་དང་འགྲོགས། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ཏེ་དབེན་པའི་གནས་བརྟེན་ནས་ལུས་ངག་ཡིད་གསུམ་ཤིན་ཏུ་བག་ཕེབས་པའི་ངང་ནས་ལུས་གནད་དང་རླུང་གནད་ཡིད་ཀྱི་གནད་རྣམས་ལེགས་པར་གཅུན་ནས་བླ་མའི་རྣལ་འབྱོར་སོགས་སྒོམ་པ་གལ་གནད་ཆེ་བའི་རང་བཞིན་དུ་བྱས་ནས། དང་པོ་བདེ་གསལ་མི་རྟོག་པ་ལ་ཞེན་ཅིང་ཆགས་ནས་དེ་ལ་སྒོམ་པའི་དུས་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་པ་དང་གཅིག །དེ་ནས་ཉམས་ཀྱི་ཞེན་པ་དང་བྲལ་ནས་སྟོང་འཛིན་གཉེན་པོའི་ཕྱོགས་ལ་ཞེན་ནས་སྒོམ་པའི་དུས་དོན་རབ་འབྱེད་ཀྱི་བསམ་གཏན་ཞེས་པ་དང་གཉིས། དེའང་སྟོང་འཛིན་གཉེན་པོའི་བློ་དང་བྲལ་ཏེ་ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་ལ་གནས་པ་ནི་དེ་བཞིན་གཤེགས་དགེའི་བསམ་གཏན་ཞེས་པ་དང་གསུམ་སྟེ། དེ་ལྟར་དབེན་པའི་གནས་བརྟེན་ལུས་ངག་བག་ཕེབས་ནས་སྒོམ་པའི་བསམ་གཏན་སོགས་ཀྱིས་འདོད་ཡོན་དང་ཉོན་མོངས་ཚོགས་རྣམས་མགོ་སྙོམས། སེམས་ལ་དབང་འབྱོར། སྤྱན་དང་མངོན་ཤེས་འཆར། རྫུ་འཕྲུལ་དུ་མ་འགྲུབ། ཉམས་རྟོགས་གོང་ནས་གོང་དུ་འཕེལ་ཏེ་བྱེ་བྲག་ཤེས་རབ་ལའང་གསུམ་སྟེ་མདོར་ན། ཐོས་པའི་ཤེས་རབ་ཀྱིས་ཕྱི་ཡི་སྒྲོ་འདོགས་རྣམས་ལེགས་པ་གཅོད་ཅིང་། བསམ་པའི་ཤེས་རབ་ཀྱིས་ནང་གི་ཐེ་ཚོམ་རྣམས་བཟློག་པ་དང་། སྒོམ་པའི་ཤེས་རབ་ཀྱིས་འཆད་རྩོད་རྩོམ་པ་གང་ལའང་ཐོགས་རྡུགས་མེད་པར་དགོངས་པའི་ཀློང་རྡོལ་ནས་རང་གཞན་གྱི་དོན་རྣམས་མངོན་དུ་གྱུར་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཡོངས་སུ་ཕྱིན་པའི་དགོས་ཆེད་སོགས་དུ་མར་ཡོད་པས་ཚུལ་བཞིན་ཉམས་སུ་ལེན་པ་ལྷག་པར་གལ་ཆེ་ཞིང་། དེ་ལྟར་ཕར་ཕྱིན་དྲུག་ལྡན་གྱི་ལམ་ལ་གཞི་བཅོལ་ཏེ་ཆོས་སྒྲུབ་དགོས་པ་ཡིན་ཞིང་། དེ་དག་ཀྱང་བདེན་མེད་སྟོང་པའི་ཤེས་རབ་ཟབ་མོས་རྩིས་ཡོངས་སུ་ཟིན་པར་བྱེད་པ་ནི་གལ་གནད་ཆེ་བའི་ཆོས་སུ་ཤེས་པར་བྱ་དགོས། དེ་ལྟར་སྨོན་འཇུག་གི་སེམས་བསྐྱེད་ནས་བསླབ་བྱ་རྣམས་ཚུལ་དང་ལྡན་པའི་ཕན་ཡོན་ནི་མཐའ་ཡས་པར་གསུངས་ཏེ། ངལ་གསོ་ལས། སྐད་ཅིག་སྦྱོར་བས་ཁྱབ་པའི་སེམས་མཆོག་གིས། །བསྐལ་པ་མང་པོའི་ཚོགས་གཉིས་ཟླུམ་པར་གསུངས། །དེ་ལྟར་གྲངས་མེད་གསུམ་སོགས་གསུངས་པ་ཀུན། །མྱུར་དུ་རྫོགས་དང་རིང་དུ་རྫོགས་པ་དང་། །ཚེ་གཅིག་གྲོལ་བ་བློ་ཡི་སྟོབས་ལ་རག །དེ་ཡང་ཐབས་དང་ཤེས་རབ་བརྩོན་འགྲུས་མཆོག །གསུམ་གྱིས་བསྒྲུབས་ན་བླ་མེད་སྟོབས་ཆེའོ། །ཞེས་དང་། སྤྱོད་འཇུག་ལས། མི་ལྡོག་པ་ཡི་སེམས་འདིས་ནི། །སེམས་དེ་ཡང་དག་བླངས་གྱུར་ན། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་འབྱུང་ངོ་། །ཞེས་དང་། ཡོན་ཏན་མཛོད་ལས། སྦྱིན་སོགས་ཕ་རོལ་ཕྱིན་པ་རྣམ་པ་ལྔས། །ངོ་བོ་ལུང་དུ་མ་བསྟན་ལྕགས་ཁམས་སུ། །རྣམ་པར་ཉམས་པ་ཐབས་ཤེས་གསེར་འགྱུར་རྩིས། །ཐེབས་པའི་མོད་ལ་རིན་ཐང་ཆེན་པོ་བྱེད། །ཅེས་དང་། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་ནས་མི་ཟད་འཕེལ་བར་འགྱུར། །ཞེས་དང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་ངག་དང་། སེམས་ཀྱིས་རྩོམ་པ་ཐམས་ཅད་དོན་ཡོད་པ་སྟེ། རྟག་ཏུ་དགེ་བ་འབའ་ཞིག་ཏུ་རོ་གཅིག་པར་འགྱུར་རོ། །ཞེས་གསུང་པ་ལྟར། མདོར་བསྡུ་ན། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་དུ་འགྲོ་བ་དང་། དགེ་བ་སྣ་གཅིག་སྤྱོད་རུང་སངས་རྒྱས་ཀྱི་ཡོན་ཏན་སེམས་ཅན་གྱི་གྲངས་དང་མཉམ་ཞིང་། དགེ་རྩ་ནམ་ཡང་ཆུད་མི་ཟ་བར་གོང་ནས་གོང་དུ་འཕེལ་བ་དང་། བསོད་ནམས་རྒྱ་ཆེ་བ་ཐོབ་ཅིང་སངས་རྒྱས་ཀྱི་གདུང་འཛིན་པ་དང་གཞན་དོན་རླབས་པོ་ཆེ་འགྲུབ་པ་སོགས་དང་། མཚམས་མེད་ཀྱི་ལས་བསགས་ནས་དམྱལ་བར་སྐྱེས་རུང་དར་གྱི་ཕོ་ལོང་བརྡབ་པ་ཙམ་ལས་གནས་མི་དགོས་པ་དང་། གཞན་སྡིག་བྱས་ཐམས་ཅད་དུས་མཐའི་མེ་ལྕེས་རྩྭ་སྦུར་བསྲེགས་པ་ལྟར་འཇོམས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བའམ། ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་མཆོག་སྟེ་མྱུར་དུ་བླ་ན་མེད་པའི་ཁང་བཟང་དུ་བགྲོད་པའི་བཞོན་པ་བཟང་པོ་ལྟ་བུ་ཡིན་པ་སོགས་ཕན་ཡོན་ཚད་མེད་པས་ལྷག་པར་ཤེས་དགོས་སོ།།  ༈  །།དེ་ནས་རྡོར་སེམས་སྒོམ་བཟླས་ཀྱི་རིམ་པ་ནི། དང་པོ་དཔལ་རྡོ་རྗེ་སེམས་དཔའི་མཚན་དོན་ནི། ལོངས་སྐུ་ནི་ངེས་པ་ལྔ་དང་ལྡན་པས་ན་དཔལ། དེ་ནི་འཕོ་འགྱུར་བགྲེས་རྒུད་གཞོམ་གཞིག་ལས་འདས་པས་ན་རྡོ་རྗེ། དེའི་ངང་ལས་སྤྲུལ་པ་སྣ་ཚོགས་འབྱུང་བས་ན་སེམས་དཔའ་ཞེས་བྱ་སྟེ། དེ་ནི་རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཀུན་གྱི་གཙོ་བོ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པར་བཤད་དེ། ལྷ་ཐམས་ཅད་ཞི་ཁྲོ་དམ་པ་རིགས་བརྒྱ་རུ་འདུས་པ་དང་། དེའང་རིགས་ལྔའི་ཁོངས་སུ་གཏོགས་པ་དང་། དེའང་གསང་ཆེན་གྱི་ལྷ་རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཡོངས་སུ་འདུས་པའི་རང་བཞིན་ཅན་ཏེ། བཀྲ་ཤིས་རིག་པ་ཁུ་བྱུག་གི་རྒྱུད་ལས། ཆོས་སྐུ་རོ་གཅིག་འགྲོ་དོན་བྱེད་མཉམ་སྟེ། །མོས་པའི་བློ་ལ་སོ་སོ་ཉིད་དུ་སྣང་། །ཡེ་ཤེས་དབྱིངས་སུ་ཕྱག་རྒྱ་ཀུན་གཅིག་ཕྱིར། །བདེ་གཤེགས་གཅིག་སྒོམ་རྒྱལ་བ་ཀུན་གྱི་ངང་། །ཞེས་དང་། རྒྱུད་གསང་སྙིང་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླར། །ཡེ་ཤེས་རྒྱལ་པོ་སྟེང་དཀྱིལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །གང་ཟག་དེ་ཡིས་བསྒོམ་པར་འགྱུར། །ཞེས་གསུངས་པ་ལྟར་རིགས་ཀུན་རིགས་གཅིག་ཏུ་འདུས་པ་དང་། མ་ཟད་སྔོན་གྱི་ཐུགས་བསྐྱེད་པས་བདག་གི་མཚན་ཙམ་འཛིན་པ་ཐམས་ཅད་ཀྱི་སྡིག་ལྟུང་བྱང་བར་ཤོག་ཅེས་སྨོན་ལམ་བཏབ་པས་ཡོངས་སུ་འགྲུབ་ནས་སངས་རྒྱས་པ་ཡིན་པས་ན་ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་དུ་ཕྱིན་ནས་བཤགས་པའི་ཐབས་ལ་འབད་པ་བས། གོང་དུ་བཤད་པ་བཞིན་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་དང་སྡུད་པའི་བྱེད་པོ་དཔལ་རྡོ་རྗེ་སེམས་དཔའ་བསྒོམས་ནས་བཤགས་པ་བྱེད་པ་འདི་ཉིད་འགྱུར་སྟོབས་ཆེ་སྟེ། དེའི་ངོ་བོ་ནི་ད་ལྟའི་རྩ་བའི་བླ་མ་ཉིད་ཡིན་པར་ཤེས་པས་བྱིན་རླབས་ལྷག་པར་འཇུག་མྱུར་བའི་དགོས་ཆེད་ཡོད་པ་སོགས་དག་བྱེད་རྒྱལ་བའི་ཡོན་ཏན་དེ་དང་དེའི་རང་བཞིན་དུ་ཤེས་པར་བྱས་ནས། དེ་ནས་དག་བྱ་རང་རྒྱུད་ཀྱི་ཉོན་མོངས་སྡིག་སྒྲིབ་རྣམས་ཕྱོགས་ཙམ་ངོས་བཟུང་བའི་ཕྱིར་དུ་མདོ་ཙམ་མ་བཤད་ན་རང་རེ་རྣམས་ཐོག་མ་མེད་པ་ནས་འཁྲུལ་བ་རྒྱ་འབྱམས་ཤིང་གཉེན་པོ་ཤུགས་ཆུང་སྡིག་ལ་འགྲོགས་ཡུན་རིང་བས་སྒྲིབ་པ་གཏིང་ཟབ་པའི་དབང་གིས་ལས་དང་པོ་པའི་སྐབས་སུ་ངོ་ཤེས་མཁན་དང་སྒྲིབ་སྦྱོང་བྱ་དགོས་དོན་ཙམ་ཧ་གོ་དཀའ་བ་ལྟ་བུར་མཐོང་བས། ངོས་ཙམ་མ་ཟིན་ན་ཅི་བཤགས། བླང་དོར་ཅི་བྱ། བླང་དོར་དང་བཤགས་པ་མ་བྱས་ན་ཉེས་ལྟུང་ཕ་མཐའ་ཡས་པ་རང་ཤུགས་ཀྱིས་འགོས་ཤག་རེད་པས་ན། དེ་ཕྱིར་སྦྱང་བྱ་སྡིག་པའི་སྒོ་དྲུག་ཅེས་པ་ནི། དང་པོ་ཀུན་སློང་གི་སྒོ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱིས་ཀུན་ནས་བསླངས་པ་དང་། གཉིས་པ་རྟེན་གྱི་སྒོ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལས་བསགས་པ་དང་། གསུམ་པ་ཡུལ་གྱི་སྒོ་ནི་བླ་མ་དང་མཁན་པོ་མཆེད་གྲོགས་སོགས་ཡུལ་ཁྱད་པར་ཅན་དང་། ཕ་མ་རྒན་ཁོག་དང་། ཡུན་རིང་གི་ནད་པ། ཐག་རིང་གི་ཨར་སྐྱོ་སོགས་དམན་པ། བཞི་པ་ངོ་བོའི་སྒོ་ནི་མི་དགེ་བཅུ་དང་། མཚམས་མེད་ལྔ་སོགས་དང་བཅས་པའི་ལྟུང་བ་སྡོམ་པ་གསུམ་དང་འགལ་བའི་རིགས་དང་། ལྔ་པ་དུས་ཀྱི་སྒོ་ནི་འཁོར་བ་ཐོག་མ་མེད་པ་ནས་ཉི་མ་དེང་གི་བར་དུ་ལོ་ཟླ། ཉི་མ་དུས་ཚོད་དེ་དག་དང་། དྲུག་པ་བྱེད་ལས་ཀྱི་སྒོ་ནི་ཚེ་འདིར་ནད་མང་། ནོར་དབུལ་དགྲས་འཇིག་པ་སོགས་དང་། ཕྱི་མ་ངན་འགྲོ་མུ་མཐའ་མེད་པའི་རྒྱུར་གྱུར་པ་སོགས་ཀྱི་སྒོ་ནས་བཤགས་དགོས་ཤིང་། དེའང་ཅུང་ཟད་སྤྲོ་ན། རང་རེ་རྣམས་ཚེ་རབས་ཐོག་མ་མེད་པ་ནས་དེང་གི་ཕན་ཆད་སྤྱིར་མ་རིག་པས་བསྒྲིབས། སྒོས་ཉོན་མོངས་ཤུགས་དྲག་པོ་གསུམ་གྱིས་ཀུན་ནས་བསླངས་པས། ལས་མི་དགེ་བ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་རང་གིས་སྤྱོད་པའམ། གཞན་ལ་བྱེད་དུ་འཇུག་པའམ། བྱེད་པ་ལ་རྗེས་སུ་ཡི་རངས་སྐྱེས་པ་ཚུན་ཆད་དང་། ཐ་ན་ལག་གིས་ལས་དང་འགྲོ་འདུག་བབ་ཅོལ་དུ་བྱས་པ་དང་། ཟས་གོས་ལ་རྒྱུན་ཆད་མེད་པ་ལོངས་སྤྱོད་པ་དང་། གཉིད་དུ་ཡོལ་བའི་སྐབས་འཁྲུལ་སྣང་དྲག་པོ་སྣ་ཚོགས་དང་། ངག་གི་དོན་ཡོད་ལ་མེད་ཆགས་སྡང་བར་མ་དོའི་གཏམ་ལབ་པ་དང་། ཡིད་ཀྱི་དྲན་འཁྲུལ་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་སོགས་ངོས་ཕྱོགས་ཙམ་ཟིན་ལ་མི་ཟིན་ལ་སྡིག་པ་མི་དགེ་བའི་ལས་གྲངས་མེད་པ་ཞིག་ད་ལྟ་ཉིན་ཞག་རེའི་ཁོངས་སུ་ཆུའི་གཉེར་མ་བཞིན་བསགས་དང་གསོག་བཞིན་པ་འདི་ལྟར་དུ་སྐྱེ་འཆི་ཁོར་མོ་ཡུག་ཏུ་སྡུག་བསྔལ་བར་མ་ཆད་པར་བསྐལ་པ་ཡེ་གདོད་མ་ནས་ད་ལྟའི་བར་སྐད་ཅིག་ཀྱང་དལ་ཁོམ་མེད་པར་སྡིག་པའི་ཡོ་ལང་འཁྲུགས་པ་ཁོ་ན་ལ་ལོངས་སྤྱོད་བཞིན་དེ་དག་ལ་བཤགས་པའི་གཉེན་པོ་གཞི་ནས་མེད་པས་དགེ་བ་སྟོབས་ཤུགས་ཆུང་བ་དང་། དེ་བཞིན་སྡིག་ལྟུང་གི་རིམ་པ་ཆེས་ཆེར་འཕེལ་ནས་ཞག་ཟླ་ལོ་གྲངས་ཀྱི་སྐྱེ་བ་ཚེ་རབས་དུ་མར་སོང་བའི་ཉེས་ལྟུང་ནི་ཕ་མཐའ་ཡས་པ་ཞིག་ཡོད་པའི་རང་བཞིན་ནི་གཞིར་བཅས་མངོན་སུམ་དུ་གྲུབ་འདུག་མོད། རུ་ཏྲའི་སྨྲེ་བཤགས་ལས། གདོས་བཅས་ལུས་བླང་གྲངས་མེད་གཤེགས་གྱུར་ཀྱང་། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཞེས་པ་ལྟར་ཡིན་པས། དེས་ན་གང་ཟག་རབ་འབྲིང་ཐ་མ་གསུམ་ཀས། ད་ལྟ་ཐབས་རྣམས་དང་ལྡན་རང་དབང་ཡོད་དུས་འདིར། བཤགས་པས་སོར་ཆུད་ངེས་རེ་མཛད་པ་ཅི་ནས་གལ་ཆེ་བའི་རང་བཞིན་དང་། ཁྱད་པར་དུའང་རང་རེ་བླ་མ་གྲྭ་པ་ཆོས་པ་རྣམས་ཆོས་ཀྱི་སྒོར་ཡོངས་སུ་ཞུགས་ཀྱང་། ཕྱི་སོ་ཐར་གྱི་སྡོམ་པ། ནང་བྱང་སེམས་ཀྱི་བསླབ་པ། གསང་བ་གསང་སྔགས་ཀྱི་དམ་ཚིག་མཐའ་ཡས་པ་ལས། སྤང་བླང་གི་རིམ་པའི་ཆ་རྒྱས་འབྲིང་བསྡུས་ཙམ་གང་ཡིན་ཡང་རུང་ཚིག་ཙམ་མི་ངེས་པར་ཅི་ཡིན་གང་ཡོད་ཅི་འདྲ་བྱ་དགོས་ཕྱོགས་ཙམ་མི་ཤེས་པར་ཉིན་རེའི་ཁོང་ན་མི་དགེ་བཅུ་པོ་ཆ་ཚང་རེ་གསོག་བཞིན་པ་དང་། བྱེ་བྲག་ཏུ་ས་དགེ་རྙིང་མ་ཀར་འབྲུག་སོགས་ཀྱི་བསྟན་པ་སྤྱི་དར་ཆེ་བའི་དབང་གིས་དེང་སང་ཆུང་བྱིས་པ་ནས་རྒན་རབས་ཕལ་པ་རྣམས་དང་བླ་མ་གྲྭ་པ་ཆོས་པ་སོགས་ལ་དབང་དང་སྡོམ་པ། སྐྱབས་འགྲོ་དང་སེམས་བསྐྱེད། ཁྲིད་ལུང་སོགས་ལན་གྲངས་ཐོབ་མཁན་མང་བ་དང་ཆོས་འབྲེལ་སྣ་རེ་མ་ཐོབ་པ་མེད་པ་ལྟ་བུར་འདུག་རུང་། དོན་དུ་དབང་སྲོག་དམ་ཚིག་དང་། སྐྱབས་སེམས་ཀྱི་དོན་དང་བསླབ་བྱ། ཁྲིད་ལུང་ཐོབ་པའི་སྒོམ་ཉམས་ལེན་བྱ་དགོས་སྙམ་པའི་ཆགས་འཇོག་ཙམ་མི་བྱེད་པ་དང་། སེམས་བསྐྱེད་དང་། བསྐྱེད་རྫོགས་མི་ལྡན་པ་དང་། ཆོ་ག་ཆད་ལྷག་སོགས་སོང་བ་དང་། བླ་མ་རྣམས་ལ་གཤིན་པོའི་རྣམ་ཤེས་ཀྱི་ཁག་འཁྲི་བ་དང་། གྲྭ་པ་རྣམས་ལ་གསོན་པོའི་སྐུ་རིམ་གྱི་ཁག་འཁྲི་བ་དང་། གྲྭ་པའི་དཀོར་ནོར་རྣམས་ཁྱིམ་པ་ལ་ཁག་འཁྲི་བ་དང་། གཞན་ཡང་བཟོ་ཤེས་རིག་ལ་མཁས་པ་རྣམས་ཀྱང་། ལྷ་བཟོ་བྲིས་པ་སོགས་ཀྱི་བྲིས་བཞིན་མི་ལེགས་པ་དང་ཆད་ལྷག་བྲིས་ཤིང་། གཡོ་ལས་བྱེད་པ་དང་། སྔགས་པ་རྣམས་ཀྱིས་རྩིས་གཏོ་མདོས་སོགས་ཀུན་སློང་དང་བསྐྱེད་རྫོགས་མི་ལྡན་པའི་ཉེས་པ་དང་། སྨན་པས་སྨན་ལོག་པར་འཆོལ་བ་དང་། དེ་དག་གིས་ནི་དོན་དུ་གླ་ཡོན་ཟས་ལ་རྔམ་པ་གཙོ་བོར་འཛིན་ནས་ཕལ་པའི་ཉོ་ཚོང་བྱེད་པ་ལྟ་བུ་ལས། ལྷག་བསམ་དང་སེམས་བསྐྱེད་བཟང་པོ་ནི་ཕལ་ཆེས་ཅུང་མི་འབྱོངས་པ་དང་། མ་ཟད་མི་རུང་བའི་འདོད་ཞེན། རེ་འཁོན་ཆགས་སྡང་། ང་རྒྱལ་ཕྲག་དོག་སོགས་མི་དགེ་བའི་ལས་ངན་ཤུགས་ཀྱིས་གསོག་པ་ཐམས་ཅད་ཉེས་པའི་རང་བཞིན་དེ་ཁོ་ན་ལས་མ་འདས་པའི་ཚུལ་ཁྲིད་ཡིག་རྣམས་སུ་རྒྱས་ཤིང་རྒྱས་པ་ཕྲ་ཞིང་ཕྲ་བ་དུ་མར་གསུངས་འདུག་པ་དེ་ལྟར་རང་ཐོག་ཏུ་དཔེ་བླང་ནའང་གསུང་ཟབ་མོ་གནད་དུ་ཁེལ་བ་ཁོ་ན་བྱུང་བས་ཁྱེད་སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས་ཀྱང་ཉམས་ཕབ་ནས་དཔྱད་པ་ཁ་བསྐོར་ཏེ་ཤེས་མི་ཤེས་དབང་གིས་སྡིག་པ་བསགས་ཤོར་ཚད་གནོང་འགྱོད་དྲག་པོས་བཤགས་ཤིང་སོར་ཡོངས་སུ་ཆུད་པར་མཛད་དགོས་པ་ཡིན་མ་གཏོགས། ཉེས་ལྟུང་བསགས་པའི་སྡིག་སྒྲིབ་བག་ཆགས་ཀྱི་དྲི་མ་མཐུག་པོས་རང་རེ་རྣམས་དུས་དང་རྣམ་པ་ཀུན་ཏུ་གཡོགས་ནས་སྒྲིབ་བསྡད་ཡོད་པ་ནི་ད་ལྟའི་ཉིན་མཚན་གཅིག་གི་དགེ་སྡིག་གི་ལས་ཤས་ཆེ་ཆུང་དང་ཆོས་ལ་མོས་པ་སྐྱེས་དཀའ་བ་དང་འགྲུབ་དཀའ་བ་སོགས་ཀྱི་ཤུགས་ཀྱིས་མངོན་ཞིང་། དཔེར་ན་མེ་ལོང་ཞིག་ཡིན་རུང་བདག་ཏུ་མ་བཟུང་བའི་ལན་གྱིས། བཙའ་གཡའི་སྐྱོན་ཆེན་གྱིས་བཟུང་ཡུན་རིང་བ་ལྟ་བུར་ཡིན་ཞིང་། ད་རེས་བདག་ཏུ་བཟུང་སྟེ་དགེ་སྡིག་གི་སྐྱོན་ཡོན་ཕྱོགས་ཙམ་ཤེས་ནས་དེ་ལ་དོན་དམ་ཡེ་ཤེས་ཀྱི་གཟུགས་བརྙན་ཡོད་པ་བཞིན་དུ་འཆར་བར་རྩོམ་པ་ན་སྒྲིབ་སྦྱོང་དང་ཚོགས་བསགས་ཀྱི་རིམ་པས་བྱི་དོར་ལེགས་པར་བྱེད་པ་རང་ལས་ཐབས་གཞན་ནི་ཅི་ཡང་མ་མཆིས་ཏེ། ཨོ་རྒྱན་རིན་པོ་ཆེས། བྱིན་རླབས་དངོས་གྲུབ་ཀུན་གྱི་བགེགས། །སྒྲིབ་པ་རྣམ་གཉིས་ཡིན་པའི་ཕྱིར། །དེ་དག་རབ་ཏུ་སྦྱང་བར་གཅེས། །ཞེས་གསུངས་པ་ལྟར་དུ་དཔེར་ན་ཕྱི་མཛེས་ནང་རུལ་ཤིང་ཐོག་ཀུན་མན་ད་དང་མཚུངས་པའམ། མཛེ་ཅན་འབུས་གཡེངས་ལ་ཕྱི་ནས་གོས་རྒྱན་གྱིས་སྤྲས་པ་ལྟར་རམ། སྡིག་བྱས་ཀྱི་ལས་རྣམས་ནི་བཙན་དུག་ཧ་ལ་ནག་པོ་ཁོང་དུ་ཤོར་བ་ལས་ཀྱང་བརྒྱ་འགྱུར་གྱི་མཐུ་ཆེ་སྟེ། དེས་ན་ད་ལྟའི་སྐབས་འདིར་ལུས་ན་བ་དང་འཆི་རྐྱེན་བྱེད་པ་ཙམ་ལས། ཚེ་རབས་ཀུན་ཏུ་སྡུག་བསྔལ་ལ་སྦྱོར་བར་ག་ལ་ནུས་ཏེ། ལས་ངན་མི་དགེ་བས་ནི་ཚེ་འདིར་མི་བདེ་བར་རྐྱེན་ངན་རྣམ་པ་སྣ་ཚོགས་འབྱུང་བ་དང་། ཕྱི་མར་བར་དོའི་འཁྲུལ་སྣང་གི་མཚམས་སྦྱར་ནས་ངན་སོང་གི་གནས་སུ་སྐྱེ་ནས་སྡུག་བསྔལ་བཟོད་དཀའ་བ། ཤུགས་དྲག་པ། རྒྱ་ཆེ་བ། ཡུན་རིང་བ། མཐོང་མི་མངོན་པར་འབའ་ཞིག་གིས་མནར་ནས་ཚེ་རབས་ཐམས་ཅད་དུ་འཁོར་བའི་གནས་ལས་ནམ་ཡང་མི་ཐར་བ་བྱེད་པས་ཤིན་ཏུ་ནས་ཀྱང་ཕུང་ཚབ་ཆེ་བའི་རང་བཞིན་ཏེ། དེ་དག་སྐྱོན་མེད་ལྟ་བུར་འཇོག་ག་ལ་རུང་སྟེ་སྨན་དུ་རེ་ནས་དུག་ཟས་ནོར་བ་དང་འདྲ་བར་དེ་ཚུག་ནས་བསྐྱུར་བཏང་བ་བཞིན། གནོང་འགྱོད་དྲགས་པོས་སྡིག་སྒྲིབ་ལྷག་མེད་དུ་སྦྱང་བ་རབ་ལ་འབད་པ་ཅི་ནས་གལ་ཆེ་བ་ཡིན། དེ་ལྟར་སྦྱོང་བ་ལ་སྤྱིར་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་གང་ཟག་རྣམས་ཀྱི་བློ་རིམ་དང་བསྟུན་ཏེ་སྒྲིབ་སྦྱོང་གི་རྣམ་གྲངས་ས་གཞིའི་རྩི་ཤིང་དང་ནམ་མཁའི་སྐར་ཚོགས་ལྟ་བུ་དཔག་མེད་གསུངས་པའི་ནང་ཚན་སྙིང་པོ་མཆོག་ཏུ་གྱུར་པ་ནི། རང་ལུགས་གསང་ཆེན་གྱི་ལྷ་རིགས་རྣམས་ཀུན་འདུས་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་ཉིད་རང་ཡིན་ཏེ། དགོངས་པ་ཚིག་གསུམ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡིས་སྡིག་སྒྲིབ་ཀུན་བྱང་ནས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། སྙིང་པོ་རྒྱན་ལས། པད་དཀར་ཟླ་བའི་གདན་སྟེང་དུ། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ནས། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་རེ་བཟླས་གྱུར་ན། །ལྟུང་སོགས་བྱིན་གྱིས་བརླབ་པར་གྱུར། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་དང་། ལས་རྣམ་འབྱེད་ལས། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ཡང་། །ཁྱེད་ལ་གསོལ་བ་བཏབ་པས་བསྲབ་པར་འགྱུར། །རབ་ཏུ་བཤགས་ན་ཉེས་བྱས་ཐམས་ཅད་ཀུན། །ཤིན་ཏུ་རྩ་བ་ནས་ནི་བཏོན་པ་བཞིན། །ཞེས་དང་། སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་གྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་པ་ལྟར་དུ་ཡིད་ཁྱེད་ཤེས་ཀྱིས་ངེས་ཤེས་ལྷག་པར་བསྐྱེད་པ་སྔོན་དུ་སོང་ནས། ཉམས་ལེན་དངོས་གཞིའི་སྐབས་སུ་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ངེས་པར་བཤགས་པའི་ཐབས་ལ་འབད་དགོས་པ་ཡིན་གྱི། དེ་ཡང་ལས་གཞུང་གི་ངག་འདོན་གང་ཡིན་པ་རྣམས་དང་རིམ་པར་འགྲེལ་ཞིང་མདོར་བསྡུ་ན་འདི་ལྟ་སྟེ། དང་པོ་དཀོན་མཆོག་གསུམ་གྱི་རྟེན་ལ་བརྟེན་པས་སྡིག་པ་ཟད་ཅིང་བསྲབ་པར་བྱེད་པས་ན་རྟེན་གྱི་སྟོབས་ཞེས་བྱ་སྟེ། དེས་ན་རང་གི་སྤྱི་བོར་མདའ་གང་གི་སྡོང་པོའི་སྟེང་ན་པད་དཀར་འདབ་སྟོང་བཞད་པའི་ཟེའུ་འབྲུ་དམར་སེར་ཚད་དང་ལྡན་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་ན་ཧཱུྃ་ཡིག་དཀར་པོ་འོད་ཟེར་འབར་བ་ཅན་གནས་འགྱུར་བའི་ཚུལ་དུ་ངོ་བོ་ནི་མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་གསལ་བཏབ་དགོས་ཤིང་། དེའང་ཅུང་ཟད་སྤྲོས་ན། ཉེས་པའི་སྐྱོན་གྱིས་མ་གོས་པར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་སྐུ་མདོག་དཀར་གསལ་དྲི་མ་མེད་པ་གངས་རིའི་ལྷུན་པོ་ལ་ཟླ་གཞོན་བྱེ་བས་འཁྱུད་པ་ལྟ་བུར་གཟི་འོད་རབ་ཏུ་འབར་བ། དེ་ཡང་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་བརྡར་ཞལ་གཅིག་པ། ཐབས་དང་ཤེས་རབ་ཀྱི་མཚོན་བྱེད་ཕྱག་གཉིས་སྟེ། ཕྱག་གཡས་པ་ཐབས་རིག་སྟོང་གི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་ཤེས་རབ་སྣང་སྟོང་གི་དྲིལ་བུ་དཀུར་བརྟེན་ཅིང་། སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་། དབུ་སྐྲ་ཟུར་ཕུད་བཅིངས་པ་ནི་རིགས་ཐམས་ཅད་ཀྱི་འགྲན་ཟླ་དང་བྲལ་བའི་བརྡ། གདུལ་བྱའི་ཉོན་མོངས་པའི་གདུང་བ་སེལ་བའི་བརྡར། སྐུ་ལ་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆས་གོས་ལའང་དར་མཐིང་ཁྲའི་ཟི་ལྡིར་དབུ་རྒྱབ་ནས་འཕྱང་བ་དང་གཅིག །སྙན་གོང་ནས་དར་དཔྱངས་སྣ་ལྔ་འཕྱར་བ་ཕྱག་དཔུང་གཡས་གཡོན་ནས་འཁྱུད་དེ་སྣེ་མོ་ཅུང་ཟད་ཡར་འཁྱིལ་བ་དང་གཉིས། གར་གྱི་སྟོད་ཐུང་དཀར་པོ་དཔུང་པའི་ཕྱེད་ཙམ་དུ་སླེབ་པ་དང་གསུམ། དེ་སྟེང་སྟོད་ལེ་སྔོན་པོ་ལ་ལྗང་གུས་སྦབ་ལེ་ཕྱེད་པ་དང་བཞི། ཚིག་གུ་ཞེས་ཁ་དོག་སྣ་ཚོགས་པའི་སྨད་དཀྲིས་དང་ལྔ་ཡིན་ཞིང་། དེ་བཞིན་འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པས་འགྲོ་བའི་རེ་བ་སྐོང་བའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་ནི། རིན་པོ་ཆེའི་དབུ་རྒྱན་ཟེ་སྲོག་ཁང་པ་ནོར་བུའི་རྩེ་ཕྲན་འབར་བ་ཅན་དང་གཅིག །སྙན་རྒྱན་གཉིས་རིན་པོ་ཆེའི་གཞི་བྱས་པ་ལ་ནོར་བུའི་ཕྲ་ཚོམ་བཀྲ་བ་དང་གཉིས། རིན་པོ་ཆེ་སྣ་ཚོགས་སྤེལ་མར་བརྒྱུས་པའི་མགུལ་རྒྱན་ཐུང་ངུ་དང་གསུམ། རྒྱུ་དེ་དང་མཚུངས་པའི་ནུ་སྟེང་དུ་སླེབ་པ་སེ་མོ་དོ་དང་བཞི། ཡང་དེ་བས་རིང་ཙམ་ལྟེ་འོག་སླེབ་པའི་དོ་ཤལ་དང་ལྔ། དཔུང་རྒྱན་དང་ཕྱག་གདུབ་སོར་གདུབ་གཡས་གཡོན་རྣམས་ཆབས་ཅིག་ཏུ་རྩིས་པ་དང་དྲུག །ཞབས་ཀྱི་གདུབ་བུ་དང་བཅས་རྒྱུ་དང་བཟོ་དབྱིབས་བཀོད་པ་ཕྱོགས་མཚུངས་པ་དང་བདུན། དེ་བཞིན་སྐ་རགས་རིན་པོ་ཆེའི་ཕྲ་ཚོམ་གྱིས་བརྒྱན་པ་དྲ་བ་དང་དྲྭ་བ་ཕྱེད་པའི་མཛེས་པ་སྤྲས་པ་བརྒྱད་དང་ལྡན་པ་སྟེ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་ཞེས་པ་དེ་ལྟར་ཡིན། དེའང་སྤྲོས་པ་དང་མཛེས་ཆོས་ཏེ་རྒྱན་རང་ག་མ་ལྟ་བུ་མ་ཡིན་པར་ནང་གི་ཡོན་ཏན་རྣམས་ཕྱི་རོལ་དུ་མངོན་པར་འཆར་བ་སྟེ་དཔེར་ན་སྨན་གྱི་ཁ་བྱང་འདོགས་པ་ལྟ་བུར་ཤེས་པར་བྱེད་པ་ལས། ནང་གི་ཡོན་ཏན་རྣམས་མི་ཤེས་པར་ཕྱིའི་གཟུགས་བརྙན་ཙམ་སྒོམ་ལོ་བྱས་ན་དཔེར་ན་སྐུ་འདྲ་ནང་གཞུག་མེད་པ་དང་འདྲ་བས། དེས་ན་རྒྱན་ཆས་སྐུ་མདོག་ཞལ་ཕྱག་གར་སྟབས་སོགས་བརྡའ་དོན་རྟགས་ཀྱིས་རྩིས་ཡོངས་སུ་ཟིན་པ་གལ་ཆེ་བའི་རང་བཞིན་དང་། དེ་ལྟར་ཐབས་ཤེས་དབྱེར་མེད་ཀྱི་བརྡར་ཡུམ་སྙེམས་མ་དཀར་མོས་ཕྱག་གཡས་གྲི་གུག་འཛིན་པས་མགུལ་ནས་འཁྱུད་པ་གཡོན་ཐོད་པ་བདུད་རྩིས་གང་བར་བསྣམས་པ་ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་གཉིས་མེད་དུ་འཁྲིལ་ནས་བཞུགས་པར་གསལ། དེ་དག་ཀྱང་སྣང་ལ་རང་བཞིན་མ་གྲུབ་པ་ཆུ་ཟླ་ལྟ་བུ་ཡེ་ཤེས་ཀྱི་སྐུ་མངོན་སུམ་རང་བཞིན་དུ་གྲུབ་པ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་བླ་ན་མེད་པ་ཆེན་པོར་བཞུགས་པའི་སྤྱན་སྔར་དུ། མི་དགེ་བ་ལ་འགྱོད་པ་མང་བས་ན་རྣམ་པ་སུན་འབྱིན་པའི་སྟོབས་ཞེས་བྱ་སྟེ། དེས་ན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བཟུང་སྟེ་དེང་གི་ཕན་ཆོད་རྒྱུ་དུག་གསུམ་དུག་ལྔས་བསྐྱེད་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལས་མི་དགེ་བའི་རིགས་རྣམས་མདོར་ན་སྡོམ་པ་གསུམ་གྱི་གནས་ལ་འགལ་ཉམས་འདས་རལ་དུ་གྱུར་པ་ཤེས་དང་མི་ཤེས་ཅི་མཆིས་པ་ཐམས་ཅད་ངོ་ཚ་དང་འཇིགས་སྐྲག་གནོང་འགྱོད་དྲག་པོས་སྙིང་ནས་བཤགས་པར་བྱ་ན༑ དུས་ད་ལྟ་མྱུར་བ་ཉིད། འདུག་ས་འདི་དང་རྟེན་འདི་ཐོག་ཏུ་བྱང་ཞིང་དག་པའི་ཐུགས་རྗེ་རེ་མ་ཆུང་སྙམ་ནས་གསོལ་བ་དྲག་ཏུ་ཡང་ཡང་འདེབས་དགོས་པ་ཡིན། དེ་ནས་སླར་སྡོམ་པ་བླངས་ནས་སྡིག་པ་མི་བྱེད་པས་ན་སྡོམ་པའི་སྟོབས་ཞེས་བྱ་སྟེ་སྔོན་ཆད་བདག་མི་ཤེས་རྨོངས་པའི་དབང་དུ་གྱུར་པས་ལས་ངན་ཚབ་ཆེན་དེ་དག་རྣམས་བསགས་ཤོར་བ་རེད། ད་ནི་བླ་མའི་བཀའ་དྲིན་ལ་བརྟེན་པས་སྤང་བླང་གི་གནད་རྣམས་ཚུལ་བཞིན་ཤེས་ནས་བཟུང་སྟེ་ཤེས་བཞིན་དུ་དུག་འཐུང་བ་དང་། མཐོང་བཞིན་དུ་གཡང་ལ་མི་མཆོང་བར་ལུས་དང་སྲོག་ལ་ཐུག་ཀྱང་། སྡིག་པའི་ལས་ཆེ་ཕྲ་ཀུན་གཏན་ནས་མི་བགྱིད་པའི་རྒྱལ་བ་ཁྱེད་ཀྱི་སྤྱན་སྔར་དེང་འདིར་དམ་བཅའ་དྲག་པོ་ངེས་པར་ཕུལ་དགོས་པ་ཡིན་ཞིང་། ངག་འདོན་གྱི་འདོད་གསོལ་ཀྱང་དེ་ལྟར་འགྲེལ་བར་བྱ། དེ་ནས་དགེ་བའི་ལས་ལ་བརྩོན་པས་ན་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཞེས་པ་ཏེ། རྡོར་སེམས་ཡབ་ཡུམ་གཉིས་མེད་ཀྱི་ཐུགས་ཀར་ཟླ་དཀྱིལ་སྲན་མ་ཕྱེད་པའི་ཚད་ཀྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་སྤུས་བྲིས་པ་ལྟ་བུའི་མཐར་ཡིག་བརྒྱའི་སྔགས་འཁོར་རིམ་པ་ཕྱེད་གསུམ་དུ་བཀོད་པར་དམིགས་ནས་མ་ཡེངས་པར་གསོལ་འདེབས་ཀྱི་ཚུལ་དུ་རྩེ་གཅིག་བཟླས་པའི་རྐྱེན་གྱིས་ཐུགས་སྲོག་ཡིག་འབྲུ་རྣམས་ལས་ཐུགས་རྗེ་ཡེ་ཤེས་ཀྱི་ངོ་བོར་རྣམ་པ་བདུད་རྩི་དཀར་པོ་དངུལ་ཆུ་འདྲིལ་བ་ལྟར་ཆེས་ཆེར་བབ་ནས་སྐུ་ཡི་དབྱིབས་བརྒྱུད་རིམ་པར་སྦྱོར་མཚམས་ནས་ཐོན་ཏེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་པའི་སྟོབས་ཀྱིས་ངོ་བོ་ནི་ལུས་ནང་གི་ནད་ཐམས་ཅད་དེ་རྣམ་པ་ནི་རྣག་ཁྲག་དང་རླངས་པ་སྤྲིན་པའི་ཚོགས་དང་། ངོ་བོ་ནི་གདོན་ཐམས་ཅད། རྣམ་པ་ནི་སྡོམ་སྡིག་ཉ་སྦལ་དང་སྲེ་མོང་སོགས་སེམས་ཅན་གྱི་རིགས་དང་། ངོ་བོ་ནི་སྡིག་སྒྲིབ་ཐམས་ཅད་དེ་རྣམ་པ་ནི་དུ་བ་སོལ་ཁུ་རྡུལ་དང་རླངས་པའི་རྣམ་པར་གྱུར་ཏེ་བདུད་རྩིའི་རྒྱུན་གྱིས་ཤག་གེ་དེད་པས། རང་གི་འོག་སྒོ་གཉིས་དང་རྐང་མཐིལ་བ་སྤུའི་བུ་ག་རྣམས་ནས་ནག་ཉིལ་ལི་ལི་ཕྱིར་ཐོན་པའི་ངབ་ཀྱིས་ས་རིམ་པ་དགུ་ཤག་གེ་གས་པའི་འོག་ན་འཆི་བདག་གཤིན་རྗེའི་རྒྱལ་པོ་གླང་དམར་པོའི་རྣམ་པ་ཅན་འཇིགས་སུ་རུང་བ་དང་ལས་མཁན་འཁོར་ཚོགས་དང་བཅས་པའི་ཁ་ལག་བཟེད་པའི་ནང་དུ་སོང་བས་ཡོངས་སུ་ངོམས་ཤིང་ཚིམ་པར་གྱུར། ཤ་འཁོན་བུ་ལོན་ལན་ཆགས་ཐམས་ཅད་བྱང་ཞིང་དག་ནས་རང་གཞན་རྣམས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་གྲོལ་ཞིང་དེ་དག་ཀྱང་བྱང་ཆུབ་སེམས་དང་ལྡན་པར་གྱུར་ནས་མཐར་ས་གས་པའང་སུམ་པར་གྱུར་ཐལ་བསམ་མོ། །དེ་ནས་རང་ལུས་ཀྱི་རྩ་གསུམ་འཁོར་ལོ་བཞི་སོགས་བདུད་རྩིའི་རྒྱུན་གྱིས་ཡོངས་སུ་གང་བས་དཔེར་ན་ཤེལ་བུམ་འོ་མས་གང་བ་ལྟར་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་ནས་དབང་བཞི་ཐོབ། སྒྲིབ་བཞི་དག །དགའ་བཞིའི་ཡེ་ཤེས་སྐྱེས། སྐུ་བཞིའི་གོ་འཕང་ཐོབ་པའི་རྒྱུ་གྱུར་པར་བསམས་ནས་ངེས་ཤེས་བསྐྱེད་ཅིང་། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །ཞེས་སོགས་འགྱོད་བཤགས་བརྗོད་མ་ཐག་བུའི་བྱ་བ་བཟང་པོ་བྱེད་པ་ལ་མས་ལྷག་པར་རྗེས་སུ་ཡི་རང་བ་བསྐྱེད་པ་ལྟར་རྡོར་སེམས་ཉིད་ཐུགས་དགྱེས་བཞིན་པ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དག་པ་ཡིན་ནོ་ཞེས་གསུང་གིས་དབུགས་དབྱུང་ཞིང་ཐུགས་ཐིག་ལེའི་རྣམ་པར་འོད་དུ་རིམ་གྱིས་ཞུ་ནས་རང་ལ་དབྱེར་མེད་དུ་ཐིམ་པའི་རྐྱེན་གྱིས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཇི་བཞིན་གནས་གྱུར་པའི་ཐུགས་ཀར་ཟླ་དཀྱིལ་ཡུངས་འབྲུའི་ཚད་ཀྱི་དབུས་སུ་ཧཱུྃ་མཐིང་གི་མདུན་དུ་ཨོཾ་དཀར་པོ། གཡས་སུ་བཛྲ་སེར་པོ། རྒྱབ་ཏུ་ས་དམར་པོ། གཡོན་དུ་ཏྭ་ལྗང་གུ་བཅས་གསལ་ཞིང་ངག་ནས་དེ་ལྟར་བཟླས་པའི་རྐྱེན་གྱིས་ཡིག་འབྲུ་ལྔ་པོ་ལས་འོད་ལྔའི་ཟེར་འཕྲོ་བའི་རྩེ་མོར་འདོད་ཡོན་གྱི་ལྷ་མོ་བསམ་གྱིས་མི་ཁྱབ་པས་མཆོད་རྫས་དུ་མ་ཐོགས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཚོགས་རྫོགས་ཤིང་སྒྲིབ་པ་བྱང་ནས་ཐུགས་རྗེ་བྱིན་རླབས་ཀྱི་ངོ་བོ་འོད་ལྔའི་རྣམ་པ་ཆར་ལྟར་བབ་སྟེ་རང་ལ་ཐིམ་པས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཡོངས་སུ་ཐོབ་པར་བསམ་པ་ནི་མདོར་ན་རང་དོན་ཆོས་སྐུ་རྟེན་འབྲེལ་བསྒྲིགས་པ་ཡིན་པར་གསུངས། ཡང་འོད་ཟེར་སྣ་ལྔ་མར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡུག་བསྔལ་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་སྟེ་ཕྱི་སྣོད་ཐམས་ཅད་མངོན་པར་དགའ་བའི་ཞིང་ཁམས་སུ་གྱུར། ནང་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའ་རིགས་ལྔར་གྱུར་པའི་ཞལ་ནས་སྔགས་ཀྱང་འུར་དི་རི་རི་སྒྲོགས་པར་བསམ་པ་ནི་གཞན་དོན་གཟུགས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན་པའི་ངེས་ཤེས་ལྷག་པར་བསྐྱེད་དོ། །དེ་ནས་མཐར་ཐུན་བསྡུ་བའི་སྐབས་སུ་གཞལ་ཡས་ཁང་ནང་བཅུད་ལ། ནང་བཅུད་གཙོ་བོ་ལ། གཙོ་བོ་ཨོཾ་ནས་རིམ་པར་ཐུགས་སྲོག་ཧཱུྃ་ལ་ཧཱུྃ་ཞབས་ཀྱུ་ལ། ཞབས་ཀྱུ་འ་ཆུང་ལ། འ་ཆུང་ཧ་ཁོག་ལ། ཧ་ཁོག་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ། ཐིག་ལེ་ན་དཱའི་བར་རིམ་གྱིས་རྗེས་ཞིག་གི་ཚུལ་དུ་བསྡུས་ནས་མཐར་ནམ་མཁའི་འཇའ་ཚོན་གནས་མེད་དུ་ཡལ་བ་བཞིན་དུ་གང་ལའང་མི་དམིགས་པ་སྤྲོས་བྲལ་གདོད་མའི་ངང་དུ་ཡུན་ཅི་རིང་དུ་མཉམ་པར་བཞག་པར་བྱ་ཞིང་། དེ་ནི་སྤྲོས་མེད་དོན་དམ་པའི་སྒོམ་བཟླས་མཐར་ཐུག་ཡང་ཟབ་མཆོག་ཏུ་གྱུར་པ་ཉིད་ཡིན་པས་རིམ་གྱིས་ཤེས་པར་བྱ་དགོས་ཏེ། རྡོར་སེམས་མངོན་བྱང་ལས། ཡེ་སྲུང་ཐིག་ལེ་ཉག་གཅིག་པུ། །སྤང་བླང་ཡོང་གྲོལ་ཕྱལ་བ་ཆེ། །རང་བྱུང་ལྷུན་གྲུབ་ཆོས་ཀྱི་སྐུ། །དེ་ལྟར་རྟོགས་ན་བཤགས་པའི་རྒྱལ། །ཞེས་དང་། ཇི་སྐད་དུ། དྲང་པོ་འདུག་ལ་ཡང་དག་བལྟ། །འདི་ནི་འགྱོད་ཚངས་རྒྱལ་པོ་ཡིན། །ཞེས་གསུངས་པ་ལྟར་དང་། ཆོས་ཀྱི་རྒྱལ་པོའི་མདོ་ལས། སེམས་ཅན་གཅིག་སྟེ་གཉིས་སུ་མེད་པར་ཤེས་ན། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་སྟེ། དཔེར་ན་མེ་ལོང་གི་སྟེང་དུ་ལོ་སྟོང་གི་རྡུལ་ཆགས་པའང་གོས་ཀྱིས་ཕྱིས་པས་རྡུལ་མེད་པ་དང་མཚུངས་སོ། །ཞེས་དང་། ཁང་སྟོང་གི་མུན་ནག་ལོ་སྟོང་སོང་བའང་གསལ་བའི་མར་མེ་གཅིག་གིས་སེལ་བ་ལྟར་སེམས་ལ་ངོ་བོ་ཉིད་མེད་པ་ཡང་དག་པའི་བདེན་པ་མཐོང་བས་བསྐལ་པ་གྲངས་མེད་ཀྱི་སྡིག་པ་སྐད་ཅིག་མ་ལ་སྦྱོང་བར་འགྱུར་རོ། །ཞེས་དང་། དོན་དམ་པར་འཇུག་པའི་མདོ་ལས། ལྷའི་བུ་པདྨ་དཀར་པོས་གསོལ་པ། འཇམ་དཔལ་ལས་ཀྱིས་སྒྲིབ་པ་ཇི་ལྟར་སྦྱང་བར་བྱ་སྨྲས་པས། ལྷའི་བུ་ལས་ཀྱི་སྒྲིབ་པ་ནི་ལས་ཉིད་ཡེ་ནས་དངོས་པོ་མེད་པར་ཤེས་ན་ཚེགས་མེད་པར་འདག་པར་འགྱུར་ཏེ། དུང་ལ་སོལ་བས་གོས་པ་ན་རས་ཀྱིས་ཕྱིས་པ་དང་མཚུངས་སོ། །ཞེས་གསུངས་པ་ལྟར་དགོངས་པའི་སྐྱེལ་སོ་ངོ་མ་དེ་ལྟ་བུ་ལ་རིམ་གྱིས་ཤེས་པ་གལ་གནད་ཤིན་ཏུ་ཆེ་བ་དང་། གཞན་ཡང་སྒོམ་བཟླས་འདི་ལ་བརྩོན་འགྲུས་ལྷག་པར་བསྐྱེད་པའི་སྟོབས་ཀྱིས་ཉེས་ལྟུང་ཕྲ་མོ་རྣམས་ནི་རྩ་བ་ནས་འབྱིན་ཅིང་འབྲིང་པོ་རྣམས་ཁ་བྲི་ཞིང་མྱུར་དུ་རྩ་བ་ནས་དག་པར་བྱེད་པ་དང་། ཆེན་པོ་རྣམས་མི་འཕེལ་ཞིང་མགོ་མནན་ཏེ་རིམ་གྱིས་ལྷག་མ་མེད་པར་བྱང་བར་འགྱུར་ཏེ། དཔེར་ན་ཉི་མས་ཁ་བའམ་འཁྱག་ཞུ་བ་ལྟར་རམ་མུན་པ་སེལ་བ་ཇི་བཞིན་སྡིག་པ་བྱང་བཏུབ་ན་བཤགས་སུ་བཏུབ་པའི་ཕྱིར་ཏེ། དྲི་མེད་བཤགས་པའི་རྒྱལ་པོ་ལས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཡང་སྙིང་ཡི་གེ་བརྒྱ་པ་འདི༔ བདུན་ནམ་ཉི་ཤུ་རྩ་གཅིག་གམ༔ བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང་༔ ཉམས་ཆགས་ཀུན་ཀྱང་བྱང་གྱུར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྲས་ཀྱི་དམ་པར་དགོངས་པར་འགྱུར༔ ཞེས་དང་། ལུང་རྣམ་དབྱེ་ལས། གང་གིས་སྡིག་པའི་ལས་བྱེད་པ། །དགེ་བ་ཡིས་ནི་མཐར་བྱེད་དོ། །ཉི་ཟླ་སྤྲིན་ལས་གྲོལ་བ་བཞིན། །འཇིག་རྟེན་འདིར་ནི་དེར་སྣང་འགྱུར། །ཞེས་དང་། བཤེས་སྤྲིངས་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པ་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཤིང་། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་སོགས་ཕན་ཡོན་གྱི་ལོ་རྒྱུས་དང་ལུང་འདྲེན་མཐའ་ཡས་པར་གསུངས་པ་ལྟར། ངེས་ཤེས་ལྷག་པར་རྙེད་པ་ནི་གལ་ཆེ་བའི་རང་བཞིན་དུ་བྱ་དགོས་ཤིང་། སླར་ཡང་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའ་གཙོ་འཁོར་ལམ་གྱིས་གསལ་ནས། དགེ་བ་འདི་ཡིས་སོགས་བསྔོ་སྨོན་གྱིས་རྒྱས་ཡོངས་སུ་ཐེབ་པར་བྱའོ། །དེ་ལྟར་དམིགས་པ་ཐམས་ཅད། དང་པོ་ཤེས་པ་གཅིག་གི་ཐོག་ནས་འཆར་དཀའ་བས་རེས་འགའ་རྡོར་སེམས་ཡབ་ཡུམ་ཞལ་ཕྱག་རྒྱན་ཆས་དང་བཅས་པ་རིམ་གྱིས་གསལ་ནས་བཟླས། རེས་འགའ་འགྱོད་པ་དང་སྡོམ་སེམས་དྲག་པོ་ཡང་ཡང་བསྐྱེད་དེ་སྔགས་འཁོར་བསྐོར་ཞིང་བདུད་རྩི་འབེབས་སྦྱང་བྱ། རེས་འགའ་རང་ཉིད་རྡོར་སེམས་གནས་འགྱུར་གྱིས་དོན་གཉིས་བྱེད་པའི་དམིགས་པ་སྤྲོ་བསྡུ་སོགས་ལ་སེམས་རྩེ་གཅིག་ཏུ་གཏད་དེ་བཟླས་པར་བྱ་དགོས་པ་ཡིན་མ་གཏོགས། རང་ཡིད་རང་ལ་ཆེས་པ་ཞིག་ངེས་པར་མ་འགྲུབ་ཕྱིན་ཆོད་སྡིག་སྒྲིབ་དག་པ་ལ་ཕྱོགས་ཙམ་ག་ལ་ཉེ་བས། དེས་ན་བླ་མ་ལྷའི་ལེགས་སོ་ཞེས་གནང་བ་ཐོབ་པ་དང་། རི་རྩེར་ཕྱིན་པ་དང་། ནམ་མཁར་འཕུར་བ་དང་། ཉི་ཟླ་ཤར་བ་དང་། མེ་ཏོག་གི་ཚལ་དང་། ཁྲུས་བྱས་པ་དང་། གོས་དཀར་གྱོན་པ་དང་། ཤེལ་གྱི་མཆོད་རྟེན་རྙེད་པ་དང་། ལུས་ནས་མི་གཙང་བ་དང་འབུ་སྲིན་རྡོལ་བ་སོགས་དངོས་ཉམས་རྨི་ལམ་དུ་བྱང་བའི་རྟགས་མཚན་རྣམས་མངོན་དུ་མ་གྱུར་གྱི་བར་དུ་ཤུགས་དྲག་ལ་རྒྱུན་རིང་པོར་འབད་པ་གལ་ཤིན་ཏུ་ཆེ་སྟེ། ད་དུང་ཅི་ཡི་ཕྱིར་སྙམ་ནས་ཐེ་ཚོམ་འདྲ་སྐྱེས་ན་ཚེ་འདིའི་རྒྱལ་པོ་དང་བཙན་པོ། གཉེན་ཉེ་འབྲེལ་དང་ཡུལ་མི་སོགས་ཀྱི་ཕྱིར་རམ། ཡང་ན་ཁེ་གྲགས་གཏམ་སྙན་གྱི་ཕྱིར་རམ། ཡང་ན་དགྲ་འདུལ་གཉེན་སྐྱོང་གི་ཕྱིར་རམ། ཡང་ན་རང་གི་ཟས་གོས་རྒྱུ་ནོར་སོགས་ཀྱི་ཆེད་དུ་སྡིག་པ་ཆེ་ཕྲ་ཇི་ལྟར་བསགས་ཀྱང་རང་འཆི་དུས་བཞག་ས་མེད། བགོ་ས་མེད། གཞན་གྱི་ཁུར་རོགས་མི་བྱེད། དངོས་བརྒྱུད་བར་གསུམ་ནས་བསགས་པའི་སྡིག་པ་ཆེ་ཕྲ་ཐམས་ཅད་ཚེགས་མེད་རང་ཐོག་ཏུ་འོང་ནས་ལས་འབྲས་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་དུ་མ་བར་མེད་ཡུན་རིང་པོར་མྱོང་ནས་ཉམ་ཤིན་ཏུ་ཐག་པར་འགྱུར་བའི་དུས་དེར་སྔར་གྱི་རྒྱལ་བློན་ཉེ་འབྲེལ་སོགས་ཀྱི་སེམས་ཀྱིས་ཤེས་མཁན་མེད། རྣ་བས་ཐོས་མཁན་མེད། ལྟ་རྟོག་ཅུང་ཟད་ཙམ་ཡང་ཕེར་མཁན་མེད། རྒྱུ་ནོར་སྙན་གྲགས་ཐོབ་ཐང་སོགས་ཀྱིས་ཕན་པ་དང་སྐྱོབས་མཁན་སྐྲ་རྩེ་ཙམ་ཅང་མི་ཡོང་བར་ཐ་ན་རང་གི་མཐོང་ཕྱོགས་དང་ཐོས་ཕྱོགས་ཀྱི་ཡུལ་གྲུ་ཙམ་དུའང་དེ་དུས་མི་འོང་སྟེ། དེ་རྣམས་ཀྱི་ངན་གཡོ་ཆེན་པོས་རང་ཉིད་ཆེད་དུ་བསླུས་བཞག་པ་ལྟ་བུར་གྱུར་ནས། སྡིག་པ་ཆེ་ཕྲ་གང་བྱས་ཐམས་ཅད་ཀྱི་འབྲས་བུ་ནི་རང་རྐྱང་པའི་ཁུར་ཆེན་རི་བོ་ལྟ་བུར་ཁུར་ཏེ་ལྷག་མ་མེད་པ་སྦྱང་དགོས་ཤག་རེད་པས་དེས་ན་ད་ལྟ་ཐབས་ཤེས་གཉིས་ཀ་ལྡན་པའི་དུས་འདིར་དང་པོ་ནས་སྡིག་པས་མ་གོས་པའི་ཐབས་ལ་འབད་པ་ཅི་ནས་བྱ་དགོས་ཏེ། དཔེར་ན་རྫི་བོས་ཕྱུགས་ལུག་རྣམས་དགྲ་རྐུན་གཅན་གཟན་སོགས་ཀྱིས་བརླག་དོགས་ཀྱིས་ཉིན་མཚན་ཀུན་ཏུ་འཚོ་སྐྱོང་ཁོ་ནར་བྱེད་ཅིང་སྔ་དགོང་ཉིན་རེ་བཞིན་བསྔོ་བགྲང་དུ་མར་བྱེད་པ་ལྟར་དུ། རང་རེ་ནས་དྲན་དང་ཤེས་བཞིན་ལྡན་པའི་སྒོ་ནས་སྡིག་སྤང་དགེ་སྒྲུབ་རྣམས་འཆོལ་ཉོག་རེད་ཀྱིན་ཨེ་འདུག་མི་འདུག་དྲན་ཤེས་བག་ཡོད་ཀྱིས་བརྟག་དཔྱད་རྒྱུན་དུ་བྱ་ཞིང་། གལ་ཏེ་མི་དགེ་བའི་ལས་ཀྱི་རིགས་རྐྱེན་ངན་གློ་བུར་བས་བསགས་ཤོར་ཚེ་ལྟུང་བ་དེ་དང་འགྲོགས་ནས་ལེ་ལོ་སོགས་བྱས་ན་དུག་མདའ་ངན་པས་ཟིན་པ་ལྟར་རྒྱུད་འབྱམས་ནས་ཉེས་ལྟུང་སྣ་རེས་དམྱལ་བར་བསྐྱུར་ནུས་པར་གསུངས་པས། དེས་ན་ལྟུང་བ་དང་ཞག་ཏུ་ལན་གཅིག་གམ་སྐད་གཅིག་ཙམ་ཡང་མི་འགྲོགས་པར། དཔེར་ན་ཟས་དང་དུག་ནོར་དུས་ལ་འུར་སྐད་ཅིག་གཅིག་གིས་སྨན་པ་བོས་ཏེ་བཤལ་སྐྱུགས་གང་དྲག་གཏོང་དགོས་པ་ལྟར་སྡིག་བྱས་ལ་འགྱོད་པ་དྲག་པོས་མྱུར་དུ་བཤགས་ནས་ཡོངས་སུ་བྱང་བར་བྱ་དགོས་ཤིང་། མ་ཟད་ཕྱིན་ཆད་སྡིག་པ་མི་དགེ་བའི་རིགས་གཏན་ནས་མི་བྱ་བར་བསྡམས་པས་འཕྲོ་རྦད་ཀྱིས་ཆོད་ངེས་པར་བྱ་དགོས་པ་ཡིན་ཏེ། དཔེར་ན་སྔར་དུག་ནད་དྲག་པོས་མནར་བའི་མི་དེས། ཕྱིས་དུག་གི་སྒྲ་ཙམ་ཐོས་ནའང་ཤིན་ཏུ་འཇིགས་དངངས་དྲག་པོ་ལྷང་གི་སྐྱེས་ནས། ཟས་དང་སྤྱོད་ལམ་ལ་དུག་འདྲེས་དོགས་ཀྱིས་ཕྱོགས་དང་དུས་རྣམས་ཀུན་ཏུ་གཟབ་ཆ་རྩེ་གཅིག་བྱེད་པ་ལྟར་སྡིག་པའི་འཁྲུན་ཡོངས་སུ་ཆོད་པར་བྱེད་པ་ལས། སྐུད་པ་ཡར་སྒྲིམ་ཕྱིར་སྒྲིམ་བྱས་པ་ལྟ་བུས་སྡིག་པ་འདག་པ་དང་དགེ་བའི་དོན་འགྲུབ་པ་ཅིའང་མི་ཡོང་བས་ན་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་བརྟེན། ཤེས་བཞིན་པའི་བྱ་ར་བྱེད། བག་ཡོད་ཀྱི་ཚུལ་བཞིན་གནས་དགོས་པ་སོགས་ཡང་དག་པའི་དགེ་བ་འགྲུབ་འདོད་རྣམས་ཀྱིས་ཐོག་མཐའ་བར་གསུམ་སྡིག་པ་ཡོངས་སུ་སྦྱང་བའི་ཐབས་ཁོ་ན་དེ་ལྟར་ཐུགས་ལ་གཅིག་ཏུ་ཞོག་མཛོད།།  ༈  །།དེ་ལྟར་འགལ་རྐྱེན་སྡིག་སྒྲིབ་གྱི་ཉེས་ཚོགས་ཆེས་ཆེར་ཕར་བསལ་བར་བྱས་ནས། དག་པ་ཡེ་ཤེས་ཀྱི་ཆོས་སྐུ་མངོན་དུ་གྱུར་པའི་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་མཎྜལ་གྱི་རིམ་པ་ནི། དེའང་དང་པོ་ཚོགས་རྫོགས་པ་མཎྜལ་ཅེས་པའི་དོན་ནི་འབུལ་ཡུལ་དང་། འབུལ་བྱ་དང་། འབུལ་བྱེད་ཀྱི་རྣམ་པ་ཕུན་སུམ་ཚོགས་པས་ན་ཚོགས་ཞེས་པ་དང་། བསོད་ནམས་ཀྱི་ཚོགས་བསགས་པའི་རིམ་པ་ཐམས་ཅད་མཎྜལ་གྱིས་ཁོངས་སུ་ཅིག་ཆར་དུ་རྫོགས་པར་བྱེད་པས་ན་རྫོགས་ཞེས་པ་དང་། དེ་ལྟར་ལག་ཏུ་ལེན་པར་བྱེད་པའི་ཐབས་མཎྜལ་མཆོག་ཏུ་འཕགས་པ་ཡིན་པས་ན་རྫོགས་པར་བྱེད་པ་ཞེས་བྱ་སྟེ། རྒྱ་སྐད་དུ་མཎྜལ་ཅེས་པའི་དོན་ནི་བོད་སྐད་དུ་དཀྱིལ་འཁོར་ཞེས་ཟེར་བ་ཡིན་གྱི། དེ་ལྟ་བུ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འབུལ་བས་ན་འབུལ་ཞེས་བྱ་སྟེ། དེ་ལྟར་འབུལ་དགོས་པའི་དོན་སོགས་ནི། ཐ་ན་ད་ལྟ་འབྱོར་བ་ཡོད་མེད་རྣམས་ལ་དཔྱད་པ་རེ་གཏོང་ན། འདི་ལྟར་འཇིག་རྟེན་ན་ཕྱི་ཡུལ་གྱི་ས་ཞིང་ཆུ་ཤིང་ལོ་འབྲས་སྤང་ལྗོངས་བྲག་རི་ཡིད་འོང་སོགས་དང་། ནང་བཅུད་ཀྱི་སྐྱེ་འགྲོ་འཁོར་སློབ་འབངས་དང་སྒོ་ཟོག་དུད་འགྲོའི་རིགས་དང་། རིན་པོ་ཆེའི་རིགས་དང་རྒྱུ་ནོར་རྫས་བཟའ་བཏུང་ཟས་གོས་ལོངས་སྤྱོད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ་དང་། གསང་བ་རང་ལུས་ལ་དབང་པོ་སྒོ་ལྔ་དང་། སེམས་ལ་ཤེས་རབ་ཀྱི་འབྱོར་ཚོགས་དང་བཅས་པའང་སྔོན་རྣམ་དཀར་གྱི་ཚོགས་ཆེ་ཕྲ་ཇི་ལྟར་བསགས་པའི་འབྲས་བུ་ཁོ་ན་ལས་འབྱུང་བ་དང་། དེ་བཞིན་དཔྱད་ན་དབུལ་པོ་རྣམས་ལ་བདག་ཏུ་འཛིན་པའི་ས་དང་ཁང་ཁྱིམ་དང་། ཟས་གོས་སོགས་ཅུང་ཟད་ཙམ་ཡང་མེད་པར་ལུས་ལ་དབང་པོ་མ་ཚང་བ་དང་། ཤེས་པ་ལྐུགས་པ་དང་། མཐོང་བ་ཙམ་གྱིས་སྡུག་པ་དང་། འཁྱག་ལྟོགས་སྐོམ་གསུམ་དང་། ནད་གདོན་རྐྱེན་ངན་སྣ་ཚོགས་ཀྱིས་དུས་རྟག་ཏུ་ཤིན་ཏུ་མནར་ཏེ་ཕན་པའི་ཐབས་དང་འབྱོར་བའི་རྣམ་པ་གང་གིས་ཀྱང་དབུལ་བ་དེ་དག་ནི་སྔོན་བསོད་ནམས་ཀྱི་ཚོགས་མ་བསགས་པས་ན། ད་ལྟ་འབྲས་བུ་བདེ་སྐྱིད་ཀྱི་འབྱོར་བས་དབུལ་བ་ལས། གཞན་གང་གིས་ལན་པ་མ་ཡིན་ནོ། །དེ་བཞིན་སྔོན་བསྐལ་པ་བཟང་དུས་ལྟར་རྒྱལ་བློན་དང་སྡེ་འབངས་རྣམས་ནི་དེང་སང་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་བ་དང་ཡང་དག་པ་གསོག་མཁན་མེད་པའི་དབང་གིས་འབྲས་བུ་ཕལ་ཆེར་དབུལ་པོའི་རང་བཞིན་ཆབས་ཅིག་ཏུ་བྱུང་དང་འབྱུང་ལ་ཉེ་བ་ཤ་སྟག་སྟེ། དཔེར་ན་ས་བོན་རུལ་བའི་མྱུ་གུ་ལྟར་རམ། ཤུལ་རིང་མགྲོན་པོའི་ལམ་བརྒྱག་ཟད་པ་ལྟར་རམ། ལྟག་ཆུ་བསྐམས་པའི་རང་འཐག་བཞིན་དུ་འགྱུར་བ་དང་། མ་ཟད་རང་རེ་བླ་མ་གྲྭ་པ་ཆོས་བྱེད་རྣམས་ནི་རང་གཞན་གཉིས་དོན་གྱི་ཕྱིར་དུ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་མཁན་གྱི་གཙོ་བོ་ཡིན་རུང་། དེས་ཀྱང་དངོས་སུ་རྒྱུ་སྦྱོར་འབྱོར་བ་རྒྱ་ཆུང་བ་དང་ཁྱད་པར་སེམས་བསྐྱེད་དང་བསྐྱེད་རྫོགས་སོགས་ཀྱི་དོན་གཉེར་ཡང་དག་པ་ལྡན་མཁན་ཆེས་ཆེར་དཀོན་པ་དང་། མི་དགོས་པ་ཚེ་འདིའི་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་འཆོར་ནས་བསོད་ནམས་ཀྱི་ཚོགས་ཡང་དག་པ་གསོག་མཁན་མཆོད་ཡོན་གང་ལའང་དཀོན་པའི་ཕྱིར། དེའི་མཐུ་ལས་ད་ལྟ་ཕལ་ཆེར་ལ་ཡར་དཀོན་མཆོག་ལ་མཆོད་པ་དང་མར་ངན་སློང་ལ་སྦྱིན་པ་གཏོང་རྒྱུ་སོགས་ཆེར་མེད་ཐོག་ཐ་ན་རང་གི་ལོངས་སྤྱོད་རྒྱུ་ཟས་གོས་གཉིས་པོ་ཙམ་ཡང་དབུལ་གྲབས་ཀྱིས་དབྱར་ལྡོམ་སྟོན་ལྡོམ་རྒྱུན་དུ་བྱེད་དགོས་པ་མ་ཟད་ཚོང་ཁེ་སྤོག་དང་སྡིག་པའི་ལས་ལ་ཕལ་ཆེར་འབག་པ་ལས་ཐབས་ཅི་བྱ་མེད་པ་ལྟ་བུར་གྱུར་ནས་དགེ་བ་སྒྲུབ་པའི་ལོང་ཁོམ་ཆེར་མི་ཡོང་བ་རེ་དོགས་རྩོལ་སྒྲུབ་རྣམ་གཡེང་ཁོ་ནའི་དབང་དུ་ཚེ་ཟད་དགོས་པ་དེ་ཚོ་ཡང་རྒྱུ་བསོད་ནམས་ཀྱི་ཚོགས་ལེགས་པར་མ་བསགས་པའི་ལན་གྱིས་འབྲས་བུ་བདེ་སྐྱིད་ཀྱི་འབྱོར་ཚོགས་གང་གིས་ཀྱང་དབུལ་བ་ཡིན་འདུག་མོད་དེས་ན་འབད་རྩོལ་རི་བོ་ཙམ་བཟོ་བ་ལས། བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བའི་རང་བཞིན་ཡིན་ཏེ། རྒྱལ་བའི་བཀའ་བླ་མའི་ལུང་རང་རེའི་རིགས་པ་ཚད་མ་སོགས་ཀྱིས་ད་ལྟར་མཐོང་ཆོས་མྱོང་གྱུར་དུ་མངོན་སུམ་གྲུབ་འདུག་པས་ན་ཚོགས་བསགས་པའི་རིམ་པ་ལ་འབད་པ་ལྷག་པར་དུ་གལ་ཆེ་བ་དང་། བྱེ་བྲག་ཏུ་རང་རྒྱུད་ཀྱི་དགེ་བའི་བག་ཆགས་ཀྱི་རིགས་ཡོངས་སུ་སད་པ་དང་། དངོས་གཞིའི་ཉམས་མྱོང་འཕྲལ་དུ་སྐྱེ་སླ་ཞིང་གེགས་དང་གོལ་ས་རྣམས་ཆུང་བ་དང་ཁྱད་པར་རང་རེ་རྣམས་ཀྱིས་བསྒྲུབ་བྱ་དོན་དུ་གཉེར་བ་མཐར་ཐུག་རང་དོན་དུ་རྟོགས་པ་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་དང་། གཞན་དོན་དུ་ཐུགས་རྗེ་ཕུན་སུམ་ཚོགས་པ་གཟུགས་ཀྱི་སྐུ་སྟེ་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱིར་སྐུ་གཉིས་ཐོབ་པར་བྱེད་པ་སོགས་ཀྱི་དགོས་ཆེད་དུ་མ་ཡོད་པས་ན་ཚོགས་ལེགས་པར་གསོག་དགོས་ཏེ། མཎྜལ་གྱི་མདོ་ལས། འདི་ལ་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འབྱུང་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་སོགས་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བར་འགྱུར། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །ཞེས་དང་། རྒྱུད་ལས་ཀྱང་། ཚོགས་མ་བསགས་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང་། །ཚོགས་བསགས་པ་ལ་དངོས་གྲུབ་འབྱུང་། །ཏིལ་ལམ་འོ་མའི་མར་བཞིན་ནོ། །ཞེས་དང་། མདོ་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་བར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་ལུས་ངག་ཡིད་གསུམ་དང་ཕྱི་ནང་གསང་བའི་འབྱོར་བ་ཅི་རིགས་པའི་སྒོ་ནས་ཚོགས་བསགས་པའི་རིམ་པ་མཐའ་ཡས་པར་གསུངས་པའི་ནང་ཚན་མཆོག་ཏུ་གྱུར་པ་ནི་མཎྜལ་ཕུལ་བའི་རིམ་པ་འདི་ཉིད་རང་ཡིན་ཏེ། ཅི་ཕྱིར་སྙམ་ན་དངོས་པོའི་རྒྱུ་ནོར་རྫས་ལོངས་སྤྱོད་ཀྱི་འབྱོར་བ་ནི་རྒྱ་ཆུང་ཞིང་སྡིག་ཚོགས་དང་སེར་སྣའི་དྲི་མས་ཐོག་མཐའ་བར་དང་དངོས་བརྒྱུད་བར་གསུམ་ནས་མ་གོས་པ་ནི་ཇི་ལྟར་བྱས་ཀྱང་འབྱུང་དཀའ་ཞིང་། དེས་ན་གླིང་བཞི་གླིང་ཕྲན་སྟོང་གསུམ་འཇིག་རྟེན་གྱི་ཞིང་རབ་འབྱམས་མཐའ་དང་མུ་མེད་པ་རྣམས་དང་། ཐ་ན་བདག་ལུས་ལོངས་སྤྱོད་དང་བཅས་པ་སྒོ་གསུམ་འདུན་པ་གཅིག་དྲིལ་གྱི་བློ་ཡིས་ཡོངས་སུ་འཁྱུད་དེ་འབུལ་བ་ནི་བྱ་སླ་ལ་ཆོད་ཆེ་བའི་རང་བཞིན་གསང་སྔགས་ཐབས་ཀྱི་ཁྱད་ཆོས་དུ་མས་འཕགས་པ་ཉིད་ཡིན་ཏེ། གསང་འདུས་ལས། ཞིང་འདིར་རྒྱལ་སྲིད་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་འཇོ་བའི་གཞི། །ཉིན་བཞིན་ཤེས་རབ་ཅན་གྱིས་ཕུལ། །ཞེས་དང་། ཏཻ་ལོས། བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་ཡིན། །དོན་སྐྱེ་བ་མེད་པ་མ་རྟོགས་བར། །ཚོགས་གཉིས་ཤིང་རྟའི་འཕང་ལོ་དང་། །འབྲལ་བར་མ་བྱེད་ནཱ་རོ་པ། །ཞེས་དང་། ཁྱེའུ་སྣང་བྱེད་ཀྱི་ཞུས་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་ཀུན། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །དེ་ཡང་ཐབས་མཆོག་བླ་མེད་མཎྜལ་ཡིན། །ཞེས་སོགས་ཕན་ཡོན་མཐའ་ཡས་པ་དུ་མར་གསུངས་པ་ལྟར་ངེས་ཤེས་ཁྱད་འཕགས་ལྷག་པར་རྒྱུད་ལ་འབྱོར་བར་སྔོན་དུ་བྱས་ཏེ་ལག་ལེན་དངོས་སུ་བཏབ་པའི་སྐབས་སུ་མཎྜལ་གྱི་རྒྱུ་ནི་རབ་རིན་པོ་ཆེའི་རིགས་དང་། འབྲིང་འཁར་བ་དང་། ཟངས་ལ་སོགས་པ་དང་། བཀོད་རྒྱུའི་ཚོམ་བུ་ལའང་། རབ་རིན་པོ་ཆེའི་རིགས། འབྲིང་སྨན་སྣ་འབྲུ་རིགས་སོགས་ཅི་འབྱོར་རྣམས་རྡོ་ཐལ་དང་ཕུབ་མ་བྱ་བྲུན་སོགས་ཞིབ་པར་བསལ་ལ་ཆུས་བཀྲུ་ཞིང་། དྲི་བཟང་གིས་ཁ་དོག་བསྒྱུར་ནས་བ་བྱུང་གི་ཆུས་བྱུག་པ་དང་བཅས་ཚོགས་པར་བྱས་ནས་གནས་ཁང་བྱི་དོར་བྱས་ཆག་ཆག་བཏབ། མཆོད་པ་རྣམ་ལྔ་སོགས་རྒྱུ་བཟང་བ། སྤུས་གཙང་བ། བཀོད་ལེགས་པ་གསུམ་གྱི་སྒོ་ནས་རྒྱུན་མི་འཆད་པར་འབུལ། ཁྱད་པར་དངོས་སུ་སྟོན་པའི་སྐུ་དང་། སྡུད་པ་དང་གསང་སྙིང་རྩ་བ་གསུང་དང་། བཀའ་གདམས་མཆོད་རྟེན་སོགས་མཆོད་སྟེགས་ལ་བཀོད་ནས་སྒྲུབ་པའི་མཎྜལ་ནི་ཚོམ་བུ་ལྔ་འགོད་དེ་མཆོད་པའི་བྱེ་བྲག་གིས་བསྐོར་ཏེ་མདུན་སྟེགས་ཁར་བཞག་ལ་དམིགས་རྟེན་བྱས་ནས། ཨུ་རྒྱན་རྡོ་རྗེ་འཆང་སོགས་རྟེན་དང་བརྟེན་པའི་ཚོགས་ཞིང་རྣམས་ཁྲ་ལམ་མེར་སྤྱི་ལྟར་གསལ་བའི་སྤྱན་སྔར། མཆོད་པའི་མཎྜལ་དེ་མེ་ཏོག་ཅུང་ཟད་དང་བཅས་ལག་གཡོན་གྱིས་བཏེགས་ཏེ་སེམས་ཀྱི་དྲི་མ་མེད་པ་མཚོན་ཕྱིར་མཎྜལ་དེ་གཡས་ཀྱི་མཁྲིག་མས་ཕྱི་ནང་ལན་གསུམ་རེ་རེར་ཕྱིས་ནས་ཡན་ལག་བདུན་པ་བརྗོད་ཅིང་ཚིག་རྗེས་དོན་དྲན་བྱས་པའི་ངང་ནས་ས་སྐྱ་འགྲོ་མགོན་འཕགས་པས་མཛད་པའི་ལུགས་མཎྜལ་སོ་བདུན་མ་ཞེས་པ་འདི་གསར་རྙིང་ཀུན་ལ་ཡོངས་གྲགས་ཡིན་པས་དེ་ལྟར་ལག་ལེན་བཏབ་པ་ལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་པ་ནི་ས་གཞི་བྱིན་རླབས་ཀྱི་སྔགས་ཏེ་བོད་སྐད་དུ་རྡོ་རྗེའི་ས་གཞི་ཟེར་བ་ཡིན་པས་དེའི་ཚེ་བྱང་ཆུབ་སེམས་ཀྱི་རྒྱུན་བརླན་པའི་ཕྱིར་བ་བྱུང་དང་དྲི་བཟང་གིས་ཆག་ཆག་གདབ་སྟེ་འོག་གཞི་འབྱུང་བ་ནམ་མཁའ་སྔོན་པོ་དབྱིབས་གྲུ་གསུམ་པའི་སྟེང་དུ་རླུང་གི་རྡོ་རྗེ་རྒྱ་གྲམ་ལྗང་ཁུ་རྒྱ་ཡངས་པ། དེའི་སྟེང་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ཚད་གོང་དང་མཉམ་པ་ཞིག་འཁྱིལ་ནས་ཡོད་པའི་ཟུར་བཞི་ནས་འོག་གི་རླུང་ཅུང་ཟད་གཡོ་བའི་རྐྱེན་གྱིས་རྒྱ་མཚོའི་སྟེང་དུ་རིམ་པར་སྤྲིན་མ་ལྟ་བུ་ཞིག་ཆགས་ཏེ་མཐར་དབང་ཆེན་གསེར་གྱི་ས་གཞི་ཁོད་སྙོམས་པ་རྒྱ་ཁྱོན་རབ་ཏུ་ཡངས་པ་མཛེས་ཤིང་ལྟ་ན་སྡུག་པ་སྤོས་ཆུས་ཡོངས་སུ་གང་བ་མེ་ཏོག་སྣ་ཚོགས་བཅལ་དུ་བཀྲམ་པ་བཅས་གསལ་བར་དམིགས་ལ། དེ་ནས་གཡས་མཐེབ་སྲིན་གྱིས་མེ་ཏོག་གི་ཚོམ་བུ་བཟུང་སྟེ་ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ་ཞེས་པ་ནི་སྣོད་ཀྱི་ཡུལ་བྱིན་གྱིས་རླབས་པ་སྟེ་བོད་སྐད་དུ་རྡོ་རྗེའི་ལྕགས་རི་ཟེར་བ་ཡིན་པས་དེའི་ཚེ་གཞིའི་གཡས་སུ་བསྐོར་ནས་དབུས་སུ་བཞག་སྟེ་ཧཱུྃ་ཞེས་བགེགས་བསལ་ཞིང་། གླིང་བཞིའི་ཕྱི་རིམ་ལྕགས་རི་ནག་པོས་བསྐོར་བར་བསམ་ལ། དངོས་སུ་ལྕགས་རི་ཡོད་ན་ཕྱི་མ་དེ་རུ་རང་འགོད། སླར་ཡང་དེའི་སྟེང་དུ་ཚོམ་བུ་ཆེ་བ་ཞིག་འགོད་དེ་གསེར་གྱི་ས་གཞིའི་དཀྱིལ་དུ་རྒྱ་མཚོ་ཆེན་པོ་ཞིག་གི་དབུས་ན་རིའི་རྒྱལ་པོ་རི་རབ་གྲུ་བཞི་པ་འོག་མ་དང་པོ་གཡུའི་རྡོ་རྗེ་ཅན། གཉིས་པ་རྣམ་དཔུང་། གསུམ་པ་ཤེལ་འོད་འབར་བ། བཞི་པ་འཁོར་ལོ་རྣམས་བརྩེགས་ཞེས་པ་དང་། བུམ་ལྟེ་ཟླུམ་པོ་དང་བཅས་པ་ཤར་ཤེལ་ལས་གྲུབ་པའི་དཀར་པོ། ལྷོ་བཻཌཱུརྻ་ལས་གྲུབ་པའི་སྔོན་པོ། ནུབ་པད་རག་ལས་གྲུབ་པའི་དམར་པོ། བྱང་གསེར་ལས་གྲུབ་པའི་སེར་པོ་སྟེ་ཤིན་ཏུ་མཛེས་ཤིང་ལྷུན་ཆགས་པས་ན་རི་དབང་ལྷུན་པོ་ཞེས་པ་ཡིན་ཞིང་། དེའི་མཐའ་སྐོར་དུ་གཉའ་ཤིང་འཛིན་ལ་སོགས་པ་གསེར་གྱི་རི་བདུན་ཏེ། གཉའ་ཤིང་འཛིན་ཞེས་པ་ནི་ཤིང་རྟའི་གཉའ་ཤིང་ལྟར་རྩེ་མོ་དྲང་བ། བཤོལ་མདའ་འཛིན་ཞེས་བཤོལ་མདའ་ལྟར་དྲང་བ། སེང་ལྡེང་ཅན་ཞེས་རྩེ་མོ་ན་ནགས་ཚལ་ཡོད་པ། ལྟ་ན་སྡུག་ཅེས་རྩེ་མོ་མཛེས་པ། རྟ་རྣ་ཅན་ཞེས་སྟེང་ན་བྲག་རྟའི་རྣ་བ་ལྟ་བུ་ཡོད་པ། རྣམ་འདུད་ཅེས་རྩེ་མོ་ནང་དུ་འདུད་པ། མུ་ཁྱུད་འཛིན་ཞེས་ཐམས་ཅད་ཀྱི་མཐའ་ནས་བསྐོར་བས་ན་དེ་སྐད་ཟེར་བ་ཡིན་འདུག །དེ་བཞིན་རོལ་མཚོ་ཡན་ལག་བརྒྱད་ལྡན་གྱིས་བསྐོར་བའང་བསིལ་དྲོད་སྙོམས་པ། ལྗིད་ཡང་པ། རེག་བྱ་འཇམ་པ། རྙོག་པ་མེད་པ། རབ་ཏུ་དྭངས་པ། དྲི་མ་མེད་པ། མགྲིན་པ་ནས་འཇུག་བདེ་བ། ལྟོ་ལ་འཇུ་བདེ་བས་ན་ཡན་ལག་བརྒྱད་དང་ལྡན་པའི་རོལ་མཚོ་བདུན་གྱིས་བསྐོར་བ་མ་ཟད། རི་རབ་ཀྱི་སྟེང་ཕྱོགས་སུམ་ཅུ་རྩ་གསུམ་ལྷའི་གྲོང་ཁྱེར་ན་བརྒྱ་བྱིན་གྱི་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དང་། སྐྱེད་མོའི་ཚལ་ཁྲུས་ཀྱི་རྫིང་བུ། དཔག་བསམ་གྱི་ཤིང་། ལྷའི་རྡོ་ཨར་མོ་ནིག །ནོར་བུའི་ཕུང་པོ། མེ་ཏོག་རྙིང་པ་དོར་ཞིང་གསར་པ་བཅལ་དུ་བཀྲམ་པ༑ ལམ་སྲང་རྣམས་སུ་གསེར་གྱི་ཕྱེ་མ་བརྡལ་བ་ཙནྡན་གྱི་ཆུས་ཆག་ཆག་གདབ་པ་སོགས་འབྱོར་ཚོགས་བསམ་གྱིས་མི་ཁྱབ་པ་དང་། རི་རབ་ཀྱི་བང་རིམ་དང་གསེར་གྱི་རི་བདུན་ལ་རྒྱལ་ཆེན་རིགས་བཞིའི་ལྷ་དང་རོལ་མཚོ་བདུན་ཀླུ་རིགས་བཞི་སོགས་འདོད་དགུའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་བཅས་གསལ་ལ། དེ་ནས་ཤར་རང་ཕྱོགས་ནས་རྩིས་པས་ཚོམ་བུ་རེར་རིམ་པར་བཀོད་ལ་འཛམ་གླིང་གི་མི་ལས་བདུན་འགྱུར་གྱི་ལུས་དཔངས་མཐོ་བས་ན་ལུས་འཕགས་གླིང་ཞེས་བྱ་སྟེ་རྒྱུ་ནི་ཆུ་ཤེལ་ལས་གྲུབ་པ་དབྱིབས་ཟླ་གམ་སྟེ་ཟླ་བ་ཕྱེད་པ་ལྟ་བུ་དང་། རྒྱ་མཚོའི་ནང་ཤིང་འཛམ་བུ་བྲྀཀྵའི་ལོ་མ་ལྷུང་དུས་འཛམ་བུ་ཞེས་སྒྲ་གྲགས་པས་ན། ལྷོ་འཛམ་གླིང་ཞེས་བྱ་སྟེ་རྒྱུ་ནི་བཻཌཱུརྻ་ལས་གྲུབ་པ་དབྱིབས་སོག་ཁ་ཡིན། ནུབ་ཕྱོགས་ཀྱི་མི་རྣམས་ཀྱིས་བ་བཞོ་ཞིང་གླང་ལ་ཞོན་པས་ན། ནུབ་བ་གླང་སྤྱོད་ཞེས་བྱ་སྟེ་རྒྱུ་ནི་པད་རག་ལས་གྲུབ་པ་དབྱིབས་ནི་ཟླུམ་པོ་ཡིན། བྱང་ཕྱོགས་ཀྱི་མི་རྣམས་ཚེའི་དུས་ལ་བབ་བོ་ཞེས་དཔག་བསམ་གྱི་ཤིང་ལས་སྒྲ་མི་སྙན་པར་གྲགས་པས་ན། བྱང་སྒྲ་མི་སྙན་ཞེས་བྱ་སྟེ་རྒྱུ་ནི་གསེར་ལས་གྲུབ་པ་དབྱིབས་གྲུབ་བཞི་པ་བཅས་དམིགས་ལ་ཚོམ་བུ་སོ་སོར་བཀོད། དེ་ལྟར་ལྷུན་པོ་གསེར་རི་མུ་ཁྱུད་གླིང་བཞི་རྣམས་ནི་བསྐལ་པ་དང་པོ་ཆགས་པའི་དུས་རླུང་གིས་འབྱེད་སྡུད་རབ་འབྲིང་ཐ་མས་རིམ་གྱིས་གྲུབ་པར་བཤད་ཅིང་། དེ་བཞིན་ཤར་གྱི་རིའི་གཡས་སུ་ལུས་དང་། གཡོན་དུ་ལུས་འཕགས་དང་། ལྷོ་རིའི་གཡས་སུ་རྔ་ཡབ་དང་། གཡོན་དུ་རྔ་ཡབ་གཞན། ནུབ་རིའི་གཡས་སུ་གཡོ་ལྡན་དང་། གཡོན་དུ་ལམ་མཆོག་འགྲོ། བྱང་གི་གཡས་སུ་སྒྲ་མི་སྙན་དང་། གཡོན་དུ་སྒྲ་མི་སྙན་གྱི་ཟླ་ཞེས་གླིང་གཡོག་གཉིས་རེ་འགོད་ནས་རང་རང་གི་རྒྱུ་ནོར་དབྱིབས་དང་བཀོད་པ་སོགས་གཙོ་བོ་དང་ཉེ་བར་མཚུངས་པ་དང་རི་རབ་ཀྱི་ཕྱེད་ཆར་གླིང་བཞིའི་རིས་སླེབ་པ། གླིང་བཞིའི་རིའི་ཕྱེད་ཆར་གླིང་གཡོག་བརྒྱད་པོས་སླེབ་པ་གླིང་གཡོག་བརྒྱད་པོས་ཕྱེད་ཆར་ཕྱི་ལྕགས་རིས་སླེབ་པ་དེ་ལྟར་རྒྱ་དང་དཔངས་ལ་དཔག་ཚད་དུ་མ་དང་ལྡན་པ་གླིང་དེ་དག་གི་ཡུལ་ལྗོངས་ཆེན་པོ་ན་གནས་པའི་མི་དང་། དུད་འགྲོའི་རིགས་རྒྱུ་ནོར་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་ཡོངས་སུ་དབུལ་བར་དམིགས་པ་དང་། དེ་ནས་ཤར་གླིང་གི་ནང་དུ་རིན་པོ་ཆེའི་སྣ་ཚོགས་ཀྱི་རི་བོ་རྒྱ་དང་དཔངས་ཚད་མེད་པ་གང་འདོད་ཡིད་བཞིན་དུ་འབྱུང་བ་དང་། དེ་བཞིན་ལྷོ་གླིང་དུ་དཔག་བསམ་གྱི་ཤིང་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་ཤིང་དགོས་འདོད་ཡིད་བཞིན་དུ་འབྱུང་བ་དང་། ནུབ་གླིང་དུ་འདོད་འཇོའི་བ་མདོག་དམར་སེར་གཟུགས་བཟང་ཞིང་ལྟ་ན་སྡུག་པ་འདོད་དགུ་འབད་མེད་དུ་འབྱུང་བ། བྱང་གླིང་དུ་མ་རྨོས་པ་ཡི་ལོ་ཏོག་ནངས་བརྔས་ན་ནུབ་སྐྱེས་པ་ནུབ་བརྔས་ན་ནངས་སྐྱེས་པ་སྙེ་མ་རེ་ལས་ཕུབ་མ་མེད་པ་འབྲས་བྲེ་བོ་ཆེ་དྲུག་རེ་འབྱུང་ཞིང་རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་ཅན་སོགས་ཡོད་པ་དང་། དེ་དག་ནི་གླིང་བཞིའི་ལོངས་སྤྱོད་ཁྱད་པར་འཕགས་པ་ཡིན་པས་གཅིག་ཙམ་མ་ཡིན་པར་གླིང་སོ་སོའི་ས་གཞི་གང་བ་ཙམ་དུ། གྲངས་མང་བ་རྒྱ་ཆེ་བ་མཐའ་ཡས་པར་གསལ་ནས་འབུལ་བར་དམིགས། དེ་བཞིན་ཤར་རིའི་མདུན་གྱི་སྟེང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱི་སྟོབས་ལས་བྱུང་བའི་འཛམ་བུའི་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་མུ་ཁྱུད་དང་ལྡན་པ་ཉི་བཞིན་འོད་ཟེར་འཕྲོ་བ། ཉིན་གཅིག་ལ་རྫུ་འཕྲུལ་གྱིས་དཔག་ཚད་འབུམ་ཕྲག་གི་ལམ་གཅོད་ཅིང་ནམ་མཁའ་ནས་གླིང་བཞི་དང་སུམ་ཅུ་རྩ་གསུམ་སོགས་བགྲོད་ནུས་མཁན་དང་། དཔག་བསམ་ཤིང་མདུན་ནོར་བུ་རིན་པོ་ཆེ་བཻཌཱུརྻ་ལས་གྲུབ་པ་ཟུར་བརྒྱད་པ་འོད་ཟེར་གྱིས་དཔག་ཚད་བརྒྱའི་ཁོར་ཡུག་ཉིན་མཚན་མེད་པར་གསལ་ལ། ཚ་གྲང་ཤིན་ཏུ་སྙོམས་ཞིང་དེ་ཕྱོགས་ཀྱི་ནད་དང་དུས་མིན་གྱི་འཆི་བ་སེལ་ཞིང་གང་བསམ་པ་ཕལ་ཆེར་འགྲུབ་པར་བྱེད་ནུས་པ། འདོད་འཇོའི་མདུན་བཙུན་མོ་རིན་པོ་ཆེ་གཞན་སེམས་པ། སེར་སྣ། མི་རིགས་པར་ཆགས་པ། མི་རིགས་པའི་གནས་ལ་དགའ་བ། ཁྱིམ་ཐབས་ཀྱི་སྲོག་གཅོད་པ་སྟེ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་བ། བསམ་པ་མཐུན་པ། བུ་མང་པོ་བཙའ་བ། རིགས་མཐུན་པ། སྲིད་མཐོ་བ། ཕྲག་དོག་མེད་པ། ཚིག་ཀྱལ་མི་སྨྲ་བ། ལོག་ལྟ་མེད་པ། ཁྱིམ་ཐབས་མེད་ཀྱང་འདོད་ཡོན་གྱི་དབང་དུ་མི་འགྲོ་བ་སྟེ། ཡོན་ཏན་བརྒྱད་དང་ལྡན་པ་མཛེས་ཤིང་ལྟ་ན་སྡུག་པ། འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པ་རེག་པ་ཙམ་གྱིས་བདེ་བའི་མཆོག་དམ་པར་སྩོལ་ནུས་པ། མ་རྨོས་པའི་མདུན་བློན་པོ་རིན་པོ་ཆེ་སའི་བདག་པོའི་ཡིད་ལ་གང་བསམ་མ་སྨྲས་པར་ཤེས་ནས་སྒྲུབ་ལ་མཁས་པ། གཟུགས་བཟང་བ་དང་རྒྱུད་དྲང་ཞིང་བརླིང་བ་དང་སྟོབས་དང་དཔའ་རྩལ་ལྡན་པ་དཔུང་རྣམས་འགྲོ་གནས་ལྡོག་པ་ལ་མཁས་པ། དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་བཅས་སོ་སོར་གསལ། དེ་བཞིན་ཤར་ལྷོའི་གླིང་ཕྲན་བར་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་སྤྱི་གཙུག་དམར་ཞིང་མཐོ་བ་གདོང་ལ་ནོར་བུ་རིན་པོ་ཆེའི་དྲྭ་བས་གཡོགས་པས་གླང་ཆེན་ཕལ་པ་སྟོང་གི་སྟོབས་དང་ལྡན་པ་གཡུལ་ལས་རྒྱལ་བར་བྱེད་པ། ལྷོ་ནུབ་གླིང་ཕྲན་གཉིས་ཀྱི་བར་རྟ་མཆོག་རིན་པོ་ཆེ་མདོག་སྔོན་པོ་རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་དུ་འོང་བ། ནད་མེད་ཅིང་གཟི་བརྗིད་ཆེན་པོ་དང་ལྡན་པ་ཁོ་ལག་ཡོངས་སུ་རྫོགས་ཤིང་མགྱོགས་པའི་བང་རྩལ་ཆེ་བས་འགྲོ་ན་འཛམ་གླིང་ལན་གསུམ་ཉིན་གཅིག་གིས་འཁོར་བའི་ཤུགས་འགྲོས་དང་ལྡན་པ། ནུབ་བྱང་གི་གླིང་ཕྲན་གཉིས་ཀྱི་བར་དམག་དཔོན་རིན་པོ་ཆེ་སྟོབས་དང་ལྡན་པ་སྒྱུ་རྩལ་དང་དམག་གི་འགྲོ་ལྡོག་དང་གཡུལ་གྱི་བྱ་བ་ལ་མཁས་པ། གོ་ཞུབ་ཀྱིས་སྤྲས་ཤིང་གཟི་བརྗིད་དང་ལྡན་པ་རིན་པོ་ཆེ་དང་གསེར་དངུལ་གྱི་བང་མཛོད་ནམ་ཡང་ཟད་པ་མེད་པས་སྐྱེ་བོ་རྣམས་རབ་ཏུ་དགའ་བར་བྱེད་པ། བྱང་ཤར་གྱི་གླིང་ཕྲན་གཉིས་ཀྱི་བར་གཏེར་གྱི་བུམ་པ་བཟང་པོ་བྲམ་ཟེ་དང་དྲང་སྲོང་རྣམས་ཀྱིས་རིགས་སྔགས་ཀྱི་མཐུ་ལས་གྲུབ་པ་ཟད་མི་ཤེས་པའི་དགོས་འདོད་ཡིད་བཞིན་དུ་འབྱུང་བ་བཅས་རྒྱལ་སྲིད་སྣ་བདུན་གསལ་ལ་ལྕགས་རི་ཡོད་ན་བར་མ་འདི་རུ་འགོད་པར་བྱ། དེ་བཞིན་ཤར་འཁོར་ལོའི་མདུན་སྒེག་མོ་མ་དཀར་མོ་མཛེས་ཤིང་ལྟ་ན་སྡུག་པ་ལང་ཚོ་རྒྱས་པའི་རྣམ་འགྱུར་ཅན་བསམ་གྱིས་མི་ཁྱབ་པར་སྟོན་ཅིང་ཤེལ་གྱི་མེ་ལོང་ཐོགས་ནས་འགྱིང་བ། ནོར་བུའི་མདུན་ཕྲེང་བ་མ་སེར་མོས་རིན་པོ་ཆེའི་ཕྲེང་བ་འཛིན་པ། བཙུན་མོའི་མདུན་གླུ་མ་དམར་མོས་སྙན་འགྱུར་དུ་མ་དང་ལྡན་པའི་གླུ་ལེན་ཅིང་ཕྱག་གིས་ཏིང་ཤག་འཛིན་པ། བློན་པོའི་མདུན་གར་མ་ལྗང་གུས་རྣམ་འགྱུར་དཔག་ཏུ་མེད་པ་མིག་འཕྲུལ་ལྟ་བུའི་གར་རྩེ་བ་སྟེ་ནང་སྒེག་བཞི་དང་། ཤར་ལྷོའི་གླང་ཆེན་མདུན་མེ་ཏོག་མ་དཀར་སེར་འགྱིང་སྟབས་ཀྱིས་མེ་ཏོག་སྣ་ཚོགས་འཛིན་པ། རྟ་མཆོག་མདུན་བདུག་སྤོས་མ་སྔོན་མོས་རང་བྱུང་གི་གདུག་སྤོས་འཛིན་པའི་དྲི་ངད་ཀྱིས་སྟོང་གསུམ་ཁྱབ་པ། དམག་དཔོན་མདུན་སྣང་གསལ་མ་དམར་མོས་ཏིལ་མར་དང་རྩི་མར་གྱི་མར་མེ་འཛིན་པས་ཉིན་བཞིན་འོད་ཀྱིས་གསལ་བར་བྱེད་པ། བུམ་པའི་སྟེང་དུ་དྲི་ཆབ་མ་ལྗང་གུས་དྲི་ཆབ་ཀྱི་དུང་ཞལ་འཛིན་པ་སྟེ་ཕྱི་སྒེག་བཞི་དང་། ཡང་སྒེག་མོའི་སྟེང་གི་ནམ་མཁར་ཉི་མའི་དཀྱིལ་འཁོར་འོག་གཞི་མེ་ཤེལ་དང་མཐའ་ཆགས་གསེར་ལས་གྲུབ་པ་དཔག་ཚད་ལྔ་བཅུ་ང་གཅིག་གི་རྒྱ་ཚད་མཉམ་པ་འོད་ཟེར་གྱིས་གླིང་བཞིའི་མུན་པ་སེལ་ཞིང་དྲོ་བའི་རེག་བྱ་དང་ལྡན་པ། གླུ་མའི་མདུན་མཁར་ཟླ་བའི་དཀྱིལ་འཁོར་ཆུ་ཤེལ་ལས་གྲུབ་པ་ལ་དངུལ་གྱི་མཐའ་ཆགས་ཅན་དཔག་ཚད་ལྔ་བཅུའི་ཚད་དང་ལྡན་པ་དྭངས་ཤིང་གསལ་བས་མུན་པ་སེལ་ཞིང་བསིལ་བའི་རང་བཞིན་དང་ལྡན་པ། གར་མའི་མདུན་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་གཡས་བསྐོར་དུ་དལ་བུས་རང་བཞིན་འཁོར་བ། ཕྲེང་བའི་མདུན་མཁར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲང་ཞིང་ལྡེམ་པ་དར་སྣ་ཚོགས་ཀྱི་ཤམ་བུ་ཅན་བཅས་ཞིབ་པར་གསལ་ལ་སོ་སོར་མེ་ཏོག་བཀྲམ་ཞིང་ལྕགས་རི་གསུམ་པ་འགོད་ཏེ་མཐར་དེ་དག་གི་དབུས་དང་བར་མཚམས་རྣམས་སུ་ལྷ་མིའི་འབྱོར་བ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ཕྱུར་བུར་བཀང་སྟེ་འབུལ་བའི་དམིགས་འདུན་རྣམས་ངེས་པར་གསལ་བཞིན་མེ་ཏོག་ཕྱུར་བུར་བཀང་ལ་ཏོག་འཛུག་ཅིང་། གུ་རུ་ཨི་དཾ་མཎྜལ་ཀཾ་ནིརྻ་ཏ་ཡཱ་མི། ཞེས་སོགས་བརྗོད་ཅིང་དེ་ནི་བོད་སྐད་དུ་བླ་མ་མཆོད་པའི་དཀྱིལ་འཁོར་འདི་དང་བདག་ཉིད་འབུལ་ལོ་ཞེས་པ་ཡིན། དེ་ལྟར་ལེགས་པར་ཕུལ་ནས་མཐར་སྨོན་ལམ་གདབ་པའི་རིམ་པ་ནི། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཞེས་སོགས་བརྗོད་ཅིང་དེའི་དོན་ནི། རྒྱལ་བ་མཉེས་བྱེད་ཀྱི་མཎྜལ་བླ་མེད་འདི་ཕུལ་བའི་མཐུས་བདག་གི་བྱང་ཆུབ་སྒྲུབ་པའི་བར་ཆད་མི་འབྱུང་བ་དང་། མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་། བདག་གཞན་རྣམས་ཀྱང་སྲིད་པར་མི་འཁྲུལ་བར་རང་དོན་འགྲུབ་ནས་ཞི་བར་མི་གོལ་བར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྒྲོལ་ནུས་པར་ཤོག་ཅེས་སྨོན་ལམ་བཏབ་པ་ཡིན་པས་ཚིག་རྗེས་དོན་ཡོངས་སུ་འདྲེས་པར་བྱ་བའི་ངང་ནས་ཞིབ་པར་འབུལ་ཞིང་། དེ་ནས་གཡས་སུ་མཎྜལ་གྱི་འབྲུ་རྣམས་རིམ་གྱིས་དལ་བུས་བསྡུ་ནས་དེ་ལྟ་བུར་ལན་ལྔའམ་བདུན་སོགས་གང་རུང་འབུལ་བར་བྱའོ། །དེ་ནས་ཀློང་ཆེན་སྙིང་ཐིག་ལུགས་ལྟར་ན་སྐུ་གསུམ་གྱི་མཎྜལ་ལ། སྔར་ཚོམ་བུ་བཀོད་པའི་སྐབས་སུ་བཤད་པ་བཞིན་གཅིག་ཏུ་བརྩི་བས་སྟོང་གསལ་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཞེས་བྱ། དེ་འདྲ་བ་ཡང་སྟོང་སོང་བའི་ཚེ་སྟོང་གཉིས་པ་བར་མའི་འཇིག་རྟེན་ཞེས་བྱ། ཡང་དེ་འདྲ་བ་སྟོང་སོང་བའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཞིང་ཁམས་ཞེས་བྱ་བ་ཡིན་ཏེ། དེ་དག་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་འདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་སྤྲུལ་སྐུ་གཅིག་གི་འདུལ་ཞིང་ཡིན་པར་གསུངས། དེ་ལྟ་བུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དག་ན་ལྷ་མིའི་ཡོ་བྱད་དཔལ་འབྱོར་ཇི་སྙེད་ཡོད་པའི་སྟེང་དུ་རང་གི་ལུས་ལོངས་སྤྱོད་བསོད་ནམས་ཁ་རྗེ་དབང་ཐང་དང་དུས་གསུམ་དུ་བསགས་པའི་དགེ་རྩ་དང་བཅས་ཆགས་ཞེན་ཏིལ་འབྲུ་ཙམ་མེད་པར་སྤུངས་ཏེ་བླ་མ་སྤྲུལ་པའི་སྐུའི་ལྷ་ཚོགས་ལ་འབུལ་བར་དམིགས་ཏེ་ཚོམ་བུ་བསྡུས་པ་དགུ་ཙམ་བཀོད་པ་ནི་ཐུན་མོང་སྤྲུལ་སྐུའི་མཎྜལ་ཡིན་ནོ། །དེའི་སྟེང་ན་བཀོད་པ་ཆེན་པོ་ལྔའི་ཞིང་ཁམས་ན་སྒེག་སོགས་འདོད་ཡོན་ལྷ་མོ་གྲངས་མེད་པས་བརྒྱན་པ་མཆོད་པའི་སྤྲིན་མཐའ་ཀླས་པ་བཅས་ལོངས་སྐུའི་ལྷ་ཚོགས་ལ་འབུལ་བར་དམིགས་ནས་ཚོམ་བུ་བསྡུས་པ་ལྔ་ཙམ་བཀོད་པ་སོགས་ནི་ཐུན་མིན་ལོངས་སྐུའི་མཎྜལ་ཡིན། དེའི་སྟེང་ན་ཆོས་དབྱིངས་སྐྱེ་བ་མེད་པ་མཎྜལ་གྱི་ཚུལ་དུ་བཞག་ནས་སྣང་བཞི་ལ་སོགས་གང་ཤར་ཐམས་ཅད་ཚོམ་བུའི་ཚུལ་དུ་བཀོད་དེ་བླ་མ་ཆོས་སྐུའི་ལྷ་ཚོགས་ལ་འབུལ་བར་དམིགས་ནས་ཚོམ་བུ་བསྡུས་པ་གསུམ་ཙམ་བཀོད་པ་སོགས་ནི་ཁྱད་པར་ཆོས་སྐུའི་མཎྜལ་ཉིད་ཡིན་ཞིང་། དེ་ལྟར་སྐུ་གསུམ་གྱི་མཎྜལ་གྲངས་ཅི་འགྲོ་བྱ་བའམ། རྒྱུན་དུ་གྲངས་གསོག་པའི་ཚེ་མཎྜལ་ཚོམ་བུ་བདུན་པ་ཞེས་བྱ་བ་ས་གཞི་སྤོས་ཆུ་སོགས་བརྗོད་ནས་གླིང་བཞི་རི་རབ་ཉི་ཟླ་བཅས་ཚོམ་བུ་བདུན་དུ་བཀོད་དེ་དམིགས་པའང་དེ་ལྟར་རགས་པའི་ཁོངས་སུ་གཏོགས་པའི་ཕྱིར་བསྡུས་ཙམ་གསལ་ནས་འབུལ་བར་བྱས་ཤིང་གྲངས་སོགས་ཆད་ལྷག་མ་སོང་བར་ཞིབ་ཀྱིས་གསོག་པར་བྱའོ། །ཕུལ་ཟིན་པའི་འབྲུ་རྣམས་ཀྱང་ཐུན་མཚམས་ནས་རྟེན་དྲུང་དུ་སྤུངས་པའམ་བྱ་སྤྲང་ལ་སྦྱིན་པ་སྟེར་ནའང་ལྷག་ཏུ་ལེགས་ཤིང་། མིན་ཀྱང་དམིགས་རྟེན་དུ་བསྐྱར་ནའང་རུང་ཞིང་དོན་དུ་འབུལ་ཡུལ་དང་འབུལ་རྒྱུ་སོགས་སེམས་ཀྱི་དམིགས་པ་ཟབ་མོ་རང་ལ་གཙོ་བོར་བཏོན་ཏེ་ཚོགས་ཡོངས་སུ་རྫོགས་དགོས་པ་ཡིན་པས་ན། དེའི་ཕྱིར་ཚོགས་རྫོགས་པའི་རྟགས་སུ་ཆོས་མང་དུ་ཤེས་ཤིང་སྔར་བརྗེད་པའང་དྲན་པ་དང་། ཉི་ཟླ་ཤར་ཞིང་མེ་ཏོག་གི་ཚལ་དུ་འགྲོ་བ་དང་། གོས་གསར་པ་གྱོན་ཞིང་རྒྱན་བཏགས་པ་དང་། མཎྜལ་མེ་ལོང་ཕྱི་ཞིང་བལྟ་བ་དང་། དུང་འབུད་རོལ་མོ་དཀྲོལ་ཅིང་། རྔ་བོ་ཆེ་བརྡུང་བ་དང་། ལྷ་ཁང་མཐོང་བ་སོགས་དངོས་ཉམས་རྨི་ལམ་གྱི་རིམ་པ་མ་བྱུང་གི་བར་དུ་དད་འདུན་རྣམ་པར་དག་པའི་སྒོ་ནས་གཙང་སྦྲ་དང་ལྡན་པས་འབུལ་བར་བྱ་དགོས་ཤིང་། དེ་ལྟ་བུ་ལེགས་པར་ཕུལ་བས་གནས་སྐབས་མཐར་ཐུག་གི་ཕན་ཡོན་གྱི་རིམ་པ་ནི། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་པ་སངས་རྒྱས་ཡེ་ཤེས་རྫོགས། །ཞེས་དང་། རི་ཆོས་ལས། སྐྱེ་བ་འདི་ནས་ཚེ་རབས་ཀུན། །བདེ་སྐྱིད་འབྱུང་བའི་རྒྱུ་གཅིག་པུ། །བསོད་ནམས་ཚོགས་ནི་བསགས་དགོས་ཏེ། །མཐར་ཐུག་སངས་རྒྱས་ཐོབ་དུས་ཀྱང་། །མཚན་དང་དཔེ་བྱད་བརྒྱན་པའི་སྐུ། །བསོད་ནམས་ཚོགས་ལས་བྱུང་བ་ཡིན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་དང་། ཀླུ་སྒྲུབ་ཀྱིས། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོགས་མཐའ་ཡས་པར་གསུངས་པ་ལྟར། མདོར་བསྡུ་ན་གནས་སྐབས་སུ་ཚེ་དང་བསོད་ནམས་འབྱོར་ཚོགས་ཐམས་ཅད་རྒྱས་པ་དང་བསམ་དོན་ལྷུན་གྱིས་འགྲུབ་ཅིང་མཐའ་རུ་ཕྱིན་པ་དང་། མཐར་ཐུག་ས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་སངས་རྒྱས་ཀྱི་སྐུ་གཉིས་མངོན་དུ་འགྱུར་བར་བྱེད་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པ་དག་ལས་མདོ་དོན་ཡོངས་སུ་བསྡུས་པ་ཡིན་པས་ན་ཚིག་དོན་ཙམ་ནི་ལྷག་པར་ཤེས་པར་བྱ་དགོས་སོ།།  ༈  །།དེ་ནས་བླ་མའི་རྣལ་འབྱོར་གྱི་རིམ་པ་ནི། དེའི་མཚན་དོན་འབྲེལ་ཙམ་ཞིག་འགོད་ན། རྒྱལ་བ་སྲས་བཅས་ཀྱི་ཕྲིན་ལས་ཀྱི་ཕོ་ཉ་གདུལ་བྱའི་དཔལ་དུ་ཤར་བས་ན་བླ། ཉམ་ཐག་སེམས་ཅན་ཐམས་ཅད་འཕྲལ་ཡུན་ཕན་བདེའི་ལམ་ཁོ་ན་ལ་བཀྲི་བས་ན་མ་ཞེས་པ་དང་། དེ་ལྟར་ཐུགས་རྗེ་བྱིན་རླབས་ཡོན་ཏན་གྱི་རང་བཞིན་བླ་མའི་སྐུ་སྒོམ་ཞིང་མཚན་བསྙེན་བཟླས་པ་དང་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་སྟོབས་ཀྱིས་ཐུགས་རྒྱུད་ཀྱི་བྱིན་རླབས་རྣམས་ཉེ་བར་འཕོས་ནས་རྣལ་མའི་གནས་ལུགས་ཀྱི་ཡེ་ཤེས་འཁྲུལ་བྲལ་རང་གི་རྒྱུད་ལ་མྱུར་དུ་འབྱོར་བར་བྱེད་པས་ན་བླ་མའི་རྣལ་འབྱོར་ཅེས་པ་ཡིན་ཞིང་། དེ་ལྟ་བུའི་ལམ་སྟོན་མཁན་ནི་འགྲོ་བ་ལྷ་དང་བཅས་པ། སྐྱེ་དགུའི་བདག་པོ་ཚངས་པ་སོགས་ཀྱིས་སྟོན་མི་ནུས་པ་དང་། རང་ཉིད་ལ་བརྩེ་བའི་ཕ་མ་དང་། གཉེན་བཤེས་གྲོགས་དགའ་མཛའ་ལ་སོགས་ཀྱིས་སྟོན་མི་ནུས་ཏེ། འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བ་ནི། །བླ་མ་རྡོ་རྗེ་འཛིན་པ་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྣམས་ནི་འབྱུང་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེན་དུ་ནི། །བླ་མ་མཚན་ཉིད་ལྡན་པས་བསྒྱུར། །ཞེས་དང་། དགོངས་འདུས་ལས། གང་དག་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་མཁན། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྐྱོབ་པར་ནུས་མ་ཡིན། །ཞེས་དང་། ཇི་སྐད་དུ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། ཀྱེ་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་ལྟར་དཔེར་ན་གྲུ་པ་མེད་ན་ཆུའི་ཕ་རོལ་དུ་ཕྱིན་མི་ནུས་བཞིན་བླ་མ་མེད་ན་འཁོར་བའི་རྒྱ་མཚོ་ལས་མི་སྒྲོལ། དེ་བཞིན་ལོང་ཁྲིད་བྱེད་མཁན་མེད་ན་ལམ་དུ་ཕྱིན་མི་ནུས་བཞིན་བླ་མ་མེད་ན་ཐར་པའི་ལམ་མི་རྙེད། དེ་བཞིན་ཉི་ཟླ་མེད་ན་མུན་ཚོགས་མི་སེལ་བ་བཞིན་བླ་མ་མེད་ན་ཉོན་མོངས་པའི་སྒྲིབ་པ་མི་སེལ། མིག་ཡོད་པས་མ་བསྟན་ན་མི་ཤེས་བཞིན་བླ་མས་ཆོས་མ་བསྟན་ན་ཆོས་ངོ་མི་ཤེས་བཞིན་འཇིག་རྟེན་གྱི་རྒྱལ་པོ་ཕ་མ་སོགས་ཀྱིས་སྟོན་མི་ནུས་པའི་འཕྲལ་ཡུན་ཀུན་ཏུ་བདེ་ཞིང་དོན་གཉིས་འགྲུབ་པ་དང་། དགེ་སྡིག་བླང་དོར་གྱི་མིག་འབྱེད་པ་དང་། ཐར་པའི་ལམ་ཡང་དག་པ་སྟོན་པའི་བླ་མ་ནི་ལྷག་ཏུ་བརྩེ་གདུང་འབྲལ་མེད་ཀྱི་སྒོ་ནས་བསྟེན་པར་འོས་པའི་རང་བཞིན་ཅན་ཏེ་ཕྱི་རོལ་པའི་མེ་ལྔ་སོགས་ལ་བསྟེན་ཏེ་དཀའ་བ་དཔག་ཏུ་མེད་པ་སྤྱད་པས་ན། བདེ་བ་ནས་བདེ་བར་ཁྲིད་པའི་བླ་མ་དེར་བདག་གིས་གུས་པ་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད་སྙམ་དུ་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས་སོ། །ཚེ་འདིའི་རྒྱལ་པོ་ལའང་རྒྱུ་ནོར་གཅེས་དགུ་དམར་དགུ་ཐམས་ཅད་འབུལ་བ་དང་། འཇིག་རྟེན་པའི་བཟོ་རིགས་ལ་བསྙེན་བཀུར་བྱེད་པ་དང་། འདུ་བ་སྙོམས་པའི་སྨན་པ་ལའང་མཆོད་ཅིང་བསྟོད་ནས་དྲིན་ཆེ་བར་རློམ་ན། སེམས་ཅན་སངས་རྒྱས་སུ་བསྒྲུབས་དུས་ཡུན་གྱི་གཏན་སྲིད་སྟེར། དུག་ལྔའི་གཅོང་ནད་རྩ་བ་ནས་འབྱིན་པའི་བླ་མ་དེ་བདག་གིས་གུས་པ་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད་སྙམ་དུ་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས་སོ། །ཉིན་ཞག་རེའི་འཇིགས་པ་སྐྱོབ་ཕྱིར་སྐྱེལ་བསུ་བྱེད་པ་དང་། ཟས་གོས་ནོར་སོགས་ཕྲན་བུ་ཐོབ་ཕྱིར་རྩོལ་སྒྲུབ་དང་དཀའ་སྤྱད་རི་ཙམ་ནུས་མཁན་དང་། གཉེན་འདུན་གྲོགས་ལའང་དགའ་སྤྲོ་ལྡན་པས་རྒྱུ་ནོར་ཐམས་ཅད་བསྔོ་བར་ནུས་ན། བདུད་བཞིའི་དགྲ་ལས་སྐྱོབ། དགོས་འདོད་ནོར་བུ་སྟེར། གཏན་བདེའི་གྲོགས་མཆོག་དམ་པའི་ཆོས་ཟབ་མོ་རང་ངོར་སྤྲོད་པའི་བླ་མ་དེར་གུས་པ་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད་སྙམ་དུ་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས་སོ། །མདོར་ན་གནས་སྐབས་ཚེ་འདིའི་ཟས་གོས་ནོར་དང་འཇིགས་པ་ཕྲན་བུ་སྐྱོབ་པ་ལའང་བཀའ་དྲིན་ཤིན་ཏུ་ཆེ་བས་དྲིན་ལན་འཇལ་དགོས་སྙམ་པ་ཀུན་གྱིས་བྱེད་དར་ན། འཁོར་བ་སྡུག་བསྔལ་མཐའ་དག་ལས་རིང་དུ་བསྒྲལ་ཏེ་གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་སྟེར་བའི་བཀའ་དྲིན་ནི་སྟོང་གསུམ་གསེར་གྱིས་བཀང་ནས་འབུལ་ཡང་གཞལ་བར་ག་ལ་ནུས་ཏེ། དེ་ལྟ་བུའི་བླ་མ་དེ་བསྟེན་ནས་བྱིན་རླབས་འཇུག་པར་བྱ་བ་ལ་དད་པ་དང་དག་སྣང་གི་སྒོ་ནས་ལྷག་ཏུ་ཤེས་པར་བྱ་བ་ལ་ལྔ་སྟེ། བླ་མའི་གསང་བ་གསུམ་སངས་རྒྱས་སྐུ་དངོས་སུ་མཐོང་བ་དང་གཅིག །ཆོས་དང་འཇིག་རྟེན་བཟང་ངན་གྱི་རྣམ་པ་ཇི་མཛད་ཐམས་ཅད་སངས་རྒྱས་ཀྱི་མཛད་ཕྲིན་རོ་གཅིག་ཏུ་ཤེས་པ་དང་གཉིས། ཡོན་ཏན་སངས་རྒྱས་དང་མཉམ་ཡང་རང་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་ལྷག་ཏུ་ཆེ་བར་ཤེས་པ་དང་གསུམ། བཀའ་དྲིན་ཅན་གྱི་བླ་མ་དེ་སྐྱབས་གནས་ཀུན་འདུས་ཀྱི་སྤྱི་གཟུགས་ཡིན་པར་ཤེས་པ་དང་བཞི། ལམ་རྐྱེན་གཞན་ལ་རག་མ་ལུས་པར་གསོལ་བ་སྙིང་ནས་འདེབས་མཁན་ལ་རྟོགས་པ་ཡེ་ཤེས་གཅིག་ཆར་དུ་འཕོ་བར་ཤེས་དགོས་པ་དང་ལྔའོ། །དེ་བཞིན་དོན་དུ་སེམས་ཅན་མོས་པ་ཐ་དད་སྣ་ཚོགས་འདུལ་ཕྱིར་ཞི་བས་འདུལ་བ་ལ་ཞི་བའི་ཆོས་འདོམས་པ་དང་། སྦྱིན་པས་འདུལ་བ་ལ་ཡོ་བྱད་འགྱེད་པ་དང་། དབང་གིས་འདུལ་བ་ལ་དབང་དུ་བསྡུ་བ་དང་། དྲག་པོས་འདུལ་བ་ལ་སྡིགས་འཚེ་རྔམ་པོ་ཆེ་མཛད་ནས་འདུལ་བ་དང་། དེ་བཞིན་རྡོ་རྗེའི་རིགས་རྣམས་གསང་བ་གསུམ་སྤྲོས་མེད་ཤིན་ཏུ་ཞི་བ་དང་། རིན་ཆེན་རིགས་རྣམས་སྒེག་ཆོས་དང་རྒྱན་ནོར་སྣ་ཚོགས་ལ་ལོངས་སྤྱོད་པ་དང་། པདྨའི་རིགས་རྣམས་འགྲོ་བ་གང་ལ་གང་འདུལ་སྟོན་ཅིང་ཡུམ་དང་བཅས་པ་དང་། ལས་ཀྱི་རིགས་རྣམས་དྲག་ཤུལ་གཏུམ་རྔམ་ཆེ་བ་སོགས་མདོར་ན་འགྲོ་བ་གང་ལ་གང་འདུལ་གྱི་ཕྲིན་ལས་གཅིག་ཏུ་མ་ངེས་པར་བཟང་ངན་བར་མ་དོ་རྣམ་པ་སྣ་ཚོགས་སྟོན་པས་ན་ནོར་རྫས་ལ་སྲེད་པ་ཆེ་སྙམ་པ་དང་། རང་དོན་ང་རྒྱལ་སེར་སྣ་ཆེ་བ་དང་། བརྣབ་སེམས་ཁོང་ཁྲོ་ཉོན་མོངས་ཧྲག་ཡུམ་དང་བཅས་པ་དང་། རིགས་གཟུགས་ངན་ཅི་ཡང་མི་ཤེས་སྙམ་པ་སོགས་སྐད་ཅིག་ཙམ་ངག་ཏུ་བརྗོད་པའམ། དེ་ལྟར་མ་གུས་པའི་རྣམ་པ་ལུས་ཀྱི་སྤྱོད་པ་ལྟ་ཞོག །སྐད་ཅིག་ཙམ་ཡིད་ཀྱིས་དྲན་པའམ་རྨི་ལམ་དུའང་རྨིས་པར་མི་བྱ་སྟེ་ཉེས་པ་ལས་ཀྱང་ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར་ཡོངས་སུ་ཟླུམ་ནས་ལུས་ངག་ཡིད་གསུམ་འདུན་པ་ཆིག་དྲིལ་གྱི་སྒོ་ནས་ལེགས་པར་བསྟེན་དགོས་པའི་རང་བཞིན་སྟེ། དང་པོ་ལུས་ཀྱི་སྒོ་ནས་མ་གུས་པའི་རྣམ་པ་སྤང་བྱ་ནི་མདོར་ན་བླ་མའི་སྐུ་དང་གྲིབ་མ། བཞུགས་གདན་ན་བཟའ་སོགས་མི་འགོམ། མདུན་དུ་སྐྱིལ་ཀྲུང་བཅའ་བ་དང་། སྒེག་ཆོས་དང་ཆེ་ཚུལ་གྱི་རིགས་ཉམས་སྟོན་པ་དང་། རྒྱབ་བསྟན་པ། གཞོགས་སྔས་བྱེད་པ། རྐང་པ་བརྐྱང་པ་སོགས་མདོར་ན་མ་གུས་པའི་རྣམ་པ་སྐུའི་གྲིབ་མ་འགོམ་པ་ཚུན་ཆོད་ཡོངས་སུ་ཟླུམ་སྟེ་གུས་འདུད་ཆེན་པོའི་སྒོ་ནས་བསྟན་དགོས་པའི་རང་བཞིན་ཏེ། དགོངས་འདུས་ལས། སློབ་མར་གྱུར་ནས་ངས་སེམས་ཀྱིས། །དམ་པ་དེ་ལ་བརྙས་བྱེད་གང་། །སངས་རྒྱས་ཀུན་ལ་བརྙས་པས་ན༑ །དེ་དག་སྤྱི་གཙུག་དམྱལ་བར་འགྲོ། །བཀའ་བཅག་སྐུ་བརྙས་ཐུགས་དཀྲུགས་ན། །མི་བཟད་སྡུག་བསྔལ་མྱོང་བར་འགྱུར། །ཚེ་འདིར་རྒྱལ་པོའི་ཆད་པ་སོགས། །ཉེས་པ་ཐམས་ཅད་དེ་ལས་འབྱུང་། །ཞེས་པ་ལྟར་ཉེས་པ་ལྕི་བའི་རིགས་དེ་དག་ཐམས་ཅད་སྤང་སྟེ། ཕན་ཡོན་གྱི་མཆོག་རབ་ཤེས་པའི་སྒོ་ནས་གུས་འདུད་ཆེན་པོའི་ལེགས་པར་བསྟེན་དགོས་ཏེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །ཞེས་གསུངས་པ་ལྟར་ལུས་ཀྱི་ལས་གཞན་དུ་མངགས་པ་དང་། ཉེར་མཁོ་གང་དགོས་ཀྱི་རིགས་དང་མེ་ཆུ་གཡང་དང་། གཅན་གཟན་ནམ་དགྲ་རྐུན་གྱི་འཇིགས་པ་ཐམས་ཅད་ལས་སྲུང་ཞིང་ཕེབས་སྐྱེལ་དང་བསུ་བ་བྱེད་པ་དང་ཕྱག་དང་སྐོར་བ་སོགས་བྱེད་ནས་གཞན་སྐུ་ཡི་བཞུགས་སྟངས་ཚུན་སློབ་ཤེས་པས་བསྟེན་དགོས་སོ། །ངག་གི་རྫུན་དང་ཕྲ་མ་ཚིག་རྩུབ་དང་ངག་འཁྱལ། བཀའ་བཅོག་པ་དང་གདོང་བཟློག་པ་ལྐོག་ནས་གཤེ་བ་དང་ཐ་ན་ཀུ་རེ་རྩེ་མོ་སོགས་སྤངས་ཏེ་ངག་རབ་ཏུ་གུས་པར་བྱ་དགོས་ཏེ། གསང་བ་རོལ་པ་ལས། བླ་མ་མཆོག་ལས་རང་ཉིད་ནི། །ཆེས་མཆོག་རློམ་སེམས་སྨྲ་བའམ། །ལྐོག་འཕྱའི་སྨྲ་བ་གང་བྱེད་པ། །རྡོ་རྗེ་དམྱལ་བ་ཉིད་དུ་ཚུད། །ཀུ་རེ་ཙམ་ཡང་སྨོས་མི་བྱེད། །ངག་གི་ཉེས་བྱས་ཡང་དག་བསྡོམ། །ཞེས་གསུངས་པ་ལྟར་ཉེས་པ་ལྕི་བའི་རིགས་དེ་དག་ཐམས་ཅད་སྤང་སྟེ་ཕན་ཡོན་གྱི་མཆོག་རབ་ཤེས་པའི་སྒོ་ནས་ངག་གུས་པ་ཆེན་པོ་བྱ་དགོས་ཏེ། དགོངས་འདུས་ལས། བཀའ་ཟུར་མ་བཅག་ཆོས་བསྒྲུབ་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་སྲུང་བྱེད་ནས། །འདོད་པའི་དངོས་གྲུབ་ཡིད་བཞིན་འབྱུང་། །ཞེས་གསུངས་པ་ལྟར་གསོལ་འདེབས་དང་ཞབས་བརྟན་བསྟོད་པ་དང་སྐྱབས་འགྲོ་སོགས་རྒྱུན་དུ་དབྱངས་སྙན་པོས་འདོན། ཚིག་ཆེ་ཕྲ་ཐམས་ཅད་དྲང་གཏམ་ཁོ་ནའི་འཇམ་པོ་དང་སྙན་པོ་གསོང་པོར་སྨྲ། ཅི་གསུང་གི་བཀའ་ཐམས་ཅད་སྒྲུབ་པའི་ལན་སྙན་པོར་འབུལ་ཞིང་གསུང་ཚིག་གཅིག་བསྟན་པ་ཚུན་དུས་ནམ་ཡང་ཆུད་མི་གཟན་པར་ཞིབ་ཀྱིས་བསྒྲུབ་པར་བྱ་དགོས་སོ། །ཡིད་ཀྱི་སྒོ་ནས་མ་དད་པ་ལོག་པར་ལྟ་བ་དང་ཁོང་ཁྲོ་བ་སྐྱོན་དུ་བཏགས་པ་དང་། བརྙས་སེམས། འགྲན་སེམས། བརྣབ་སེམས། གནོད་སེམས། ང་རྒྱལ་སྐྱེད་པ་ལྟ་ཅི་ཐ་ན་རྨི་ལམ་དུའང་སྐྱོན་མཐོང་བ་སོགས་ཀྱི་རིགས་སྤངས་ཏེ་ཡིད་རབ་ཏུ་གུས་པར་བྱ་དགོས་ཏེ། དཔུང་བཟློག་པའི་རྒྱུད་ལས། བླ་མ་དང་ནི་དེ་ཡི་འཁོར། །ཁྲོ་བའི་ཞེ་འགྲས་སུན་འབྱིན་པ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །མནར་མེད་གནས་སུ་ཚུད་པར་འགྱུར། །ཞེས་པ་ལྟར་ཉེས་པ་ལྕི་བའི་རིགས་དེ་དག་ཡོངས་སུ་སྤངས་ཏེ་ཕན་ཡོན་ཆེ་བར་ཤེས་པའི་སྒོ་ནས་ཕལ་པ་གཞན་དག་ལས་འབུམ་འགྱུར་གྱིས་ལྷག་པར་མདོག་ནག་པོ་ཞིག་དཀར་པོ་ཡིན་གསུངས་ན་དེ་ལྟར་མངོན་སུམ་མཐོང་བའི་དོན་གཉེར་དང་དག་སྣང་། དད་པ་དང་མོས་གུས་ཀྱི་ངང་ནས་བླ་མའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་རྣམས་ཤེས་བཞིན་དུ་སྐུ་སྒོམ་པ་དང་མཐའ་ན་མུན་པར་གློག་འཁྱུག་པའམ་ཉི་མས་ཚིག་པ་ལ་རླུང་སེར་བུ་འགྱུ་བ་སོགས་ཀྱང་ཐུགས་རྗེ་ཡིན་པ་དང་། བཀའ་དྲིན་ཆེ་བ་རྣམས་ལྷག་ཏུ་དྲན་ནས་དུས་དང་རྣམ་པ་ཀུན་ཏུ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དུང་ངེ་བ་དང་མ་འབྲལ་བའི་སྒོ་ནས་བསྟེན་དགོས་ཏེ། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་སྦྱོར། །ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ཁོ་ནས་འདུམ། །ཞེས་གསུངས་པ་སྟེ་རྒྱུ་ནོར་རྫས་དང་ཟས་གོས་ཀྱི་རིགས་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་གང་ཡོད་ཐམས་ཅད་ཀྱང་བླ་མ་དང་ཆོས་ཕྱོགས་སུ་གཏོང་གང་འགྲུབ་བྱས་ན་ཕན་ཡོན་མཆོག་ཏུ་ཆེ་བའི་རང་བཞིན་ཏེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བྱས་པ་བས། །བླ་མའི་ཞལ་དུ་འབྲས་ཆེན་འབྲུ། །རྡོག་མ་བདུན་དྲང་བསོད་ནམས་ནི། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་དང་། གསང་འདུས་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོད་པ་བས། བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པ་བསོད་ནམས་ཆེའོ། །ཞེས་དང་། དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་སྟི་རིམ་གྲོ་ཆེར་བྱས་ན། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་རབ་གཤིན་པོ་ལ། །ས་བོན་གང་བཏབ་རྒྱས་འཕེལ་བཞིན། །ཞེས་སོགས་གསུངས་པ་ལྟར་དགེ་བའི་འབྲས་བུ་ཡང་སྔོན་བསྐལ་པ་བཟང་ལྡན་གྱི་དུས་རྣམ་རྟོག་ཤས་ཆུང་བས་ན། དགེ་སྡིག་དལ་བའི་ཚེ་འབྲས་བུ་ནམ་ཞིག་གཞན་དུ་སྨིན་པ་གཞི་ཆེ་ཞིང་། དེང་སང་དུས་སྙིགས་མ་རྟོག་པ་ཧྲག་པས་ཚེ་འདི་གར་ལས་ཀྱི་མཐོང་ཆོས་སུ་སྤྱིར་སྨིན་ལ། ཡུལ་མཆོག་དང་འབྲེལ་ན་ཟླ་བས་མ་ཆོད་པར་དངོས་སུ་སྨིན་པ་མདོ་སྡེ་དག་ལས་གསུངས་པ་བཞིན་ལྷག་ཏུ་ཤེས་པར་བྱ་བ་དང་། དེ་དག་ལས་ཀྱང་རབ་སྒྲུབ་པའི་ཞབས་ཏོག་ཅེས་བླ་མའི་བསྟན་བྱ་གཅིག་པུ་སློབ་མའི་བསྒྲུབ་བྱའི་གཙོ་བོ་ཡིན་གཤིས་དབེན་པའི་གནས་སུ་དཀའ་སྤྱད་དང་བརྩོན་འགྲུས་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་རང་དོན་ཉམས་མྱོང་རྟོགས་པས་ཡོངས་སུ་ཕྱུག་པར་བྱ་དགོས་པ་དང་། གཞན་དོན་དུ་སེམས་ཅན་གང་ལ་གང་འདུལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་མདོར་ན་རྩ་བའི་བླ་མའི་ཐུགས་དགོངས་ཟབ་མོ་མཉེས་ཤིང་རྫོགས་པའི་ཕྱིར་དུ་སྒྲུབ་པ་ལ་དུས་འདའ་བ་བྱས་ནས། མཉེས་པ་གསུམ་གྱི་སྒོ་ནས་བསྟེན་མཁས་པར་བྱ་དགོས་ཏེ། དགའ་རབ་རྡོ་རྗེས། བླ་མ་མཆོག་གིས་བཀའ་སྩལ་པ། །གལ་ཏེ་ཉེས་པའི་སྐྱོན་རིགས་ཀྱང་། །ཇི་སྐད་སྨྲས་པ་དེ་བཞིན་བྱ། །དེ་བཞིན་བླ་མའི་བྱ་བ་ལ། །ལུས་ཀྱི་སྡུག་བསྔལ་ཅི་བྱུང་ཡང་། །རང་གི་གང་ནུས་འབད་པར་བྱ། །བླ་མའི་ཐུགས་ནི་སྐད་ཅིག་ཙམ། །དཀྲུགས་པར་བྱ་བ་མ་ཡིན་ནོ། །བླ་མའི་རྫས་དང་ནོར་རྣམས་ལ། །རང་གི་སྲོག་ལ་ཕངས་པ་བཞིན། །རྣལ་འབྱོར་པས་ནི་རྟག་ཏུ་བྱ། །གལ་ཏེ་བླ་མའི་ཞིང་ཁམས་སུ། །ཆོས་བཤད་དབང་བསྐུར་རབ་གནས་དང་། །བསམ་གཏན་སྒོམ་པར་བྱ་བ་རྣམས། །རྗེས་མ་གནང་བར་མི་བྱའོ། །མདོར་ན་ལུས་དང་ངག་ཡིད་ཀྱི། །བྱ་བའི་རྣམ་པ་ཅི་སྤྱད་ཀྱང་། །བླ་མར་མ་ཞུས་མ་གནང་བར། །ཅུང་ཟད་ཙམ་ཡང་མི་བྱའོ། །ཞེས་དང་། དགོངས་འདུས་ལས། སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་འཁེང་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་སྐད་དང་། །དྲི་མ་མེད་པའི་ལྷག་བསམ་སོགས། །དམ་པ་དེ་ལ་རྫོགས་པར་འབུལ། །ཞེས་དང་། ཡོན་ཏན་མཛོད་ལས། བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན། །རྫིང་བུ་མཆོག་ལ་བརྟེན་པའི་ངང་པ་དང་། །བུང་བས་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །རྟག་ཏུ་འགྲོགས་པའི་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པ་བླ་མའི་ཐུགས་བཟུང་ནས། །དད་པའི་ཉེ་བར་ལེན་པས་ཡོན་ཏན་འགོ། །ཞེས་གསུངས་པ་ལྟར་ལེགས་པར་བསྟེན་པར་བྱའོ། །དེ་ལྟར་བླ་མ་ཚུལ་བཞིན་བསྟེན་པའི་ཕན་ཡོན་ཀྱང་ཚད་མེད་དེ་ཡང་དག་པའི་ལམ་དུ་ཁྲིད་པ་དང་། ཐེ་ཚོམ་ཐམས་ཅད་སེལ་བ་དང་། རྟོགས་པ་རྒྱུད་ལ་འཆར་བ་དང་། སྡུག་བསྔལ་གྱི་རིམ་པ་ཞི་བ་དང་། འཁོར་བའི་འདམ་ལས་འབྱིན་པ་དང་། མ་རིག་པའི་མུན་ཚོགས་སེལ་བ་དང་། ཡོན་ཏན་གྱི་གཏེར་རྡོལ་བ་དང་། དངོས་གྲུབ་ཀྱི་བཅུད་འགེང་བ་དང་། བླང་དོར་གྱི་མིག་འབྱེད་པ་དང་། དག་པའི་ཞིང་སོགས་ལ་བགྲོད་ནུས་པ་དང་། ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་ཡང་དག་པས་རྗེས་སུ་བཟུང་བ་སོགས་ཕན་ཡོན་མཆོག་ཏུ་ཆེ་བས་ལྷག་པར་ཤེས་པར་བྱ་བ་སྔོན་དུ་སོང་ནས། དེ་ལྟར་རྟོགས་པའི་ཡེ་ཤེས་རང་རྒྱུད་དུ་བཙན་ཐབས་སུ་འཕོ་བའི་མན་ངག་ཀུན་གྱི་མཐར་ཐུག་པ་ནི་བླ་མའི་རྣལ་འབྱོར་གྱི་རིམ་པ་ཉིད་མཆོག་ཏུ་ཟབ་པ་ཡིན་ཏེ། ཅི་ཕྱིར་ཞེ་ན་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་ནི་སྤྲོས་བྲལ་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡིན་ལ། དེ་ལྟ་བུ་དབྱེར་མེད་རྟོགས་ཤིང་མཆོག་ཐུན་མོང་གི་དངོས་གྲུབ་ཡོངས་སུ་བརྙེས་པས་བྱིན་རླབས་ཀྱི་ཚན་ཁ་འབར་བ་ནི་བླ་མ་རང་ལས་གཞན་འོས་སུ་ནམ་ཡང་མ་མཆིས་ཤིང་། བྱིན་རླབས་དེ་ལྟ་བུ་གང་ཟག་སོ་སོའི་སྐྱེ་བོའི་རང་རྒྱུད་ལ་འཇུག་པར་བྱ་བའི་ཐབས་ཟབ་མོ་ནི་དད་པ་དང་མོས་གུས་ཀྱི་ཉེར་ལེན་ཁོ་ནའི་ལམ་ནས་དྲངས་དགོས་པ་ཡིན་ཞིང་། དགོས་ཆེད་ནི་རང་གནས་ཀྱི་ཡེ་ཤེས་ངོ་མ་འཕྲོད་པའམ་མ་སྨིན་པ་སྨིན་པར་བྱེད་པའི་བྱིན་རླབས་ཀྱི་སྙིང་པོ་ཡོངས་སུ་ཐོབ་ཡོང་བའི་ཕྱིར་དཔེར་ན་མཆན་ལ་ཕབ་བཏབ་པའི་རྐྱེན་གྱིས་རོ་བཅུད་ནུས་པ་ཐམས་ཅད་དུས་མྱུར་བ་ཉིད་དུ་མངོན་སུམ་སྟོན་ཡོང་བ་ལྟར་རམ། ཉི་མའི་ཟེར་མེ་ཤེལ་གྱིས་མཚམས་སྦྱོར་བས་སྤྲ་བ་ལ་མེ་ཐོགས་མེད་འབྱུང་བ་ལྟར་ཡིན་ཏེ། ཇི་སྐད་དུ། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པ་ཤེས་པར་བྱ། །ཞེས་དང་། ཨཱ་ལི་ཀཱ་ལིའི་རྒྱུད་ལས། དུས་རྣམས་ཀུན་ཏུ་བླ་མའི་རྣལ་འབྱོར་ལ། །ཡུན་དུ་བསྲིང་སྟེ་འབུང་བར་མ་གཏོགས་པར། །བསྐྱེད་རྫོགས་ལ་སོགས་བྱ་བ་མང་པོས་ཀྱང་། །དག་པའི་སྣང་བ་ལམ་དུ་འབྱོང་བར་དཀའ། །ཞེས་དང་། ཇི་སྐད་དུ། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ཁོ་ནས་འདུམ། །ཞེས་དང་། འབྲི་གུང་སྐྱོབས་པས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་དང་། འཇིགས་གླིང་པས། སྒོམ་བསྲན་པ་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། མོས་གུས་ཅན་ལ་གནས་ལུགས་ཀྱི་གསང་ལ་ཐེབ་པ་ཤ་སྟག་འབྱུང་། ཞེས་སོགས་དུ་མ་མཐའ་ཡས་པར་གསུངས་པ་ལྟར་ངེས་ཤེས་ཁྱད་འཕགས་ལྷག་པར་བསྐྱེད་དེ། སྒོམ་པ་དངོས་ཀྱི་སྐབས་སུ། དེ་ལྟར་དད་པ་དང་མོས་གུས་ཀྱི་སྒོ་ནས་བླ་མ་སྒྲུབ་པའི་བྱིན་རླབས་ཀྱི་རིམ་པ་དབང་བཞི་ཞུ་བ་ལ། རྣམ་པ་བསྒྱུར་བ་དང་མི་བསྒྱུར་བ་གཉིས་ཡོད་དེ། གང་ཟག་རབ་དད་པ་དག་སྣང་ཆེ་བ་རྣམས་ཀྱིས་རྣམ་པ་བསྒྱུར་མི་དགོས་ཏེ་བླ་མའི་སྐུ་དང་ན་བཟའ་རྒྱན་ཆས་སོགས་ཇི་ལྟར་འདུག་པ་དེ་ལྟར་བསྒོམས་པས་མཆོག་ཏུ་ཟབ་པ་ཡིན། གཞན་ལས་དང་པོ་པ་རྣམས་ཀྱིས་ཐ་མལ་མིའི་རྣམ་པར་སྒོམ་ན་ལོག་རྟོག་གིས་བྱིན་རླབས་འཇུག་པའི་གེགས་བྱེད་པ་ཡིན་པས་རྣམ་པ་མ་བསྒྱུར་བས་སངས་རྒྱས་སྐུ་དངོས་སུ་མི་མཐོང་བས་བསྒྱུར་དགོས་པར་གསུངས་པས། དེ་ལྟར་བསྒྱུར་བ་ལ་སྣང་སྲིད་དག་པ་རབ་འབྱམས་གཞིར་བཞུགས་སུ་ཡོད་པའི་དཀྱིལ་འཁོར་དེ། ལམ་གྱི་དུས་འདིར་གཞིར་བཞེངས་སུ་གསལ་འདེབས་དགོས་པ་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་འགྲོ་འདུག་བྱ་བའི་ཡུལ་རྟེན་གཞི་མ་དག་པའི་སྣང་བ་རྣམས་གང་ལའང་མི་དམིགས་པས་སྟོང་པ་ཉིད་དུ་སྦྱངས་ནས་པདྨ་འོད་ཀྱི་ཕོ་བྲང་རྒྱ་ཁྱོན་མཚན་ཉིད་བཀོད་པ་ཡོངས་སུ་རྫོགས་པ་ལེགས་པར་གསལ་བའི་དབུས་སུ་རང་ཉིད་དབང་གི་ཡེ་ཤེས་སྐྱེ་བའི་རྟེན་མཆོག་ཏུ་གྱུར་པ་དང་གུ་རུ་རིན་པོ་ཆེས་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་ཁྱད་པར་དུ། ངོ་བོ་ཡེ་ཤེས་མཚོ་རྒྱལ་ལ་རྣམ་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྟེ་ཤེས་རབ་མཚོན་བྱེད་སྐུ་མདོག་དམར་གསལ་གཅེར་བུ་དབྱིངས་ཡེ་དབྱེར་མེད་རྟོགས་པའི་བརྡར་སྤྱན་གསུམ་རིངས་པའི་ཚུལ་གྱིས་གཟིགས་པ། ཕྱག་གཡས་པས་འགྲོ་བ་རྣམས་གཏི་མུག་གི་གཉིད་ལས་སློང་བའི་ཕྱིར་ཐོད་རྔ་འཁྲོལ་བ། གཡོན་དུག་གསུམ་རྩད་གཅོད་ཀྱི་གྲི་གུག་དཀུར་བརྟེན་པ། རུས་པའི་རྒྱན་ལྔ་དང་མེ་ཏོག་གི་ཆུན་འཕྱང་གིས་བརྒྱན་ཅིང་དར་དཔྱངས་འཕྱང་བ་མཛེས་ཤིང་ལྟ་ན་སྡུག་པ་བཅུ་དྲུག་ལོན་པའི་ན་ཚོད་ཅན་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟར་གསལ་ལེགས་པར་བཏབ་ནས། སྤྱི་བོར་མདའ་གང་གི་ནམ་མཁར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་པདྨ་འབུམ་བདལ། དེ་སྟེང་སྲིད་ཞིའི་དྭངས་བཅུད་ཐབས་ཤེས་མཚོན་བྱེད་ཉི་ཟླའི་དཀྱིལ་འཁོར་གྱི་དབུས་ན། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད། དཔལ་ལྡན་རྩ་བའི་བླ་མ་ཉིད་ཡིན་པ་ལ། རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོར་བདེ་སྟོང་འདུ་འབྲལ་མེད་པས་རྟག་ཏུ་མྱོས་པའི་ཕྱིར་སྐུ་མདོག་དཀར་ལ་དམར་མདངས་ཅུང་ཟད་ཆགས་པ། ན་བཟའ་ལའང་བྱང་སེམས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་གསང་གོས་དཀར་པོ་དང་འདུང་མ་དམར་པོ། སྔགས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་སྔགས་པའི་ཆས་གོས་ཕོད་ཆེན་མཐིང་ག །སོ་ཐར་གྱི་ཐེག་པ་རྫོགས་པའི་རྟགས་སུ་ཆོས་གོས་དམར་སེར་གསེར་གྱི་ཧ་རིས་ཏེ་རི་མོ་ཕྱི་ནང་མ་བསྒྲིབས་པ་ཅན། ཐེག་པ་མ་ལུས་པ་ཡོངས་སུ་སྐུ་ལ་རྫོགས་པའི་རྟགས་སུ་ཟ་འོག་གི་བེར་དམར་སྨུག་དང་བཅས་པ་བརྩེགས་མར་གསོལ་བ། དབུ་ལ་ནི་ཟ་ཧོར་རྒྱལ་པོས་ཕུལ་བའི་པད་ཞུ་མནབས་པ་སྟེ་དེའང་བསྐྱེད་རྫོགས་ཟུང་འཇུག་གི་བརྡར་ཕྱི་ནང་གཉིས། སྐུ་གསུམ་མཚོན་བྱེད་ཡར་རྩེ་གསུམ། སྐུ་ལྔའི་འགྲོ་དོན་མཛད་པའི་བརྡར་ཁ་དོག་ལྔའི་མཐའ་ཆགས། ཐབས་ཤེས་དབྱེར་མེད་ཀྱི་བརྡར་གསེར་དངུལ་གྱི་ཉི་ཟླས་བརྒྱན་པ། དམ་ཚིག་མུ་མཐའ་མེད་པའི་བརྡར་མུ་ཁྱུད་མཐིང་གའི་སྒྲིལ། ཏིང་ངེ་འཛིན་གཡོ་བ་མེད་པའི་བརྡར་གསེར་གྱི་རྡོ་རྗེ་ཕྱེད་པའི་ཏོག །ལྟ་བའི་ཡང་རྩེར་ཕྱིན་པའི་རྟགས་རྒོད་ཀྱི་རྩེ་སྒྲོ་དང་རྨ་བྱའི་སྒྲོ་མདོངས་ཀྱིས་བརྒྱན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀ་ན་སྡིགས་མཛུབ་ཀྱི་ཚུལ་དུ་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་ཚེ་རིལ་གྱིས་གང་བའི་སྟེང་དུ་འཆི་མེད་བདུད་རྩིའི་བཅུད་ཀྱིས་གཏམས་པའི་ཚེ་བུམ་དཔག་བསམ་གྱིས་ཁ་རྒྱན་ཅན་འཛིན་པ། ཞབས་གཉིས་སག་ལྷམ་གསོལ་ཞིང་རྒྱལ་པོ་རོལ་པའི་སྟབས་སུ་བརྗིད་ཆགས་པར་བཞུགས་པ། མཆན་ཁུང་གཡོན་ན་ཡུམ་མནྡཱར་བ་སྦས་པའི་ཚུལ་གྱི་ཁ་ཊྭཱཾ་ག་འཛིན་པ། དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚོན་བྱེད་ཡར་གྱི་རྩེ་གསུམ། སྐུ་གསུམ་གྱི་མཚོན་བྱེད་པ་སྐམ་རློན་རྙིད་གསུམ། རྭ་ལ་ཐེག་དགུའི་མཚོན་བྱེད་ལྕགས་ལུང་དགུ །ཡེ་ཤེས་ལྔའི་མཚོན་བྱེད་དར་ཚོན་སྣ་ལྔ། དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱིས་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད་པའི་རྟགས་ཤི་སྐྲ་དང་གསོན་སྐྲས་བརྒྱན་པ་སོགས་དེ་དག་རྣམས་མ་འདྲེས་པ་ཡོངས་སུ་རྫོགས་པ་གསལ་གདབ་ཅིང་། དེའི་མཐའ་སྐོར་དུ་འོད་ལྔའི་དྲྭ་བ་མིག་མང་རིས་ཀྱི་གཟེབ་ཏུ་འཇའ་འོད་ཟླུམ་འཁྱིལ་ཁྲ་སྤུང་ངེ་བའི་དབུས་ན། རྒྱ་གར་གྱི་རིག་འཛིན་བརྒྱད་དང་བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་བཀའ་གཏེར་གྱི་བླ་མ་རྣམས་དང་། རྩ་གསུམ་དམ་ཅན་རྒྱ་མཚོ་ཁྲོམ་མང་ཚོགས་པ་ལྟ་བུར་མངོན་སུམ་བཞུགས་པར་གསལ་ལ་ངག་འདོན་གང་ཡིན་པ་དང་རིམ་པར་འབྲེལ་ནས་མོས་གུས་གདུང་ཤུགས་དྲག་པོ་ཡང་ཡང་བསྐྱེད་ནས་ཚིག་བདུན་གསོལ་འདེབས་སོགས་བརྗོད་པའི་རྐྱེན་གྱིས་ཨོ་རྒྱན་རིན་པོ་ཆེ་གཙོ་འཁོར་རྟེན་བརྟེན་པ་དང་བཅས་མངོན་སུམ་ཉིད་དུ་བྱོན་ནས་བསྐྱེད་པའི་དམ་ཚིག་པ་དང་གཉིས་སུ་མེད་པར་ཆུ་ལ་ཆུ་འདྲེས་པ་ལྟ་བུར་གྱུར་ཅིང་བཞུགས་པའི་སྤྱན་སྔར། ཚོགས་བསགས་པའི་སྒོ་མཐའ་ཡས་པ་ཡན་ལག་བདུན་པ་འདིར་འདུས་ཤིང་། དེ་ལྟར་ཕུལ་བ་ལ་དང་པོ་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་རིམ་པ་ནི། བཟང་སྤྱོད་ལས། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །སོགས་ཞེས་གསུངས་པ་ལྟར་ཕྱག་འཚལ་བའི་ཚུལ་དངོས་ནི། ཐར་མདོ་ལས། པདྨ་ཁ་འབུས་བྱེ་འདྲ་བས། །སོགས་ཞེས་གསུངས་པ་ལྟར་རང་གཞན་སེམས་ཅན་ཐམས་ཅད་ལུས་གྲངས་མེད་ལ་མགོ་གྲངས་མེད། མགོ་གྲངས་མེད་ལ་ལྕེ་དཔག་མེད། ལྕེ་དཔག་མེད་ཀྱིས་བསྟོད་པའི་དབྱངས་གྲངས་མེད་སྤྲུལ་ནས་ཆབས་ཅིག་ཏུ་ཕྱག་འཚལ་བ་དང་། ངག་གིས་འུར་དིར་རེ་སྐྱབས་འགྲོའི་ཚིག་དབྱངས་སྙན་པོ་དང་བཅས་ཏེ་འདོན་པ་དང་། ཡིད་ཀྱིས་བློ་གཏད་ལིང་སྐྱུར་གྱི་གསོལ་བ་བཏབ་པ་སོགས་རང་གཞན་སྒོ་གསུམ་འཇུག་པ་གཅིག་པས་དམིགས་པ་དང་བཅས་ཏེ་ཕྱག་འཚལ་དགོས་ཏེ། ངལ་གསོའི་འགྲེལ་བ་ལས། ས་འདི་རིར་བཅས་རྒྱ་མཚོའི་རྡུལ་སྙེད་དུ། །བསོད་ནམས་དེ་འདྲ་འཇིག་རྟེན་གསུམ་ན་མེད། །ལུས་བཏུད་དབང་ཆེན་ས་ཡི་རྡུལ་རྣམས་དང་། །མཉམ་པའི་གྲངས་སྙེད་འཁོར་ལོའི་སྒྱུར་རྒྱལ་འགྲོ། །མཐར་ཐུག་ཞི་བ་མཆོག་གི་གོ་འཕང་ཐོབ། །ཅེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །གཉིས་པ་འདོད་ཆགས་དང་སེར་སྣའི་གཉེན་པོ། མཆོད་པ་འབུལ་བ་ནི། བཟང་སྤྱོད་ལས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སོགས་གསུངས་པ་ལྟར་དང་། ངལ་གསོ་ལས། མེ་ཏོག་སྤོས་དང་མར་མེ་ཞལ་ཟས་ཆུ། །བླ་བྲེ་འཕན་ལྡིང་གདུགས་དང་རོལ་མོའི་སྒྲ། །རྒྱལ་མཚན་རྔ་ཡབ་རྫ་རྔ་ལ་སོགས་པ༑ །ལུས་དང་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་ཀྱིས། །འགྲོ་བའི་བླ་མ་དཀོན་མཆོག་སྲས་བཅས་མཆོད། །ཅེས་གསུངས་པ་ལྟར་མཆོད་རྫས་ཅི་འབྱོར་བའི་རིགས་གྱ་ནོམ་པ་རྣམས་ཤིན་ཏུ་གཙང་སྦྲ་དང་ཡིད་དུ་འོང་བར་བཤམ་བཀོད་མཛེས་པར་བྱས་ལ་དངོས་སུ་འབུལ་བར་བྱ་བ་དང་། ཡིད་སྤྲུལ་སོགས་ནི། མཆོད་པའི་ལྷ་མོ་བརྒྱད་ཀྱིས་མཆོད་རྫས་སྣ་ཚོགས་སོ་སོར་ཐོགས་པ་དང་། རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་དང་། ལྷམ། སྟན། བཞོན་པ། མལ་ཆ། ཁྲི། རལ་གྲི། ལྤགས་པ་སྟེ་ཉེ་བའི་རིན་ཆེན་བདུན་དང་། གཞན་ཡང་གཞལ་ཡས་ཁང་རིན་པོ་ཆེའི་དྲྭ་ཕྱེད་དང་། གླུ་གར་དང་། སིལ་སྙན། པི་ཝཾ་དང་བསྟོད་པའི་དབྱངས་སྙན། མེ་ཏོག་གི་རིགས་སྣ་ཚོགས་པའི་ཆར་འབབ་པ་དང་། རིན་པོ་ཆེའི་རིགས་དང་། སྨན་ཤིང་ནགས་ཀྱི་ཚལ་ཆེན་པོ། རྒྱ་མཚོ་ངང་པས་བརྒྱན་པ། སྨན་རིགས་སྤོས་རིགས་དྲི་ཞིམ་ངད་ལྡན་ཅན་རོ་བཅུད་ནུས་པར་ལྡན་པ། བྲག་རི། སྤང་ལྗོངས། ཆུ་བསིལ། རྫིང་བུ། ནམ་མཁའ་དྭངས་པ། ཉི་ཟླ་གཟའ་སྐར་བཀྲ་བ་དང་བཅས་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་དམིགས་ཏེ་འབུལ་བར་བྱ་དགོས་ཏེ། སངས་རྒྱས་མང་བྱེད་ཀྱི་མདོ་ལས། གང་ཞིག་རྒྱལ་བ་རྣམས་འདྲེན་ལ། །བྱ་བ་ཆུང་ངུར་སྤྱད་གྱུར་པ། །དེ་དག་མཐོ་རིས་སྣ་ཚོགས་དག །བགྲོད་ནས་བྱང་ཆུབ་ཐོབ་པར་གྱུར། །ཞེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །གསུམ་པ་ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པ་ནི། བཟང་སྤྱོད་ལས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །སོགས་ཅེས་གསུངས་པ་ལྟར་སྡིག་པ་བསགས་པའི་སྒོ་དྲུག་སྟེ་ལུས་ངག་ཡིད་གསུམ་དང་། ཉོན་མོངས་དུག་གསུམ་དང་། ཡུལ་ནི་ཕ་མ་དང་། བླ་མ་མཁན་པོ། སློབ་དཔོན། མཆེད་གྲོགས་སོགས་ལ། ངོ་བོ་ནི་མི་དགེ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་རང་གི་དངོས་སུ་སྤྱོད་པའམ། གཞན་ལ་བྱེད་དུ་བཅུག་པའམ། བྱེད་པ་ལ་བློ་ཡིས་རྗེས་སུ་ཡི་རང་བ་དང་བཅས་ཏེ། དུས་ཀྱང་ཐོག་མ་མེད་པ་ནས་དེང་གི་ཕན་ཆད་དུ་བསགས་པའི་མི་དགེ་བའི་རིགས་སུ་གྱུར་པ་ཀུན་བཤགས་པས་སོར་ཆུད་པར་བྱེད་པ་གལ་ཅི་ནས་ཆེ་བས། དེ་ལྟར་སྔར་བྱས་ཐམས་ཅད་ལ་དུག་ཁོང་དུ་སོང་བ་ལྟར་ཕྱི་འགྱོད་དྲག་པོ་བྱས་པས་སྡིག་པ་སུན་འབྱིན་པའི་སྟོབས་དང་། སྡིག་སྒྲིབ་ཀྱི་རྣམ་པ་མ་ལུས་པ་ནག་ཕུང་ངེར་ལྕེ་ཐོག་ཏུ་འདུས་ནས། བླ་མའི་མཛོད་སྤུ་ལས་ཡེ་ཤེས་ཀྱི་མེ་ལྕེ་འཕྲོས་པས་ཡོངས་སུ་བསྲེགས་ཐལ་སྙམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། ཕྱིན་ཆད་སྡིག་པ་གཏན་ནས་མི་བྱེད་པར་ཡོངས་སུ་སྡོམ་པའི་དམ་བཅའ་བྱེད་པ་ནི་སོར་ཆུད་པའི་སྟོབས་དང་། སྡིག་པ་ཡོངས་སུ་དག་པར་གྱུར་སོང་སྙམ་པའི་ངེས་ཤེས་དང་བཅས་པ་ནི་རྟེན་གྱི་སྟོབས་ཏེ་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ལེགས་པར་བཤགས་དགོས་པ་དང་། ཁྱད་པར་སྡིག་པའི་ངོ་བོར་ཇི་ལྟར་གནས་འདུག་ཞིབ་པར་དཔྱད་དེ་ངོ་བོ་ཆེར་མ་རྙེད་པ་ནམ་མཁའ་ལྟ་བུ་རྟོགས་པའི་ངང་དེར་ཡོངས་སུ་མཉམ་པར་བཞག་པས་སྡིག་པ་ལྷག་མེད་དུ་ཤུགས་ཀྱིས་སངས་འགྲོ་སྟེ། མདོ་ལས། དྲང་པོར་འདུག་ལ་ཡང་དག་བལྟ། །སོགས་ཞེས་གསུངས་པ་ལྟར་ཏེ། ཇི་སྐད་དུ། སྡིག་པ་ལ་ཡོན་ཏན་མེད་ཀྱང་བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན། ཞེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །བཞི་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བ་ནི། བཟང་སྤྱོད་ལས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །སོགས་ཞེས་གསུངས་པ་ལྟར་འཇིག་རྟེན་ཕལ་དང་། ཉན་ཐོས་དང་། རང་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་སྲས་དང་སློབ་མར་རྗེས་འཇུག་དང་བཅས་པས་དུས་གསུམ་ན་བསགས་པའི་རྣམ་དཀར་གྱི་དགེ་ཚོགས་ཆེ་ཕྲ་མ་ལྟོས་པར་ཡོད་དོ་ཅོག་ཀུན་ལ་བསམ་པ་རྣམ་པར་དག་པས་རྗེས་སུ་ཡི་རང་ཆེན་པོས་བློ་རྒྱ་བསྐྱེད་དེ་རབ་ཏུ་དགའ་བ་བསྒོམས་ན། དེའི་སྟོབས་ཀྱིས་རང་གི་དགེ་བ་གང་བསགས་པ་རྣམས་ནམ་ཡང་ཆུད་མི་ཟ་ཞིང་། དགེ་རྩ་འགྱུར་སྐྱེད་ཐོན་པ་དང་། བསོད་ནམས་ཚད་མེད་པ་མཉམ་པོར་ཐོབ་པ་སོགས་ཀྱི་གནད་འགག་དུ་མ་ཡོད་དེ། སྡུད་པ་ལས། སྟོང་གསུམ་རི་རབ་གསེར་གྱིས་བཀང་ཡང་ནི། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་། །རིན་ཆེན་བཻཌཱུརྻ་གཅིག་དེ་ཀུན་ཟིལ་གྱིས་གནོན། །དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན། །རྗེས་སུ་ཡི་རང་བྱང་ཆུབ་སེམས་དཔའི་ཟིལ་གྱིས་གནོན། །ཞེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །ལྔ་པ་གཏི་མུག་གི་གཉེན་པོ་བསྐུལ་མ་གདབ་པ་ནི། བཟང་སྤྱོད་ལས། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །སོགས་ཞེས་གསུངས་པ་ལྟར། རྒྱལ་བ་སྲས་བཅས་ཀྱིས་དམ་པའི་ཆོས་མ་གསུངས་ན་བསྟན་དང་འགྲོ་བ་ཉམ་ཐག་ཡོངས་ལ་འཕྲལ་གྱི་བདེ་སྐྱིད་འབྱོར་ཚོགས་དང་། མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་དམ་པ་སོགས་ཐོབ་ཐབས་དང་བྲལ་ནས་ཐར་པའི་ལམ་སྟོན་མཁན་མེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་གླིང་གཅིག་ཏུ་འགྱུར་ཉེན་ཡོད་པས་ན། དེ་ཕྱིར་སྔོན་སྟོན་པ་ལ་ཚངས་པས་གསེར་གྱི་འཁོར་ལོ་སོགས་ཕུལ་ནས་ཆོས་འཁོར་བསྐོར་བའི་བསྐུལ་མ་གདབ་པ་ཇི་བཞིན་དུ་རང་གིས་ཀྱང་ཕྱོགས་དང་རིས་མེད་ཀྱི་བསྟན་འཛིན་སྐྱེས་བུ་ཆེན་པོ་རྣམས་ཀྱིས་གང་ལ་གང་འདུལ་གྱི་ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་བའི་བསྐུལ་མ་གདབ་པའི་ཕྱིར་དངོས་སུ་འབྱོར་ཚོགས་ཀྱི་སྦྱོར་བ་དང་བཅས་ཆོས་རྔ་བརྡུང་། ཆོས་དུང་འབུད། ཆོས་ཀྱི་སྒྲོན་མེ་སྦར། ཆོས་ཀྱི་དར་ཕྱར། ཆོས་ཀྱི་རྒྱལ་མཚན་བསྒྲེང་དུ་གསོལ་ཞེས་སྨོན་འདུན་རྩེ་གཅིག་ཏུ་བྱ་དགོས་ཏེ། ཇི་སྐད་དུ། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམ་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་དང་། སྙིང་ཁུང་རྒྱུད་ལས། དཀོན་མཆོག་གསུམ་དང་ལྷ་རྣམས་ལ། །གུས་དང་བཅས་པའི་གསོལ་འདེབས་ན། །ཞི་སོགས་དོན་ཀུན་གང་འདོད་པ། །དེ་ཡི་མོད་ལ་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར། དེས་ནི་ཆོས་སྤང་བའི་སྡིག་པ་གང་བྱས་དག་ཅིང་། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་ཆོས་ཀྱི་བརྒྱུད་པ་འཛིན་པ་སོགས་ཀྱི་ཕན་ཡོན་མཆོག་ཏུ་ཆེའོ། །དྲུག་པ་ལོག་ལྟའི་གཉེན་པོ་བཞུགས་སུ་གསོལ་བ་ནི། བཟང་སྤྱོད་ལས། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །སོགས། ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་ཁམས་འདིར། སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་དང་། མཁན་པོ་དང་། སློབ་དཔོན། མཆེད་གྲོགས་སོགས་མདོར་ན་བསྟན་དང་འགྲོ་བ་ཡོངས་ལ་དངོས་བརྒྱུད་བར་གསུམ་ནས་ཕན་པར་མཛད་པའི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད། སེམས་ཅན་གྱིས་ལོག་སྒྲུབ་སྙིགས་དུས་ངན་པས་སྐྱོ་ངལ་སོགས་ལ་མི་ལྟོས་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སྐུ་མྱ་ངན་ལས་མི་འདའ་བ་བཞུགས་པའི་ཞབས་བརྟན་དངོས་བརྒྱུད་བར་གསུམ་ནས་འབུལ་ཞིང་གསོལ་བ་རྩེ་གཅིག་འདེབས་དགོས་ཏེ། ཇི་སྐད་དུ། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོང་པར་མི་འགོད་ཕྱིར། །བསྐལ་པ་གྲངས་མེད་བཞུགས་སུ་གསོལ། །ཞེས་དང་། ཁྱད་པར་རྒྱུད་མདོ་ལས། ཉོན་ཅིག་ཚངས་པའི་རྒྱལ་པོ་ཁྱོད། །བཅོམ་ལྡན་འདས་ལ་གསོལ་བ་འདེབས། །བསོད་ནམས་དེ་ནི་ཁྱད་པར་འཕགས། །སངས་རྒྱས་མྱ་ངན་འདས་མི་མངའ། །ཞེས་གསུངས་པ་ལྟར། དེས་ནི་སེམས་ཅན་ཐམས་ཅད་ཐར་པའི་ལམ་སྟོན་པའི་དེད་དཔོན་དམ་པ་རྣམས་དང་མི་འབྲལ་བ་དང་། རང་ཡང་ཚེ་རིང་བར་ཐོབ་པ་དང་། སྲོག་གཅོད་བྱས་པའི་སྡིག་པ་རྣམས་བྱང་བ་སོགས་ཕན་ཡོན་མཆོག་ཏུ་ཆེའོ། །བདུན་པ་ཐེ་ཚོམ་གྱི་གཉེན་པོ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་ནི། བཟང་སྤྱོད་ལས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །སོགས་ཞེས་གསུངས་པ་ལྟར་བསྔོ་རྒྱུ་ནི་རང་གཞན་དུས་གསུམ་དུ་བསགས་པའི་རྣམ་དཀར་གྱི་དགེ་བའི་རྩ་བ་གང་མཆིས་པ་ཐམས་ཅད་དེ། ཡུལ་ནི་གཏན་བདེ་བླ་ན་མེད་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དྲི་མ་མེད་པ་སངས་རྒྱས་ཀྱི་ས་ཁོ་ན་ལ། དོན་ནི་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད། དུས་མྱུར་བ་ཉིད་དུ་འགོད་པའི་ཕྱིར་ན་ཡོངས་སུ་བསྔོ་བར་བྱའོ་སྙམ་པས་འདུན་པ་རྩེ་གཅིག་ཏུ་བྱ་དགོས་ཤིང་། བློ་གྲོས་རྒྱ་མཚོའི་ཞུས་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། དེ་ལྟར་ཡན་ལག་བདུན་པ་ཕུལ་བའི་བསོད་ནམས་ནི། དཔལ་སྦས་ཀྱི་ཞུས་མདོ་ལས། གང་གིས་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ནས། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་གང་ལ་ཡི་རང་ངོ་། །སྡིག་པ་དག་ཀྱང་བཤགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་ན། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁར་གང་བ་རྟག་ཏུ་གནས། །ཞེས་གསུངས་པ་ལྟར་མདོར་ན། རས་དྲི་མ་ཅན་རྣམས་ཆུས་ཡོངས་སུ་བཀྲུས་ཏེ་ཚོས་རྒྱབ་པ་དང་ཉེ་བར་མཚུངས་ཏེ་གློ་བུར་གྱི་འཁྲུལ་བས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་རགས་པ་རྣམས་སངས་ནས་གཞིའི་གནས་ལུགས་རྟོགས་སླ་བ་སོགས་དགོས་ཆེད་དུ་མ་ཡོད་པས་དོན་གཉེར་ལྷག་པར་བསྐྱེད་པ་གལ་ཆེ་བཞིན་དམིགས་འདུན་རྩེ་གཅིག་ཏུ་བྱས་ནས། བཟླས་པ་དངོས་བཛྲ་གུ་རུ་སོགས་གང་ཡིན་པ་རྣམས་བཟླས་ཚུལ་གྱིས་རིམ་པ་ལ་ལེགས་པར་འཇུག་དགོས་ཏེ། དང་པོ་སྔགས་ཀྱི་སྒྲ་དོན་ནམ་ངོ་བོ་ནི། ཨོཾ་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་འགྱུར་བ་མེད་པ། ཨཱཿནི་གསུང་འགག་པ་མེད་པ། ཧཱུྃ་ནི་ཐུགས་འཁྲུལ་བ་མེད་པ་སྟེ་རྡོ་རྗེ་གསུམ་གྱི་ས་བོན་དང་། གུ་རུ་ནི་བླ་མ། སུ་ཁ་ནི་བདེ་བ། མ་ཧཱ་ནི་ཆེན་པོ། སིདྡྷི་ནི་དངོས་གྲུབ། སརྦ་ནི་ཐམས་ཅད། ཧཱུྃ་ནི་སྩོལ་ཞེས་པ་སྟེ། དེ་ཡང་བསྡུ་ན་རྡོ་རྗེ་བླ་མའི་པདྨར་དངོས་གྲུབ་སྩོལ་ཞེས་པའམ། ཡང་ན་བླ་མ་བདེ་བ་ཆེན་པོའི་དངོས་གྲུབ་ཐམས་ཅད་སྩོལ་ཞེས་པ་ཡིན་གྱི་དེ་ལྟར་སྔགས་སྤྱིའི་སྒྲ་དོན་ཀྱང་ལ་ལ་ནི་མཚན་ནས་འབོད་པ་དང་། ལ་ལ་ནི་ཐུགས་དམ་གནད་ནས་བསྐུལ་བ་དང་། ལ་ལ་ཡོན་ཏན་བརྗོད་ཅིང་བསྟོད་པར་བྱ་བ་ཡིན་པས། དེ་ལྟར་བཟླས་པའི་རྐྱེན་གྱིས་ཡེ་ཤེས་པ་བྱོན་ནས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོགས་རྡུགས་མེད་པར་ངེས་པར་སྟེར་བ་ནི་གདོན་མི་ཟ་བ་ཡིན་ཏེ། གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་བཙུན་མོ་དག །མངོན་པར་ཕྱོགས་པ་བྱ་ཕྱིར་ཏེ། །དཔེར་ན་སྐྱེས་ཆེན་འགའ་ཞིག་ལ། །ཆེ་ལ་མྱུར་བའི་སྒྲས་འབོད་ན། །ཐོས་པ་ཙམ་གྱིས་འོང་བ་ལྟར། །སངས་རྒྱས་སྐད་ཅིག་དེ་ལ་འབྱོན། །ཞེས་དང་། རྒྱུད་ལས། རྫས་དང་སྔགས་ཀྱི་སྦྱོར་བ་ལ། །དཔྱད་ན་དངོས་གྲུབ་མི་འབྱུང་ཏེ། །གལ་ཏེ་ཡིད་གཉིས་ཟ་འགྱུར་རམ། །བསམ་པ་འགྱུར་རམ་དད་པ་ཉམས། །དེ་ཚེ་དངོས་གྲུབ་ཉེ་བ་ཡང་། །ཕྱིར་ལྡོག་འགྱུར་བ་གདོན་མི་ཟ། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་སོགས་གསུངས་པ་ལྟར་ཡིད་ཆེས་ཀྱིས་ངེས་ཤེས་ལྷག་པར་བསྐྱེད་པ་སོགས་སྔོན་དུ་སོང་བའི་རྗེས་ལ། བཟླ་ཚུལ་དངོས་ནི། ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་པར་གྱུར་པ་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང་། རྔམ་གློག་ལས། སྒྲ་ཆེན་མ་ཡིན་སྒྲ་ཆུང་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པར་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པ་མིན། །ཞེས་སོགས་གསུངས་པ་ཇི་བཞིན་ཆད་ལྷག་སོགས་ཀྱི་དབང་དུ་མ་སོང་བར་ངག་གི་སྒྲ་དག་པར་འདོན་ནས་རྣ་བས་ཉན། རིང་མིན་སེམས་ཀྱི་ཤེས་པས་དཔྱད་དེ་གཞན་དག་ལ་མ་ཡེངས་པར་དད་མོས་ལྷག་པར་རྩེ་གཅིག་ཏུ་བསྐྱེད་བཞིན་དུ་བཟླས་ནས། ལྷག་པར་འཕྲོ་འདུ་ཕྲིན་ལས་ཀྱི་དམིགས་པ་ནི། རང་ཉིད་རྣལ་འབྱོར་མའི་ཐུགས་ཀར་ཟླ་དཀྱིལ་སྲན་མ་བཀས་པ་ཙམ་གྱི་སྟེང་དུ། ཧཱུྃ་ཡིག་དཀར་པོ་ཕྲ་མོའི་མཐར་སྔགས་ཕྲེང་རྣམས་གཡས་སུ་བཀོད་ལ་གཡོན་དུ་འཁོར་བ་ལས། འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྩེར་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་རྫས་ནམ་མཁའ་གང་བར་སྤྲོས་ཏེ། ཆོས་ཀྱི་དབྱིངས་ན་བཞུགས་པའི་སྐུ་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་སློབ་མར་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་འབུལ་བས་ལྷ་རྣམས་ཟག་མེད་བདེ་བ་ཆེན་པོས་ཐུགས་ཡོངས་སུ་མཉེས་ནས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད། སྐུ་ཞི་དྲག །གསུང་ཡིག་འབྲུའི་རིགས། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་དང་། འོད་ཟེར་དཀར་དམར་མཐིང་གསུམ་སོགས་བཀྲག་ལ་དྭངས་པ་བཅུད་ལ་སྣུམ་པ་ཆར་ལྟར་འབབས་ནས་རང་གཞན་ཐམས་ཅད་ཀྱི་སྒོ་གསུམ་ལ་ཕོག་ནས་ནང་དུ་ཞུགས་ཤིང་ཐིམ་པར་གྱུར་པའི་མོད་ལ་སྡུག་བསྔལ་སྡིག་སྒྲིབ་རྣམས་ཆེས་ཆེར་བསལ་བའི་སྟོབས་ཀྱིས་ངན་སོང་དུ་མ་སྐྱེས་པ་རྣམས་སྐྱེ་སྒོ་འགེག །སྐྱེས་ཚར་བ་རྣམས་སྡུག་བསྔལ་གྱི་ཐག་བསྲིང་། ཅུང་ཟད་ལས་སྲབ་པ་རྣམས་དེ་མ་ཐག་ཚེ་འཕོས་ནས་མི་ལུས་ཆོས་ལྡན་གྱི་རིགས་རྒྱུད་དུ་སྐྱེས། ཆོས་ལ་འཇུག་མ་ཟིན་པ་རྣམས་བློ་རྒྱུད་ཆོས་ལ་མྱུར་དུ་བསྐུལ། ཞུགས་ཚར་བ་རྣམས་བར་ཆད་ཀྱི་རིམ་པ་ཞི་ཞིང་མཐུན་རྐྱེན་ལེགས་པར་ཚོགས་ནས་ས་ལམ་གོང་ནས་གོང་འཕེལ་དུ་བགྲོད། བགྲོད་བཞིན་པ་རྣམས་ཆོས་མཐར་ཕྱིན་ནས་ལུས་མ་སྨིན་པ་སྨིན་པར་གྱུར་ནས་ལུས་ལ་གཟི་བརྗིད་ཆགས། ངག་མ་སྨིན་པ་སྨིན་པར་གྱུར་ནས་ངག་ལ་བདེན་པ་གྲུབ། ཡིད་མ་སྨིན་པ་སྨིན་པར་གྱུར་ནས་ཉམས་རྟོགས་ཀྱི་རྩལ་ཡོངས་སུ་རྫོགས། ཡོན་ཏན་མ་རྫོགས་པ་རྫོགས་པར་གྱུར་ནས་ཤེས་བྱའི་གནས་ལ་ཆགས་ཐོགས་མེད་པར་གྱུར། ཕྲིན་ལས་མ་རྒྱས་པ་རྒྱས་པར་གྱུར་ནས་ལས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་ནས། ཉན་རང་རྣམས་འགོག་པ་ལས་བསླང་། བྱང་སེམས་རྣམས་ཤེས་སྒྲིབ་ལས་གྲོལ་སོང་སྙམ་པའི་ངང་ནས་མཚན་བསྙེན་ནམ། དུས་བསྙེན་ནམ། གྲངས་བསྙེན་སོགས་གང་རུང་ཚད་དང་ལྡན་པ་བཟླས་པར་བྱའོ། །དེ་ལྟར་དམིགས་བཟླས་ལེགས་པར་བྱས་པའི་ཕན་ཡོན་ནི། ཚེ་འདིའི་བགེགས་དང་བར་ཆད་རྣམས་ཞི་ཞིང་། ངག་ལ་བདེན་པའི་ནུས་སྟོབས་འབྱུང་། ལྷ་རྣམས་མཉེས་པས་བྱིན་རླབས་དངོས་གྲུབ་ཐོབ། སྒྲིབ་གཉིས་བྱང་བ་དང་ཚོགས་གཉིས་རྫོགས། ལས་བཞིའི་དཀྱིལ་འཁོར་རབ་འབྱམས་ལ་དབང་། ཚེ་རབས་ཀུན་ཏུ་བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་འཛིན་ནས། མཐར་ཐུག་རིགས་ཀྱི་བདག་པོའི་ཐུགས་ཀློང་དུ་མངོན་པར་བྱང་ཆུབ་པ་སོགས་དགོས་ཆེད་དུ་མར་ཡོད་པས་དེ་ལྟར་ངེས་ཤེས་ལྷག་པར་སྐྱེད་དེ་སེམས་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་བཟླས་བཞིན་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ཡང་ཡང་བཏབ་ཅིང་བསྙེན་པའི་གྲངས་ཟིན་ནས་མཐར་ཐུན་བསྡུ་རན་པའི་སྐབས་སུ། གཞི་དབང་ཐོབ་པ་ཉིད་མི་ཉམས་པ་མཐར་ཐུག་གི་འབྲས་དབང་མངོན་དུ་གྱུར་ཕྱིར་ལམ་དབང་བཞི་པོ་རྒྱུན་དུ་འདི་ལྟར་ཞུ་བར་བྱ་སྟེ། གུ་རུ་རིན་པོ་ཆེའི་སྨིན་མཚམས་ཀྱི་ཨོཾ་ཡིག་ལས་ཟླ་བའི་ཟེར་ལྟར་འོད་ཟེར་དཀར་གསལ་འཕྲོས་པ་རང་གི་དཔྲལ་བར་ཐིམ་པའི་སྟོབས་ཀྱིས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་མི་དགེ་བ་གསུམ་དང་རྩ་ཡི་སྒྲིབ་པ་བཅས་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུའི་ས་བོན་ཐེབས་པར་སྙམ། དེ་ནས་མགྲིན་པའི་ཨཱཿལས་འོད་ཉི་ཟེར་ལྟར་དམར་སེར་འཕྲོས་པ་རང་གི་མགྲིན་པར་ཐིམ་པའི་སྟོབས་ཀྱིས་ངག་གསང་བའི་དབང་ཐོབ། ངག་གི་མི་དགེ་བ་བཞི་དང་རླུང་གི་སྒྲིབ་པ་དག །ལམ་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུའི་ས་བོན་ཐེབས་ཐལ་སྙམ། དེ་ནས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྤོས་ཀྱི་དུ་བ་ལྟར་སྔོན་པོ་འཕྲོས་པ་རང་གི་སྙིང་ཁར་ཐིམ་པའི་སྟོབས་ཀྱིས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་ལས་མི་དགེ་བ་གསུམ་དང་ཐིག་ལེའི་སྒྲིབ་པ་བཅས་དག །ལམ་བདེ་སྟོང་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་ས་བོན་ཐེབས་ཐལ་སྙམ། སླར་ཡང་ཐུགས་ཀའི་ཧཱུྃ་ལ་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་ཆད་པ་བཞིན་དུ་བྱུང་བ། རང་སེམས་དང་དབྱེར་མེད་འདྲེས་པའི་སྟོབས་ཀྱིས་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་རྟེན་གཞི་བག་ཆགས་དང་ཤེས་བྱའི་སྒྲིབ་པ་ཡོངས་སུ་དག །ལམ་ཀ་དག་ཁྲེགས་ཆོད་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་ཐེབས་ཐལ་སྙམ་ནས་ལྷག་པར་གསོལ་བ་རྩེ་གཅིག་བཏབ་པས་གུ་རུ་རིན་པོ་ཆེའི་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་ངང་ནས་ཞལ་འཛུམ་ཞིང་སྤྱན་རྗེས་ཆགས་གཡོ་བ་དང་བཅས་ཏེ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར་པོ་དྲོད་ཚ་ལམ་མེར་འབར་བ་ཞིག་ཐོན་ནས་རང་གི་སྙིང་གར་ཐིམ་པའི་མོད་ལ་ལུས་འོད་ཀྱི་གོང་བུ་སྲན་མ་ཙམ་དུ་གྱུར་ཅིང་དེ་ཡང་མེ་སྟག་ཡར་བ་བཞིན་དུ་གུ་རུའི་ཐུགས་ཀ་ལ་ཐིམ་པའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་གོ། །དེ་ལྟར་བླ་མའི་རྣལ་འབྱོར་ལེགས་པར་བསྒོམ་པའི་ཕན་ཡོན་ནི། དམ་ཚིག་བཀོད་པ་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། །འདུ་འཛིའི་གཡེང་བ་སྤངས་ཏེ་བསྒོམས་པ་བས། །བླ་མ་རང་སེམས་དཀྱིལ་དུ་དར་གཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང་། མཚན་དང་དཔེ་བྱད་ལྡན་པའི་སྐུ། །བསྐལ་པ་འབུམ་དུ་བསྒོམས་པ་བས། །སྐད་ཅིག་བླ་མ་དྲན་པ་མཆོག །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག །ཅེས་དང་། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་སྒོམ་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང་། །གང་ཟག་དེ་ཡིས་འཛིན་པར་བྱེད། །ཅེས་དང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་དེ་ནི་ཕ་མཐའ་ཡས། །ཞེས་སོགས་ཕན་ཡོན་མཐའ་ཡས་པར་གསུངས་པ་ལྟར་བསྡུ་ན། བླ་མ་འགྲུབ་པའི་རྟགས་མཚན་དུ། ཞལ་མཇལ་ཞིང་དབང་བསྐུར་བ་དང་། ཆོས་གསུང་བ་དང་། ལུང་བསྟན་པ་དང་། འོད་ཟེར་སྤྲོ་བསྡུས་བྱིན་རླབས་འཇུག་པ་སོགས་རྨིས་ཞིང་། དངོས་སུ་དྲན་པ་ཙམ་གྱིས་ཉམས་འབར་བ་དང་། ཕྱིའི་སྣང་བ་བན་བུན་ལང་ལོང་དུ་འགྲོ་བ་དང་། ནང་གི་ཤེས་པ་གསལ་རྗེན་འཆར་བ་དང་། བར་གྱི་རྟོག་པ་རྒྱུན་ཆད་པ་དང་། བླ་མ་རྩ་ན་བཞུགས་ཀྱང་མིང་འབོད་མི་བྲ་བ་དང་འབྲལ་མི་བྲ་བ་ལྟ་བུ་དངོས་ཉམས་རྨི་ལམ་གྱི་རྟགས་མཚན་རྣམས་འབྱུང་ཞིང་ཐར་པའི་ལམ་མ་ནོར་བར་ཚུད་ཅིང་ས་ལམ་གྱི་བར་ཆད་རྣམས་ཞི། དངོས་གཞིའི་ཉམས་མྱོང་རྒྱུད་ལ་འབྱོར་སླ་ཞིང་གནས་ལུགས་མ་ནོར་བར་རྟོགས་པའི་རྩལ་ཆེན་རྫོགས། མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱེད་པ་སོགས་ཕན་ཡོན་ཚད་མེད་པས་ལྷག་པར་ཤེས་པར་བྱས་ལ། སླར་རྗེས་སུའང་སྣང་བ་བླ་མའི་སྐུ། གྲགས་ཚད་གསུང་། དྲན་རྟོགས་ཐུགས་ཀྱི་རང་བཞིན། སྣང་སྲིད་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་ཡོངས་སུ་ཤེས་པའི་ངང་ནས་སོ།།  ༈  །།ད་ནི་དེ་དག་ཐམས་ཅད་དང་འབྲེལ་དགོས་ངེས་རྗེས་ཀྱི་བྱ་བ་བསྔོ་སྨོན་གྱི་རིམ་པ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་གསུངས་པ་ལྟར་བརྗོད་དེ་དགེ་བ་གང་འགྲུབ་བསྔོ་སྨོན་གྱིས་རྒྱས་ཡོངས་སུ་ཐེབས་པར་བྱ་དགོས་པ་ཡིན་ཏེ། རྗེ་ལྷ་རྩེ་བས། འགྲོ་དྲུག་གི་དོན་དུ་ཐུགས་བསྐྱེད་ནས། །ལས་དཀར་པོ་དགེ་བཅུས་དུས་འདའ་བར། །དེ་འཁོར་གསུམ་ཡོངས་སུ་དག་ན་རབ། །དེ་མིན་ཡང་བྱང་ཆུབ་ཡོངས་བསྔོ་འཚལ། །ཞེས་དང་། རྗེ་འབྲི་གུང་པས། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱི་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་སྨིན་པས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར་གལ་ཆེ་ཞིང་། དེའང་བསྔོ་སྨོན་ཅེས་པའི་དོན་ནི། འགྲེལ་བའི་རྣམ་པ་ཕྲའང་བཀོད་པ་དོན་ཆེ་བའི་ཕྱིར། འོག་ཏུ་འཆད་འགྱུར་ལྟར་བསྡུ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་དམ་པ་ཐོབ་ཕྱིར་དུ་དགེ་བའི་རྩ་བ་རྣམས་སྦྱིན་པ་གཏོང་བའི་བསྔོ་བར་བྱ་བ་ཡིན་པས་ན་བསྔོ་བ་ཞེས་དང་། དེའི་དོན་བྱེ་བྲག་ཏུ་རང་གཞན་དོན་གཉིས་སམ། བསྟན་དང་འགྲོ་བའམ་མདོར་ན་ཚེ་རབས་ཀུན་ཏུ་ལེགས་སྤེལ་ཉེས་སེལ་གྱི་ཕྱིར་དུ། དེ་ལྟར་འགྲུབ་པར་ཡིད་ཀྱིས་སྨོན་ནས་བདེན་པའི་ཚིག་དང་བཅས་ཀྱིས་ལམ་ཕྱིན་ཅི་མ་ལོག་པའི་རིམ་པ་ལ་སྦྱོར་བས་ན་སྨོན་ལམ་ཞེས་པའམ། ཡང་ན་རང་གཞན་འཕྲལ་ཡུན་ཀུན་ཏུ་ལེགས་སྤེལ་ཉེས་སེལ་གྱི་འདོད་པའི་དོན་ལ་སྨོན་པའི་གནས་སམ། ལམ་ཡང་དག་པས་ན་སྨོན་ལམ་ཞེས་དང་། དེ་ལྟར་འགྲུབ་པའི་ཕྱིར་དུ། བདག་གི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོས་པའི་མཐུ་ཟབ་མོ་ལ་བརྟེན་ནས་དུས་མྱུར་བ་ཉིད་དུ་དེ་དེ་བཞིན་དུ་འགྲུབ་པར་ཤོག །ཅེས་པས་ན་སྨོན་ལམ་དང་བསྔོ་བ་གསུངས་པའི་དོན་སོགས་གོ་དགོས་པ་ཡིན་པར་འདུག །དེ་ལྟར་ཚིག་དོན་ཟུང་དུ་འབྲེལ་བའི་སྒོ་ནས། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་སོགས་བསྔོ་སྨོན་གྱི་རིམ་པ་ཡང་དག་པས་མཚམས་སྦྱོར་བྱེད་པ་དེས། དགེ་འབྲས་གོང་འཕེལ་དུ་འགྱུར་ཞིང་དགེ་རྩ་གནད་ལ་ཐེབས་པའི་དགོས་གནད་སོགས་གལ་པོ་ཆེ་རུ་ཡོད་པས་ཤེས་པར་བྱེད་པ་ལས། བསྔོ་བྱ་བསྔོ་བྱེད་སོགས་དམིགས་བཅས་དམིགས་མེད་གང་གིས་རྩིས་མ་ཟིན་པ་ནི་གཏི་མུག་བཏང་སྙོམས་ལུང་མ་བསྟན་ཞེས་ཕན་གནོད་གང་ཡང་མེད་པར་དགེ་རྩ་གང་འགྲུབ་རྣམས་བར་མ་དོར་ཆུད་ཟོས་སུ་འགྲོ་ཉེན་ཡོད་པས། བསྔོ་བྱ་སོགས་རྣམ་པ་དང་ངོ་བོ་ཡང་དག་པས་རྩིས་ཟིན་པ་གལ་ཆེ་སྟེ། ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོ་རེག་གྱུར་ཅིག །ཅེས་དང་། བློ་གྲོས་རྒྱ་མཚོའི་ཞུས་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། སློབ་དཔོན་དཔའ་བོས། ཇི་ལྟར་དགེ་བའི་རྩ་བ་དེ་ཀུན་ཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་སེམས་པ་ཀུན་བྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུ་རུ་བསྔོ། །ཞེས་ཕན་ཡོན་དང་བཅས་ཏེ་གསུངས་པ་ཇི་བཞིན་བསྔོ་བར་བྱ་དགོས་ཤིང་། དེས་ན་ཇི་ལྟར་བསྔོ་སྙམ་ན། རྒྱུ་ནི་ད་ལན་རང་གི་ས་ལམ་བསྐྱེད་རྫོགས་ཀྱི་རིམ་པ་གང་ལ་བརྩོན་པའི་དགེ་བ་དེ་དག་དམིགས་རྟེན་མཚོན་བྱེད་དུ་བྱས་ནས། རྒྱལ་བ་སྲས་དང་སློབ་མར་བཅས་པས་དུས་གསུམ་ན་བསགས་པའི་རྣམ་དཀར་གྱི་དགེ་ཚོགས་གང་མཆིས་པ་ཐམས་ཅད་མཚོན་བྱར་བྱས་ལ་དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་པའི་བློ་འདུན་གྱིས་ཡོངས་སུ་འཁྱུད་བཞིན་པའི་ངང་ནས། ཡུལ་གང་དུ་བསྔོ་སྙམ་ན། ལྷ་མིའི་བདེ་བ་ཙམ་དང་། ཉན་རང་དང་། བྱང་སེམས་ཀྱི་གོ་འཕང་ཐོབ་ཕྱིར་ཙམ་དུ་མ་ཡིན་ཏེ་དགེ་འབྲས་ཆེ་ཕྲ་དང་ལམ་ཉེ་རིང་ལ་མ་ལྟོས་པར་གོལ་འགྲོ་བ་ཡིན་པའི་ཕྱིར། དེས་ན་ཡུལ་གྱི་མཆོག་མཐར་ཐུག་པ་དུས་གཏན་གྱི་བདེ་བ་བླ་ན་མེད་པའི་གནས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་ས། སྐུ་བཞི་ཡེ་ཤེས་ལྔ་ཡི་ངོ་བོ། ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་དྲི་མ་མེད་པ་ཉིད་ལ་ཚད་འཛུགས་དགོས་ཏེ། དོན་སུའི་ཆེད་དུ་བསྔོ་སྙམ་ན། རང་དོན་དང་། གཉེན་ཉེ་འབྲེལ་དང་། འབྲེལ་ཐོགས་སོགས་ཕྱོགས་རེ་བ་ཙམ་གྱི་ཕྱིར་དུ་ཡང་མ་ཡིན་པར། ནམ་མཁའི་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱི་གར་ཁྱབ་ཕ་མ་དྲིན་ཆེན་གྱིས་ཁྱབ། ཕ་མ་དྲིན་ཆེན་གྱིས་གར་ཁྱབ་བདེ་སྡུག་གི་ལས་ཀྱིས་ཁྱབ་པས་ན། དེ་དག་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་དམ་པ་དེ་རུ། དུས་མྱུར་བ་ཉིད་དུ་ཕྱམ་གཅིག་འགོད་པའི་ཆེད་དུ་བསྔོ་དགོས་པ་ཡིན། དེའང་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཟབ་མོས་རྩིས་ཟིན་ན་ཁྱད་པར་དུ་མས་འཕགས་པ་ཉིད་དུ་གསུངས་སྟེ། དཀོན་མཆོག་སྤྲིན་མདོ་ལས། གང་ལ་དགེ་བ་མི་དམིགས་པ་དང་། ཇི་ལྟར་བྱ་བ་མི་དམིགས་པ་དང་། ཡོངས་སུ་འབད་པ་མི་དམིགས་པའི་ཚུལ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པར་བྱའོ། །ཞེས་དང་། དཀོན་བརྩེགས་ལས། ཇི་ལྟར་ཕ་རོལ་ཏུ་ཕྱིན་པའི་དགེ་བ་དྲུག་གིས་བསྡུས་པའི་དགེ་བ་གང་ལའང་བྱེད་པ་པོ་བདག་ཉིད་དང་། བྱ་བའི་ཡུལ། བྱས་པའི་དགེ་བ་གསུམ་བྱེད་དུས་ནས་བདེན་ཞེན་མེད་པར་སྤྲུལ་པ་ལྟ་བུའམ། སྒྱུ་མ་ལྟ་བུས་སྤྱད་ན་མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་རོ། །ཞེས་དང་། མདོ་སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་བཟའ་བ། །དཀར་པོའི་ཆོས་ལའང་དམིགས་པ་རྒྱལ་བས་དེ་སྐད་གསུང་། །ཅི་སྟེ་མཚན་མ་ཡོད་ན་བྱང་ཆུབ་བསྔོ་བ་མིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཞེས་དང་། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །སྲིད་པར་དེ་གནས་ཐར་པ་ཐོབ་མི་འགྱུར། །གལ་ཏེ་གཉིས་པོ་སྦྱོར་བར་ནུས་པ་ཡིས། །སྲིད་པར་མི་གནས་ཞི་བར་དེ་མི་གོལ། །ཞེས་གསུངས་པ་ལྟར་ཏེ། ལམ་ཤེས་རབ་སྙིང་རྗེས་མ་ཟིན་པའི་དགེ་བཅུ་ལྟ་བུ་ནི་དམན་པ་སྟེ་དཔེར་ན་ཆུ་ཤིང་གི་འབྲས་བུ་ལན་གཅིག་སྨིན་ནས་ཡོངས་སུ་སྐམ་པ་ལྟར། གཏི་མུག་གི་ས་པས་བསྡུས་པའི་ཕྱིར་དགེ་རྩ་རྐྱེན་གྱིས་འཇོམས་པ་དང་སྐྱེད་མི་འཕེལ་བར་མངོན་མཐོ་ལྷ་མིའི་བདེ་འབྲས་བསྐྱེད་ནས་ཟད་པར་འགྱུར་བས་ན་བསོད་ནམས་ཆ་མཐུན་གྱི་དགེ་བ་ཞེས་པ་དང་། ལམ་ཤེས་རབ་ཟབ་མོས་ཟིན་ནས་བཟུང་དགེ་རྩ་རྐྱེན་གྱིས་མི་ཤིག་པ་དང་། གོང་ནས་གོང་དུ་འཕེལ་ཏེ་བྱང་ཆུབ་ཐོབ་པའི་རྒྱུ་བྱེད་པས་ན་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་སྟེ་དཔེར་ན་ལྕགས་ལ་གསེར་འགྱུར་གྱི་རྩིས་ཡོངས་སུ་ཐེབས་པ་དང་ཉེ་བར་མཚུངས་ཏེ་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་གཉིས་ཀའི་རྒྱུ་བྱེད་པས་ན་དགེ་རྩ་སོགས་བདེན་མེད་སྟོང་པའི་ཤེས་རབ་ཀྱིས་རྩིས་ཡོངས་སུ་ཟིན་ན་ནི་ཁྱད་པར་དུ་མས་འཕགས་པ་ཉིད་དུ་བཞེད་འདུག་པ་དེ་ལྟ་ལར་ནི་འབྱོང་བ་གལ་ཆེ་བའི་རང་བཞིན་དང་། འོན་ཀྱང་ད་ལྟ་རང་རེ་ལས་དང་པོ་པའི་སྐབས་སུ་འཁོར་གསུམ་བདེན་མེད་དུ་མཉམ་པར་བཞག་ཀྱང་དམིགས་བཅས་ལས་ནམ་ཡང་མི་འདའ་ཞིང་། ནམ་ཞིག་སྟོང་ཉིད་ཀྱི་ཤེས་རབ་ཟབ་མོ་རྟོགས་པའི་ཚེ་རྣམ་པ་དམིགས་བཅས་སུ་ཇི་ལྟར་བསྒོམ་རུང་ངོ་བོ་ཤེས་རབ་སྟོང་པའི་རྩིས་རང་ཤུགས་ཀྱིས་ཟིན་ནས་དུས་མཉམ་དུ་ཁྱབ་པ་ཞིག་ཡོང་རྒྱུ་ཡོད་པ་ཡིན་པས། དེ་ལྟ་བུར་མ་རྟོགས་ཀྱི་བར་དུ་རེ་ཞིག་ལྷག་བསམ་གྱི་འདུན་པ་ཁོ་ན་ལ་རག་ལས་ཤིང་དེ་སྟོབས་ཆེ་བ་ཡིན་པས་ཤེས་པར་བྱ་དགོས་སུ་ཐུག་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །རང་བཞིན་བདེན་མེད་སྒྱུ་མ་དང་། །རྨི་ལམ་ལྟ་བུར་བློ་བཞག་བྱ། །ཞེས་དང་། ལྟུང་བཤགས་ལས། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་དང་། བཟང་སྤྱོད་ལས། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་གསུངས་པ་དང་ཉེ་བར་མཚུངས་པ་གོང་དུ་བཤད་མ་ཐག་པའི་ཚུལ་ལྟར། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད། དུས་མྱུར་བ་ཉིད་དུ་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་དུ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་དེ་དེ་བཞིན་བདག་གིས་ཀྱང་རྗེས་སུ་སློབ་ནས་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པས་འདུན་པ་རྩེ་གཅིག་པའི་ངང་དུ་དོན་རྣམས་ཧྲིལ་གྱིས་འདུས་ཡོད་པས་ཚིག་རྗེས་དོན་དྲན་ཀྱི་ངང་ནས་བསྔོ་སྨོན་གྱི་བདེན་ཚིག་ཟབ་མོ་རྣམས་ཆད་ལྷག་མ་སོང་བར་དལ་ཆགས་པ་ཞིབ་ཀྱིས་འདོན་པར་བྱའོ། །དེ་ལྟར་སྔོན་འགྲོའི་ཁྲིད་ཡིག་ཕལ་ཆེར་ནི་རྒྱས་ཆེ་བའི་དབང་གིས་དཔེ་དང་ལུང་འདྲེན་ཕན་ཡོན་སོགས་ཀྱི་གསུང་ཚིག་རྣམས་གོ་བས་མ་ཆུན་ཏེ། དོན་ཉམས་སུ་སྙིང་པོར་ལེན་འདོད་རྣམས་ལ་བཤད་བདེ། ཉན་བདེ་སྒྲུབ་བདེའི་ཕྱིར་ན་སྙིང་པོ་འདི་ཙམ་དུ་ཡོངས་སུ་འདུས་པར་བྱས་ཏེ། ཡི་གེའི་གཟུགས་སུ་སྲས་མིང་པ་ཨཱརྻ་ཏིཥྛ་བཛྲས་ལྷ་བྲག་ཡང་མཛོད་ཀྱི་སྒྲུབ་གནས་དབེན་པར་གནས་པའི་སྐབས། ཐུན་གྱི་བར་བར་ལ་ལྷག་བསམ་ཤིན་ཏུ་དྭངས་པའི་ངོགས་ནས་བཀོད་པ་ཡིན་པས་དོན་ཉམས་སུ་ལེན་མཁན་དང་ལྡན་པར་ཤོག་ཅིག་བླ་མ་མཁྱེན་ནོ། །སླར་སྨྲས་པ། ད་རེས་དལ་འབྱོར་ཕུན་སུམ་ཚོགས་པའི་སྐབས། །ཐར་པ་མཆོག་གི་བཙན་ས་མ་བཟུང་ན། །ཚེ་འདི་གློ་བུར་ཕལ་ཆེར་འཆི་ནས་འགྲོ། །ངན་སོང་གནས་སུ་འཁྱམས་དུས་འགྱོད་ཀྱང་འཕྱི། །དོན་ནི་ཡོད་ལ་མེད་པའི་བྱ་བཞག་དོར། །སྙིང་པོ་ཆོས་ལ་དྲིལ་ཅིག་གྲོགས་མཆེད་རྣམས། །བདེ་གཤེགས་ཁམས་ཀྱི་མེ་ལོང་ཡེ་དྭངས་ཀྱང་། །གློ་བུར་གཡའ་ཡིས་ཚེ་རབས་ཀུན་ཏུ་བསྒྲིབས། །དེ་ཕྱིར་རྒྱལ་བ་ཐུགས་རྗེ་ཐབས་མཁས་པའི། །འཇུག་པ་འདི་ལ་སུ་ཞིག་བརྩོན་བྱས་ན། །མཆོག་གསུམ་རྗེས་བཟུང་བྱང་ཆུབ་སེམས་མཆོག་འབྱོངས། །སྒྲིབ་ཚོགས་བྱང་ཞིང་བསོད་ནམས་ཚོགས་རབ་རྫོགས། །ཁྱད་པར་བླ་མའི་རྣལ་འབྱོར་ལ་བརྟེན་ཚེ། །རང་བྱུང་གཉུག་མའི་ཡེ་ཤེས་མངོན་གྱུར་ཏེ། །སྐུ་བཞིའི་གོ་འཕང་མྱུར་དུ་རེག་པས་ན། །གཞན་དོན་ཐུགས་བསྐྱེད་ཡར་ཟླའི་དཔལ་བཞིན་རོལ། །ཕྱོགས་ཀྱི་གྲུབ་པའི་འདབ་མ་གྱེས་པར་མཛོད། །སརྦ་མངྒ་ལཾ།། །།}}
 
༄༅།  །སྲིད་དང་ཞི་བའི་ཁམས་འདི་ན། །བདེ་བ་ཐམས་ཅད་འབྱུང་བའི་གནས། །སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ། །ཤེས་ནས་བྱང་ཆུབ་བར་དུ་འདུད། །རྨོངས་པ་རང་འདྲའི་ཡིད་ངོ་ལ། །བླ་མའི་ཞལ་ལུང་དྲི་མེད་རྣམས། །གསལ་བའི་ས་བོན་བསྐྲུན་ཕྱིར་དུ། །ཐུན་མིན་སྔོན་འགྲོའི་སྙིང་པོ་བྲི། །དེ་ཡང་ཁམས་གསུམ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཏེ་མེའི་འོབས་ལྟ་བུ། སྲིན་པོའི་གླིང་ལྟ་བུ། མཚོན་གྱི་རྩེ་ལྟ་བུར་མཐོང་ནས། དེའི་རྒྱུ་ངོ་མ་ཚེ་འདིར་སྣང་གི་དགྲ་འདུལ་གཉེན་སྐྱོང་། ཟས་གོས་དོན་གཉེར་འགྲོ་འདུག་བྱ་བཞག་འདུ་འཛི་གཡེང་བའི་རྣམ་པ་ཐམས་ཅད་སྙིང་པོ་ཅི་ཡང་མེད་པའི་རྒྱུ་མཚན་གྱིས་བློ་སྣ་ངེས་པ་ཅན་གྱིས་ཡོངས་སུ་མ་ལྡོག་ན། ཐུན་མིན་སྔོན་འགྲོའི་བསགས་སྦྱང་གི་རིམ་པ་ལ་ཚིག་ཙམ་རྗེས་ཟློས་ཀྱིས་གྲངས་གསོག་པ་དང་། འ་འུར་ཡལ་ཡོལ་གྱི་ངང་ནས་ཚེ་འདིའི་དཔོན་པོ་ལ་ཁྲལ་འཇལ་བྱེད་པ་ལྟ་བུའམ། གཡོག་ངན་ལ་ལའི་ལས་ཀ་ལྟ་བུ་བྱས་པས་དོན་ཅུང་ཟད་ཙམ་ནམ་དུའང་མི་འབྱུང་སྟེ། ཇི་སྐད་དུ། དཀོན་མཆོག་གི་རྟེན་སྡིག་སྡུག་གིས་བཞེངས། ཚེ་ཕྱི་མ་རླུང་ལ་བསྐུར། ཅེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། རང་གི་སྐྱོན་ལ་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །དུས་རྣམ་ཀུན་ཏུ་རང་གི་འཁྲུལ་བ་ལ། །བརྟགས་ནས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། སྤྱོད་འཇུག་ལས། བདག་གིས་སྤྱོད་པ་འདི་འདྲས་ནི། །མི་ལུས་ཀྱང་ནི་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་གསུངས་པ་ལྟ་བུ་ལས་དོན་ནམ་ཡང་མི་གྲུབ་སྟེ། དཔེར་ན་འཇིག་རྟེན་ནའང་བརྩོན་འགྲུས་དང་ཐབས་ཆེ་བ་དང་ཤེས་རབ་ཆེ་བ་ཞིག་གིས་བྱ་བ་གང་དང་གང་ཡིན་ཡང་རུང་མི་འགྲུབ་པ་མེད་པ་ལྟ་བུ་འབྱུང་བ་དང་། བརྩོན་འགྲུས་མ་བྱས་ན་འཇིག་རྟེན་པའི་བྱ་བ་སྣ་རེ་ཙམ་ཡང་འགྲུབ་དཀའ་བའི་རང་བཞིན་ལས་མ་འདས་ན་དམ་པའི་ཆོས་ལ་ལྟ་ཅི་སྨོས་པས། དེས་ན་དད་པ་དང་དོན་གཉེར། དཀའ་སྤྱད་དང་བརྩོན་འགྲུས་ཁྱད་འཕགས་ལྷག་པར་བསྐྱེད་པ་ནི་གལ་ཤིན་ཏུ་ཆེ་བའི་རང་བཞིན་ཏེ། སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུངས་པས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། ། དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན༑ །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་དང་། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་བདག་ཀྱང་དགེ་ལ་སྤྱོད་ཅིང་། གཞན་ཡང་དེ་ལ་བསྐུལ་བ་ནི་དལ་འབྱོར་སྙིང་པོ་བྱེད་པ་སྟེ་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བཀུར་རོ། །ཞེས་དང་། མདོ་ལས། བདག་གི་ནོར་ནི་བཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་བཏང་ལ་སྲོག་སྲུང་སྟེ། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་བཏང་ལ་ཡང་དག་ཆོས་སྒྲུབས་ཤིག །ཅེས་དང་། ཇི་སྐད་དུ། བརྩོན་འགྲུས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །བརྩོན་འགྲུས་ལྡན་པ་ཡོན་ཏན་ཚོགས་འཕེལ་ཞིང་། །བརྩོན་འགྲུས་ལྡན་པས་བསམ་པ་མ་ལུས་འགྲུབ། །བརྩོན་འགྲུས་ལྡན་པ་མྱུར་དུ་མྱ་ངན་འདས། །ཞེས་དང་། ཇི་སྐད་དུ། ཐམས་ཅད་བརྩོན་འགྲུས་སྟེང་ན་གདའ། །དད་ལྡན་གཡོ་མེད་གང་ཟག་གིས། །སྒྲུབ་ལ་ནན་ཏན་གཙོར་འདོན་ན། །དེ་ཡི་ལག་ན་བྱང་ཆུབ་འདུག །ཅེས་དང་། ས་པཎ་གྱིས། རྒྱུན་ཆགས་བརྩོན་པ་མ་བཏང་བར། །བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ། །ཆུ་བོ་དལ་གྱིས་བབ་པ་ཡིས། །ཡངས་པའི་ས་ཆེན་བསྐོར་ནས་འགྲོ། །ངང་ཐུང་འབད་པས་མཐར་མི་ཕྱིན། །བྱ་བ་ཆེན་པོ་ཡུན་གྱིས་སྒྲུབས། །ཞེས་དང་། ཆོས་བཅུ་པ་ལས། ཇི་ལྟར་བདག་སེམས་ཅན་ཐམས་ཅད་བསྒྲལ་ཕྱིར་དང་། སྒྲོལ་ཕྱིར་དང་། དུལ་བ་དང་། ཞི་བར་འགོད་པའི་ཕྱིར་བརྩོན་པར་བྱེད་ན་བདག་ཉིད་མ་དུལ་བ་དང་། མ་ཞི་བ་དང་མ་བསྲུངས་པ་ནི་བདག་གི་ཆ་མ་ཡིན་པས། ཞི་བ་དང་། དུལ་བ་དང་། བསྲུང་བར་བྱའོ། །ཞེས་གསུངས་པ་ལྟར་དང་པོ་དད་པ་དང་དོན་གཉེར་དཀའ་སྤྱད་དང་སྙིང་རུས། ཞི་དུལ་དང་བག་ཡོད་སོགས་ལེགས་པར་འབྱོངས་པའི་སྒོ་ནས་ཆོས་སྒྲུབ་དགོས་ཚུལ་གྱི་རང་བཞིན་རྣམས་ལོ་རྒྱུས་དྲི་མ་མེད་པས་མཚམས་སྦྱར་ཏེ་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་འབྱོར་ངེས་པར་སྔོན་དུ་བྱས་ལ། དེ་ནས་བརྒྱུད་ལྡན་གྱི་བླ་མའི་ཞལ་རྒྱུན་དང་ཕྱག་བཞེས་ཟབ་མོ་དང་མཐུན་ངེས་པར་སྒོ་གསུམ་ཐུགས་ཉམས་ཤིན་ཏུ་བག་ཕེབས་པའི་ངང་ནས། དང་པོ་ངག་གི་འདོན་བྱ་གང་ཡིན་པ་དེ་དག་བློ་རུ་བྱང་ཆུབ་པར་འཛིན་ཅིང་། དེ་ནས་ཟླ་བ་ཁ་ཤས་ལ་སྐྱབས་ཡུལ་རྣམས་མ་འདྲེས་པ་སོ་སོར་གསལ་བཏབ་ལ་བརྟན་ཆ་གཅིག་ཏུ་ཆེ་བ་མ་བྱུང་གི་བར་དུ་བསྒོམས་ནས་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་འདྲོངས་ངེས་པར་གྱུར་པའི་སྤྱན་སྔར། མཆོད་པ་སོགས་ཀྱང་དངོས་སུ་བཤམས་པ་དེས་མཚོན་ནས་ཡིད་ཀྱི་སྤྲུལ་པའི་ཏིང་ངེ་འཛིན་གྱིས་མཁའ་ཁྱབ་ཏུ་སྤེལ་བའི་དམིགས་འདུན་རྩེ་གཅིག་ཏུ་དྲིལ་ནས་བསྒོམ་པར་མཛད་པ་ལས། གཞན་སའམ་རྡོའམ། བར་སྣང་སྟོང་པ་ལ་འབུལ་བྱ་འབུལ་བྱེད་གྱུར་པ་ལྟ་བུར་སླ་ཆོས་སུ་ནམ་ཡང་མ་བྱེད་པར་དཀའ་བ་དང་དུ་བླངས། སླ་བ་རྒྱབ་ཏུ་དོར་ནས་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མཚན་མེད་པ། རྗེས་རྨི་ལམ་དང་སྒྱུ་མ་ལྟ་བུའི་བསྔོ་བ་སྟེ་དམ་པ་གསུམ་ཀ་ཚང་བའི་སྒོ་ནས་ལག་ལེན་ཚད་ལྡན་རེ་རིམ་གྱིས་ངེས་པར་བཏབ་མཛད་དགོས་པ་ཡིན་མ་གཏོགས། དད་པ་དང་དོན་གཉེར་ཅི་ཡང་མེད་པའི་ངང་ནས་འགོ་ཆད་གཞུག་རྡུམ་ལྟ་བུའི་སྒོམ་བཟླས་འགའ་རེ་སོང་ན་ཚོགས་རྫོགས་རྒྱུ་དང་སྒྲིབ་པ་བྱང་རྒྱུ་མ་དགོས་པར་ཆོས་ལ་བརྟེན་ནས་ཚོགས་ངན་ཚབས་པོ་ཆེ་བསགས་པའི་རྒྱུ་རུ་མི་འགྱུར་བའི་ངེས་པ་འགའ་ཡང་མེད་དེ། དྭགས་པོ་ལྷ་རྗེས། ཆོས་ཆོས་བཞིན་དུ་མ་སྤྱད་ན། སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་གསུངས་པ་ལྟར། དེ་ལྟ་བུ་ལ་ངེས་པ་ཅན་གྱི་གོ་བ་ལོན་དགོས་པ་དང་། ལར་ནི་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་མཐའ་ཡས་པ་རྣམས་དངོས་པོའི་གཟུགས་སུ་མཆིས་ན་རི་བོའི་དཔངས་དང་། རྒྱ་མཚོའི་གཏིང་དང་། ཐང་གི་མཐའ་རྒྱ་ལྟ་བུ་ཟབ་ཅིང་རྒྱ་ཆེ་བ་མཐའ་ཡས་པ་འགའ་ཞིག་ཡོད་ཤག་རེད་པས། དེ་དག་སྐྱོན་མེད་ལྟ་བུ་བཏང་སྙོམས་སུ་འཇོག་ན་རང་གིས་རང་བསླུས་བཞག་པ་ལྟ་བུ་ལས་ནམ་ཡང་མི་ཡོང་བས་དད་བརྩོན་དྲག་པོ་དང་ལྡན་པའི་སྒོ་ནས་ཡོངས་སུ་ངེས་པ་ཅན་གྱིས་སྦྱང་དགོས་ཏེ། ཐབས་ཕུན་སུམ་ཚོགས་པའི་སྐབས་འདིར་ཡོངས་སུ་སྦྱང་བར་མ་ནུས་ན། ཚེ་འདི་དང་ཕྱི་མའི་འཇིགས་པ་དང་སྡུག་བསྔལ་དཔག་ཏུ་མེད་པ་རྣམས་སེལ་བའི་ཐབས་དང་དམིགས་འདུན་ཙམ་སུ་ལ་གཏད་པས། དང་པོ་ནས་ཆོས་གང་སྒྲུབ་ན་ཕྱི་མའི་གཏན་དོན་རང་ལ་བསམ་བློ་འཁོར་ངེས་རེ་བཏང་སྟེ་སྤང་བླང་གི་རིམ་པ་རྣམས་ངེས་ཤེས་བརྟན་པོ་རེའི་གཞི་གཟུང་བ་འདི་ཙམ་གལ་ཆེ་བའི་རང་བཞིན་སྔོན་དུ་བྱ་དགོས་སོ།།  ༈  །།དེ་ནས་རྒྱུད་ལས་སུ་རུང་བར་བྱེད་པ་སྐྱབས་འགྲོའི་རིམ་པ་ལ། དཀོན་མཆོག་གསུམ་ཞེས་པའི་དོན་ནི་འཇིག་རྟེན་ན་ཤིན་ཏུ་འབྱུང་བར་དཀའ་བས་ན་དཀོན། འཇིག་རྟེན་ཀུན་གྱི་རྒྱན་བླ་ན་མེད་པ་དང་། དྲི་མ་མེད་པ་དང་། མཐུ་དང་ལྡན་པ་དང་། འགྱུར་བ་མེད་པ་སོགས་ཀྱི་མཆོག་རབ་ཡིན་པས་ན་དཀོན་མཆོག་ཅེས་པ་དང་། གསུམ་ནི་དོན་གཉིས་མཐར་ཕྱིན་སངས་རྒྱས་དང་གཅིག །སྒྲིབ་གཉིས་མུན་སེལ་དམ་ཆོས་དང་གཉིས། རིག་གྲོལ་གཉིས་ལྡན་དགེ་འདུན་ཏེ་དཀོན་མཆོག་གསུམ་ཞེས་པའི་ཚིག་དོན་དེ་ལྟར་དང་། སྐྱབས་འགྲོ་ནི་སེམས་ཅན་ཐམས་ཅད་སྲིད་ཞིའི་འཇིགས་པ་མཐའ་དག་ལས་སྐྱོབ་ཕྱིར་དུ་ཡང་དག་པའི་ལམ་ལ་འགྲོ་བའི་གཞི་རྩོམ་པར་བྱེད་པས་ན་སྐྱབས་འགྲོ་ཟེར་བ་ཡིན་ཏེ། དཔེར་ན་བྱིས་པ་ཁྱིས་དེད་པ་མི་ཆེན་པོ་ལ་སྐྱབས་སུ་འགྲོ་བ་ལྟར་རམ་ཉེས་ཆེན་གྱི་མི་རྒྱལ་པོ་ཆེན་པོ་ལ་མགོ་བཏགས་པ་དང་འདྲ་ཞིང་། དེ་ལྟར་ཆོས་ལ་འཇུག་པའི་སྒོ་དང་པོ་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་གལ་གནད་ཤིན་ཏུ་ཆེ་བའི་རང་བཞིན་ཏེ་སྐྱབས་སུ་མ་སོང་བས་སྡོམ་པ་ཙམ་ཡང་མི་ཐོབ་ལ། སྡོམ་པས་མ་བསྡོམས་པའི་ལམ་ནི་གཏན་ནས་མེད་པས་ན། དེའི་ཕྱིར་ལམ་ཐམས་ཅད་ཀྱི་རྟེན་གཞི་མཆོག་རབ་རྩེ་མོ་ཡིན་པར་བཤད་དེ། སྐྱབས་འགྲོ་ལྔ་བཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར། སྐྱབས་འགྲོ་ནི་ཆོས་ལ་འཇུག་པའི་གཞི་མ་སྒོ་ཡིན་པའི་ཕྱིར་ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པའི་རང་བཞིན་དང་། གཞན་ཡང་དགོངས་འདུས་ལས། གང་འདིར་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་མཁན། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྐྱོབས་པར་ནུས་མ་ཡིན། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཅེས་དང་། དཀོན་བརྩེགས་ལས། དགེ་སློང་དག་ཁྱོད་ཀྱི་རང་ངམ་གཞན་གྱི་ཕྱིར་ཡང་རུང་སྟེ་འཇིགས་པ་དང་འཚེ་བ་དེ་དག་ལས་ཐར་བར་བྱ་བའི་ཕྱིར་སྐྱབས་སུ་སོང་ཞིག་དང་ཁྱོད་ཀྱི་འདོད་པའི་རེ་བ་དེ་དང་དེར་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། མདོ་རྒྱལ་མཚན་དམ་པ་ལས། དགེ་སློང་དག་ཁྱེད་དགོན་པ་དང་། རི་ཁྲོད་དང་། འབྲོག་སྟོང་ལ་སོགས་པར་འདུག་ཀྱང་རུང་། གསུམ་ལ་སྐྱབས་སུ་སོང་ཞིག་དང་། འཇིགས་པ་དང་སྡུག་བསྔལ་མེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་དུ་ཆོས་ལ་འཇུག་པའི་སྒོ་མ་ནོར་བ་དང་པོར་བྱེད་ནས་ལམ་སྣེ་ཡོངས་སུ་ཟིན་པ་དང་། འདི་ཕྱི་ཀུན་ཏུ་འཇིགས་པའི་སྒོ་དུ་མ་ལས་སྐྱོབས་པ་དང་། ཕན་བདེ་ཚད་མེད་པའི་ལམ་ལ་སྦྱོར་ནས་མཐུན་རྐྱེན་ཕུན་སུམ་ཚོགས་པ་འབྱུང་བའི་གནས་གཅིག་པུར་ཡིན་པ་སོགས་ཕན་ཡོན་མཐའ་ཡས་པ་གསུངས་པ་ལྟར་ཡིད་ཆེས་ཁུངས་བཙུན་སྤྲོ་བ་ལྷག་པར་བསྐྱེད་པ་སྔོན་དུ་སོང་བའི་ངང་ནས། ལམ་ཉམས་སུ་ལེན་པའི་སྐབས་འདིར་དད་པ་རྣམ་པ་གསུམ་གྱིས་གཞི་བཟུང་དགོས་པ་ཡིན་ཞིང་། དེ་ཡང་མཆོག་གསུམ་གྱི་རྟེན་དང་བླ་མ་སོགས་མཇལ་ཡོང་བའི་ཚེ་འཕྲལ་དུ་དད་པ་ལྷང་ལྷང་སྐྱེས་པ་ནི་མདོར་ན་དང་བའི་དད་པ་ཡིན། དེ་རྣམས་ཀྱིས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རྣམས་ཕྱོགས་ལམ་མཐོང་ནས་རང་རྒྱུད་དེ་ལ་དེ་ལྟ་བུ་འབྱོར་ན་ཅི་མ་རུང་སྙམ་པ་ནི་འདོད་པའི་དད་པ་ཡིན། དེ་བཞིན་སྙིང་ནས་སྐྱབས་སུ་སོང་བ་ལ་འདི་ཕྱི་ཀུན་ཏུ་མི་བསླུ་བའི་བདག་ཉིད་ཆེན་པོ་གཅིག་ཏུ་ཡིན་བཞིན་ངེས་ཤེས་གཏན་པོ་རྙེད་པ་ནི་ཡིད་ཆེས་པའི་དད་པ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་གྲུབ། །ཅེས་དང་། ཇི་སྐད་དུ། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་སྦྱོར། །དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཆོས་རྣམས་ཀུན་གྱི་རྩ་བ་དད་པ་འོ། །ཞེས་གསུངས་པ་ལྟར་དད་པ་དང་མོས་གུས་རབ་འབྲིང་ཐ་མ་གང་ཡོད་ན་ཐུགས་རྗེ་དང་བྱིན་རླབས་ཀྱང་དེ་ལྟར་ཐོགས་རྡུགས་མེད་པར་འཇུག་པ་ཡིན་ཏེ། ཅི་ཕྱིར་སྙམ་ན། རང་གིས་དད་པ་དང་མོས་གུས་ཡང་དག་པས་མཚམས་སྦྱོར་བྱ་བར་ནུས་ན། རྒྱལ་བ་རྣམས་ཀྱི་དགོངས་པ་ལ་གཤེགས་བཞུགས་ཀྱི་ཁྱད་པར་མི་མངའ་བ་རྒྱལ་བའི་ཡོན་ཏན་དང་། མཁྱེན་པའི་ཡེ་ཤེས་ལ་གསལ་འགྲིབ་དང་འཕོ་འགྱུར་མེད་པ་རྒྱལ་བའི་ཡོན་ཏན་དང་། བརྩེ་བ་ཆེན་པོས་སེམས་ཅན་གྱི་འགྲོ་དོན་ལས་གཞན་མཛད་རྒྱུ་ཅུང་ཟད་ཙམ་ཡང་མེད་པ་རྒྱལ་བའི་ཡོན་ཏན་དང་། དེ་བཞིན་དུ་ནུས་པས་གང་ལ་གང་འདུལ་གྱི་ཐུགས་རྗེ་དང་ཕྲིན་ལས་ཀྱི་རྣམ་པ་སྣ་ཚོགས་ཐོགས་རྡུགས་མེད་པར་སྒོ་དུ་མ་ནས་འཇུག་ཅིང་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པ་སོགས་རྒྱལ་བའི་ཡོན་ཏན་ཁྱད་པར་དུ་མས་འཕགས་པ་དེ་ལྟར་ཡིན་པས་ན། གསོལ་བ་སྙིང་ནས་བཏབ་པ་ཙམ་གྱིས་ཆོས་ཉིད་ཀྱི་དབྱིངས་ནས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པ་ངམ་ངམ་ཤུགས་ཀྱིས་འབྱུང་བའི་ཕྱིར་ཏེ། དཀོན་བརྩེགས་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །རྟག་ཏུ་བྱིན་གྱིས་རློབ་པ་དང་། །ཉེས་པ་ཀུན་ལས་རྣམ་པར་ཐར། །ཞེས་དང་། ཨོ་རྒྱན་ཆེན་པོས། དད་པ་ཅན་གྱི་གང་ཟག་ཕོ་མོ་ལ། །སོགས། ཞེས་དང་། ངལ་གསོ་ལས། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །རྒྱལ་བ་སྲས་བཅས་རྒྱ་མཚོའི་སྤྲིན་ཕུང་བསམ། །འདི་ནི་རང་གི་དད་སྟོབས་དྲི་མེད་དང་། །མཁྱེན་བརྩེའི་དབང་ཕྱུག་རྣམས་ཀྱི་ཐུགས་རྗེ་ཡིས། །ཇི་ལྟར་བསམ་པ་དེ་བཞིན་འགྲུབ་པ་ཡིན། །ཞེས་གསུངས་པ་ཇི་བཞིན་རྒྱལ་བ་སྲས་བཅས་ཀྱིས་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་མ་ཡིས་བུ་གཅིག་པུ་ལ་བརྩེ་བ་བཞིན་སྙིང་རྗེ་ཆེན་པོས་གཟིགས་པ་དམ་པ་ནི་དུས་དང་ཕྱོགས་རིས་མེད་པ་ཞིག་ཡིན་པ་ནི་གཞིར་བཅས་རུང་། འོ་ན་སེམས་ཅན་ཉམ་ཐག་རྣམས་འཁོར་བའི་གནས་ན་ད་དུང་ཅིའི་ཕྱིར་ལྷག་པ་ཡིན་སྙམ་ན་དེ་ནི་རང་རང་དད་པ་སོ་སྐྱེའི་དབང་དུ་སོང་སྟེ་ལས་ངན་བསགས་པའི་དབང་གིས་རྒྱལ་བའི་ཐུགས་རྗེ་འཇུག་པ་དང་དངོས་གྲུབ་སྟེར་བའི་ཐབས་དེ་ཙམ་དབེན་པ་ལྟ་བུ་མཆིས་པ་ཡིན་ཏེ། ཨོ་རྒྱན་ཆེན་པོས། དད་མེད་ཕུག་པ་བྱང་ལྟས་ལྟ་བུ་ལ། །ཐུགས་རྗེའི་ཉི་མ་ནམ་ཡང་འཆར་དུས་མེད། །དད་མེད་ཆུ་དཀྱིལ་རྡོ་རིལ་ལྟ་བུ་ལ། །ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་ཟིན་དུས་མེད། །ཅེས་གསུངས་པ་ལྟར་ཡིན་པས། དེས་ན་རང་རང་སོ་སོའི་དད་པ་དག་སྣང་དང་མོས་གུས་ཀྱི་རྩལ་ཁྱད་པར་ཅན་འབྱོངས་པ་སོགས་ལ་རག་ཁོ་ན་ལས་པར་ཡིན་འདུག་པས་ལྷག་པར་དད་པ་དང་དག་སྣང་ཕལ་དང་ཕལ་ལས་ཁྱད་པར་དུ་མས་འཕགས་པ་ཞིག་བསྐྱེད་པ་ཅི་ནས་གལ་ཆེ་ཤོས་ལགས་པས་ཁ་ཙམ་དུ་མ་ལུས་པར་ངེས་པར་བྱས་ཏེ། དེ་ནས་ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་སྐྱབས་སུ་འགྲོ་བའི་དོན་དང་། དུས་ཀྱི་ཚད་དང་། ཡུལ་གྱི་རྣམ་དབྱེ་བཅས་མདོ་ཙམ་ཞིག་བཤད་ན། ཐེག་གསུམ་གྱི་སྐྱབས་སུ་འགྲོ་བའི་དོན་ཡང་སེམས་བསྐྱེད་ཆེ་འབྲིང་ཆུང་གསུམ་སྟེ། ཆུང་ངུའི་མངོན་མཐོ་ལྷ་མིའི་བདེ་འབྲས་འདོད་ནས་ངན་སོང་གི་འཇིགས་པ་ལ་བསམ་སྟེ་སྐྱབས་སུ་འགྲོ་བས་ན་བསམ་པ་མ་དག་པས་སྐྱེས་བུ་ཆུང་ངུར་བཞེད་པ་དང་། ཉན་རང་གི་རིགས་ཅན་རྣམས་རིགས་དྲུག་འཁོར་བའི་འཇིགས་པ་ཀུན་ལ་སྐྲག་ནས་ཞི་བ་རང་དོན་ཁོ་ན་ཚོལ་བའི་ཕྱིར་སྐྱབས་སུ་འགྲོའང་རང་དོན་གྱི་བསམ་པ་ལས་མེད་པས་སྐྱེས་བུ་འབྲིང་དུ་བཞེད་པ་དང་། ཆེན་པོ་ནི་རང་རྒྱུད་ཀྱི་སྡུག་བསྔལ་རྟོགས་པས་རང་དོན་ཞི་བདེའི་འདོད་པ་ཡོངས་སུ་སྤངས་ནས་གཞན་དོན་ཁོ་ནའི་ཕྱིར་དུ་སྐྱབས་སུ་འགྲོ་བས་ན་སྐྱེས་བུ་མཆོག་རབ་ཏུ་བཞེད་དེ། སྐྱབས་སུ་འགྲོ་བའི་དུས་ཀྱི་ཚད་ཀྱང་གསུམ་སྟེ། ཕལ་པ་དག་རང་རང་གི་ལྷ་ལ་འདོད་དོན་འགྲུབ་ཀྱི་བར་དུ་འགྲོ་ཞིང་ཁྱད་པར་དུ་མཐོ་རིས་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ལས་མེད་པས་ཆུང་ངུར་བཞེད། འབྲིང་ནི་གནས་སྐབས་ཇི་སྲིད་འཚོ་ཡི་བར་དུ་དང་། མཐར་ཐུག་དགྲ་བཅོམ་པའི་གོ་འཕང་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བ་ལས་མེད་པས་འབྲིང་དུ་བཞེད། ཆེན་པོ་ནི་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུའམ་སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བས་མཆོག་རབ་ཏུ་བསྔགས་སོ། །བསྐྱབ་བྱའི་ཡུལ་ལའང་ཐུན་མོང་དང་ཐུན་མིན་གཉིས་ཏེ། ཐེག་པ་ཆུང་ངུའི་སངས་རྒྱས་ནི་མཆོག་གི་སྤྲུལ་སྐུ་དང་། ཆོས་ནི་ལུང་དང་རྟོགས་པའི་བདག་ཉིད་གསུང་རབ་ཡན་ལག་བཅུ་གཉིས་དང་། སོ་སོའི་རྒྱུད་ཀྱི་ལམ་དང་། ཏིང་ངེ་འཛིན་ལ་སོགས་པ་དང་། དགེ་འདུན་ལའང་སོ་སྐྱེ་དང་འཕགས་པ་གཉིས་ཏེ། སོ་སྐྱེ་ནི་དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློང་ཕ་མ་གཉིས། དགེ་སློབ་མ་སྟེ་སོ་སོར་ཐར་པ་རིས་བདུན་དང་། འཕགས་པ་ལ་རྒྱུན་ཞུགས། ཕྱིར་འོང་བ། ཕྱིར་མི་འོང་བ། དགྲ་བཅོམ་པ་དང་བཞི། དེ་རེ་རེ་ལ་ཞུགས་པ་དང་འབྲས་གནས་གཉིས་སུ་དབྱེ་བས་ཟུང་བཞི་ཡ་བརྒྱད་རྣམས་ཡིན་པར་གསུངས། ཐེག་ཆེན་གྱི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དག་པ་གཉིས་ལྡན་ཅན་དང་། ཆོས་ནི་སྨྲ་བསམ་བརྗོད་དུ་མེད་པའི་རང་བཞིན་སངས་རྒྱས་སུ་འགྲོ་བའི་བདག་ཉིད། རྣམ་པ་ལམ་བདེན་ལུང་གི་ཆོས་དང་འགོག་བདེན་རྟོགས་པའི་ཆོས་གཉིས་ཀྱི་མཚན་ཅན། རྗོད་བྱེད་ཐེག་ཆེན་གྱི་ཟབ་ཅིང་རྒྱ་ཆེའི་མདོ་སྡེ་རྣམས་སོ། །དགེ་འདུན་ནི་སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་མངོན་སུམ་དུ་མཐོང་བ་འཕགས་པའི་ཚོགས་རྣམས་ཏེ་དེ་དག་ནི་ཀུན་རྫོབ་དང་། མཐར་ཐུག་དོན་དམ་པའི་དབང་དུ་བྱས་ན་སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པར་ཤེས་པའོ། །དེ་ཡང་། དྲིན་ལན་བསབ་པའི་མདོ་ལས། ཚེ་དང་ལྡན་པ་དགའ་བོས་གསོལ་པ། སངས་རྒྱས་གང་ལ་སྐྱབས་སུ་འགྲོ་ལགས། བཀའ་སྩལ་པ་ཆོས་སྐུ་ལ་སྐྱབས་སུ་འགྲོ་ཡི་གཟུགས་ཀྱི་སྐུ་མ་ཡིན་ནོ། །གསོལ་པ་ཆོས་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ་དོན་དམ་པའི་ཆོས་ལ་སྐྱབས་སུ་འགྲོ་ཡི་ཀུན་རྫོབ་ཀྱི་ཆོས་ནི་མ་ཡིན་ནོ། །གསོལ་པ་དགེ་འདུན་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ་དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་ཡི་ཀུན་རྫོབ་ཀྱི་དགེ་འདུན་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཐུན་མོང་དང་། ཐུན་མིན་གཉིས་ཀའི་སྐྱབས་ཡུལ་གྱི་རྣམ་དབྱེ་རབ་ཏུ་ལུང་འདིས་རྣམ་པར་ཕྱེད་པ་དང་། ཡང་གསང་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོ་ནི་དཀོན་མཆོག་གསུམ་ཀ་རང་སེམས་ལྷུན་གྲུབ་སྟེ་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་གཞན་དུ་མི་སྨོན་འབྲས་བུའི་མཐར་ཐུག་ཉིད་དུ་ཤེས་པ་ནི་བསྐྱབ་བྱ་སྐྱོབ་བྱེད་སྐྱབས་འབྲས་ཡོངས་སུ་རྫོགས་པའི་ཕྱིར་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ཀུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་དང་། ཡུམ་བར་མ་ལས། རབ་འབྱོར། གང་ལ་སངས་རྒྱས་ཀྱང་མི་དམིགས་པ། ཆོས་དང་དགེ་འདུན་མི་སེམས་ན། འདི་ནི་ཡང་དག་པའི་སྐྱབས་སུ་འགྲོ་བའོ། །ཞེས་དང་། རྒྱུད་བླ་མ་ལས། སྐྱབས་ནི་སངས་རྒྱས་ཉག་གཅིག་པུ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཏེ། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ། །ཞེས་གསུངས་པ་ལྟར་སྐྱབས་ཡུལ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་སྟེ། དེ་ཡང་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དཀོན་མཆོག་གསུམ་གྱི་ངོ་བོར་ཡེ་ནས་དབྱེར་མེད་རང་ཆས་ལྷུན་གྲུབ་ཏུ་གནས་ཡོད་པའི་དབང་གིས་གཞན་དུ་མི་སྨོན་པ་ནི་འབྲས་བུས་སྐྱབས་ཡུལ་མཐར་ཐུག་ཉིད་ཡིན་པས་དེ་ལྟར་འགྲུབ་པ་ལ་བླང་དོར་བཅོས་བསླད་མེད་པར་རྩེ་གཅིག་ཏུ་མཉམ་པར་བཞག་པས་བསྐྱབ་བྱ་སྐྱོབ་བྱེད་སྐྱབས་འབྲས་དང་བཅས་པའི་སྙིང་པོ་ཡང་ཟབ་མཆོག་ཏུ་གྱུར་པ་ཡིན་པར་ཤེས་པར་བྱས་ལ། དེ་ལྟ་བུ་སྒྲུབ་པའི་མཐུན་རྐྱེན་དུ་ལས་དང་པོ་པའི་གནས་སྐབས་སུ་ཕྱིའི་དཀོན་མཆོག་གསུམ་ལ་སྐྱེལ་མའི་ཚུལ་དུ་སྐྱབས་སུ་འགྲོ་བར་བྱ་དགོས་ཚུལ་སོགས་རྣམ་དབྱེ་སྤྱི་དང་བྱེ་བྲག་མང་ཡང་། ད་ལན་སྙིང་པོའི་དོན་རྣམས་མདོར་བསྡུས་ཏེ་ལག་ལེན་བཏབ་ཚུལ་སྙིང་པོ་དྲིལ་ནས་འཆད་ན། སེམས་ཅན་གྱི་རྟེན་གཞི་མ་དག་པའི་སྣང་བ་འདི་དག་གང་ལ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས་ནས། རང་གི་མདུན་མཁར་ལ་ལུང་དང་། གཤང་གཤོང་དང་། འབའ་འབུར་གྱི་རྣམ་པ་མེད་པ། གསེར་གྱི་ས་གཞི་མེ་ལོང་གི་ངོས་ལྟར་འཇམ་ཤིང་དྭངས་པ། མནན་ན་ནེམ་པ། བཏེགས་ན་འཕར་བ། རྒྱ་རབ་ཏུ་ཡངས་པ་བཻཌཱུརྻའི་མིག་མང་རིས་དང་བཅས་ཞིང་ཁམས་ཀྱི་མཚན་ཉིད་ཡོངས་སུ་ཚང་བའི་མཐིལ་དུ་རྒྱ་མཚོ་ཆེན་པོ་བསིལ་དྲོད་སྙོམས་པ། རོ་མངར་བ། ལྗིད་ཡང་པ། རེག་བྱ་འཇམ་པ། དྲི་མ་མེད་པ། རྙོག་པ་མེད་པར། རབ་ཏུ་དྭངས་པ། མགྲིན་པ་ནས་འཇུག་བདེ་བ། ལྟོ་བ་འཇུ་བདེ་བ་སྟེ་ཆུ་བོ་ཡན་ལག་བརྒྱད་ཀྱི་ཡོན་ཏན་དང་ལྡན་པའི་རྒྱ་མཚོ་ཆེན་པོ་འཁྱིལ་བ་རུ་བྱ་ངང་པ་དང་ཁྲུང་ཁྲུང་། ཀ་ལ་པིང་ཀ །མཐིང་རིལ་ལ་སོགས་ཆུ་གནས་མང་པོས་སྐད་སྙན་སྒྲོགས་པས་བརྒྱན་པ་མཛེས་ཤིང་ཡིད་རབ་ཏུ་འཕྲོག་པའི་དབུས་སུ་དགོས་འདོད་འབྱུང་བའི་དཔག་བསམ་གྱི་སྡོང་པོ་རྒྱ་ཆེ་བ། དཔངས་མཐོ་བ། ཡལ་ག་ལྔ་པ་ཅན་ནམ་མཁའི་ཁམས་སུ་གྱེས་པ་ལོ་མ་དང་། མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ། དར་དང་རིན་ཆེན་རིགས་ཀྱི་དྲྭ་བ་དང་དྲྭ་ཕྱེད་ཀྱིས་མཐའ་རུ་དྲིལ་གཡེར་གྱིས་བརྒྱན་པ་དེ་དག་གིས་ཀྱང་ཆོས་སྐད་ལྷང་ལྷང་སྒྲོགས་པ་མཛེས་ཤིང་ཡིད་དུ་འོང་བའི་པད་སྡོང་དབུས་མའི་སྟེང་ན་མི་འཇིགས་པའི་སེང་གེ་ཆེན་པོ་བརྒྱད་ཀྱིས་ཕྱོགས་བཞི་ནས་བཏེགས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་རྒྱ་ཆེ་བ། དཔངས་མཐོ་བའི་ཁར་སྣ་ཚོགས་པདྨ་འབུམ་བདལ་བའི་དབུས་སུ་ཟེའུ་འབྲུ་དམར་སེར་གྱི་སྟེང་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དྭངས་གསལ་དྲི་མ་མེད་པའི་གདན་ལ་ངོ་བོ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་དང་གཉིས་སུ་མ་མཆིས་པར་ཕྲིན་ལས་ཀྱི་ཕོ་ཉ་གདུལ་བྱའི་སྣང་ངོར་གང་ཟག་མིའི་གཟུགས་སུ་བྱོན་པ་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པའི་གཏིང་མཐའ་མི་མངོན་པར་མངའ་བ། བརྩེ་བ་ཆེན་པོས་ཁམས་གསུམ་གྱི་སྐྱེ་འགྲོ་ཡོངས་ལ་བུ་གཅིག་པུའི་མ་ལྟར་བརྩེ་བའམ་གཟིགས་པ། ནུས་པའི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཟབ་མོས་འབྲེལ་ཚད་སྨིན་གྲོལ་གྱི་ལམ་ཡངས་པོར་བཀོད་པས་བཀའ་དྲིན་མཚུངས་ཟླ་མེད་པ་རང་རང་གི་རྩ་བའི་བླ་མ་ཉིད་ཡིན་པ་ལ། རྣམ་པ་ནི་སྤྱིར་ལྷོ་འཛམ་གླིང་ལྷག་པར་བོད་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྲོལ་འབྱེད་འགྲན་ཟླ་ཀུན་དང་བྲལ་བ་སངས་རྒྱས་གཉིས་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་འཆང་ཡིན་པ་ལ། དེ་ཡང་སྐུ་མདོག་དཀར་ལ་དམར་བའི་མདངས་ཅུང་ཟད་ཆགས་པ། ཞལ་གཅིག་སྤྱན་གཉིས་ནམ་མཁར་གཟིགས་པ། ཞལ་ཅུང་ཟད་ཁྲོ་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་པས་སྣང་སྲིད་ཟིལ་གྱིས་གནོན་པའི་གསེར་གྱི་རྡོརྗེ་རྩེ་ལྔ་པ་ཐུགས་ཀ་ནས་སྡིགས་པའི་ཚུལ་དུ་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་དབུས་སུ་ཡོ་ག་ཚེའི་དངོས་གྲུབ་བརྙེས་པའི་རྟགས་སུ་ཚེ་བུམ་ལྗོན་ཤིང་གིས་བརྒྱན་པ། ནང་ནས་རིམ་གྱིས་སྐུ་ལ་གསང་གོས་དཀར་པོ། མདུང་མ་དམར་པོ། ཕོད་ཆེན་མཐིང་ག །ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན། ཟ་འོག་གི་བེར་ཆེན་དམར་སྨུག་བཅས་བརྩེགས་མར་མནབས་པ། དབུ་ལ་པད་ཞུ་གསོལ་བ། ཡུམ་ཡེ་ཤེས་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་ཅིང་ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ་ཡབ་ཡུམ་གཉིས་ཀ་སྐུ་གཟི་བརྗིད་རབ་ཏུ་འབར་བ་ལྟ་བས་ཆོག་མི་ཤེས་པར་བཞུགས་པའི་དབུ་སྟེང་ན། སྙིང་ཐིག་བརྒྱུད་ལུགས་ལྟར་ན་བདག་ཅག་གི་རྩ་བའི་བླ་མ་བཀའ་དྲིན་སུམ་ལྡན་གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཛྙཱ་ན་དེ་ཉིད་སྐུ་མདོག་དཀར་གསལ་དབུ་སྐྲ་ཐོར་ཚུགས་ལ་པུཎྜ་རི་ཀས་བརྒྱན་པ་ཕྱག་གཡས་ཐོད་པ་བདུད་རྩིས་གང་བ་ཚེ་བུམ་དང་ལྡན་པར་བསྣམས་པ་གཡོན་ཐབས་ཤེས་ཀྱི་མདའ་གཞུ་འཛིན་པ། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། དར་འཕུར་མའི་ཨང་རག་དང་སྒོམ་ཐགས་གསོལ་བ་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། དེའི་སྟེང་ན་ཁམས་སྤྲུལ་བསྟན་པའི་ཉི་མ་རྡོ་རྗེ་སློབ་དཔོན་གྱི་ཆས་ཅན། དབུ་ལ་པད་ཞུ་གསོལ་བ། ཕྱག་གཡོན་མཉམ་བཞག་ཐོད་པ་དང་། གཡས་རྡོ་རྗེ་འཕྱར་སྟབས་སུ་འཛིན་པ། དེ་སྟེང་པདྨ་འོད་གསལ་མདོ་སྔགས་གླིང་པ་སྔ་འགྱུར་པཎ་གྲུབ་ཀྱི་ཆས་ཅན། ཕྱག་གཡས་མཆོག་སྦྱིན་གྱིས་རྡོ་རྗེ་དང་པད་སྡོང་རྩེར་བུམ་པ་དང་། གཡོན་མཉམ་བཞག་གིས་དྲིལ་བུ་དང་པད་སྡོང་པོད་རལ་བཅས་འཛིན་པ། དེ་སྟེང་འཇིགས་མེད་རྒྱལ་བའི་མྱུ་གུ་རྡོ་རྗེ་སློབ་དཔོན་གྱི་ཆས་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་དུ་གསེར་གྱི་འཁོར་ལོ་བསྣམས་པ། དེ་སྟེང་རིག་འཛིན་འཇིགས་མེད་གླིང་པ་ན་བཟའ་དཀར་ཆས་དབུ་རལ་གྱི་གླེགས་བམ་བཅིང་བ་ཅན། ཞབས་ཕྱེད་སྐྱིལ་དུ་བཞུགས་ཤིང་། ཕྱག་གཡས་མཆོག་སྦྱིན་དང་གཡོན་གདན་བརྟེན་པད་སྡོང་པོད་རལ་འཛིན་པ། དེ་སྟེང་ཀློང་ཆེན་རབ་འབྱམས་པཎ་གྲུབ་ཆས་ཅན་ཞབས་སྐྱིལ་ཀྲུང་དང་། ཕྱག་གཉིས་ངལ་གསོ་ཕྱག་རྒྱས་པད་སྡོང་པོད་རལ་འཛིན་པ། དེ་སྟེང་དབུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དབུ་ལ་དར་ཐོད་དཀར་པོ་བཅིངས་ནས་ཕྱག་མཉམ་བཞག་གི་སྟེང་དུ་གསེར་གྱི་འཁོར་ལོ་བསྣམས་པ། གཡས་སུ་ལོ་ཆེན་བཻ་རོ་ཙ་ན་པཎ་གྲུབ་ཀྱི་ཆས་ཅན། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་མཉམ་བཞག་པོ་ཏི་བསྣམས་པ། གཡོན་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཅན་ཏེ། ཕྱག་གཡས་མཆོད་སྦྱིན་དང་གཡོན་ཀ་པཱ་ལ་བདུད་རྩིའི་གང་བ་དཀུར་བརྟེན་པ། རྒྱལ་པོའི་སྤྱི་གཙུག་ཏུ་ཨོ་རྒྱན་རིན་པོ་ཆེ་པདྨ་འོད་འབར་ལྟར་དང་། དེ་སྟེང་དྲི་མེད་བཤེས་གཉེན་པཎ་གྲུབ་ཀྱི་ཆས་ཅན་ཕྱག་གཉིས་མཉམ་གཞག་གི་སྟེང་དུ་ཐོད་པ་བདུད་རྩིས་གང་བར་བསྣམས་པ། དེ་སྟེང་ཛྙཱ་ན་སུ་ཏྲ་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་པོ་ཏི་བསྣམས་པ། དེ་སྟེང་ཤྲཱི་སིངྷ་ཕྱག་གཡས་རྡོ་རྗེ་དང་བཅས་སྡིགས་མཛུབ་ནམ་མཁར་གཏད་དེ་གཡོན་ཀ་པཱ་ལ་དཀུར་བརྟེན་པ། དེ་སྟེང་འཇམ་དཔལ་བཤེས་གཉེན་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་བཞག་པོ་ཏི་བསྣམས་པ། དེ་གསུམ་ཀའང་ཧེ་རུ་ཀའི་ཆས་ཀྱིས་ཡོངས་སུ་སྤྲས་པ་ཅན་གསལ། དེ་སྟེང་དགའ་རབ་རྡོ་རྗེ་ཞབས་སྐྱིལ་ཀྲུང་གིས་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་བཞག་མཛད་པ། དེ་སྟེང་རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་ཕྱག་གཉིས་རྡོར་དྲིལ་འཛིན་པ། དེ་སྟེང་ཀུན་ཏུ་བཟང་པོ་རྒྱན་མེད་ཡབ་རྐྱང་བཅས་གོང་མའི་གདན་ལ་འོག་མའི་དབུ་མ་རེག་ཙམ་ཡེ་ཤེས་ལྔའི་རང་བཞིན་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བཞིན་དུ་བཞུགས་པར་གསལ་ཡང་ཡང་འདེབས། དེ་བཞིན་མདུན་གྱི་ཡལ་གར་པད་ཟླའི་སྟེང་དུ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་གསེར་བཙོ་མའི་མདོག་ལྟ་བུ་ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་གི་སྟེང་དུ་ལྷུང་བཟེད་བསྣམས་ནས་བཞུགས་པའི་གཙོས་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་སོགས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་སོགས་མཚན་བཟང་དཔེ་བྱད་ཀྱིས་བརྒྱན་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་ཀྱི་ཡལ་ག་ལ་རིགས་གསུམ་མགོན་པོའི་གཙོས་ཉེ་སྲས་རྣམས་དང་དུས་གསུམ་གྱི་བྱང་ཆུབ་སེམས་དཔའི་ཚོགས་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཤིང་ཞབས་གཉིས་མཉམ་པའི་སྟབས་དང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱབ་ཀྱི་ཡལ་གར་འོད་ལྔའི་དྲྭ་མིག་རྒྱ་ཡངས་པའི་ཀློང་ན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གཙོས་མདོ་སྔགས་ཀྱི་ཆོས་རྣམས་གདོང་དར་རང་ཕྱོགས་ལ་བསྟན་ཏེ་ཨཱ་ལི་ཀཱ་ལིའི་སྒྲ་སྙན་པར་སྒྲོགས་ནས་བརྩེགས་མར་བཞུགས་པ། གཡོན་གྱི་ཡལ་ག་ལ་ཉན་ཐོས་མཆོག་ཟུང་གཉིས་ཀྱི་གཙོས་ཉན་ཐོས་དགྲ་བཅོམ་པའི་ཚོགས་ཞབས་བཞེངས་སྟབས་དང་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་ལ་མཁར་གསིལ་དང་ལྷུང་བཟེད་བསྣམས་པ། དེའི་སྟེང་གི་ཕྱོགས་མཚམས་རྣམས་སུ་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་ཀྱི་ཁོངས་སུ་གཏོགས་པའི་རྒྱ་བོད་ཀྱི་པཎ་གྲུབ་བྱོན་ནོ་ཅོག་ཀུན་བཞུགས་པ་དང་། མཐའ་སྐོར་བར་མཚམས་རྣམས་སུ་རྒྱུད་སྡེ་བཞི་དྲུག་གིས་བསྡུས་པའི་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་རྣམས་དང་། རྡོ་རྗེ་ཆོས་སྲུང་ཕོ་རྒྱུད་ཐམས་ཅད་ཀྱི་ཞལ་ཕྱིར་གཟིགས་ནས་ཕྱིའི་བར་ཆད་ནང་དུ་མི་བཏང་བའི་ཕྲིན་ལས་མཛད་པ། ཆོས་སྲུང་མོ་རྒྱུད་ཐམས་ཅད་ཞལ་ནང་དུ་གཟིགས་ནས་ནང་གི་དངོས་གྲུབ་ཕྱིར་མི་བཏང་བའི་ཕྲིན་ལས་མཛད་ཅིང་། དེ་དག་ཀྱང་སྐུ་མདོག །ཞལ་ཕྱག །རྒྱན་ཆས། ཉམས་འགྱུར་གྱི་རྣམ་པ་སྣ་ཚོགས་གཅིག་ཏུ་མ་ངེས་པ་དུ་མར་སྟོན་པར་མཛད་པ་སོགས། མདོར་ན་ནམ་མཁའ་ལ་སྤྲིན་ཕུང་འཁྲིགས་པ་བཞིན་དུ་ལེགས་པར་གསལ་ཅི་ཐེབས་བྱས་ལ། དེ་དག་ཀྱང་ངོ་བོ་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་བཞུགས་ཀྱང་རྣམ་པ་ཞི་དྲག་གི་སྐུ་གང་ལ་གང་འདུལ་སྟོན་པའི། མཆོག་གསུམ། རྩ་གསུམ། སྐུ་གསུམ་འདུས་པའི་བདག་ཉིད། ཐུགས་རྗེ་བྱིན་རླབས་ཀྱི་ཕུང་པོ། ཡོན་ཏན་ཕྲིན་ལས་ཀྱི་རྣམ་རོལ། ཕ་མཐའ་ཡས་པར་མངའ་བའི་རང་བཞིན་ཅན་དུ་ངེས་ཤེས་ཡང་ཡང་བརྟན་པོར་བསྐྱེད་པའི་ངང་ནས་རང་གཞན་སེམས་ཅན་ཐམས་ཅད་ཚེ་འདིའི་ནད་གདོན། རྐྱེན་ངན་འདྲེ་གདོན་འབྱུང་པོའི་འཚེ་བའི་རིགས་ཏེ། དགྲ་ཡི་མཚོན་ཆ་ཟས་དུག་དུག་སྦྲུལ་གཅན་གཟན་གཡང་དང་འཕྲང་། མེ་ཆུ་དང་ཆད་པའི་འཇིགས་པ་སོགས་དང་། ཤི་འཕོས་ནས་བར་དོའི་འཁྲུལ་སྣང་གི་འཇིགས་སྐྲག་རྣམས་དང་། ངན་སོང་གསུམ་གྱི་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་སོགས་ཀྱི་སྡུག་བསྔལ་དང་། གནས་དང་། དུས་མཐའ་དག་ལས་སྐྱོབས་པར་བྱ་བའི་ཕྱིར་དུ་དེང་ནས་བཟུང་སྟེ་སྐྱབས་ཡུལ་ཁྱེད་རྣམས་རང་རྒྱུད་དུ་ངེས་པར་མ་གྲུབ་ཀྱི་བར་དུ་རྩེ་གཅིག་ཏུ་སྐྱབས་སུ་མཆིའོ། །སྒོ་གསུམ་ཁྱེད་ལ་འབུལ་ལོ། །འདི་ཕྱིའི་ཚེ་རབས་ཀུན་ཏུ་སྐྱིད་སྡུག་ལེགས་ཉེས་ཅི་མཛད་ན་ཁྱེད་རྣམས་མཁྱེན་སྙམ་པའི་དད་འདུན་རྩེ་གཅིག་པའི་ངང་ནས་མོས་གུས་ཀྱི་རྩལ་ཡང་ཡང་བསྐྱེད་དེ། ཕྱག་འཚལ་བའི་རིམ་པ་ལ་ལེགས་པར་འཇུག་དགོས་པ་ཡིན་ཞིང་། དེ་ཡང་ཕྱག་འཚལ་ལུགས་ཀྱི་རིམ་པ་སྤྱིར་མང་ཡང་བསྡུ་ན་འདི་ལྟ་སྟེ། ཐར་མདོ་ལས། པདྨ་ཁ་འབུས་ཕྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་པ་ལྟར་ལག་གཉིས་ཕྱག་རྒྱ་གནས་གསུམ་ལ་ལེགས་པར་བཅའ་ཞིང་དཔྲལ་བ་དང་ལག་མཐིལ་པུས་མོ་བཅས་ས་ལ་ཕབ་ནས་འཚལ་བ་ནི་ཡན་ལག་ལྔ་ལྡན་གྱི་ཕྱག་ཞེས་པ་དེ་ཡིན་ཞིང་། རང་གི་གཡས་སུ་སྐྱེ་བ་ད་རེས་ཀྱི་ཕ་དང་། གཡོན་དུ་མ། མདུན་དུ་གང་གནོད་གྱི་དགྲ་བགེགས་དང་མཐའ་བསྐོར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ས་གཞིའི་ངོས་ལ་ཁྲོམ་ཆེན་པོ་ཚོགས་པ་ལྟར་གཅིག་ཏུ་འདུས་པར་དམིགས་ནས་རང་གཞན་འདུན་པ་གཅིག་པའི་སྒོ་ནས་ལུས་གུས་པས་ལོ་ཐོག་གི་སྙེ་མ་རླུང་གིས་བསྐྱོད་པ་ལྟ་བུར་ཁྱབ་གཅིག་གིས་ཕྱག་འཚལ་བ་དང་། ངག་གུས་པས་སྐྱབས་འགྲོའི་ཚིག་གང་ཡིན་པ་དེ་དག་བུང་བ་ཚང་ནས་ཞིག་པ་ལྟ་བུ་འུར་དིར་རི་འདོན་པ་དང་། ཡིད་གུས་པའི་སྒོ་ནས་སྐྱབས་དང་རེ་ས་གཞན་ན་མེད་པས་འདི་ཕྱི་ཀུན་ཏུ་སྐྱིད་སྡུག་ལེགས་ཉེས་ཆེ་ཕྲ་ཅི་དང་ཅི་བྱུང་ཡང་ཁྱེད་རྣམས་མཁྱེན་སྙམ་པའི་བློ་དུང་ངེ་བ་དང་ནམ་ཡང་མི་འབྲལ་བར་བུ་ཤི་བའི་མ་ལྟར་དྲན་རྒྱུ་སྐྱབས་ཡུལ་གྱི་དཀོན་མཆོག་གསུམ་ལས་མེད་པར་བྱས་ནས་སྐྱབས་འགྲོའི་ངག་འདོན་གང་ཡིན་པ་དང་ཕྱག་གི་གྲངས་ཀ་དང་ཆབས་ཅིག་འབྲེལ་ནས་དཀའ་ཚེགས་ཐམས་ཅད་ཁྱད་དུ་སྤྱད་པས་སྡིག་སྒྲིབ་བྱང་ངེས་པར་འགྱུར་བའི་ན་ཚ་དང་གཟེར་ཟུག །ལྟོགས་སྐོམ་དང་འཁྱག་སྡུག་སོགས་ལུས་ལ་དཀའ་སྣང་སེམས་ལ་འཚེར་སྣང་ཇི་ལྟར་བྱུང་རུང་། ཚེ་རབས་སྡིག་སྒྲིབ་ཀྱི་གཉེན་པོར་ད་རེས་འགྲོ་ཆས་འདུག་སྙམ་ནས་ཁྱད་པར་ཅན་གྱི་དགའ་སྤྲོ་དང་བཅས་ཏེ་ཞིབ་པར་གསོག་དགོས་པ་ཡིན། དེ་ནས་མཐར་ཐུན་བསྡུ་བའི་སྐབས་སུ་སླར་མོས་གུས་ཡང་ཡང་བསྐྱེད་པའི་རྐྱེན་གྱིས་ཡོལ་བ་བསྡུ་བ་ལྟ་བུ་སྐྱབས་ཡུལ་རྣམས་རིམ་གྱིས་གཡས་བསྐོར་གྱི་ཚུལ་དུ་འོད་དུ་ཞུ་བ་དང་དེ་བཞིན་བརྒྱུད་པའི་བླ་མ་རྣམས་ཀྱང་རིམ་པར་རྩྭ་འགོའི་ཟིལ་པ་ཧྲིལ་གྱིས་འགྲིལ་ནས་གཅིག་གཉིས་ལ་དབྱེར་མེད་ཐིམ་པ་ལྟར་འོད་དུ་ཞུ་བ་དང་བཅས་རྩ་བའི་བླ་མ་ཡབ་ཡུམ་ལ་ཡོངས་སུ་ཐིམ་པའི་སྟོབས་ཀྱིས་ལྷག་པར་སྐུ་ལས་འོད་ཟེར་དཔག་མེད་ཆེས་ཆེར་འཕྲོས་པས་ཉི་མ་གཅིག་གིས་མུན་པ་ཐ་དག་ཆབས་ཅིག་ཏུ་སེལ་བ་ལྟར་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པའི་མོད་ལ་ཚེ་བསོད་དཔལ་འབྱོར་ཤེས་རབ་སོགས་རྒྱས་པ་དང་། ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་ཞིང་ཐམས་ཅད་འོད་ཀྱི་རྣམ་པར་གྱུར་པའི་སྟོབས་ཀྱིས་བྱ་ཚོགས་འུར་རྡོས་དཀྲོག་པ་བཞིན་བླ་མའི་ཐུགས་ཀ་ལ་ཡར་ཐིམ། བླ་མ་ཡང་ཆོས་སྐུ་སྤྲོས་བྲལ་གདོད་མའི་ངང་ལ་བསྟིམ་པའི་ངང་ནས་ཅི་ཡང་མི་དམིགས་པར་སྟོང་ཉིད་ལ་མཉམ་པར་ཡུད་ཙམ་བཞག་ཅིང་། དགེ་བ་འདི་ཡིས་སོགས་བསྔོ་བ་དང་སྨོན་ལམ་ཅི་རིགས་པས་མཐའ་ལེགས་པར་བརྒྱན་པར་བྱའོ། །དེ་ལྟར་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་ལ་སྐྱབས་སུ་སོང་ནས་བཟུང་སྟེ་སླར་ཕྱིན་ཆད་སྤང་བྱ་དང་བླང་བྱ་དང་ཆ་མཐུན་གྱི་རིམ་པ་རྣམས་ཚུལ་བཞིན་སྲུང་སྡོམ་བྱ་བ་གལ་ཆེ་བའི་རང་བཞིན་ཏེ། བཅོམ་ལྡན་འདས་ཀྱིས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ཏེ། །དམ་པའི་ཆོས་ལ་སྐྱབས་སོང་ནས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །འཕགས་པའི་དགེ་འདུན་སྐྱབས་འགྲོ་བ༑ །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པ་ལྟར་སངས་རྒྱས་ལ་སྐྱབས་སུ་སོང་ནས་བཟུང་འཇིག་རྟེན་པའི་ལྷ་རྣམས་ལ་སྐྱབས་སུ་ནམ་ཡང་མི་འཚོལ་ཕྱག་ཀྱང་འཚལ་མི་རུང་བས་ངེས་པར་སྤང་བར་བྱ། ཆོས་ལ་སྐྱབས་སུ་སོང་ནས་བཟུང་སྟེ་སེམས་ཅན་ཆེ་ཕྲ་ཀུན་ལ་གནོད་འཚེའི་རིགས་གཏན་ནས་བྱ་མི་ཉན་པས་ངེས་པར་སྤང་བར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་དམ་པའི་ཆོས་ཕྱོགས་ལ་ལོག་ལྟ་ཅན་དང་སྡིག་སྤྱོད་རྣམས་དང་གཏན་ནས་འགྲོགས་པར་མི་བྱའོ། །དེ་བཞིན་དུ་བསྒྲུབ་བྱ་ལ་རང་གཞན་སུས་ཡིན་རུང་སྐུ་རྟེན་ཆེ་ཕྲ་དང་། རྒྱུ་བཟང་ངན། གསར་རྙིང་། ཡག་སྡུག་ཐམས་ཅད་ལ་ལེགས་ཉེས་ཀྱི་ཁྱད་པར་མི་ཕྱེད་པར་ཀུན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ནས་སྐུ་དང་གྲིབ་མ་མི་འགོམ་ཤིང་ཕྱག་སྐོར་དང་མཆོད་པའི་རྟེན་གྱི་གཙོ་བོར་བྱ་དགོས། དེ་བཞིན་སངས་རྒྱས་ཀྱི་བསྟན་པ་མི་ནུབ་པའི་རྩ་བ་ཡིན་པས་གསུང་རབ་གླེགས་བམ་རྣམས་དང་ཐ་ན་ཡི་གེའི་རས་མ་ལ་ཚིག་བཞི་འམ་འབྲུ་གཅིག་ཡོད་པ་ཚུན་ཆད་ལ་གུས་པར་བྱ་ཞིང་ས་རྗེན་སྟེང་དང་སྨད་གཡོགས་སོགས་མི་གཙང་བའི་སྟེང་དུ་ནམ་ཡང་མི་བཞག་པར་གཙང་སར་བཏེགས་ཏེ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་པའི་རྟེན་དུ་བྱ། དེ་བཞིན་དགེ་འདུན་བཞི་སྡེ་ལོང་པ་ཡན་ཆད་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ་གུས་པ་ཆེན་པོས་ཕྱག་མཆོད་བཀུར་སྟི་བྱེད་ཅིང་ཐ་ན་ལྷན་པ་དམར་སེར་ཚུན་ཆད་གཙང་སར་བཏེགས་ཏེ་དད་པ་དང་དག་སྣང་བསྐྱེད་དགོས་པ་ཡིན། དེ་བཞིན་ཆ་མཐུན་ལའང་སངས་རྒྱས་བྱང་སེམས་ཀྱི་སྐུ་བཞེངས་པ། གསུང་རབ་ཀློག་པ་དང་བཞེངས་པ། དགེ་འདུན་གྱི་ཚོགས་ལ་བཀུར་སྟི་ཞབས་ཏོག་བྱ་བ་དང་། ཁྱད་པར་རྡོ་རྗེ་ཐེག་པའི་སྐབས་སུ་ད་ལྟ་རང་ལ་བླང་དོར་གྱི་གནད་སྟོན་པའི་བླ་མ་རང་ལ་སྐྱབས་གནས་མ་ལུས་འདུས་པའི་བདག་ཉིད་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་ཐ་ན་སྐུའི་གྲིབ་མ་ཙམ་ཡང་མི་འགོམ་པར་ཞབས་ཏོག་དང་བསྙེན་བཀུར་ཅི་དྲག་ལ་འབད་དགོས་པ་དང་། དེ་བཞིན་བཀའ་ཇི་ལྟར་སྩལ་བ་ཐམས་ཅད་ཆོས་དཀོན་མཆོག་དངོས་ཀྱི་འདུས་ཤེས་བཞག་ནས་ཅི་གསུང་དང་དུ་བླངས་ནས་སྒྲུབས། བླ་མའི་ཉེ་འཁོར་དང་རང་གི་གྲོགས་མཆེད་རྣམས་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ་སྒོ་གསུམ་གུས་འདུད་ཆེན་པོ་དང་བཅས་ཏེ་འགྲོགས་ཤིང་མི་མཉེས་པར་སྐད་ཅིག་ཙམ་བྱ་མི་ཉན་ཏེ། སྔོན་བཤད་མ་ཐག་པའི་ཚུལ་བཞིན་གཙོ་ཆེར་གསང་སྔགས་རྡོ་རྗེ་ཐེག་པའི་སྐྱབས་ཡུལ་གྱི་གཙོ་བོ་ནི་བླ་མ་རང་ཡིན་ཏེ། དེའི་ཐུགས་ཆོས་ཀྱི་སྐུ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། གསུང་ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཐམས་ཅད་ཀྱི་ངོ་བོ། སྐུ་སྤྲུལ་པའི་སྐུ་དགེ་འདུན་ཐམས་ཅད་ཀྱི་ངོ་བོ། དེ་བཞིན་ཡོན་ཏན་ནོར་ལྷ་གཏེར་བདག །ཕྲིན་ལས་ཆོས་སྐྱོང་སྲུང་མ་དང་བཅས་པ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་དད་འདུན་བརྟན་པོར་བསྐྱེད་ནས་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་འཕྲལ་ཡུན་རྣམ་པ་ཀུན་ཏུ་བློ་གཏད་ལིང་གིས་བཀལ་ཏེ་མོས་གུས་རྩེ་གཅིག་བསྐྱེད་ནས་གསོལ་བ་འདེབས་པ་དང་། ཕྱག་སྐོར་དང་། མཆོད་བསྟོད་སོགས་ཅི་ནུས་སུ་བརྩོན་དགོས་པ་ཡིན་ཞིང་། གལ་ཏེ་རང་གི་ཉེས་སྤྱོད་ཀྱིས་བླ་མའི་ཐུགས་སུན་དབྱུང་བར་གྱུར་ན་ངོ་བོ་གཅིག་པའི་ཕྱིར་མགོ་ཆད་ན་གསོ་མི་རུང་བཞིན་སྐྱབས་ཡུལ་ཐམས་ཅད་དུས་གཅིག་ལ་སྤང་འགྲོ་བ་ཡིན་པས་ཚིག་དང་ཚུལ་འཆོས་ཙམ་མ་ཡིན་པར་དོགས་གཟབ་སྙིང་ནས་བྱ་བ་གལ་གཅིག་ཏུ་ཆེ་བའི་རང་བཞིན་ངེས་པར་མཛད་དགོས་སོ། །དེ་ལྟ་བུ་སྐྱབས་སུ་སོང་ཞིང་བསླབ་བྱ་རྣམས་སྤེལ་བ་དང་བསྲུང་སྡོམ་ཚུལ་བཞིན་ལྡན་པའི་ཕན་ཡོན་སོགས་མདོར་བསྡུས་ཙམ་བཤད་ན། ཚེ་འདི་ལ་ནད་གདོན་བར་ཆད་ཉོན་མོངས་ཐམས་ཅད་ཞི་ཞིང་། ཚེ་བསོད་ཉམས་རྟོགས་ཡོན་ཏན་ཐམས་ཅད་གང་བསམ་འབད་མེད་ལྷུན་གྱིས་གྲུབ་པ་དང་། མ་ཟད་ཕྱི་མ་ངན་འགྲོའི་འཇིགས་པ་ཐ་དག་ལས་སྐྱོབས་ཤིང་ཕན་བདེ་ཚད་མེད་པའི་ལམ་ལ་ངེས་པར་ཚེ་རབས་ཀུན་ཏུ་གོང་ནས་གོང་འཕེལ་ལ་སྦྱོར་ནས་མཐར་ཐུག་ཏུ་སངས་རྒྱས་ཀྱི་སྐུ་འགྲུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དགེ་འདུན་རྒྱ་མཚོ་ལྟ་བུ་འདུ་བ་སོགས་ཕན་ཡོན་མཐའ་ཡས་པར་ཡོད་དེ། མདོ་སྡེ་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབས། །འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་གནས་མིན་དང་། །འཇིགས་ཚོགས་ཐེག་པ་དམན་དག་ལས། །སྐྱོབས་ཕྱིར་སྐྱབས་ཀྱི་དམ་པ་ཡིན། །ཞེས་དང་། མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །ཞེས་དང་། མདོ་ཉི་མའི་སྙིང་པོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཞིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་སོགས་ཕན་ཡོན་གྱི་དཔེ་དང་ལུང་འདྲེན་རྣམས་མཐའ་ཡས་པར་གསུང་པས་མདོར་བསྡུས་ཙམ་བསྟན་པ་ཡིན་ནོ།།  ༈  །།དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རིམ་པ་ལ། དེའི་མཚན་དོན་འབྲེལ་ཆགས་ཙམ་བཤད་ན། ཀུན་གཞི་བདེ་གཤེགས་སྙིང་པོ་ལ་དྲི་མ་ཡེ་ནས་མེད་པས་ན་བྱང་བ་དང་། དེ་ནི་བཟང་ངན་གཉིས་སུ་མེད་པའི་ཡོན་ཏན་ལྷུན་གྱིས་གྲུབ་པའམ། མངོན་པར་ཆུབ་པས་ན་བྱང་ཆུབ་ཅེས་དང་། དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྒྲུབ་བྱ་མཐར་ཐུག་མཆོག་དང་རབ་ཏུ་ཡིན་པས་ན་མཆོག་ཏུ་ཞེས་པ་དང་། དེ་ལྟ་བུ་ལ་དེ་སྔོན་རང་རེའི་སེམས་འཁྲུལ་བའི་དབང་གིས་ཐོག་མ་མེད་པ་ནས་ལས་དང་ཉོན་མོངས་པའི་དབང་དུ་སོང་བས་མ་རིག་པའི་རྒྱུ་བྱས་པ་ལས་བྱུང་བའི་རྟོག་པ་ཐམས་ཅད། ད་ལན་བྱང་ཆུབ་ཏུ་བསྐྱེད་པར་བྱ་བའི་རིམ་པ་ལ་འཇུག་པས་ན་སེམས་བསྐྱེད་ཟེར་བ་ཡིན་གྱི། དེ་ལྟར་སེམས་བསྐྱེད་པ་ལ། སྐྱབས་ཡུལ་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ་ཆོས་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་བཟུང་སྟེ་སྐྱེས་བུ་ཆེན་པོའི་སེམས་བསྐྱེད་ཡང་རབ་ཀྱི་ཐབས་ཟབ་མོ་དང་ངེས་པར་མ་ལྡན་ན། བྱ་ཡིན་ཡང་གཤོག་པ་མེད་པ་དང་འདྲ་ཞིང་དགེ་སྡིག་གི་རྣམ་དབྱེ་གཞི་ནས་ཕྱེད་མཁན་དང་། ཆོས་ཟབ་མོ་དང་གང་ཟག་མཚམས་སྦྱོར་མཁན་དང་། དགེ་རྩའི་འགྱུར་སྐྱེད་ཀྱི་རྩལ་བཏོན་མཁན་དང་། གཞན་དོན་རླབས་ཆེ་ཆུང་དང་། ས་ལམ་མྱུར་ཞན་དང་། འབྲས་བུ་རབ་འབྲིང་ཐ་མ་ཐོབ་ལུགས་སོགས་ནི་ཀུན་སློང་བཟང་ངན་ཁོ་ན་ལ་རག་ལས་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བ་བདག་ཞན་དོན་འགྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་དང་། ཞི་བ་ལྷས། ཐུབ་པའི་གཞན་དོན་མཛད་པ་དང་། །བྱིས་པས་རང་དོན་སྒྲུབ་པ་གཉིས། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང་། ལུང་ལས། སྐྱེ་བོ་རྨོངས་པས་རང་གི་བདེ་དོན་གཉེར། །དེ་མ་ཐོབ་པས་རྟག་ཏུ་སྡུག་བསྔལ་རྒྱུ། །སྟོན་པས་རྟག་ཏུ་གཞན་དོན་བརྩོན་པས་ན། །གཉིས་ཀའི་དོན་དུ་མྱ་ངན་འདའ་བར་གྱུར། །ཞེས་དང་། སྤྱོད་འཇུག་ལས། འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་འགྲུབ་པའང་འདི་ཉིད་དོ། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དོ། །དེ་བས་བདག་གིས་རྟག་ཏུ་འདི་ཉིད་བྱ། །ཞེས་དང་། ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་པ་ལས་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་དང་། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་བྲལ་བར་འགྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང་། །ཞེས་དང་། རིག་འཛིན་འཇིགས་མེད་གླིང་པས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྒྱུན་དུ་བསམ་པ་བཟང་ལ་འབད་པར་བྱའོ། །ཞེས་གསུངས་པ་ལྟར་མདོར་བསྡུ་ན་རང་རེ་རྣམས་དེ་སྔོན་རང་འདོད་ངན་པ་ཁོ་ནའི་བསམ་སྦྱོར་གྱི་དབང་དུ་སོང་བའི་ལེ་ལན་གྱིས་འཁོར་བ་ངན་སོང་གི་གནས་སུ་མུ་མཐའ་མེད་པར་ལས་ངན་ལུས་ངན་འབྲས་བུ་ངན་པ་མྱོང་ནས་འཁྱམས་བསྡད་པ་ཡིན་འདུག་པས། ད་ནི་དེའི་གཉེན་པོ་ཆོས་ཤིག་སྒྲུབ་ན་རང་དོན་ཡིད་བྱེད་ཀྱི་བློ་ངན་འདི་དག་གཏད་ནས་དྲུངས་འབྱིན་ཏེ་གཞན་ཕན་གྱི་བསམ་སྦྱོར་བསླད་མེད་རང་ལ་གཙོར་བཏོན་པ་ནི་གལ་གནད་ཤིན་ཏུ་ཆེ་ཤོས་ཡིན་པས། དེས་ན་ད་ལྟའི་སྐབས་འདིར་ཁ་ཤས་ལ་དགྲ་གཉེན་རིས་སུ་བཅད་དེ་དགྲ་ལ་ནི་འདྲེ་རུ་བཟུང་ནས་ཤིན་ཏུ་སྡང་ཞིང་སྨོད། གཉེན་ལ་ནི་ལྷ་རུ་བཟུང་ནས་ཤིན་ཏུ་བྱམས་བརྩེས་བསྐྱང་ཁུལ་བྱེད། ཕལ་ཆེར་ནི་ལུང་མ་བསྟན་དུ་ལྷག་བསྡད་པའི་སེམས་ཅན་དེ་དག་ཐམས་ཅད་ནི་དོན་དུ་སྔ་ཕྱི་དང་ཆ་ཡོད་མེད་ཀྱི་ངོ་ཤེས་མ་ཤེས་ཙམ་མ་གཏོགས་རང་ཅག་རྣམས་དང་ཚེ་རབས་ཀུན་ཏུ་འབྲེལ་བའི་ཕ་མ་དྲིན་ཅན་ཤ་སྟག་ཡིན་པ་ནི་ལུང་རིགས་ཚད་མས་མངོན་སུམ་དུ་གྲུབ་འདུག་མོད། དེ་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གར་ཡོད་ཕ་མ་དྲིན་ཅན་གྱིས་ཁྱབ། ཕ་མ་དྲིན་ཆེན་གྱི་སེམས་ཅན་གར་ཡོད་བདེ་སྡུག་ལ་རག་མི་ལས་པ་མེད་བཞིན་ལས་ངན་སྡུག་བསྔལ་གྱིས་ཁྱབ་པས་དེ་དག་ལ་སྙིང་རྗེ་ཕྱོགས་རིས་མེད་པར་ཆབས་ཅིག་ཏུ་སྐྱེ་དགོས་པ་ཡིན་མ་གཏོགས། རང་བཞིན་དགྲ་གཉེན་གཉིས་ལ་སྙིང་རྗེ་དང་ཞེ་སྡང་མི་སྐྱེ་བ་ཙམ་གྱིས་མི་ཡོང་སྟེ། ཕན་མེད་གནོད་མེད་གཏི་མུག་བཏང་སྙོམས་ལུང་མ་བསྟན་ཞེས་པས་གོ་ག་ལ་ཆོད་པས། དེས་ན་མར་ཤེས་པ། དྲིན་དྲན་པ། དྲིན་ལན་འཇལ་དགོས་པའི་ཚུལ་རྣམས་མདོར་བསྡུས་ཏེ་ཅུང་ཟད་མ་བཤད་ན་དེའང་མི་གོ་བས། དང་པོ་མར་ཤེས་པ་ནི། ད་ལྟའི་སྣང་བ་ལྟར་ལ་ལ་ནི་ཚུར་སྐྱེ། ལ་ལ་ནི་ཕར་འཆི་ནས་སྐྱེ་འཆི་རེས་མོས་ཀྱིས་ལུས་གྲངས་མེད་བླང་བའི་རང་བཞིན་ཏེ། དཔེར་ན་རྒྱ་གར་གྱི་གྲོང་ཁྱེར་རྒྱ་ཆེ་བ་རྣམས་སུ་ཉིན་རེའི་ཁོངས་སུའང་མི་བརྒྱ་སྟོང་ཁྲི་འབུམ་ཚུར་སྐྱེས་པ་དང་བརྒྱ་སྟོང་ཁྲི་འབུམ་ཕར་འཆི་བ་ནི་མཐོང་ཐོས་མྱོང་གྱུར་དུ་ཡོད་པ་དང་། དེ་བཞིན་འདི་ཕྱོགས་ཡུལ་གྲུ་རེའི་མི་རྣམས་སྐྱེ་འཕོས་གྲངས་མེད་འབྱུང་བ་དང་ལོ་ཟླ་དང་ཞག་རེའི་ཁོངས་སུ་ཟོག་ལུག་དང་རི་དྭགས། བྱ་དང་འབུ་སྲིན་སོགས་སྐྱེ་ཤིའི་རྣམ་གྲངས་ཚད་བཟུང་དུ་མི་བཏུབ་པ་སོགས་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་ཇི་བཞིན་གནས་ངེས་མེད། ཚེ་ངེས་མེད། ལུས་གྲངས་མེད། རིགས་འདྲ་མིན་སྣ་ཚོགས་ཁམས་གསུམ་རིགས་དྲུག་ཏུ་བླང་བའི་ཚེ་དམྱལ་བ་དང་ལྷ་ཕལ་ཆེར་མ་གཏོགས་ཕ་མ་ལ་མ་བརྟེན་པ་ཆེར་མེད་པས་ན་སེམས་ཅན་ཐམས་ཅད་མ་རུ་མ་གྱུར་པ་གཅིག་ཙམ་ཡང་མེད་པའི་དོན་ནི་དེ་ལྟར་ཡིན་པ་དང་། དེའང་བསྐལ་པ་ཐོག་མ་མེད་པ་ནས་སེམས་ཅན་ཀུན་འཁྲུལ་བའི་རྒྱུད་འབྱམས་ནས་བཟུང་སྟེ་ད་ཕན་ཆད་ལ་སེམས་ཅན་གཅིག་གིས་མ་བྱས་པའི་གྲངས་ཀྱང་ལན་རེའམ་བརྒྱ་སྟོང་ཁྲི་འབུམ་ཙམ་མ་ཡིན་པར་བགྲང་བའི་ཕ་མཐའ་ལས་འདས་ཤིང་། ཚད་དང་མུ་མེད་པས་ན་སྤྱིར་ཕ་མ་མ་བྱས་པ་མེད་པ་དང་། བྱེ་བྲག་ཏུ་ས་ལག་མཐིལ་ཙམ་ཞིག་གི་སྟེང་ནའང་ལན་གྲངས་སྐྱེས་མ་མྱོང་བ་དང་། འཆི་མ་མྱོང་བ་མེད་པས་ན་གྲངས་མེད་བླང་བའི་ཚུལ་ནི་དེ་ལྟར་དུ་ཤེས་དགོས་པ་དང་། དེའང་དྲིན་ཆེ་བའི་ལས་ཀྱང་། སྐྱེ་འགྲོ་རྣམས་ལས་ངན་ལུས་ངན་འདྲ་མིན་སྣ་ཚོགས་བླངས་ནས་ཉེ་རིང་བར་མ་དོར་སོགས་གྱུར་པའི་སྐྱོན་དང་། རང་རེ་སྡིག་སྒྲིབ་ཆེ་བ་དང་སྐྱེ་འཆི་ཁ་བརྒྱུད་པའི་དབང་གིས་སྔོན་ཆགས་ཕྱི་འདེང་མི་ཕོག་པ་མ་ཟད་ད་ལྟ་ཚེ་སྟོད་སྨད་ཀྱི་བར་ནས་ཀྱང་དྲིན་ཆེ་བའི་ལས་རྣམས་བརྗེད་གྲབས་སུ་འགྲོ་བ་འདི་བཞིན་དུ་དེ་དག་རྣམས་ཕ་མའི་སྐྱེ་བ་དང་དྲིན་ཆེན་རེད་པ་ངོ་མ་ཤེས་པ་ལས། དོན་དུ་མཐོང་ཆོས་མྱོང་གྱུར་དུ་གྲུབ་པ་ད་ལྟའི་ཕ་མ་རྣམས་དང་སྔ་ཕྱི་དང་། རང་གི་ངོ་ཤེས་མི་ཤེས་དང་། ཆ་ཡོད་མེད་ཙམ་ལས་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པ་མ་ཟད་ཚད་མེད་པའི་དྲིན་གྱིས་བསྐྱངས་པས། ཚེ་རབས་ཀུན་ཏུ་འབྲལ་མི་ཕོད་བཞིན་དུ་འབྲལ་བའི་ཕ་མ་དྲིན་ཆེན་ལས་རིང་ཤ་སྟག་ཡིན་པ་ནི་གཞིར་བཅས་ཏེ། དེའང་ཅུང་ཟད་བཤད་ན་རང་རེ་རྣམས་གནམ་ནས་ཐོག་ལྷུང་བའམ་ས་ནས་མེ་ཏོག་སྐྱེས་པ་ལྟ་བུ་མ་ཡིན་ཏེ་ཁྲ་དང་སྤྱང་ཀུ་སོགས་གཅན་གཟན་གཏུམ་པོ་གདུག་པ་ཅན་གྱི་བུར་གྱུར་དུས། མ་དྲིན་མི་ཆེ་བ་གཅིག་ཙམ་མེད་བཞིན་མས་དང་པོ་བུ་རྒྱུད་རྣམས་བར་དོའི་རྣམ་ཤེས་འཁྱམས་པོ་གང་ནས་འོང་གང་ནས་ཐོན་སུ་ཡིན་མི་ཤེས་པ་དེ་ལུས་ཡོངས་སུ་མ་གྲུབ་བར་དུ་ནད་ཆེན་གདོན་ཆེན་དང་སྡུག་བསྔལ་གྱི་ཁུར་པོ་རི་བོ་ལྟ་བུས་ནོན་པ་ལྕི་བཞིན་དུ་ཟླ་དགུ་ངོ་བཅུ་མ་རྫོགས་ཀྱི་བར་དུ། ཁོངས་སུ་བསྐྱང་བའི་དྲིན་ཁོ་ན་ལ་བརྟེན་པས་དང་པོ་ལུས་ཀྱི་རྣམ་པ་མ་ལུས་པ་ཐམས་ཅད་ཡོངས་སུ་སྦྱིན་པ་དང་། དེ་ནས་སྲོག་ཡལ་བར་དོར་ནས་བཙས་པའི་ཚེ་ན་སྒོ་ང་ཁ་གས་མ་ཐག་པའི་བྱེའུ་ཕྲུག་ལྟ་བུ་ཤིན་ཏུ་ཉམ་ཐག་པ་གསོན་པོ་རེད་ཟེར་ན་མགོ་མི་ཆོག །ཤི་བ་རེད་ཟེར་ན་སྲོག་དང་དབུགས་ཡོད་ཙམ་ལུས་ཉམ་ཞན་པ་ཉ་རེ་ཉོ་རེ་དེ་རུལ་མ་བཅུག་སྐམ་མ་བཅུག་འཁྱག་ལྟོགས་ཀྱིས་འཆི་ན་འཆི་མ་བཅུག་སྟེ་འཇམ་པའི་སྟན་ལ་བཞག་ནས་འཛུམ་པའི་མདངས་ཕྱུང་། སྙན་པའི་མིང་ནས་བོས་ཏེ་ཁ་ཡིས་སྣབས་ཕྱིས། འགྲང་ལྟོགས་ལག་གིས་ཉུལ། ཚ་གྲང་མཛུབ་མོས་ཚད་བཟུང་། ལག་གིས་མི་གཙང་བ་གཅིན་རྟུག་སོགས་བྱབ་ཅིང་། ལུས་ཀྱི་དྲོད་དང་བཅུད་ཁོ་ན་ལ་བརྟེན་པས་ཡོངས་སུ་གསོས་པར་བྱས་པ་སོགས་བྱམས་སྐྱོང་ཚད་མེད་པ་ཁོ་ནས་ཉིན་མཚན་གོ་འབྲེལ་བར་འཚོས་ཤིང་བསྐྱངས་ནས་རང་སྲོག་ལས་ཀྱང་ཤིན་ཏུ་དམར་བར་བྱས། གནོད་པ་སྒོ་དུ་མ་ནས་སྐྱོབས། ཕན་པ་ཚད་མེད་པ་བཏགས་ཏེ་ཞག་དང་ཟླ་བ་ལོ་གྲངས་མང་པོའི་བར་དུ་ལུས་ཀྱི་སྐྱེད་ཕྲ་མོ་ནས་རིམ་པར་བསྲིང་བས་ན། བར་དུ་སྲོག་ཡོངས་སུ་སྦྱིན་པ་དང་། མཐར་ཁ་ན་ཟས་མེད། ལག་ན་ནོར་མེད། རྒྱབ་ན་གོས་མེད་ཕར་ངོ་ཕར་ཚུར་ངོ་ཚུར་མི་ཤེས་པ་ཉམ་ཐག་པ་དེ་ལ་ཡར་དཀོན་མཆོག་ལ་མཆོད་མ་བྲ། མར་ངན་སློང་ལ་སྦྱིན་མ་བྲ། ཤི་ཕོའི་རྒྱབ་ལ་གཏོང་མ་བྲ། གསོན་པོའི་ཁ་ལ་ཟ་མ་བྲ། རྒྱབ་ལ་གྱོན་མ་བྲ་བ་རྣམས་ཁ་ཟས་མེད་ལ་ཟས་བྱིན། ལག་ནོར་མེད་ལ་ནོར་སྤྲད། རྒྱབ་གོས་མེད་ལ་གོས་ལྷམ་སོགས་ཀྱིས་ལེགས་པར་གཡོགས་ཏེ་སྡིག་སྡུག་གཏམ་ངན་སྲོག་ལ་མ་བལྟས་པར་སྒྲུབ་པའི་ཁང་པ། ས་ཞིང་། ཕུའི་འབྲོག་པ། ཟས་གོས། རྒྱན་ནོར་ལོངས་སྤྱོད་ཡོད་རིགས་གཅེས་དགུ་དམར་དགུ་ཐམས་ཅད་སྦྱིན་ནས། ཟས་ཟ་ཚུལ། གོས་གྱོན་ཚུལ། སྐེ་རག་དམ་ལྷོད་དང་ལྷམ་སྒྲོག་བཅིང་ཚུལ། འགྲོ་མི་ཤེས་པ་ལ་འགྲོ་ཚུལ། སྨྲ་མི་ཤེས་པ་ལ་ཨ་གྱིས་མ་གྱིས། ཨ་གྱིས་ཕ་གྱིས་སོགས་རིམ་གྱིས་བསླབ་པས། བྱིས་པ་གཞོན་པར་གྱུར། གཞོན་པ་དར་ལ་བབ་པར་གྱུར་ཏེ། བླང་དོར་གྱི་གནད་མ་མཐོང་བ་མཐོང་དུ་བཅུག །མ་གོ་བ་གོ་རུ་བཅུག །མ་ཤེས་པ་ཤེས་སུ་བཅུག །མ་ཐོབ་པ་ཐོབ་ཏུ་བཅུག །མི་མཚུངས་པ་མཚུངས་པར་བཅུག་པ་སོགས་དང་མ་ཟད་ཆོས་ཀྱི་ཕྱོགས་ནས་ཀྱང་ཀ་ཁ་སོགས་རིམ་པར་བསླབ་པ་དང་དལ་འབྱོར་བཅོ་བརྒྱད་ལྡན་པ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ནུས་པ་དང་། རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ལ་འཇུག་ནུས་པ་དང་། རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབ་ནུས་པ་དང་མདོར་ན་རང་གིས་རབ་ཏུ་བྱུང་ན་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཡང་བདེ་མྱུར་དུ་སྒྲུབ་ཆོག་པའི་རྟེན་བཟང་ཕུན་སུམ་ཚོགས་པ་འདི་ནི། དཔེར་ན་འཇིག་རྟེན་ན་དཀོན་པའི་མཆོག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་འབྱུང་བའི་གཏེར་ཆེན་པོ་ཞིག་རྙེད་པ་ལས། འབུམ་འགྱུར་གྱི་ལྷག་པར་སྟེར་བའི་དྲིན་ཆེན་མ་རྒན་རྣམས་ཀྱིས་ཁེ་དང་རྒྱལ་ཁ་ཐམས་ཅད་བུ་ལ་སྦྱིན། གྱོང་དང་བུབ་ཁ་ཐམས་ཅད་རང་གིས་བླངས། བདེ་སྐྱིད་ཐམས་ཅད་བུ་ལ་སྒྲུབ། སྡིག་སྡུག་གཏམ་ངན་ཐམས་ཅད་རང་གིས་བཟོད་ནས་བུ་རྒྱུད་རང་རེ་རྣམས་ན་དོགས། ཤི་དོགས། སྡུག་དོགས། འཁྱག་ལྟོགས་ཀྱི་རེ་དོགས་སོགས་ཀྱི་ཆེད་དུ་ངག་གིས་ཚིག་བརྗོད། ལུས་ཀྱིས་ལས་བྱས། སེམས་ཀྱིས་བྱ་ར་ཁོ་ན་བྱས་པས་ཉིན་མཚན་མེད་པར་རྣམ་གཡེང་གི་དབང་དུ་དུས་འདས་ཏེ། རང་ལ་ཡོང་ངེས་འཆི་བ་མ་ཚོར་ཞིང་དགོས་ངེས་དམ་ཆོས་གང་ཡང་སྒྲུབ་མ་ཁོམ་པར་སྡིག་པ་ཚབས་ཅི་ཆེ་སྣ་ཚོགས་བསགས་ཤོར་བའི་ལན་གྱིས་འཁོར་བ་མཐའ་མེད་དུ་འཁྱམས་ནས་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་འབྱུང་བའི་རྒྱུ་དང་འབྲས་བུ་ལ་རྒྱབ་རིང་གིས་ཕྱོགས་ཏེ། ལ་ལ་ནི་སྡུག་བསྔལ་གྱི་འབྲས་བུ་ལ་དངོས་སུ་སྤྱོད་པ་དང་། ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ལོངས་སུ་སྤྱོད་དེ་སྡུག་བསྔལ་གྱི་གསོག་འཇོག་སྡུག་བསྔལ་གྱི་བསུ་སྐྱེལ། སྡུག་བསྔལ་གྱི་ཡོ་ལང་འཁྲུགས་པའི་བར་དུ་ཚུད་ཅིང་། ཡོང་ངེས་འཆི་བ་དང་ཕན་ངེས་དམ་ཆོས་ནི་ཆེར་དྲན་ནས་སྒྲུབ་མི་ཤེས་པར་ཚེ་འདིའི་འདོད་དོན་ཨེན་ཙམ་ལ་ཆགས་ཤིང་འཁྲུལ་བས་རྒྱུད་ཤིན་ཏུ་བསྡམས་ཏེ། མགོ་འཁོར་སོང་བ་མ་རྒན་ཉམ་ཐག་རྣམས་ཡལ་བར་དོར་ནས་རང་ཉིད་གཅིག་པུར་ཞི་བདེ་དོན་དུ་གཉེར་ན་ནི། དཔེར་ན་རྩ་བའི་མ་དེ་གཡང་ས་དྲག་པོ་ནས་ལྷུང་རན་པའམ། ཡང་ན་ཆུས་ཁྱེར་བ་མཐོང་ཞིང་དེ་འདོན་པའི་ཐབས་ཡོད་བཞིན་དུ་མ་འདོན་པར་རང་ཉིད་སྐམ་ས་ན་ཡིད་བདེ་བར་གནས་པ་དང་ངེས་པར་འདྲ་བས་ན། དེ་བས་འཇིག་རྟེན་གྱི་ཁམས་ན་ངོ་ཚ་བ་དང་། ཁྲེལ་མེད་པ། ཐབས་རྡུགས་པ། བླུན་ཆེ་བ་ནི་ཅི་ཡོད་སྙམ་ནས་ཞིབ་ཀྱིས་དཔེར་བླངས་ཏེ། ད་ལན་ནི་ལུས་བསྐྱེད་པའི་དྲིན། སྲོག་འཚོས་པའི་དྲིན། ཡོ་བྱད་སྟེར་བའི་དྲིན། ཆོས་དང་འཇིག་རྟེན་བསླབ་པའི་དྲིན་སོགས་ཞིབ་པར་དྲན་ནས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་བཤེས་མེད་ལོང་བ་ཐང་སྟོང་དུ་འཁྱམས་པ་ལྟ་བུའི་སེམས་ཅན་ཡིན་པས། རང་རེས་ད་ལན་མཚན་ལྡན་གྱི་བླ་མ་དང་མཇལ། ཆོས་ཐེག་པ་ཆེན་པོ་ཉམས་ལེན་བྱེད། ཁེ་ཉེས་ཐམས་ཅད་ལེགས་པར་ཤེས་ནས་བཟུང་། དྲིན་ལན་དུ་དྲིན་དྲན་ཤེས་པའི་ངང་ནས་ཕན་ལན་དུ་ཕན་ཞིག་ངེས་པར་འཇལ་དགོས་པ་ཡིན་ཞིང་། དེའང་ད་ལྟའི་བར་སྐབས་འདིར་ཚེ་འདིའི་ལོངས་སྤྱོད་དང་ལྟ་རྟོག །བྱམས་སྐྱོང་སོགས་བརྩེ་བས་ཅི་ལྟར་བསྐྱང་ཁུལ་བྱས་ཀྱང་གནས་སྐབས་ཀྱི་བྱ་བ་ཕྱོགས་རེ་ལན་རེ་ནས་དྲིན་ལན་གྱི་ཆ་ཙམ་གཞལ་བ་ཡིན་གྱི་མ་གཏོགས། ཚེ་རབས་ཐོག་མ་མེད་པ་ནས་མ་བྱས་པའི་དྲིན་དང་སྡུག་བསྔལ་གྱི་ཁུར་ལྕི་བའི་དྲིན་ལན་སོབ་པ་ནི་ཆ་ཙམ་ལས་ཅང་མི་ཡོངས་ཏེ། དཔེར་ན་རྒྱ་མཚོ་ཆེན་པོ་སྐྲ་རྩེས་གཞལ་བ་ལྟ་བུ་ལས་དོན་ཆུང་བས། དེས་ན་མྱུར་དུ་ཕན་ངེས་པའི་ཐབས་གང་གིས་བྱེད་སྙམ་ན། དངོས་སུ་སྡུག་བསྔལ་དང་བྲལ་ཏེ་སླད་ནས་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་དང་བྲལ་ཞིང་བདེ་བའི་རྒྱུ་འབྲས་ལ་ལོངས་སུ་སྤྱོད་པ་ཞིག་བྱུང་ན། དེས་ནི་གནས་སྐབས་དང་མཐར་ཐུག་འཕྲལ་ཡུན་ཀུན་ལ་དྲིན་ལན་ཡང་དག་པར་སོབ་པར་འགྱུར་ཏེ། འབད་པ་དོན་དང་ལྡན་པ་ཡིན། བྱ་བ་རླབས་ཆེ་བ་ཡིན། ཕན་པ་མཆོག་ཏུ་གྱུར་པ་ཡིན། དྲིན་ལན་ཡང་དག་པར་འཇལ་བ་ཡིན་པའི་ཕྱིར་ན་ལྷག་ཏུ་ཤེས་པར་བྱས་ལ་སྡུག་བསྔལ་གྱི་རྒྱུ་དང་བྲལ་བའི་གཉེན་པོའམ། བཟློག་པའི་ཐབས་ཟབ་མོ་བླ་ན་མེད་པ་ནི་རང་གཞན་ཀུན་གྱིས་དམ་པའི་ཆོས་སྒྲུབ་པ་ཁོ་ན་ཉིད་གལ་ཆེ་བའི་རང་བཞིན་སྟེ་སྤྱིར་མི་ལུས་ཐོབ་པ་དང་། ནང་པ་སངས་རྒྱས་པའི་མིང་དོན་གྱི་སྙིང་པོ། བྱེ་བྲག་སེར་གཟུགས་འཆང་བའི་དོན་སྒོ། ཁྱད་པར་དུས་གསུམ་རྒྱལ་བའི་ལམ་དང་། གཤེགས་ཤུལ་དང་། བསྒྲུབ་བྱའི་རིམ་པ་དེ་དག་ཁོ་ན་ཡིན་གཤིས་གལ་ཆུང་ངུ་ནམ་ཡང་མི་འཇོག་པར། ད་ལྟའི་ཕ་མ། ཉེ་འབྲེལ་ཡུལ་མི་གཉེན་གྲོགས་རྣམས་ཀྱིས་གཙོས་བློ་ལུས་ངག་ཡིད་གསུམ་ཆོས་ཕྱོགས་སུ་བསྐུལ་མ་དངོས་བརྒྱུད་བར་གསུམ་ནས་གདབ་ཅི་ཐུབ་གང་ཐུབ་བྱ་དགོས་པ་དང་། གཤིན་པོ་རྣམས་ལ་ནི་ཐབས་གཞན་གྱིས་བྱ་ཐབས་བྲལ་བས་སྙིང་རྗེ་ཤུགས་དྲག་པོ་ཚད་མེད་པས་རམ་མདའ་སྦྲན་ནས་དགེ་བ་བསྔོ་སྨོན་གྱི་རིམ་པས་རྒྱས་འདེབས་ཡོངས་སུ་བྱ་རྒྱུ་དང་། དེ་ཡང་མཐོ་རིས་ཚངས་དང་བརྒྱ་བྱིན་སོགས་ཀྱི་གོ་འཕང་ཐོབ་རུང་སླར་སྡུག་བསྔལ་ལས་མ་འདས། ཞི་བ་ཉན་རང་གི་གོ་འཕང་ཐོབ་རུང་། བྱང་སེམས་ཀྱི་ས་དང་སངས་རྒྱས་ཀྱི་ཡོན་ཏན་མི་ལྡན། དེས་ན་མཐའ་གཉིས་ལ་མི་གནས་པ་དོན་གཉིས་ལྷུན་གྱིས་གྲུབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་དེ་དག་རྣམས་འགོད་པའི་ཕྱིར། མཐོང་ཐོས་དྲན་རེག་ཙམ་གྱིས་དངོས་བརྒྱུད་བར་གསུམ་ནས་སེམས་ཅན་གྱི་འགྲོ་དོན་དཔག་མེད་བདེ་བླག་ཏུ་སྒྲུབ་ནུས་མཁན་མཚུངས་པ་མེད་པ་རྫོགས་པའི་སངས་རྒྱས་ཁོ་ནར་ཡིན་ཞིང་། དེ་ལྟ་བུའི་གོ་འཕང་དམ་པ་དེ་བདག་གིས་ལུས་རྟེན་འདི་ཐོག་ནས་ཐོབ་པར་བྱའོ་སྙམ་པའི་བློ་བཟོད་མེད་དུང་ངེ་བ། དཔེར་ན་སྐོམ་པས་ཆུ་འདོད་པ་ལྟར་དང་། མི་འབྲལ་བའི་སྒོ་ནས་ཆོས་ལ་བརྩོན་འགྲུས་རིམ་གྱིས་སྤར་ནུས་པ་ཞིག་དགོས་པ་ཡིན་ནོ། །འོན་ཀྱང་བཤད་མ་ཐག་པའི་ཚུལ་ལྟར་རང་རེ་རྣམས་ཚེ་རབས་ནས་གཞན་དག་ལ་སྲོག་དམར་པོ་བཅད་ཀྱང་སྡུག་བསྔལ་མྱོང་གི་མེད་ཆགས་དང་། རང་ཉིད་ལ་སྡུག་བསྔལ་གྱི་ཕྱོགས་ཕྲ་མོ་རེ་མྱོང་ཆིས་ཙམ་ཡང་བཟོད་མི་ནུས་པར་ཆགས་སྡང་གི་ལས་དང་ཚིག་དང་བསམ་པ་སོགས་རང་འདོད་ངན་པ་ཁོ་ནའི་དབང་དུ་སོང་བའི་རྐྱེན་གྱིས་གཞན་ཕན་གྱི་བསམ་སྦྱོར་ཡང་དག་པ་ཆེར་མི་འབྱོངས་པས་ན་སངས་རྒྱས་ཀྱི་ས་ལ་ཕྱོགས་ཙམ་མི་ཉེ་བར་ཉོན་མོངས་ཞེ་སྡང་། ཕྲག་དོག་ང་རྒྱལ། འགྲན་སེམས་འཐབ་རྩོད་སོགས་མི་དགེ་བའི་ལས་ཁོ་ནའི་དབང་དུ་སོང་ཚར་བ་དང་ཤུགས་འབྱུང་དུ་འགྲོ་བཞིན་པ་འདི་དག །སེམས་ཅན་ཐམས་ཅད་ཕ་མར་མ་མཐོང་སྟེ་བྱམས་སྙིང་རྗེ་སྒོམ་མ་ཤེས་པའམ་ཤེས་ཀྱང་སྙིང་རྗེ་གོ་ཡུལ་དུ་ཤོར་བས་ལན། རང་གིས་འཁོར་བར་འཁྱམས་ནས་ལས་ངན་ལུས་ངན་རྒྱུན་ཆད་མེད་པར་བླང་ནས་སྡུག་བསྔལ་དུ་མར་མྱོང་དགོས་པ་ཡིན་འདུག་པས། ད་ལན་དེའི་གཉེན་པོ་ཆོས་སྒྲུབ་པ་ལ་མེད་དུ་མི་རུང་བ་ཡང་དག་པར་བློ་སྦྱང་བའི་རིམ་པ་ཚད་མེད་བཞི་ལ་འཇུག་པར་བྱེད་ན་འདི་ལྟར་བློ་འཆོས་པར་བྱ་དགོས་ཏེ། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། གཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་གསུངས་པ་ལྟར། དཔེར་ན་བྱ་མས་བྱིའུ་གསོ་བ་ལྟར་ཞེས་བྱམས་སྐྱོང་ཁོ་ནས་འཚོ་ཞིང་ཕན་ཐོགས་པར་བྱ་དགོས་པ་ཡིན་པས། རང་གིས་གང་འདོད་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་འདོད་པ་གཅིག་ཀྱང་ཐབས་ལ་མི་མཁས་པའི་དབང་དུ་སོང་ནས་ལས་ངན་ལུས་ངན་བླངས་ཏེ་སྡུག་བསྔལ་གྱིས་མནར་བ་རྣམས་ལ་ལྷག་པར་སྙིང་རྗེ་བསྐྱེད་དེ་ལུས་ངག་ཡིད་གསུམ་དང་རྒྱུ་ནོར་ལོངས་སྤྱོད། ཐབས་དང་རྣམ་པ་ཅི་དྲག་གང་དྲག་གི་སྒོ་ནས་འཕྲལ་ཡུན་ཕན་བདེའི་གནས་ལ་འགོད་ཅི་ཐུབ་གང་ཐུབ་དངོས་བརྒྱུད་བར་གསུམ་ནས་བྱ་དགོས་པ་ཡིན་ཏེ། ཟླ་བ་སྒྲོན་མའི་མདོ་ལས། བྱེ་བ་ཕྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པས། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་ཀྱང་། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དང་། མདོ་ལས། བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་སོགས་གསུངས་པ་ལྟར། སེམས་ཅན་ཆེ་ཕྲ་ཀུན་གྱི་ལུས་སྲོག་དང་སེམས་ལ་གནོད་འཚེ་ཅུང་ཟད་ཙམ་ཡང་མི་བྱེད་པར་བཟོད་པའི་གོ་ཆ་ཡོངས་སུ་བསྒོས་ཏེ་གང་ལ་གང་འདོད་ཀྱིས་བྱམས་སྐྱོང་ལ་འབད་ཤིན་ཏུ་ནས་ཀྱང་མཁས་པར་བྱས་ལ། དེ་ཡང་བཟང་ལན་རེ་བ་དང་གཞན་ལ་འགྲན་སེམས་དང་འཇིག་རྟེན་ཆོས་བརྒྱད་སོགས་ཀྱི་ཚུལ་འཆོས་བྱེད་མཁན་དེང་སང་ཤིན་ཏུ་མང་བས་དེ་འདྲ་གཏན་ནས་མ་ཡིན་པར་སྙིང་ཐག་པ་ནས་ཕ་མ་རྒན་ཁོག་དང་། ཐག་རིང་གི་མགྲོན་པོ། ཡུན་རིང་གི་ནད་པ་དང་། སྒོ་ཁྱི་སྒོ་ཟོག་རྣམས་དང་། ཤན་ལག་གི་དུད་འགྲོ། ཁྲིམས་ཕོག་གི་མི། སྡིག་ཤས་ཆེ་བ་འོན་ལྐུགས་དབུལ་ཕོངས། ཐ་ན་ཤིག་འབུ་སྲིན་ཕྲ་མོའི་ཕྲ་མོ་ཚུན་ཆད་ལའང་ཞིབ་པར་རང་གི་ལུས་སེམས་འདི་ཐོག་ལ་དཔེ་ངེས་པར་བླངས་ནས་བྱམས་སྐྱོང་ཅི་དྲག་གང་དྲག་ཆེ་ཕྲ་མ་ལྟོས་པར་འབད་ཤེས་དགོས་པ་ཡིན་ཞིང་། འབྱོངས་རྟགས་སུ་ཀུན་ལ་བྱམས་པས་བུ་གཅིག་གི་མ་ལྟར་ཤིན་ཏུ་བརྩེ་བ་ཆེན་པོའི་རང་བཞིན་ངམ་ངམ་ཤུགས་ཀྱིས་འབྱུང་ངོ་། །དེ་ནས་སྙིང་རྗེ་ནི་མ་ལག་ལྡུམ་མའི་བུ་ཆུས་ཁྱེར་བ་ལྟར་ཞེས་སྙིང་རྗེ་ཚད་མེད་པ་སྐྱེ་དགོས་པ་ཡིན་ཏེ། རྒྱལ་བ་བྱམས་པས། བཀྲེན་ལ་སྙིང་བརྩེ་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་ཞིང་། །ལོག་པ་མངོན་ཞེན་ཅན་ལ་སྙིང་བརྩེ་འོ། །ཞེས་གསུངས་པ་ལྟར་དུ། དེ་ལ་དང་པོ་ཟས་གོས་ཀྱི་དབུལ་བ། ནད་གདོན་གྱིས་མནར་བ། ཁྲིམས་ཕོག་གི་མི། ཤན་ལག་གི་དུད་འགྲོ་སོགས་སྡུག་བསྔལ་དྲག་པོས་གདུང་བ་རྣམས་བློ་ཡུལ་དུ་ངེས་པར་གསལ་བའམ། མཐོང་ཐོས་རིག་པར་བྱུང་ཚེ་དེ་དག་རང་ཉིད་ཡིན་པའི་འདུ་ཤེས་དེ་ཚུག་ནས་བཞག་སྟེ་བྲོས་གབ་བྱེད་པའི་དབང་ནི་མེད། གནམ་ལ་འཕུར་བའི་གཤོག་པ་དང་ས་ལ་འཛུལ་བའི་སྡེར་མོ་ནི་མེད། ལན་གྱིས་རྒོལ་ནི་མི་ཐུབ། སྐྱབས་དང་མགོན་དང་སྙིང་རྗེ་མཁན་མེད་པས་ཅི་དྲག་གི་བསམ་བློ་ཞིབ་ཀྱིས་བསྐོར་ནས་འཇིགས་སྣང་ལྷང་ལྷང་རེ་སྐྱེས་མ་བྱུང་གི་བར་དུ་བློ་སྦྱོངས། དེ་བཞིན་ད་ལྟའི་ཕ་མ་དང་ཉེ་འབྲེལ་སྙིང་དམར་ཆེ་བ་ཅན་རྣམས་ལ་སྦྱར་ཏེ་སྒོམས། རིམ་གྱིས་མཐོང་ཐོས་རིག་པའི་སྐྱེ་འགྲོ་འབྲེལ་ཐོགས་རྣམས་དང་མ་ཟད་ཚེ་རབས་ནས་འབྲེལ་བའི་ཕ་མ་སེམས་ཅན་ངན་སོང་གི་གནས་སུ་སྡུག་བསྔལ་བདོས་དྲག་པོས་མནར་བ་རྣམས་ལ་སྙིང་རྗེ་ཚད་མེད་ཡང་ཡང་བསྐྱེད་དེ་རང་ཐོག་ཏུ་དཔེ་ཞིབ་ཀྱིས་བླངས་ནས་དཔྱད་པས་ད་ལྟའི་མི་དང་དུད་འགྲོ་འབུ་སྲིན་སོགས་ལ་མི་འདོད་པའི་རིགས་ཅུང་ཟད་རེ་བྱུང་བ་མཐོང་ཐོས་རིག་པའི་ཡུལ་དུ་གྱུར་པ་ཙམ་གྱིས་དེ་ཡང་རང་རྒྱུད་ལ་འབྱུང་བ་དང་ཁྱད་པར་མེད་པའི་བློ་བཟོད་མེད་དྲག་པོ་རེ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་བསྒོམས་ནས་དེ་དག་ལས་སྐྱོབ་པའི་ཐབས་བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་སྙིང་ནས་ཡང་ཡང་འདེབས་ཏེ་ཆོས་ལ་བརྩོན་འགྲུས་ལྷག་པར་དུ་བསྐྱེད་དགོས་པ་ཡིན་ཞིང་། སྙིང་རྗེ་འབྱོངས་རྟགས་སུ་ཕ་རོལ་གྱི་སྡུག་བསྔལ་དེ་རང་ལ་བྱུང་བ་ལས་མི་བཟོད་པའི་སྙིང་རྗེ་དང་འགྱོད་པ་ངམ་ངམ་ཤུགས་ཀྱིས་སྐྱེ་ཡོང་བ་ཡིན་ནོ། །དེ་ནས་དགའ་བ་ནི་རྔ་མོང་གི་རྔེའུ་རྙེད་པ་ལྟ་བུར་ཞེས་སེམས་ཅན་རྣམས་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཞིང་། བདེ་བའི་རྒྱུ་འབྲས་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་ནས་དངོས་སུ་བདེ་སྐྱིད་དང་ལྡན་པ་སོགས་ལ་དགའ་བ་ཁྱད་པར་ཅན་སྐྱེ་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས། བདག་ཉིད་མཐོ་བར་འདོད་པ་དེས། །ངན་འགྲོ་ངན་དང་གླེན་པར་འགྱུར། །དེ་ཉིད་གཞན་ལ་སྤོ་བྱས་ན། །བདེ་འགྲོར་རིམ་གྲོ་ཐོབ་པར་འགྱུར། །གཞན་གྱི་དོན་དུ་བདག་བསྐྱེད་ན། །རྗེ་དཔོན་ཉིད་སོགས་མྱོང་བར་འགྱུར། །ཞེས་གསུངས་པ་ལྟར་དུ། ཚེ་རིང་གཟུགས་བཟང་གཟི་བརྗིད་ཆེ་བ་དང་རིགས་རུས་སྟོབས་འབྱོར་མངའ་ཐང་སྙན་གྲགས་ཅན། ཤེས་རབ་རྣོ་བ་དང་ཡོན་ཏན་ཆེ་བ། མཛད་ཕྲིན་རྒྱས་པ་བྱ་བ་ལམ་དུ་སློང་བ་ཅན་རྣམས་ཡང་ཡང་དམིགས་ཡུལ་དུ་གསལ་ལེགས་པར་བཏབ་སྟེ། དེ་ཡང་ཕྲག་དོག་གི་བློ་ངན་ཡོངས་སུ་སྤོང་ལ་རྗེས་སུ་ཡི་རངས་ཆེན་པོ་བསྒོམས་ཤིང་ད་ལྟའི་དགྲ་བོ་དང་འགྲན་སེམས་ཆེ་བ་ཅན་རྣམས་ཀྱིས་གཙོས་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུའི་འབྱོར་བ་དང་ལྡན་ནས་མི་ཉམས་པ་གོང་ནས་གོང་དུ་འཕེལ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་ནས་དགའ་བ་སྐྱེ་དགོས་པ་ཡིན་ཏེ་མའི་བདེ་སྐྱིད་ལ་བུས་དགའ་བ་སྒོམ་དགོས་པ་ལྟར་རམ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་འཇུག་རང་རྣམས་ཡིན་བཞིན་གཞན་གྱི་བདེ་སྐྱིད་དང་ཡོན་ཏན་སོགས་ལ་ཕྲག་དོག་སྐྱེས་ན་དེ་ལས་ངོ་ཚ་བ་དང་ཐབས་རྡུགས་པ་དང་བློ་རྨོངས་པའི་ལས་ཅི་ཡོད་པས་དུས་རྟག་ཏུ་ངོས་བཟུང་སྟེ་ཕྲག་དོག་དང་འགྲན་སེམས་ཀྱི་བློ་ངན་དྲུངས་ནས་འབྱིན་ཏེ་རྗེས་སུ་ཡི་རངས་ཀྱི་བློ་རྒྱ་རབ་ཏུ་ཡངས་པར་མ་གྱུར་གྱི་བར་དུ་བསྒོམ་དགོས་ཤིང་འབྱོངས་རྟགས་སུ་གཞན་འབྱོར་ཇི་ཙམ་མཐོང་རུང་ཕྲག་དོག་སོགས་གཏན་ནས་མེད་པ་རང་ལ་འབྱོར་བ་ལས་ལྷག་ཏུ་དགའ་བའི་རང་བཞིན་སྐྱེ་ཡོང་བ་ཡིན་ནོ། །དེ་ནས་བཏང་སྙོམས་ནི་དྲང་སྲོང་གིས་མགྲོན་འགྱེད་པ་ལྟ་བུ་ཞེས་བྱ་སྟེ་བྱམས་པ་སྙིང་རྗེ་དགའ་བ་སོགས་དགྲ་གཉེན་ཆགས་སྡང་གི་ཕྱོགས་སུ་ཅུང་ཟད་ཙམ་ཡང་མི་ལྷུང་བར་དཔེར་ན་རྩིང་ཧྲུབ་རྣམས་བཏུལ་ནས་ཚགས་རྒྱབ་པ་ལྟ་བུ་ཡིན་པས་ཀུན་ལ་ཡོངས་སུ་སྙོམས་པར་བྱ་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་དུ་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་བདག་ཅག་བདེ་བར་བརྩོན། །གང་ཚེ་བདག་དང་གཞན་གཉིས་ཀ །སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །ཅེས་གསུངས་པ་ལྟར་དུ་རང་གཞན་བར་མ་དོར་གསུམ་ཀ་ལ་བསམ་སྦྱོར་གཉིས་ཀས་ཡོངས་སུ་མཉམ་ཞིང་ཁྱབ་དགོས་པ་ཡིན་པའི་ཕྱིར། ད་ལྟའི་ལུས་རྟེན་འདིའི་སྐབས་ན་དགྲ་དང་གཉེན་དུ་ཁ་ཤས་ཤིག་ངོས་བཟུང་བ་དང་། ཕལ་ཆེར་ནི་ལུང་མ་བསྟན་དུ་ལྷག་བསྡད་ཡོད་པ་དེ་དག་ཐམས་ཅད། དོན་དུ་ནི་སྔོན་ཚེ་རབས་ཐོག་མེད་ཀྱི་ཕ་མ་མ་གྱུར་པ་ནི་གཅིག་ཙམ་མེད་པར་ནི་བཤད་མ་ཐག་པའི་ཚུལ་ལྟར་ཡིན་པས། དེ་འདྲ་བ་རྣམས་ལ་ད་སྐབས་ཆགས་སྡང་གི་རིས་ཤིག་ཕྱེ་བའི་དགོས་པ་ཅི་ཡོད་དེ་ཐ་ན་ངོ་ཡང་ཚ་བ་མ་ཟད། རང་གི་ཆོས་ལམ་དུ་མི་སློང་ཞིང་གང་གྲུབ་རྣམས་ཆུད་ཟོས་སུ་གཏོང་བ་དང་། ཕྱི་མ་རྣམ་སྨིན་གྱི་ཁུར་པོ་ལྕི་བ་ལས་མ་མཆིས་པས་ན་སྙིང་རྗེ་དང་། བྱམས་པ་དགའ་བ་སོགས་ཕྱོགས་རིས་ཆེ་ཕྲའི་དབང་དུ་ནམ་ཡང་མ་སོང་བར་ནམ་མཁའ་ལྟ་བུ་ཀུན་ལ་ཡོངས་སུ་སྙོམས་པའི་བློ་རྒྱ་ཡང་ཡང་བསྐྱེད་ཅིང་བསམ་སྦྱོར་གང་བྱས་ཐམས་ཅད་ཀུན་སློང་བཟང་པོ་ཚད་ལྡན་རེ་རྒྱུད་ལ་འབྱངས་པར་བྱ་དགོས་ཤིང་། དེ་ལྟར་ཚད་མེད་བཞི་པོའི་མདོ་དོན་ཀྱང་ཡོངས་སུ་བསྡུ་ན་དུས་རྟག་ཏུ་བསམ་པ་བཟང་པོ་ཁོ་ན་བྱེད་པ་ལ་འདུས་ཏེ། དྲུང་གཟིན་ཅན་གྱིས་གདམས་ངག་གཅིག་གིས་ཆོག་པ་ཞུ་ཟེར་བ་ལ་དམ་པས་ཁྱེད་རང་གིས་གང་འདོད་པ་དེ་ལྟར་གཞན་དག་ལ་སྦྱོར་ཅིག་གསུངས་པ་ལྟར་དཔེ་དོན་ཤིན་ཏུ་གོ་བདེ་བས་དུས་རྣམ་ཀུན་ཏུ་བསམ་སྦྱོར་དེ་ལྟར་དུ་མི་ལྷོད་པ་གལ་ཆེ་ཞིང་། དེ་དག་ཀྱང་བདེན་མེད་སྒྱུ་མའི་རང་བཞིན་ཤེས་རབ་ཟབ་མོས་རྩིས་ཤུགས་འབྱུང་དུ་ཟིན་པ་གལ་ཆེའོ། །ལར་ནི་ཚད་མེད་བཞིའི་བློ་སྦྱོང་དང་སྨོན་འཇུག་གི་བསླབ་བྱ་སོགས་ཡོངས་སུ་ཤེས་ཀྱང་བཟང་ངན་གྱི་རྐྱེན་ཆེ་ཕྲ་རྣམས་དང་འཕྲད་དུས་གཉེན་པོའི་བཟོད་བསྲན་ཅུང་ཟད་ཙམ་ཡང་མེད་པར། རང་གི་རྣམ་རྟོག་ལ་དགྲ་མཐོང་། མེ་སྟག་སྟེང་དུ་གྲི་འདོན། བན་རྒན་ཕྲེང་མའི་ལྕག་ཚན། ཆོས་གོས་ཞབས་ཀྱི་དུག་མདའ་ཟེར་བའི་དཔེ་ལྟར་རང་རེ་ཆོས་པ་རྣམས་ཀྱིས་མི་བྱེད་པའི་ངེས་པ་ཆེར་མི་འདུག་ཅིང་། ཀུན་བཟང་བླ་མའི་ཞལ་ལུང་དུ་གསུངས་པ་ལྟར་སྲུང་སྡོམ་སྣ་རེ་དག་པའམ། ཡོན་ཏན་ཕྲན་བུ་རེ་ཡོད་པའི་དབང་གིས་རྒྱུད་རྟག་ཏུ་ང་རྒྱལ་གྱིས་ཁེངས་ནས་ཕ་རོལ་པོས་ལྟ་ལུགས་མཐོ་དམན་ནམ། ཚིག་གཅིག་གི་སྨྲ་ལུགས་ལེགས་ཉེས་ལའང་ང་ལ་བརྙས་བྱུང་སྙམ་ནས་ཚིག་ལན་ངན་པ་ཅི་གནོད་གང་གནོད་སྤྲད་དེ་མིའི་ཤེས་རྒྱ། སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་པ། གསང་སྔགས་ཀྱི་ལྟ་སྒོམ་སོགས་གཉེན་པོ་གང་ཡང་དྲན་ཙམ་མི་ནུས་པ་དང་། མ་ཟད་ཡོན་བདག་དང་སློབ་མས་བསྟོད་ཙ་ན། རང་རྒྱུད་ཞིབ་ཀྱིས་མི་བརྟག་པར་ང་ནི་འདི་དང་འདི་ལྟ་བུའོ་སྙམ་ནས་ང་རྒྱལ་གྱིས་རྒྱུད་སྦོས་ཤིང་སྣང་བ་འུར་ལངས་ནས། ངས་གང་བྱས་དང་གང་ལབ་ཆོག་པ་ཡིན་སྙམ་ནས་སྣང་བ་མཐོ་ལིང་ངེ་ཤེས་པ་རྩུབ་ཧྲག་གེ་གྱུར་པ་ནི་ཆོས་པ་རྣམས་བདུད་ཀྱིས་མངོན་སུམ་བསླུས་པ་ཡིན་ཅེས་པ་ལྟར་དང་། དགེ་བཤེས་སྤྱན་སྔ་བས། འུ་ཅག་ཐོས་བསམ་བྱེད་བཞིན་ང་རྒྱལ་ཇེ་ཆེར་དུ་སོང་ནས། བཟོད་བསྲན་ཤ་བུ་ལས་ཆུང་། ཀོ་ལོང་གཙང་བཙན་ལས་དམ་པར་འདུག་པ་དེ་ཚོ་ཐོས་བསམ་སྒོམ་གསུམ་དང་གང་ཟག་གི་ཤེས་རྒྱུད་ལོག་པར་སོང་བའི་རྟགས་ངེས་པར་ཡིན་ནོ། །ཞེས་དང་། དགེ་སློང་བཟང་སྟེ་ཁོང་ཁྲོ་ཆེ་ཟེར་འཇིག་རྟེན་གྱི་ཁམས་འདིར་ཁོང་ཁྲོ་ལས་ཐུ་བའི་སྡིག་པ་མེད་དོ། །ཞེས་དང་། ཕ་དམ་པའི་ཞལ་ནས། འདོད་ཆགས་དང་གཏི་མུག་གི་ལས་བརྒྱ་ལས་ཞེ་སྡང་གིས་ལས་སྐད་ཅིག་མ་སྡིག་པ་ཆེ་བར་བཤད་པ་རྣམས་མ་གོའམ། ཞེས་གསུངས་པ་ལྟར་དུ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་དང་། ཞེ་སྡང་སློང་བ་ལ་ཁོང་མ་ཁྲོ། །ཞེས་སྡང་སློང་བ་ལ་ཁོང་ཁྲོ་ན། །བཟོད་པ་བྱ་བ་དེ་ནམ་ཞིག་བསྒོམ། །ཞེས་དང་། དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། །ཞེས་དང་། འདི་ལྟར་ཕར་གནོད་མ་བྱས་ན། །འགའ་ཡང་གནོད་པ་མི་བྱེད་དོ། །དེ་བས་ངལ་བས་མ་བསྒྲུབས་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། །ཞེས་དང་། གྲགས་པའི་དོན་དུ་ནོར་གཏོང་ཞིང་། །བདག་ཉིད་ཀྱང་ནི་གསོད་བྱེད་ན། །ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤི་ན་དེ་ཀོ་སུ་ལ་རེ། །བྱེ་མའི་ཁང་བུར་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ་། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །ཞེས་དང་། བདག་ནི་གྲོལ་བ་དོན་གཉེར་བས། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །གང་དག་བདག་བཅིངས་གྲོལ་བྱེད་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །གལ་ཏེ་བདག་ནི་རང་སྐྱོན་གྱིས། །འདི་ལ་བཟོད་པར་མི་བྱེད་ན། །བསོད་ནམས་རྒྱུ་ནི་ཉེར་གནས་པས། །འདི་ལ་བདག་གེགས་བྱེད་འགྱུར་རམ། །ཞེས་སོགས་གསུངས་པས་ན་གཞན་དག་གིས་ཇི་ལྟར་གཤེ་ཡང་སླར་ཕར་མི་གཤེ། ཁྲོས་ཀྱང་སླར་ཕར་ལ་མི་ཁྲོ། བརྡེགས་ཀྱང་སླར་ཕར་ལ་མི་བརྡེག །མཚང་བྲུས་ཀྱང་སླར་ཕར་ལ་མི་འབྲུ་བར་དགེ་སྦྱོང་གི་ཆོས་བཞི་ཞེས་པ་དེ། དུས་རྣམས་ཀུན་ཏུ་ཐུགས་ཉམས་སུ་ལེགས་པར་བསྟར་ཏེ། གཞན་དག་གིས་ཚིག་ངན་དང་བརྙས་བཅོས། རྡུང་རྡེག་དང་བཀོལ་སྤྱོད་འཕྲོག་བཅོམ་དང་རྐུ་བ། མཐོ་དམའ་དང་འབྱོར་རྒུད། གྱོང་དང་བུབ་ཁ་ཆེ་ཕྲ་བར་མ་དོ་ཇི་ལྟར་བསྐལ་བྱུང་རུང་དེ་དུས་དགའ་སྤྲོ་དང་ལྡན་པས་རྟག་ཏུ་བཟོད་པར་བྱ་དགོས་ཏེ། རྒྱལ་སྲས་ཐོགས་མེད་ཀྱིས། སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང་། །སྙིང་རྗེ་དབང་གིས་དེ་ཡི་སྡིག་པ་རྣམས། །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །སྟོང་གསུམ་ཁྱབ་པར་སྒྲོགས་པར་བྱེད་ན་ཡང་། །བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས། །མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང་། །དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས། གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན། །བདག་གི་བུ་བཞིན་གཅེས་པར་བསྐྱང་བའི་མིས། །བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང་། །ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན། །རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས། །ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང་། །བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི། །སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡིས་བརྙས། །ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར། །འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང་། །ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད། །རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང་། །སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་དབང་གིས་རྒྱལ་སྲས་གཞན་བདག་གི། །ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས། །ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི། །ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་བས། །མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ། །ཆགས་པ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུགས་འགྱུར་ཞིང་། །རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས། །དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་པའི། །ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས། །དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་བཟུང་ནས། །ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་སོགས་གསུངས་པ་ལྟར་སྐྱེ་བོ་མ་རིག་པས་སྒྲིབ་པ་བླུན་རྨོངས་རྣམས་ཀྱིས་མ་དག་པས་མ་དག་པའི་སྣང་བ་ལས་ཅི་མཐོང་འཁྲུལ་པས་འཁྲུལ་གཏམ་ལས་ཅི་ཡོད། དྲན་ཤེས་བག་ཡོད་ཀྱི་གཉེན་པོ་ཅུང་ཟད་ཙམ་ཡང་མེད་པའི་རང་འདོད་ངན་པའི་གཏམ་ལ་ཡིད་རྟོན་ཕེར་བ་ཅི་ཡོད་སྙམ་ནས་བཟོད་པར་རིགས་སོ། །ཡུལ་ནི་རིང་བའི་མཆེད་སེམས་ཅན་ཐམས་ཅད། ཉེ་བའི་མཆེད་སངས་རྒྱས་བསྟན་པའི་སྒོར་ཞུགས་ཚད། ནང་གི་མཆེད་ཆོས་བརྒྱུད་གྲུབ་མཐའ་གཅིག་པ་རྣམས། གསང་བའི་མཆེད་བླ་མ་གཅིག་གིས་དཀྱིལ་འཁོར་གཅིག་ཏུ་བསྡུས་པའི་དམ་ཚིག་ལྡན་པ་རྣམས་ཡིན་པས། དེ་དག་ཀུན་ལ་ལྷག་ཏུ་བཟོད་པར་རིགས་སོ། །ཚིག་ངན་དྲག་པོ་ཅི་གནོད་སྣ་ཚོགས་ལབ་བྱུང་རུང་ལག་གིས་བརྡུང་རྒྱབ་བྱེད་པ་ནི་མིན་ཅི་སྐྱོན་སྙམ་ནས་བཟོད་པར་རིགས་སོ། །འཆི་བ་ལས་མ་འདས་པ་ཞིག་བརྡུང་བྱུང་རུང་རང་གིས་བཟོད་པ་ལ་ཟོལ་མི་འདུག་པས་ངན་སོང་གི་གནས་རིས་ལ་ནི་སྐྱེ་ཐབས་མེད་སྙམ་ནས་ལྷག་ཏུ་བཟོད་པར་རིགས་སོ། །གཞན་ཡང་ཚེ་འདིའི་སྣང་ངོར་སྙན་གྲགས་དང་འབྱོར་ཚོགས་བདེ་སྐྱིད་དང་ཐོབ་ཐང་སོགས་ཆུང་བར་གྱུར་རུང་མི་ངོ་དང་རྒྱུ་ངོ་ལ་ནམ་ཡང་མི་ཕྱོགས་པར་ཆོས་གང་འགྲུབ་དེ་དམ་ཚིག་རྣམ་པར་དག་པས་སྲུང་བ་གལ་གནད་ཆེ་བས་ན་བཟོད་པར་རིགས་སོ། །ཐོས་བསམ་སྒོམ་པ་ཕྱོགས་རེ་བས་རྒྱུད་ཁེངས་ནས་རྩོད་པའི་བརྙས་བཅོས་སྣ་ཚོགས་ཅི་ལྟར་བྱས་བྱུང་རུང་ཐ་སྙད་ཚིག་ལ་མཁས་པ་རྣམས་ལ་ང་རྒྱལ་གྱི་ཁེངས་དྲེགས་དང་། སེམས་ཀྱི་གནས་ལུགས་རྟོགས་པ་ལ་ཞི་དུལ་དང་བག་ཡོད་རེ་ལོས་ཡོད་སྙམ་ནས་ཤིན་ཏུ་ཉམ་ཆུང་གི་ངང་བསྐྱངས་ཏེ་ལྷག་པར་བཟོད་པར་རིགས་སོ། །རྐྱེན་བཟང་ངན་ཆེ་ཕྲ་རྣམས་དང་དངོས་བརྒྱུད་བར་གསུམ་ནས་བྱུང་ཞིང་འཕྲད་པའི་དུས་གཉེན་པོ་རྩོལ་བཅས། རྩོལ་མེད་གང་རུང་གིས་བཟོད་པའི་ཁུར་མ་ཐེག་ན་སེམས་རྒྱུད་ཆོས་དང་མ་འདྲེས་པའི་ཕྱིར་ཆོས་པའི་མཚང་རྟགས་གཅལ་དུ་བཀྲམ་ཡོང་བས་ན་བཟོད་པར་རིགས་སོ། །བདེ་བའི་རྒྱུ་དགེ་རྩ་གང་གྲུབ་རྣམས་ཆུད་ཟོས་སུ་འགྲོ་ཉེན་ཡོད་པ་དང་། ད་ལྟའི་དགེ་བ་སྒྲུབ་པ་ལམ་དུ་མི་ཕྱིན་པ་དང་། ཕྱིས་ནས་དགེ་བ་སྒྲུབ་པའི་སྣོད་དུ་མི་རུང་བ་དང་། ཞེ་སྡང་གིས་བསྐྱེད་པའི་སྡུག་བསྔལ་ཆེ་ཤོས་དམྱལ་བ་ཡིན་པས་དེར་ལྷུང་གིས་དོགས་ནས་སྲོག་ལ་ཐུག་ཀྱང་བཟོད་པར་རིགས་སོ། །དེ་ལྟར་དུག་ལྔའི་ནང་ནས་ཀྱང་ཁོང་ཁྲོ་ངན་པ་འདི་གློ་བུར་དུ་གློག་ཞགས་འཁྱུགས་པ་བཞིན་དུ་ལྡང་ནས་དགེ་བ་གང་འགྲུབ་རྣམས་ཆུད་ཟོས་སུ་གཏོང་བའི་ཉེན་ཁ་ཆེ་ཤོས་ཡིན་པས་རབ་འབྲིང་ཐ་མ་ཕལ་ཆེས་ལྷག་པར་དུའང་བཟོད་པའི་རིགས་ཀྱི་གོ་ཆ་འདི་དག་གྱོན་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེ་པ་བསྐྱེད་པར་བྱེད་དེ་སྐྱེས་པ་མ་ཉམས་པར་སྲུང་བ་ལ། ཤིན་ཏུ་ནས་ཀྱང་གཟབ་པ་གལ་ཆེ་བའི་རང་བཞིན་ཡིན་ནོ། །ད་ནི་སྨོན་འཇུག་གི་སེམས་བསྐྱེད་དངོས་ལ། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པར་བྱོས། །ཞེས་གསུངས་པ་ལྟར་གཏན་བདེ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མྱུར་བ་ཉིད་དུ་ད་ནི་འགོད་པར་བྱའོ་སྙམ་པ་ནི་སྨོན་སེམས་དང་། དེའི་ཕྱིར་དུ་མདོ་སྔགས་ཀྱི་ཆོས་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་སོགས་གང་དང་གང་ཡིན་པ་དེ་དག་རྩེ་གཅིག་ཏུ་ཉམས་སུ་བླངས་ནས་མཐར་ཕྱིན་པར་བྱའོ་སྙམ་པ་ནི་འཇུག་པ་སེམས་བསྐྱེད་ཡིན་པས་ཆོས་དང་གང་ཟག་ཡང་དག་པར་ཟུང་དུ་འཇུག་པའི་མཚམས་སྦྱོར་བར་བྱེད་པའི་མཁན་པོ་འདི་དག་ནི་ཐེག་ཆེན་གྱི་ལུགས་སུ་ཅི་ནས་གལ་ཆེ་ཤོས་ཡིན་པས་རྒྱུན་དུ་ཤེས་པར་བྱོས་ཤིག །ད་སྐབས་སེམས་བསྐྱེད་པའི་དམ་བཅའ་ཁྱད་པར་ཅན་དང་བཅས་ངག་དོན་རྣམས་དེ་བཞིན་ཚིག་རྗེས་དོན་དྲན་གྱི་ངང་ནས་འབུམ་ཐེར་ཁ་བསྐང་དང་བཅས་ལེགས་པར་གསོག་གོ། །དེ་ལྟར་སེམས་བསྐྱེད་ཟབ་མོའི་ལམ་ལ་འཇུག་ནས་བཟུང་སྟེ་སླད་ཀྱང་སྐྱེས་པ་ཉམས་པ་མེད་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་སྨོན་འཇུག་གི་བསླབ་བྱ་གཉིས་ཏེ། དེའང་ཚིག་དང་བསམ་པ་ཙམ་དང་ཕྱོགས་ལམ་སྒྲུབ་མདོག་བྱས་པས་མི་ཡོང་བར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཡང་དག་པ་ལ་རིམ་གྱིས་འབད་པར་བྱ་དགོས་ཏེ། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོར་འགྱུར་རམ། །ཞེས་དང་། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །ཞེས་གསུངས་པ་ལྟར་ལས་མི་ཡོང་བས། དེས་ན་སྨོན་པའི་བསླབ་བྱ་ལ། དང་པོ་རང་གིས་གནས་སྐབས་ཉི་མ་དྲོད་མོ་ཞིག་འདེ་ནས་བཟུང་རྫོགས་པའི་སངས་རྒྱས་བར་བདེ་སྐྱིད་ཆེ་ཞིང་ཆེ་བ་ནས་ཕྲ་ཞིང་ཕྲ་བར་འདོད་པ་དང་། མེ་སྟག་ཕྲ་མོ་ནས་འཁོར་བ་ངན་སོང་གི་སྡུག་བསྔལ་ཆེ་ཞིང་ཆེ་བ་ནས་ཕྲ་ཞིང་ཕྲ་བར་མི་འདོད་པ་ཇི་བཞིན་སེམས་ཅན་གྱི་རིགས་འདྲ་མིན་སྣ་ཚོགས་ཆེ་ཕྲ་ཕྱི་ནང་བར་མ་དོ་ཐམས་ཅད་ཀྱིས་ཀྱང་དེ་ལྟར་དུ་འདོད་ལུགས་གཅིག་པ་ཡིན་བཞིན་ལྷག་པར་ཤེས་པས་བསམ་སྦྱོར་གང་བྱས་རུང་རང་གཞན་ཡོངས་སུ་མཉམ་དགོས་པ་ཡིན་ཏེ་དཔེར་ན་རྫི་བོ་རྣམས་ལ་ཕྱིང་གོས་གཅིག་ལས་མེད་ཀྱང་མཉམ་དུ་གྱོན་པ་ལྟ་བུའི་རིགས་འགྲེ་ནས་བསྒྲུབ་པར་བྱའོ། །དེ་ནས་རང་གི་དབུགས་ནང་དུ་རྔུབ་དུས་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ་བསམ་པའི་བར་ཆད། སྡིག་ལྟུང་། སྒྲིབ་པ་སྡུག་བསྔལ་གྱི་རྒྱུ་དུག་གསུམ་འབྲས་བུ་ངན་སོང་གསུམ་སོགས་ཐམས་ཅད་རླུང་ནག་པོའི་རྣམ་པ་བྱུང་ནས་རང་ལ་ཐིམ་ནས་སྨིན་པར་བསམ། དབུགས་ཕྱིར་བཏང་དུས་རང་གི་བདེ་བའི་རྒྱུ་དད་པ་ངེས་འབྱུང་བྱང་སེམས་འབྲས་བུ་མངོན་མཐོ་ཉན་རང་སངས་རྒྱས་ཀྱི་ཡོན་ཏན་དང་། བདག་གི་ཚེ་བསོད་ནམས་ཁ་རྗེ་དབང་ཐང་ལུས་ལོངས་སྤྱོད་བདེ་སྐྱིད་སོགས་བདེ་བའི་དངོས་པོ་ཐམས་ཅད་རླུང་དཀར་པོའི་རྣམ་པ་བསང་དུད་མཆེད་པ་ལྟ་བུ་བྱུང་། གཞན་དག་སེམས་ཅན་ཐམས་ཅད་ལ་ཐོབ་པར་བསམ་པ་ནི་བརྗེ་བ་ཡིན། འོན་ཀྱང་དེ་ལྟ་བུ་རྒྱངས་འཕོ་རྒྱངས་འཕེན་བྱེད་པ་ལྟ་བུས་མི་ཡོང་བཞིན་དངོས་སུ་བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅད་གཞན་དག་ལ་སྦྱིན། གཞན་གྱི་སྡུག་བསྔལ་ཐམས་ཅད་རང་གིས་བླང་དགོས་ཏེ་དཔེར་ན་ཁ་བའི་ནང་ནས་གཞན་ལ་ལྷམ་ཡ་གཡར་ནུས་པ་ལྟ་བུའི་རིགས་འགྲེ་ནས་ཤེས་པར་བྱའོ། །དེ་ནས་ངན་སོང་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན། དེ་དག་གི་ཚབ་ཏུ་བདག་ངན་སོང་དུ་སྐྱེས་ནས་ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་ཅི་བྱུང་ཡང་བཟོད་པར་བྱ་སྙམ་ནས་སླར་སྙིང་སྟོབས་ཡང་ཡང་བསྐྱེད་པ་ནི་གཞན་གཅེས་པར་བཟུང་བ་ཡིན་ཞིང་། དཔེར་ན་རང་འཁྱགས་ནས་ཤི་རུང་མདོ་འདྲ་བྱེད་དེ་གཞན་ལ་གོས་སོགས་སྦྱིན་པ་ལྟ་བུའི་རིགས་འགྲེ་ནས་བསྒྲུབ་པར་བྱའོ། །དེ་ཡང་ཚིག་ཙམ་མ་ཡིན་པ་སེམས་ཐོག་ཏུ་ཡང་ཡང་བསྒོམས་ནས་དང་པོ་བཅོས་མའི་སྙིང་རྗེ། བར་དུ་བཅོས་མ་དགོས་པ་ངམ་ངམ་ཤུགས་ཀྱིས་སྙིང་རྗེ། མཐར་ངེས་ཤེས་བཟོད་གླགས་མེད་པ་དུང་ངེར་རྒྱུན་ཆགས་སུ་སྐྱེས་པ་ཞིག་གི་སྒོ་ནས་ད་ལྟའི་རྐྱེན་བཟང་ངན་རྣམ་པ་སྣ་ཚོགས་དངོས་སུ་འཕྲད་དུས་ལག་ལེན་འཛོལ་མེད་རེ་ཐོན་ངེས་དང་། ཕུགས་སུ་བསམ་སྦྱོར་དེ་འདྲའི་གདེང་ཡོངས་སུ་ཚུད་པ་ཞིག་མེད་ན་རང་གཞན་ལ་ཕན་ཐོགས་ངེས་པར་འབྱུང་དཀའ་བས་ཚིག་དང་ཚུལ་འཆོས་ཀྱི་སྒོམ་ལོ་ཙམ་དུ་མ་ལུས་པ་ཅི་ནས་གལ་ཆེའོ། །ད་ནི་འཇུག་པའི་བསླབ་བྱ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕར་ཕྱིན་དྲུག་ནི། དང་པོ་སྦྱིན་པ་ལའང་གསུམ་སྟེ། ཟས་དང་གོས་དང་ནོར་རྫས་ཀྱི་རིགས་ཕྲ་མོ་ཚུན་ཆད་དབུལ་ཕོངས་ཉམ་ཐག་རྣམས་ལ་སྦྱིན་པ་ནི་གཏོང་བ་ཆུང་ངུ་ཞེས་པ་དང་། རྟ་དང་གླང་ཆེན་བུ་དང་བུ་མོ་སོགས་རང་ལ་ལྷག་པར་གཅེས་ཤིང་དམར་ལ་དཀོན་པའི་རིགས་རྣམས་སྦྱིན་པ་ནི་གཏོང་བ་ཆེན་པོ་ཞེས་པ་དང་། རང་གི་ལུས་དང་སྲོག་དང་ཡན་ལག་སོགས་བྱ་དཀའ་བའི་རིགས་སྦྱིན་པ་ནི་ཤིན་ཏུ་གཏོང་བ་ཆེན་པོ་ཞེས་བྱ་སྟེ་ཟང་ཟིང་གི་སྦྱིན་པ་དང་གཅིག །དེ་ནས་ཆོས་ཀྱི་སྦྱིན་པ་ནི། དབང་བསྐུར་བ༑ ཆོས་བཤད་པ། ལུང་འབོག་པ་དང་། སྨྱུ་གུ། སྣག་ཚ། ཤོག་གུ། གླེགས་བམ་སྦྱིན་པ་དང་། དཀར་དམར་གྱི་གསུར་དང་ཆུ་གཏོར་ལུས་སྦྱིན་སོགས་ནི་ཆོས་ཀྱི་སྦྱིན་པ་དང་གཉིས། སེམས་ཅན་སྐྱབས་མགོན་དཔུང་རེ་ས་མེད་པ་ལ་མགོན་སྐྱབས་དང་གནས་གཡར་མཐུན་རྐྱེན་སྦྱར་བ་དང་། རི་རྒྱ་ཀླུང་རྒྱ་ཆུ་རྒྱ་སྡོམ་པ་དང་སྲོག་བསླུ་འཆི་བསླུ་ཚེ་སྒྲུབ་བྱེད་དགོས་པ་སོགས་ནི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་སྟེ། ཕན་ཡོན་ནི་རང་གི་སེར་སྣའི་ཚོགས་འཇོམས་ཤིང་ཡི་དྭགས་སྐྱེ་རྒྱུན་གཅོད་པ་དང་། བསོད་ནམས་ཀྱི་ཚོགས་རྫོགས་ཤིང་གཞན་དོན་འབྱུང་བ་ཡིན་པས་ལྷག་པར་ཤེས་དགོས། དེ་ནས་ཚུལ་ཁྲིམས་ལའང་གསུམ་སྟེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་སོགས་ཕར་ཡོངས་སུ་སྤོང་བ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཞེས་པ་དང་གཅིག །དགེ་བ་བཅུ་པོ་སོགས་དུས་དང་རྣམ་པ་ཐམས་ཅད་དུ་རང་རྒྱུད་དུ་ཚུར་ཅི་འགྲུབ་བྱེད་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་གཉིས། བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་སེམས་ཅན་གྱི་དོན་དུ་གནས་སྐབས་མངོན་མཐོའི་འབྱོར་ཚོགས་དང་མཐར་ཐུག་ངེས་ལེགས་ཀྱི་ས་བོན་འདེབས་ཤིང་། གཞན་དོན་ལྷུར་ལེན་ནས་དངོས་བརྒྱུད་བར་གསུམ་དུ་ཅི་འགྲུབ་འབད་པ་ནི་སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་དང་གསུམ་སྟེ་སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བ་ཕུན་སུམ་ཚོགས་པར་བྱེད། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་ཇི་ལྟ་ཇི་སྙེད་མཁྱེན་པས་རྟོགས་པ་ཕུན་སུམ་ཚོགས་པར་བྱེད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་གང་ལ་གང་འདུལ་གྱི་ཕྲིན་ལས་ཕུན་སུམ་ཚོགས་པར་བྱེད་པས་ལྷག་པར་ཤེས་དགོས། དེ་ནས་བཟོད་པ་ལའང་གསུམ་སྟེ། གཞན་གྱིས་རང་ལ་དངོས་སུ་རྡུང་རྡེག །འཕྲོག་བཅོམ་ཚིག་ངན་སྨྲ་བ་དང་། ལྐོག་ནས་མི་སྙན་པ་བརྗོད་པ་སོགས་ཀྱི་ཚེ་དེ་དག་ལ་ཞེ་སྡང་ཁོང་ཁྲོ་མི་བྱེད་པར་སླར་བྱམས་པ་དང་སྙིང་རྗེ་བསྐྱེད་པར་བྱ་བ་ནི་ལོག་སྒྲུབ་ཀྱི་བཟོད་པ་དང་གཅིག །དམ་པའི་ཆོས་སྒྲུབ་པའི་དུས་དཀའ་ཚེགས་ཚ་གྲང་བཀྲེས་སྐོམ་སོགས་ཅི་བྱུང་ཡང་ཆེད་དུ་བཟོད་ནས་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོགས་སྟོང་ལ་གཏད་དེ་ཆོས་སྒྲུབ་པ་ནི་ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པ་དང་གཉིས། ཆོས་དང་བླ་མ་གྲུབ་མཐའ་ཐམས་ཅད་ལ་ལོག་ལྟ་དང་ཕྱོགས་རིས་གཏན་ནས་མི་བྱ་བར་དག་སྣང་ཚད་མེད་པ་འབྱོངས་དགོས་པ་དང་། ཁྱད་པར་ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་ལ་བློ་ཆུང་ཉན་ཐོས་ཀྱི་རིགས་ཅན་གྱིས་སྐྲག་ནས་སྤང་བ་ལྟར་མི་བྱ་བར་དགོངས་པ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐབས་ལ་འབད་པར་བྱ་དགོས་པ་ནི་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་སྟེ། དགེ་བའི་ཚོགས་ནམ་ཡང་ཆུད་མི་ཟ་བར་ལམ་དུ་སློང་བ་དང་། ཞེ་སྡང་གི་འབྲས་བུ་དམྱལ་བར་མི་སྐྱེ་བ་སོགས་ཕན་ཡོན་ཆེ་བས་ལྷག་པར་ཤེས་པར་བྱ། དེ་ནས་བརྩོན་འགྲུས་ལའང་གསུམ་སྟེ། སངས་རྒྱས་བྱང་སེམས་དམ་པ་གོང་མ་རྣམས་ཀྱིས་དང་པོ་ཐོས་བསམ་སྒོམ་པས་རང་དོན་སྒྲུབ་པ་དང་། ཡོན་ཏན་མཐའ་ཡས་ཤིང་དཀའ་སྤྱད་སྙིང་སྟོབས་ཚད་མེད་པས། འཆད་རྩོད་རྩོམ་པའི་གཞན་དོན་རྒྱ་ཆེ་རྒྱུན་རིང་རླབས་ཆེན་མཛད་པའི་རྣམ་ཐར་མཐའ་ཡས་པ་རྣམས་ཐོས་རུང་སྤོབས་པ་ནི་མི་ཞུམ་ཞིང་སྒྱིད་མི་ལུག །རང་ལ་མི་བརྙས་པར་ད་རེས་དལ་རྟེན་ཕུན་སུམ་ཚོགས་པའི་གནས་སྐབས་འདིར་བདག་གིས་ཀྱང་དེ་ལྟར་བརྩོན་པར་བགྱིའོ་སྙམ་པའི་བློ་ལྷག་པར་བསྐྱེད་པ་ནི་གོ་ཆའི་བརྩོན་འགྲུས་དང་གཅིག །དེའང་སང་བྱ་གནངས་བྱེད་ཀྱི་ངང་ནས་མི་ཚེ་ཟད་མི་ཤོར་བར་མི་རྟག་པའི་བསྐུལ་མ་མྱུར་དུ་གདབ་སྟེ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར་འཕྲལ་འཕྲལ་ཉིད་དུ་ཆོས་ལ་འཇུག་དགོས་པ་ནི་སྦྱོར་བའི་བརྩོན་འགྲུས་ཞེས་པ་དང་གཉིས། དེའང་མཚམས་དང་བསྙེན་སྒྲུབ་ཁ་བཏོན་དགེ་སྦྱོར་ཞག་དང་ཟླ་བ་ལོ་ཤས་ཙམ་ལ་སོགས་ཅུང་ཟད་འགྲུབ་པ་དང་རྟགས་མཚན་ཉམས་མྱོང་ཕྲན་བུ་ཕྱོགས་རེ་ཙམ་ལ་ཆོག་ཤེས་མི་བྱ་བར་ཚེ་དང་སྒྲུབ་པ་མཉམ་པའི་དམ་བཅའ་བླངས་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བརྩོན་འགྲུས་རྒྱུན་རིང་ལ་ཤུགས་དྲག་པ་ཆུ་བོའི་རྒྱུན་བཞིན་ཉིན་མཚན་བར་མེད་དུ་འབད་དགོས་པ་ནི་ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང་གསུམ་སྟེ་ཕན་ཡོན་ཀྱང་འཇིག་རྟེན་ཀུན་གྱིས་མཆོད་ཅིང་བསྟོད་པ་དང་། རང་གི་བསམ་པ་མ་ལུས་པ་འགྲུབ་པ་དང་། ཡོན་ཏན་ཚོགས་རྣམས་ངང་གིས་འཕེལ་ཞིང་མྱུར་དུ་མྱ་ངན་ལས་འདས་པར་བྱེད་པས་ལྷག་པར་ཤེས་དགོས། དེ་ནས་བསམ་གཏན་ལའང་གསུམ་སྟེ། དེའང་འཇིག་རྟེན་འདིར་སྣང་གི་ཕ་མ་གཉེན་གྲོགས་དང་ཕུ་འབྲོག་པ་མདའ་ས་ཞིང་དགྲ་འདུལ་གཉེན་སྐྱོང་ཟས་གོས་དོན་གཉེར་འགྲོ་འདུག་བྱ་བཞག །འདུ་འཛིའི་གཡེང་བ་སོགས་ཐམས་ཅད་སྤངས་ནས། མི་མེད་ལུང་སྟོང་དུ་མི་ཚེ་བསྐྱེལ་ཏེ་གནས་དབེན་ས་རུ་འདུག །གྲོགས་རི་དྭགས་དང་འགྲོགས། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ཏེ་དབེན་པའི་གནས་བརྟེན་ནས་ལུས་ངག་ཡིད་གསུམ་ཤིན་ཏུ་བག་ཕེབས་པའི་ངང་ནས་ལུས་གནད་དང་རླུང་གནད་ཡིད་ཀྱི་གནད་རྣམས་ལེགས་པར་གཅུན་ནས་བླ་མའི་རྣལ་འབྱོར་སོགས་སྒོམ་པ་གལ་གནད་ཆེ་བའི་རང་བཞིན་དུ་བྱས་ནས། དང་པོ་བདེ་གསལ་མི་རྟོག་པ་ལ་ཞེན་ཅིང་ཆགས་ནས་དེ་ལ་སྒོམ་པའི་དུས་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་པ་དང་གཅིག །དེ་ནས་ཉམས་ཀྱི་ཞེན་པ་དང་བྲལ་ནས་སྟོང་འཛིན་གཉེན་པོའི་ཕྱོགས་ལ་ཞེན་ནས་སྒོམ་པའི་དུས་དོན་རབ་འབྱེད་ཀྱི་བསམ་གཏན་ཞེས་པ་དང་གཉིས། དེའང་སྟོང་འཛིན་གཉེན་པོའི་བློ་དང་བྲལ་ཏེ་ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་ལ་གནས་པ་ནི་དེ་བཞིན་གཤེགས་དགེའི་བསམ་གཏན་ཞེས་པ་དང་གསུམ་སྟེ། དེ་ལྟར་དབེན་པའི་གནས་བརྟེན་ལུས་ངག་བག་ཕེབས་ནས་སྒོམ་པའི་བསམ་གཏན་སོགས་ཀྱིས་འདོད་ཡོན་དང་ཉོན་མོངས་ཚོགས་རྣམས་མགོ་སྙོམས། སེམས་ལ་དབང་འབྱོར། སྤྱན་དང་མངོན་ཤེས་འཆར། རྫུ་འཕྲུལ་དུ་མ་འགྲུབ། ཉམས་རྟོགས་གོང་ནས་གོང་དུ་འཕེལ་ཏེ་བྱེ་བྲག་ཤེས་རབ་ལའང་གསུམ་སྟེ་མདོར་ན། ཐོས་པའི་ཤེས་རབ་ཀྱིས་ཕྱི་ཡི་སྒྲོ་འདོགས་རྣམས་ལེགས་པ་གཅོད་ཅིང་། བསམ་པའི་ཤེས་རབ་ཀྱིས་ནང་གི་ཐེ་ཚོམ་རྣམས་བཟློག་པ་དང་། སྒོམ་པའི་ཤེས་རབ་ཀྱིས་འཆད་རྩོད་རྩོམ་པ་གང་ལའང་ཐོགས་རྡུགས་མེད་པར་དགོངས་པའི་ཀློང་རྡོལ་ནས་རང་གཞན་གྱི་དོན་རྣམས་མངོན་དུ་གྱུར་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཡོངས་སུ་ཕྱིན་པའི་དགོས་ཆེད་སོགས་དུ་མར་ཡོད་པས་ཚུལ་བཞིན་ཉམས་སུ་ལེན་པ་ལྷག་པར་གལ་ཆེ་ཞིང་། དེ་ལྟར་ཕར་ཕྱིན་དྲུག་ལྡན་གྱི་ལམ་ལ་གཞི་བཅོལ་ཏེ་ཆོས་སྒྲུབ་དགོས་པ་ཡིན་ཞིང་། དེ་དག་ཀྱང་བདེན་མེད་སྟོང་པའི་ཤེས་རབ་ཟབ་མོས་རྩིས་ཡོངས་སུ་ཟིན་པར་བྱེད་པ་ནི་གལ་གནད་ཆེ་བའི་ཆོས་སུ་ཤེས་པར་བྱ་དགོས། དེ་ལྟར་སྨོན་འཇུག་གི་སེམས་བསྐྱེད་ནས་བསླབ་བྱ་རྣམས་ཚུལ་དང་ལྡན་པའི་ཕན་ཡོན་ནི་མཐའ་ཡས་པར་གསུངས་ཏེ། ངལ་གསོ་ལས། སྐད་ཅིག་སྦྱོར་བས་ཁྱབ་པའི་སེམས་མཆོག་གིས། །བསྐལ་པ་མང་པོའི་ཚོགས་གཉིས་ཟླུམ་པར་གསུངས། །དེ་ལྟར་གྲངས་མེད་གསུམ་སོགས་གསུངས་པ་ཀུན། །མྱུར་དུ་རྫོགས་དང་རིང་དུ་རྫོགས་པ་དང་། །ཚེ་གཅིག་གྲོལ་བ་བློ་ཡི་སྟོབས་ལ་རག །དེ་ཡང་ཐབས་དང་ཤེས་རབ་བརྩོན་འགྲུས་མཆོག །གསུམ་གྱིས་བསྒྲུབས་ན་བླ་མེད་སྟོབས་ཆེའོ། །ཞེས་དང་། སྤྱོད་འཇུག་ལས། མི་ལྡོག་པ་ཡི་སེམས་འདིས་ནི། །སེམས་དེ་ཡང་དག་བླངས་གྱུར་ན། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་འབྱུང་ངོ་། །ཞེས་དང་། ཡོན་ཏན་མཛོད་ལས། སྦྱིན་སོགས་ཕ་རོལ་ཕྱིན་པ་རྣམ་པ་ལྔས། །ངོ་བོ་ལུང་དུ་མ་བསྟན་ལྕགས་ཁམས་སུ། །རྣམ་པར་ཉམས་པ་ཐབས་ཤེས་གསེར་འགྱུར་རྩིས། །ཐེབས་པའི་མོད་ལ་རིན་ཐང་ཆེན་པོ་བྱེད། །ཅེས་དང་། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་ནས་མི་ཟད་འཕེལ་བར་འགྱུར། །ཞེས་དང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་ངག་དང་། སེམས་ཀྱིས་རྩོམ་པ་ཐམས་ཅད་དོན་ཡོད་པ་སྟེ། རྟག་ཏུ་དགེ་བ་འབའ་ཞིག་ཏུ་རོ་གཅིག་པར་འགྱུར་རོ། །ཞེས་གསུང་པ་ལྟར། མདོར་བསྡུ་ན། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་དུ་འགྲོ་བ་དང་། དགེ་བ་སྣ་གཅིག་སྤྱོད་རུང་སངས་རྒྱས་ཀྱི་ཡོན་ཏན་སེམས་ཅན་གྱི་གྲངས་དང་མཉམ་ཞིང་། དགེ་རྩ་ནམ་ཡང་ཆུད་མི་ཟ་བར་གོང་ནས་གོང་དུ་འཕེལ་བ་དང་། བསོད་ནམས་རྒྱ་ཆེ་བ་ཐོབ་ཅིང་སངས་རྒྱས་ཀྱི་གདུང་འཛིན་པ་དང་གཞན་དོན་རླབས་པོ་ཆེ་འགྲུབ་པ་སོགས་དང་། མཚམས་མེད་ཀྱི་ལས་བསགས་ནས་དམྱལ་བར་སྐྱེས་རུང་དར་གྱི་ཕོ་ལོང་བརྡབ་པ་ཙམ་ལས་གནས་མི་དགོས་པ་དང་། གཞན་སྡིག་བྱས་ཐམས་ཅད་དུས་མཐའི་མེ་ལྕེས་རྩྭ་སྦུར་བསྲེགས་པ་ལྟར་འཇོམས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བའམ། ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་མཆོག་སྟེ་མྱུར་དུ་བླ་ན་མེད་པའི་ཁང་བཟང་དུ་བགྲོད་པའི་བཞོན་པ་བཟང་པོ་ལྟ་བུ་ཡིན་པ་སོགས་ཕན་ཡོན་ཚད་མེད་པས་ལྷག་པར་ཤེས་དགོས་སོ།།  ༈  །།དེ་ནས་རྡོར་སེམས་སྒོམ་བཟླས་ཀྱི་རིམ་པ་ནི། དང་པོ་དཔལ་རྡོ་རྗེ་སེམས་དཔའི་མཚན་དོན་ནི། ལོངས་སྐུ་ནི་ངེས་པ་ལྔ་དང་ལྡན་པས་ན་དཔལ། དེ་ནི་འཕོ་འགྱུར་བགྲེས་རྒུད་གཞོམ་གཞིག་ལས་འདས་པས་ན་རྡོ་རྗེ། དེའི་ངང་ལས་སྤྲུལ་པ་སྣ་ཚོགས་འབྱུང་བས་ན་སེམས་དཔའ་ཞེས་བྱ་སྟེ། དེ་ནི་རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཀུན་གྱི་གཙོ་བོ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པར་བཤད་དེ། ལྷ་ཐམས་ཅད་ཞི་ཁྲོ་དམ་པ་རིགས་བརྒྱ་རུ་འདུས་པ་དང་། དེའང་རིགས་ལྔའི་ཁོངས་སུ་གཏོགས་པ་དང་། དེའང་གསང་ཆེན་གྱི་ལྷ་རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཡོངས་སུ་འདུས་པའི་རང་བཞིན་ཅན་ཏེ། བཀྲ་ཤིས་རིག་པ་ཁུ་བྱུག་གི་རྒྱུད་ལས། ཆོས་སྐུ་རོ་གཅིག་འགྲོ་དོན་བྱེད་མཉམ་སྟེ། །མོས་པའི་བློ་ལ་སོ་སོ་ཉིད་དུ་སྣང་། །ཡེ་ཤེས་དབྱིངས་སུ་ཕྱག་རྒྱ་ཀུན་གཅིག་ཕྱིར། །བདེ་གཤེགས་གཅིག་སྒོམ་རྒྱལ་བ་ཀུན་གྱི་ངང་། །ཞེས་དང་། རྒྱུད་གསང་སྙིང་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླར། །ཡེ་ཤེས་རྒྱལ་པོ་སྟེང་དཀྱིལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །གང་ཟག་དེ་ཡིས་བསྒོམ་པར་འགྱུར། །ཞེས་གསུངས་པ་ལྟར་རིགས་ཀུན་རིགས་གཅིག་ཏུ་འདུས་པ་དང་། མ་ཟད་སྔོན་གྱི་ཐུགས་བསྐྱེད་པས་བདག་གི་མཚན་ཙམ་འཛིན་པ་ཐམས་ཅད་ཀྱི་སྡིག་ལྟུང་བྱང་བར་ཤོག་ཅེས་སྨོན་ལམ་བཏབ་པས་ཡོངས་སུ་འགྲུབ་ནས་སངས་རྒྱས་པ་ཡིན་པས་ན་ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་དུ་ཕྱིན་ནས་བཤགས་པའི་ཐབས་ལ་འབད་པ་བས། གོང་དུ་བཤད་པ་བཞིན་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་དང་སྡུད་པའི་བྱེད་པོ་དཔལ་རྡོ་རྗེ་སེམས་དཔའ་བསྒོམས་ནས་བཤགས་པ་བྱེད་པ་འདི་ཉིད་འགྱུར་སྟོབས་ཆེ་སྟེ། དེའི་ངོ་བོ་ནི་ད་ལྟའི་རྩ་བའི་བླ་མ་ཉིད་ཡིན་པར་ཤེས་པས་བྱིན་རླབས་ལྷག་པར་འཇུག་མྱུར་བའི་དགོས་ཆེད་ཡོད་པ་སོགས་དག་བྱེད་རྒྱལ་བའི་ཡོན་ཏན་དེ་དང་དེའི་རང་བཞིན་དུ་ཤེས་པར་བྱས་ནས། དེ་ནས་དག་བྱ་རང་རྒྱུད་ཀྱི་ཉོན་མོངས་སྡིག་སྒྲིབ་རྣམས་ཕྱོགས་ཙམ་ངོས་བཟུང་བའི་ཕྱིར་དུ་མདོ་ཙམ་མ་བཤད་ན་རང་རེ་རྣམས་ཐོག་མ་མེད་པ་ནས་འཁྲུལ་བ་རྒྱ་འབྱམས་ཤིང་གཉེན་པོ་ཤུགས་ཆུང་སྡིག་ལ་འགྲོགས་ཡུན་རིང་བས་སྒྲིབ་པ་གཏིང་ཟབ་པའི་དབང་གིས་ལས་དང་པོ་པའི་སྐབས་སུ་ངོ་ཤེས་མཁན་དང་སྒྲིབ་སྦྱོང་བྱ་དགོས་དོན་ཙམ་ཧ་གོ་དཀའ་བ་ལྟ་བུར་མཐོང་བས། ངོས་ཙམ་མ་ཟིན་ན་ཅི་བཤགས། བླང་དོར་ཅི་བྱ། བླང་དོར་དང་བཤགས་པ་མ་བྱས་ན་ཉེས་ལྟུང་ཕ་མཐའ་ཡས་པ་རང་ཤུགས་ཀྱིས་འགོས་ཤག་རེད་པས་ན། དེ་ཕྱིར་སྦྱང་བྱ་སྡིག་པའི་སྒོ་དྲུག་ཅེས་པ་ནི། དང་པོ་ཀུན་སློང་གི་སྒོ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱིས་ཀུན་ནས་བསླངས་པ་དང་། གཉིས་པ་རྟེན་གྱི་སྒོ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལས་བསགས་པ་དང་། གསུམ་པ་ཡུལ་གྱི་སྒོ་ནི་བླ་མ་དང་མཁན་པོ་མཆེད་གྲོགས་སོགས་ཡུལ་ཁྱད་པར་ཅན་དང་། ཕ་མ་རྒན་ཁོག་དང་། ཡུན་རིང་གི་ནད་པ། ཐག་རིང་གི་ཨར་སྐྱོ་སོགས་དམན་པ། བཞི་པ་ངོ་བོའི་སྒོ་ནི་མི་དགེ་བཅུ་དང་། མཚམས་མེད་ལྔ་སོགས་དང་བཅས་པའི་ལྟུང་བ་སྡོམ་པ་གསུམ་དང་འགལ་བའི་རིགས་དང་། ལྔ་པ་དུས་ཀྱི་སྒོ་ནི་འཁོར་བ་ཐོག་མ་མེད་པ་ནས་ཉི་མ་དེང་གི་བར་དུ་ལོ་ཟླ། ཉི་མ་དུས་ཚོད་དེ་དག་དང་། དྲུག་པ་བྱེད་ལས་ཀྱི་སྒོ་ནི་ཚེ་འདིར་ནད་མང་། ནོར་དབུལ་དགྲས་འཇིག་པ་སོགས་དང་། ཕྱི་མ་ངན་འགྲོ་མུ་མཐའ་མེད་པའི་རྒྱུར་གྱུར་པ་སོགས་ཀྱི་སྒོ་ནས་བཤགས་དགོས་ཤིང་། དེའང་ཅུང་ཟད་སྤྲོ་ན། རང་རེ་རྣམས་ཚེ་རབས་ཐོག་མ་མེད་པ་ནས་དེང་གི་ཕན་ཆད་སྤྱིར་མ་རིག་པས་བསྒྲིབས། སྒོས་ཉོན་མོངས་ཤུགས་དྲག་པོ་གསུམ་གྱིས་ཀུན་ནས་བསླངས་པས། ལས་མི་དགེ་བ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་རང་གིས་སྤྱོད་པའམ། གཞན་ལ་བྱེད་དུ་འཇུག་པའམ། བྱེད་པ་ལ་རྗེས་སུ་ཡི་རངས་སྐྱེས་པ་ཚུན་ཆད་དང་། ཐ་ན་ལག་གིས་ལས་དང་འགྲོ་འདུག་བབ་ཅོལ་དུ་བྱས་པ་དང་། ཟས་གོས་ལ་རྒྱུན་ཆད་མེད་པ་ལོངས་སྤྱོད་པ་དང་། གཉིད་དུ་ཡོལ་བའི་སྐབས་འཁྲུལ་སྣང་དྲག་པོ་སྣ་ཚོགས་དང་། ངག་གི་དོན་ཡོད་ལ་མེད་ཆགས་སྡང་བར་མ་དོའི་གཏམ་ལབ་པ་དང་། ཡིད་ཀྱི་དྲན་འཁྲུལ་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་སོགས་ངོས་ཕྱོགས་ཙམ་ཟིན་ལ་མི་ཟིན་ལ་སྡིག་པ་མི་དགེ་བའི་ལས་གྲངས་མེད་པ་ཞིག་ད་ལྟ་ཉིན་ཞག་རེའི་ཁོངས་སུ་ཆུའི་གཉེར་མ་བཞིན་བསགས་དང་གསོག་བཞིན་པ་འདི་ལྟར་དུ་སྐྱེ་འཆི་ཁོར་མོ་ཡུག་ཏུ་སྡུག་བསྔལ་བར་མ་ཆད་པར་བསྐལ་པ་ཡེ་གདོད་མ་ནས་ད་ལྟའི་བར་སྐད་ཅིག་ཀྱང་དལ་ཁོམ་མེད་པར་སྡིག་པའི་ཡོ་ལང་འཁྲུགས་པ་ཁོ་ན་ལ་ལོངས་སྤྱོད་བཞིན་དེ་དག་ལ་བཤགས་པའི་གཉེན་པོ་གཞི་ནས་མེད་པས་དགེ་བ་སྟོབས་ཤུགས་ཆུང་བ་དང་། དེ་བཞིན་སྡིག་ལྟུང་གི་རིམ་པ་ཆེས་ཆེར་འཕེལ་ནས་ཞག་ཟླ་ལོ་གྲངས་ཀྱི་སྐྱེ་བ་ཚེ་རབས་དུ་མར་སོང་བའི་ཉེས་ལྟུང་ནི་ཕ་མཐའ་ཡས་པ་ཞིག་ཡོད་པའི་རང་བཞིན་ནི་གཞིར་བཅས་མངོན་སུམ་དུ་གྲུབ་འདུག་མོད། རུ་ཏྲའི་སྨྲེ་བཤགས་ལས། གདོས་བཅས་ལུས་བླང་གྲངས་མེད་གཤེགས་གྱུར་ཀྱང་། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཞེས་པ་ལྟར་ཡིན་པས། དེས་ན་གང་ཟག་རབ་འབྲིང་ཐ་མ་གསུམ་ཀས། ད་ལྟ་ཐབས་རྣམས་དང་ལྡན་རང་དབང་ཡོད་དུས་འདིར། བཤགས་པས་སོར་ཆུད་ངེས་རེ་མཛད་པ་ཅི་ནས་གལ་ཆེ་བའི་རང་བཞིན་དང་། ཁྱད་པར་དུའང་རང་རེ་བླ་མ་གྲྭ་པ་ཆོས་པ་རྣམས་ཆོས་ཀྱི་སྒོར་ཡོངས་སུ་ཞུགས་ཀྱང་། ཕྱི་སོ་ཐར་གྱི་སྡོམ་པ། ནང་བྱང་སེམས་ཀྱི་བསླབ་པ། གསང་བ་གསང་སྔགས་ཀྱི་དམ་ཚིག་མཐའ་ཡས་པ་ལས། སྤང་བླང་གི་རིམ་པའི་ཆ་རྒྱས་འབྲིང་བསྡུས་ཙམ་གང་ཡིན་ཡང་རུང་ཚིག་ཙམ་མི་ངེས་པར་ཅི་ཡིན་གང་ཡོད་ཅི་འདྲ་བྱ་དགོས་ཕྱོགས་ཙམ་མི་ཤེས་པར་ཉིན་རེའི་ཁོང་ན་མི་དགེ་བཅུ་པོ་ཆ་ཚང་རེ་གསོག་བཞིན་པ་དང་། བྱེ་བྲག་ཏུ་ས་དགེ་རྙིང་མ་ཀར་འབྲུག་སོགས་ཀྱི་བསྟན་པ་སྤྱི་དར་ཆེ་བའི་དབང་གིས་དེང་སང་ཆུང་བྱིས་པ་ནས་རྒན་རབས་ཕལ་པ་རྣམས་དང་བླ་མ་གྲྭ་པ་ཆོས་པ་སོགས་ལ་དབང་དང་སྡོམ་པ། སྐྱབས་འགྲོ་དང་སེམས་བསྐྱེད། ཁྲིད་ལུང་སོགས་ལན་གྲངས་ཐོབ་མཁན་མང་བ་དང་ཆོས་འབྲེལ་སྣ་རེ་མ་ཐོབ་པ་མེད་པ་ལྟ་བུར་འདུག་རུང་། དོན་དུ་དབང་སྲོག་དམ་ཚིག་དང་། སྐྱབས་སེམས་ཀྱི་དོན་དང་བསླབ་བྱ། ཁྲིད་ལུང་ཐོབ་པའི་སྒོམ་ཉམས་ལེན་བྱ་དགོས་སྙམ་པའི་ཆགས་འཇོག་ཙམ་མི་བྱེད་པ་དང་། སེམས་བསྐྱེད་དང་། བསྐྱེད་རྫོགས་མི་ལྡན་པ་དང་། ཆོ་ག་ཆད་ལྷག་སོགས་སོང་བ་དང་། བླ་མ་རྣམས་ལ་གཤིན་པོའི་རྣམ་ཤེས་ཀྱི་ཁག་འཁྲི་བ་དང་། གྲྭ་པ་རྣམས་ལ་གསོན་པོའི་སྐུ་རིམ་གྱི་ཁག་འཁྲི་བ་དང་། གྲྭ་པའི་དཀོར་ནོར་རྣམས་ཁྱིམ་པ་ལ་ཁག་འཁྲི་བ་དང་། གཞན་ཡང་བཟོ་ཤེས་རིག་ལ་མཁས་པ་རྣམས་ཀྱང་། ལྷ་བཟོ་བྲིས་པ་སོགས་ཀྱི་བྲིས་བཞིན་མི་ལེགས་པ་དང་ཆད་ལྷག་བྲིས་ཤིང་། གཡོ་ལས་བྱེད་པ་དང་། སྔགས་པ་རྣམས་ཀྱིས་རྩིས་གཏོ་མདོས་སོགས་ཀུན་སློང་དང་བསྐྱེད་རྫོགས་མི་ལྡན་པའི་ཉེས་པ་དང་། སྨན་པས་སྨན་ལོག་པར་འཆོལ་བ་དང་། དེ་དག་གིས་ནི་དོན་དུ་གླ་ཡོན་ཟས་ལ་རྔམ་པ་གཙོ་བོར་འཛིན་ནས་ཕལ་པའི་ཉོ་ཚོང་བྱེད་པ་ལྟ་བུ་ལས། ལྷག་བསམ་དང་སེམས་བསྐྱེད་བཟང་པོ་ནི་ཕལ་ཆེས་ཅུང་མི་འབྱོངས་པ་དང་། མ་ཟད་མི་རུང་བའི་འདོད་ཞེན། རེ་འཁོན་ཆགས་སྡང་། ང་རྒྱལ་ཕྲག་དོག་སོགས་མི་དགེ་བའི་ལས་ངན་ཤུགས་ཀྱིས་གསོག་པ་ཐམས་ཅད་ཉེས་པའི་རང་བཞིན་དེ་ཁོ་ན་ལས་མ་འདས་པའི་ཚུལ་ཁྲིད་ཡིག་རྣམས་སུ་རྒྱས་ཤིང་རྒྱས་པ་ཕྲ་ཞིང་ཕྲ་བ་དུ་མར་གསུངས་འདུག་པ་དེ་ལྟར་རང་ཐོག་ཏུ་དཔེ་བླང་ནའང་གསུང་ཟབ་མོ་གནད་དུ་ཁེལ་བ་ཁོ་ན་བྱུང་བས་ཁྱེད་སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས་ཀྱང་ཉམས་ཕབ་ནས་དཔྱད་པ་ཁ་བསྐོར་ཏེ་ཤེས་མི་ཤེས་དབང་གིས་སྡིག་པ་བསགས་ཤོར་ཚད་གནོང་འགྱོད་དྲག་པོས་བཤགས་ཤིང་སོར་ཡོངས་སུ་ཆུད་པར་མཛད་དགོས་པ་ཡིན་མ་གཏོགས། ཉེས་ལྟུང་བསགས་པའི་སྡིག་སྒྲིབ་བག་ཆགས་ཀྱི་དྲི་མ་མཐུག་པོས་རང་རེ་རྣམས་དུས་དང་རྣམ་པ་ཀུན་ཏུ་གཡོགས་ནས་སྒྲིབ་བསྡད་ཡོད་པ་ནི་ད་ལྟའི་ཉིན་མཚན་གཅིག་གི་དགེ་སྡིག་གི་ལས་ཤས་ཆེ་ཆུང་དང་ཆོས་ལ་མོས་པ་སྐྱེས་དཀའ་བ་དང་འགྲུབ་དཀའ་བ་སོགས་ཀྱི་ཤུགས་ཀྱིས་མངོན་ཞིང་། དཔེར་ན་མེ་ལོང་ཞིག་ཡིན་རུང་བདག་ཏུ་མ་བཟུང་བའི་ལན་གྱིས། བཙའ་གཡའི་སྐྱོན་ཆེན་གྱིས་བཟུང་ཡུན་རིང་བ་ལྟ་བུར་ཡིན་ཞིང་། ད་རེས་བདག་ཏུ་བཟུང་སྟེ་དགེ་སྡིག་གི་སྐྱོན་ཡོན་ཕྱོགས་ཙམ་ཤེས་ནས་དེ་ལ་དོན་དམ་ཡེ་ཤེས་ཀྱི་གཟུགས་བརྙན་ཡོད་པ་བཞིན་དུ་འཆར་བར་རྩོམ་པ་ན་སྒྲིབ་སྦྱོང་དང་ཚོགས་བསགས་ཀྱི་རིམ་པས་བྱི་དོར་ལེགས་པར་བྱེད་པ་རང་ལས་ཐབས་གཞན་ནི་ཅི་ཡང་མ་མཆིས་ཏེ། ཨོ་རྒྱན་རིན་པོ་ཆེས། བྱིན་རླབས་དངོས་གྲུབ་ཀུན་གྱི་བགེགས། །སྒྲིབ་པ་རྣམ་གཉིས་ཡིན་པའི་ཕྱིར། །དེ་དག་རབ་ཏུ་སྦྱང་བར་གཅེས། །ཞེས་གསུངས་པ་ལྟར་དུ་དཔེར་ན་ཕྱི་མཛེས་ནང་རུལ་ཤིང་ཐོག་ཀུན་མན་ད་དང་མཚུངས་པའམ། མཛེ་ཅན་འབུས་གཡེངས་ལ་ཕྱི་ནས་གོས་རྒྱན་གྱིས་སྤྲས་པ་ལྟར་རམ། སྡིག་བྱས་ཀྱི་ལས་རྣམས་ནི་བཙན་དུག་ཧ་ལ་ནག་པོ་ཁོང་དུ་ཤོར་བ་ལས་ཀྱང་བརྒྱ་འགྱུར་གྱི་མཐུ་ཆེ་སྟེ། དེས་ན་ད་ལྟའི་སྐབས་འདིར་ལུས་ན་བ་དང་འཆི་རྐྱེན་བྱེད་པ་ཙམ་ལས། ཚེ་རབས་ཀུན་ཏུ་སྡུག་བསྔལ་ལ་སྦྱོར་བར་ག་ལ་ནུས་ཏེ། ལས་ངན་མི་དགེ་བས་ནི་ཚེ་འདིར་མི་བདེ་བར་རྐྱེན་ངན་རྣམ་པ་སྣ་ཚོགས་འབྱུང་བ་དང་། ཕྱི་མར་བར་དོའི་འཁྲུལ་སྣང་གི་མཚམས་སྦྱར་ནས་ངན་སོང་གི་གནས་སུ་སྐྱེ་ནས་སྡུག་བསྔལ་བཟོད་དཀའ་བ། ཤུགས་དྲག་པ། རྒྱ་ཆེ་བ། ཡུན་རིང་བ། མཐོང་མི་མངོན་པར་འབའ་ཞིག་གིས་མནར་ནས་ཚེ་རབས་ཐམས་ཅད་དུ་འཁོར་བའི་གནས་ལས་ནམ་ཡང་མི་ཐར་བ་བྱེད་པས་ཤིན་ཏུ་ནས་ཀྱང་ཕུང་ཚབ་ཆེ་བའི་རང་བཞིན་ཏེ། དེ་དག་སྐྱོན་མེད་ལྟ་བུར་འཇོག་ག་ལ་རུང་སྟེ་སྨན་དུ་རེ་ནས་དུག་ཟས་ནོར་བ་དང་འདྲ་བར་དེ་ཚུག་ནས་བསྐྱུར་བཏང་བ་བཞིན། གནོང་འགྱོད་དྲགས་པོས་སྡིག་སྒྲིབ་ལྷག་མེད་དུ་སྦྱང་བ་རབ་ལ་འབད་པ་ཅི་ནས་གལ་ཆེ་བ་ཡིན། དེ་ལྟར་སྦྱོང་བ་ལ་སྤྱིར་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་གང་ཟག་རྣམས་ཀྱི་བློ་རིམ་དང་བསྟུན་ཏེ་སྒྲིབ་སྦྱོང་གི་རྣམ་གྲངས་ས་གཞིའི་རྩི་ཤིང་དང་ནམ་མཁའི་སྐར་ཚོགས་ལྟ་བུ་དཔག་མེད་གསུངས་པའི་ནང་ཚན་སྙིང་པོ་མཆོག་ཏུ་གྱུར་པ་ནི། རང་ལུགས་གསང་ཆེན་གྱི་ལྷ་རིགས་རྣམས་ཀུན་འདུས་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་ཉིད་རང་ཡིན་ཏེ། དགོངས་པ་ཚིག་གསུམ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡིས་སྡིག་སྒྲིབ་ཀུན་བྱང་ནས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། སྙིང་པོ་རྒྱན་ལས། པད་དཀར་ཟླ་བའི་གདན་སྟེང་དུ། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ནས། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་རེ་བཟླས་གྱུར་ན། །ལྟུང་སོགས་བྱིན་གྱིས་བརླབ་པར་གྱུར། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་དང་། ལས་རྣམ་འབྱེད་ལས། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ཡང་། །ཁྱེད་ལ་གསོལ་བ་བཏབ་པས་བསྲབ་པར་འགྱུར། །རབ་ཏུ་བཤགས་ན་ཉེས་བྱས་ཐམས་ཅད་ཀུན། །ཤིན་ཏུ་རྩ་བ་ནས་ནི་བཏོན་པ་བཞིན། །ཞེས་དང་། སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་གྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་པ་ལྟར་དུ་ཡིད་ཁྱེད་ཤེས་ཀྱིས་ངེས་ཤེས་ལྷག་པར་བསྐྱེད་པ་སྔོན་དུ་སོང་ནས། ཉམས་ལེན་དངོས་གཞིའི་སྐབས་སུ་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ངེས་པར་བཤགས་པའི་ཐབས་ལ་འབད་དགོས་པ་ཡིན་གྱི། དེ་ཡང་ལས་གཞུང་གི་ངག་འདོན་གང་ཡིན་པ་རྣམས་དང་རིམ་པར་འགྲེལ་ཞིང་མདོར་བསྡུ་ན་འདི་ལྟ་སྟེ། དང་པོ་དཀོན་མཆོག་གསུམ་གྱི་རྟེན་ལ་བརྟེན་པས་སྡིག་པ་ཟད་ཅིང་བསྲབ་པར་བྱེད་པས་ན་རྟེན་གྱི་སྟོབས་ཞེས་བྱ་སྟེ། དེས་ན་རང་གི་སྤྱི་བོར་མདའ་གང་གི་སྡོང་པོའི་སྟེང་ན་པད་དཀར་འདབ་སྟོང་བཞད་པའི་ཟེའུ་འབྲུ་དམར་སེར་ཚད་དང་ལྡན་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་ན་ཧཱུྃ་ཡིག་དཀར་པོ་འོད་ཟེར་འབར་བ་ཅན་གནས་འགྱུར་བའི་ཚུལ་དུ་ངོ་བོ་ནི་མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་གསལ་བཏབ་དགོས་ཤིང་། དེའང་ཅུང་ཟད་སྤྲོས་ན། ཉེས་པའི་སྐྱོན་གྱིས་མ་གོས་པར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་སྐུ་མདོག་དཀར་གསལ་དྲི་མ་མེད་པ་གངས་རིའི་ལྷུན་པོ་ལ་ཟླ་གཞོན་བྱེ་བས་འཁྱུད་པ་ལྟ་བུར་གཟི་འོད་རབ་ཏུ་འབར་བ། དེ་ཡང་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་བརྡར་ཞལ་གཅིག་པ། ཐབས་དང་ཤེས་རབ་ཀྱི་མཚོན་བྱེད་ཕྱག་གཉིས་སྟེ། ཕྱག་གཡས་པ་ཐབས་རིག་སྟོང་གི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་ཤེས་རབ་སྣང་སྟོང་གི་དྲིལ་བུ་དཀུར་བརྟེན་ཅིང་། སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་། དབུ་སྐྲ་ཟུར་ཕུད་བཅིངས་པ་ནི་རིགས་ཐམས་ཅད་ཀྱི་འགྲན་ཟླ་དང་བྲལ་བའི་བརྡ། གདུལ་བྱའི་ཉོན་མོངས་པའི་གདུང་བ་སེལ་བའི་བརྡར། སྐུ་ལ་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆས་གོས་ལའང་དར་མཐིང་ཁྲའི་ཟི་ལྡིར་དབུ་རྒྱབ་ནས་འཕྱང་བ་དང་གཅིག །སྙན་གོང་ནས་དར་དཔྱངས་སྣ་ལྔ་འཕྱར་བ་ཕྱག་དཔུང་གཡས་གཡོན་ནས་འཁྱུད་དེ་སྣེ་མོ་ཅུང་ཟད་ཡར་འཁྱིལ་བ་དང་གཉིས། གར་གྱི་སྟོད་ཐུང་དཀར་པོ་དཔུང་པའི་ཕྱེད་ཙམ་དུ་སླེབ་པ་དང་གསུམ། དེ་སྟེང་སྟོད་ལེ་སྔོན་པོ་ལ་ལྗང་གུས་སྦབ་ལེ་ཕྱེད་པ་དང་བཞི། ཚིག་གུ་ཞེས་ཁ་དོག་སྣ་ཚོགས་པའི་སྨད་དཀྲིས་དང་ལྔ་ཡིན་ཞིང་། དེ་བཞིན་འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པས་འགྲོ་བའི་རེ་བ་སྐོང་བའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་ནི། རིན་པོ་ཆེའི་དབུ་རྒྱན་ཟེ་སྲོག་ཁང་པ་ནོར་བུའི་རྩེ་ཕྲན་འབར་བ་ཅན་དང་གཅིག །སྙན་རྒྱན་གཉིས་རིན་པོ་ཆེའི་གཞི་བྱས་པ་ལ་ནོར་བུའི་ཕྲ་ཚོམ་བཀྲ་བ་དང་གཉིས། རིན་པོ་ཆེ་སྣ་ཚོགས་སྤེལ་མར་བརྒྱུས་པའི་མགུལ་རྒྱན་ཐུང་ངུ་དང་གསུམ། རྒྱུ་དེ་དང་མཚུངས་པའི་ནུ་སྟེང་དུ་སླེབ་པ་སེ་མོ་དོ་དང་བཞི། ཡང་དེ་བས་རིང་ཙམ་ལྟེ་འོག་སླེབ་པའི་དོ་ཤལ་དང་ལྔ། དཔུང་རྒྱན་དང་ཕྱག་གདུབ་སོར་གདུབ་གཡས་གཡོན་རྣམས་ཆབས་ཅིག་ཏུ་རྩིས་པ་དང་དྲུག །ཞབས་ཀྱི་གདུབ་བུ་དང་བཅས་རྒྱུ་དང་བཟོ་དབྱིབས་བཀོད་པ་ཕྱོགས་མཚུངས་པ་དང་བདུན། དེ་བཞིན་སྐ་རགས་རིན་པོ་ཆེའི་ཕྲ་ཚོམ་གྱིས་བརྒྱན་པ་དྲ་བ་དང་དྲྭ་བ་ཕྱེད་པའི་མཛེས་པ་སྤྲས་པ་བརྒྱད་དང་ལྡན་པ་སྟེ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་ཞེས་པ་དེ་ལྟར་ཡིན། དེའང་སྤྲོས་པ་དང་མཛེས་ཆོས་ཏེ་རྒྱན་རང་ག་མ་ལྟ་བུ་མ་ཡིན་པར་ནང་གི་ཡོན་ཏན་རྣམས་ཕྱི་རོལ་དུ་མངོན་པར་འཆར་བ་སྟེ་དཔེར་ན་སྨན་གྱི་ཁ་བྱང་འདོགས་པ་ལྟ་བུར་ཤེས་པར་བྱེད་པ་ལས། ནང་གི་ཡོན་ཏན་རྣམས་མི་ཤེས་པར་ཕྱིའི་གཟུགས་བརྙན་ཙམ་སྒོམ་ལོ་བྱས་ན་དཔེར་ན་སྐུ་འདྲ་ནང་གཞུག་མེད་པ་དང་འདྲ་བས། དེས་ན་རྒྱན་ཆས་སྐུ་མདོག་ཞལ་ཕྱག་གར་སྟབས་སོགས་བརྡའ་དོན་རྟགས་ཀྱིས་རྩིས་ཡོངས་སུ་ཟིན་པ་གལ་ཆེ་བའི་རང་བཞིན་དང་། དེ་ལྟར་ཐབས་ཤེས་དབྱེར་མེད་ཀྱི་བརྡར་ཡུམ་སྙེམས་མ་དཀར་མོས་ཕྱག་གཡས་གྲི་གུག་འཛིན་པས་མགུལ་ནས་འཁྱུད་པ་གཡོན་ཐོད་པ་བདུད་རྩིས་གང་བར་བསྣམས་པ་ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་གཉིས་མེད་དུ་འཁྲིལ་ནས་བཞུགས་པར་གསལ། དེ་དག་ཀྱང་སྣང་ལ་རང་བཞིན་མ་གྲུབ་པ་ཆུ་ཟླ་ལྟ་བུ་ཡེ་ཤེས་ཀྱི་སྐུ་མངོན་སུམ་རང་བཞིན་དུ་གྲུབ་པ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་བླ་ན་མེད་པ་ཆེན་པོར་བཞུགས་པའི་སྤྱན་སྔར་དུ། མི་དགེ་བ་ལ་འགྱོད་པ་མང་བས་ན་རྣམ་པ་སུན་འབྱིན་པའི་སྟོབས་ཞེས་བྱ་སྟེ། དེས་ན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བཟུང་སྟེ་དེང་གི་ཕན་ཆོད་རྒྱུ་དུག་གསུམ་དུག་ལྔས་བསྐྱེད་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལས་མི་དགེ་བའི་རིགས་རྣམས་མདོར་ན་སྡོམ་པ་གསུམ་གྱི་གནས་ལ་འགལ་ཉམས་འདས་རལ་དུ་གྱུར་པ་ཤེས་དང་མི་ཤེས་ཅི་མཆིས་པ་ཐམས་ཅད་ངོ་ཚ་དང་འཇིགས་སྐྲག་གནོང་འགྱོད་དྲག་པོས་སྙིང་ནས་བཤགས་པར་བྱ་ན༑ དུས་ད་ལྟ་མྱུར་བ་ཉིད། འདུག་ས་འདི་དང་རྟེན་འདི་ཐོག་ཏུ་བྱང་ཞིང་དག་པའི་ཐུགས་རྗེ་རེ་མ་ཆུང་སྙམ་ནས་གསོལ་བ་དྲག་ཏུ་ཡང་ཡང་འདེབས་དགོས་པ་ཡིན། དེ་ནས་སླར་སྡོམ་པ་བླངས་ནས་སྡིག་པ་མི་བྱེད་པས་ན་སྡོམ་པའི་སྟོབས་ཞེས་བྱ་སྟེ་སྔོན་ཆད་བདག་མི་ཤེས་རྨོངས་པའི་དབང་དུ་གྱུར་པས་ལས་ངན་ཚབ་ཆེན་དེ་དག་རྣམས་བསགས་ཤོར་བ་རེད། ད་ནི་བླ་མའི་བཀའ་དྲིན་ལ་བརྟེན་པས་སྤང་བླང་གི་གནད་རྣམས་ཚུལ་བཞིན་ཤེས་ནས་བཟུང་སྟེ་ཤེས་བཞིན་དུ་དུག་འཐུང་བ་དང་། མཐོང་བཞིན་དུ་གཡང་ལ་མི་མཆོང་བར་ལུས་དང་སྲོག་ལ་ཐུག་ཀྱང་། སྡིག་པའི་ལས་ཆེ་ཕྲ་ཀུན་གཏན་ནས་མི་བགྱིད་པའི་རྒྱལ་བ་ཁྱེད་ཀྱི་སྤྱན་སྔར་དེང་འདིར་དམ་བཅའ་དྲག་པོ་ངེས་པར་ཕུལ་དགོས་པ་ཡིན་ཞིང་། ངག་འདོན་གྱི་འདོད་གསོལ་ཀྱང་དེ་ལྟར་འགྲེལ་བར་བྱ། དེ་ནས་དགེ་བའི་ལས་ལ་བརྩོན་པས་ན་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཞེས་པ་ཏེ། རྡོར་སེམས་ཡབ་ཡུམ་གཉིས་མེད་ཀྱི་ཐུགས་ཀར་ཟླ་དཀྱིལ་སྲན་མ་ཕྱེད་པའི་ཚད་ཀྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་སྤུས་བྲིས་པ་ལྟ་བུའི་མཐར་ཡིག་བརྒྱའི་སྔགས་འཁོར་རིམ་པ་ཕྱེད་གསུམ་དུ་བཀོད་པར་དམིགས་ནས་མ་ཡེངས་པར་གསོལ་འདེབས་ཀྱི་ཚུལ་དུ་རྩེ་གཅིག་བཟླས་པའི་རྐྱེན་གྱིས་ཐུགས་སྲོག་ཡིག་འབྲུ་རྣམས་ལས་ཐུགས་རྗེ་ཡེ་ཤེས་ཀྱི་ངོ་བོར་རྣམ་པ་བདུད་རྩི་དཀར་པོ་དངུལ་ཆུ་འདྲིལ་བ་ལྟར་ཆེས་ཆེར་བབ་ནས་སྐུ་ཡི་དབྱིབས་བརྒྱུད་རིམ་པར་སྦྱོར་མཚམས་ནས་ཐོན་ཏེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་པའི་སྟོབས་ཀྱིས་ངོ་བོ་ནི་ལུས་ནང་གི་ནད་ཐམས་ཅད་དེ་རྣམ་པ་ནི་རྣག་ཁྲག་དང་རླངས་པ་སྤྲིན་པའི་ཚོགས་དང་། ངོ་བོ་ནི་གདོན་ཐམས་ཅད། རྣམ་པ་ནི་སྡོམ་སྡིག་ཉ་སྦལ་དང་སྲེ་མོང་སོགས་སེམས་ཅན་གྱི་རིགས་དང་། ངོ་བོ་ནི་སྡིག་སྒྲིབ་ཐམས་ཅད་དེ་རྣམ་པ་ནི་དུ་བ་སོལ་ཁུ་རྡུལ་དང་རླངས་པའི་རྣམ་པར་གྱུར་ཏེ་བདུད་རྩིའི་རྒྱུན་གྱིས་ཤག་གེ་དེད་པས། རང་གི་འོག་སྒོ་གཉིས་དང་རྐང་མཐིལ་བ་སྤུའི་བུ་ག་རྣམས་ནས་ནག་ཉིལ་ལི་ལི་ཕྱིར་ཐོན་པའི་ངབ་ཀྱིས་ས་རིམ་པ་དགུ་ཤག་གེ་གས་པའི་འོག་ན་འཆི་བདག་གཤིན་རྗེའི་རྒྱལ་པོ་གླང་དམར་པོའི་རྣམ་པ་ཅན་འཇིགས་སུ་རུང་བ་དང་ལས་མཁན་འཁོར་ཚོགས་དང་བཅས་པའི་ཁ་ལག་བཟེད་པའི་ནང་དུ་སོང་བས་ཡོངས་སུ་ངོམས་ཤིང་ཚིམ་པར་གྱུར། ཤ་འཁོན་བུ་ལོན་ལན་ཆགས་ཐམས་ཅད་བྱང་ཞིང་དག་ནས་རང་གཞན་རྣམས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་གྲོལ་ཞིང་དེ་དག་ཀྱང་བྱང་ཆུབ་སེམས་དང་ལྡན་པར་གྱུར་ནས་མཐར་ས་གས་པའང་སུམ་པར་གྱུར་ཐལ་བསམ་མོ། །དེ་ནས་རང་ལུས་ཀྱི་རྩ་གསུམ་འཁོར་ལོ་བཞི་སོགས་བདུད་རྩིའི་རྒྱུན་གྱིས་ཡོངས་སུ་གང་བས་དཔེར་ན་ཤེལ་བུམ་འོ་མས་གང་བ་ལྟར་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་ནས་དབང་བཞི་ཐོབ། སྒྲིབ་བཞི་དག །དགའ་བཞིའི་ཡེ་ཤེས་སྐྱེས། སྐུ་བཞིའི་གོ་འཕང་ཐོབ་པའི་རྒྱུ་གྱུར་པར་བསམས་ནས་ངེས་ཤེས་བསྐྱེད་ཅིང་། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །ཞེས་སོགས་འགྱོད་བཤགས་བརྗོད་མ་ཐག་བུའི་བྱ་བ་བཟང་པོ་བྱེད་པ་ལ་མས་ལྷག་པར་རྗེས་སུ་ཡི་རང་བ་བསྐྱེད་པ་ལྟར་རྡོར་སེམས་ཉིད་ཐུགས་དགྱེས་བཞིན་པ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དག་པ་ཡིན་ནོ་ཞེས་གསུང་གིས་དབུགས་དབྱུང་ཞིང་ཐུགས་ཐིག་ལེའི་རྣམ་པར་འོད་དུ་རིམ་གྱིས་ཞུ་ནས་རང་ལ་དབྱེར་མེད་དུ་ཐིམ་པའི་རྐྱེན་གྱིས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཇི་བཞིན་གནས་གྱུར་པའི་ཐུགས་ཀར་ཟླ་དཀྱིལ་ཡུངས་འབྲུའི་ཚད་ཀྱི་དབུས་སུ་ཧཱུྃ་མཐིང་གི་མདུན་དུ་ཨོཾ་དཀར་པོ། གཡས་སུ་བཛྲ་སེར་པོ། རྒྱབ་ཏུ་ས་དམར་པོ། གཡོན་དུ་ཏྭ་ལྗང་གུ་བཅས་གསལ་ཞིང་ངག་ནས་དེ་ལྟར་བཟླས་པའི་རྐྱེན་གྱིས་ཡིག་འབྲུ་ལྔ་པོ་ལས་འོད་ལྔའི་ཟེར་འཕྲོ་བའི་རྩེ་མོར་འདོད་ཡོན་གྱི་ལྷ་མོ་བསམ་གྱིས་མི་ཁྱབ་པས་མཆོད་རྫས་དུ་མ་ཐོགས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཚོགས་རྫོགས་ཤིང་སྒྲིབ་པ་བྱང་ནས་ཐུགས་རྗེ་བྱིན་རླབས་ཀྱི་ངོ་བོ་འོད་ལྔའི་རྣམ་པ་ཆར་ལྟར་བབ་སྟེ་རང་ལ་ཐིམ་པས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཡོངས་སུ་ཐོབ་པར་བསམ་པ་ནི་མདོར་ན་རང་དོན་ཆོས་སྐུ་རྟེན་འབྲེལ་བསྒྲིགས་པ་ཡིན་པར་གསུངས། ཡང་འོད་ཟེར་སྣ་ལྔ་མར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡུག་བསྔལ་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་སྟེ་ཕྱི་སྣོད་ཐམས་ཅད་མངོན་པར་དགའ་བའི་ཞིང་ཁམས་སུ་གྱུར། ནང་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའ་རིགས་ལྔར་གྱུར་པའི་ཞལ་ནས་སྔགས་ཀྱང་འུར་དི་རི་རི་སྒྲོགས་པར་བསམ་པ་ནི་གཞན་དོན་གཟུགས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན་པའི་ངེས་ཤེས་ལྷག་པར་བསྐྱེད་དོ། །དེ་ནས་མཐར་ཐུན་བསྡུ་བའི་སྐབས་སུ་གཞལ་ཡས་ཁང་ནང་བཅུད་ལ། ནང་བཅུད་གཙོ་བོ་ལ། གཙོ་བོ་ཨོཾ་ནས་རིམ་པར་ཐུགས་སྲོག་ཧཱུྃ་ལ་ཧཱུྃ་ཞབས་ཀྱུ་ལ། ཞབས་ཀྱུ་འ་ཆུང་ལ། འ་ཆུང་ཧ་ཁོག་ལ། ཧ་ཁོག་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ། ཐིག་ལེ་ན་དཱའི་བར་རིམ་གྱིས་རྗེས་ཞིག་གི་ཚུལ་དུ་བསྡུས་ནས་མཐར་ནམ་མཁའི་འཇའ་ཚོན་གནས་མེད་དུ་ཡལ་བ་བཞིན་དུ་གང་ལའང་མི་དམིགས་པ་སྤྲོས་བྲལ་གདོད་མའི་ངང་དུ་ཡུན་ཅི་རིང་དུ་མཉམ་པར་བཞག་པར་བྱ་ཞིང་། དེ་ནི་སྤྲོས་མེད་དོན་དམ་པའི་སྒོམ་བཟླས་མཐར་ཐུག་ཡང་ཟབ་མཆོག་ཏུ་གྱུར་པ་ཉིད་ཡིན་པས་རིམ་གྱིས་ཤེས་པར་བྱ་དགོས་ཏེ། རྡོར་སེམས་མངོན་བྱང་ལས། ཡེ་སྲུང་ཐིག་ལེ་ཉག་གཅིག་པུ། །སྤང་བླང་ཡོང་གྲོལ་ཕྱལ་བ་ཆེ། །རང་བྱུང་ལྷུན་གྲུབ་ཆོས་ཀྱི་སྐུ། །དེ་ལྟར་རྟོགས་ན་བཤགས་པའི་རྒྱལ། །ཞེས་དང་། ཇི་སྐད་དུ། དྲང་པོ་འདུག་ལ་ཡང་དག་བལྟ། །འདི་ནི་འགྱོད་ཚངས་རྒྱལ་པོ་ཡིན། །ཞེས་གསུངས་པ་ལྟར་དང་། ཆོས་ཀྱི་རྒྱལ་པོའི་མདོ་ལས། སེམས་ཅན་གཅིག་སྟེ་གཉིས་སུ་མེད་པར་ཤེས་ན། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་སྟེ། དཔེར་ན་མེ་ལོང་གི་སྟེང་དུ་ལོ་སྟོང་གི་རྡུལ་ཆགས་པའང་གོས་ཀྱིས་ཕྱིས་པས་རྡུལ་མེད་པ་དང་མཚུངས་སོ། །ཞེས་དང་། ཁང་སྟོང་གི་མུན་ནག་ལོ་སྟོང་སོང་བའང་གསལ་བའི་མར་མེ་གཅིག་གིས་སེལ་བ་ལྟར་སེམས་ལ་ངོ་བོ་ཉིད་མེད་པ་ཡང་དག་པའི་བདེན་པ་མཐོང་བས་བསྐལ་པ་གྲངས་མེད་ཀྱི་སྡིག་པ་སྐད་ཅིག་མ་ལ་སྦྱོང་བར་འགྱུར་རོ། །ཞེས་དང་། དོན་དམ་པར་འཇུག་པའི་མདོ་ལས། ལྷའི་བུ་པདྨ་དཀར་པོས་གསོལ་པ། འཇམ་དཔལ་ལས་ཀྱིས་སྒྲིབ་པ་ཇི་ལྟར་སྦྱང་བར་བྱ་སྨྲས་པས། ལྷའི་བུ་ལས་ཀྱི་སྒྲིབ་པ་ནི་ལས་ཉིད་ཡེ་ནས་དངོས་པོ་མེད་པར་ཤེས་ན་ཚེགས་མེད་པར་འདག་པར་འགྱུར་ཏེ། དུང་ལ་སོལ་བས་གོས་པ་ན་རས་ཀྱིས་ཕྱིས་པ་དང་མཚུངས་སོ། །ཞེས་གསུངས་པ་ལྟར་དགོངས་པའི་སྐྱེལ་སོ་ངོ་མ་དེ་ལྟ་བུ་ལ་རིམ་གྱིས་ཤེས་པ་གལ་གནད་ཤིན་ཏུ་ཆེ་བ་དང་། གཞན་ཡང་སྒོམ་བཟླས་འདི་ལ་བརྩོན་འགྲུས་ལྷག་པར་བསྐྱེད་པའི་སྟོབས་ཀྱིས་ཉེས་ལྟུང་ཕྲ་མོ་རྣམས་ནི་རྩ་བ་ནས་འབྱིན་ཅིང་འབྲིང་པོ་རྣམས་ཁ་བྲི་ཞིང་མྱུར་དུ་རྩ་བ་ནས་དག་པར་བྱེད་པ་དང་། ཆེན་པོ་རྣམས་མི་འཕེལ་ཞིང་མགོ་མནན་ཏེ་རིམ་གྱིས་ལྷག་མ་མེད་པར་བྱང་བར་འགྱུར་ཏེ། དཔེར་ན་ཉི་མས་ཁ་བའམ་འཁྱག་ཞུ་བ་ལྟར་རམ་མུན་པ་སེལ་བ་ཇི་བཞིན་སྡིག་པ་བྱང་བཏུབ་ན་བཤགས་སུ་བཏུབ་པའི་ཕྱིར་ཏེ། དྲི་མེད་བཤགས་པའི་རྒྱལ་པོ་ལས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཡང་སྙིང་ཡི་གེ་བརྒྱ་པ་འདི༔ བདུན་ནམ་ཉི་ཤུ་རྩ་གཅིག་གམ༔ བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང་༔ ཉམས་ཆགས་ཀུན་ཀྱང་བྱང་གྱུར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྲས་ཀྱི་དམ་པར་དགོངས་པར་འགྱུར༔ ཞེས་དང་། ལུང་རྣམ་དབྱེ་ལས། གང་གིས་སྡིག་པའི་ལས་བྱེད་པ། །དགེ་བ་ཡིས་ནི་མཐར་བྱེད་དོ། །ཉི་ཟླ་སྤྲིན་ལས་གྲོལ་བ་བཞིན། །འཇིག་རྟེན་འདིར་ནི་དེར་སྣང་འགྱུར། །ཞེས་དང་། བཤེས་སྤྲིངས་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པ་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཤིང་། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་སོགས་ཕན་ཡོན་གྱི་ལོ་རྒྱུས་དང་ལུང་འདྲེན་མཐའ་ཡས་པར་གསུངས་པ་ལྟར། ངེས་ཤེས་ལྷག་པར་རྙེད་པ་ནི་གལ་ཆེ་བའི་རང་བཞིན་དུ་བྱ་དགོས་ཤིང་། སླར་ཡང་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའ་གཙོ་འཁོར་ལམ་གྱིས་གསལ་ནས། དགེ་བ་འདི་ཡིས་སོགས་བསྔོ་སྨོན་གྱིས་རྒྱས་ཡོངས་སུ་ཐེབ་པར་བྱའོ། །དེ་ལྟར་དམིགས་པ་ཐམས་ཅད། དང་པོ་ཤེས་པ་གཅིག་གི་ཐོག་ནས་འཆར་དཀའ་བས་རེས་འགའ་རྡོར་སེམས་ཡབ་ཡུམ་ཞལ་ཕྱག་རྒྱན་ཆས་དང་བཅས་པ་རིམ་གྱིས་གསལ་ནས་བཟླས། རེས་འགའ་འགྱོད་པ་དང་སྡོམ་སེམས་དྲག་པོ་ཡང་ཡང་བསྐྱེད་དེ་སྔགས་འཁོར་བསྐོར་ཞིང་བདུད་རྩི་འབེབས་སྦྱང་བྱ། རེས་འགའ་རང་ཉིད་རྡོར་སེམས་གནས་འགྱུར་གྱིས་དོན་གཉིས་བྱེད་པའི་དམིགས་པ་སྤྲོ་བསྡུ་སོགས་ལ་སེམས་རྩེ་གཅིག་ཏུ་གཏད་དེ་བཟླས་པར་བྱ་དགོས་པ་ཡིན་མ་གཏོགས། རང་ཡིད་རང་ལ་ཆེས་པ་ཞིག་ངེས་པར་མ་འགྲུབ་ཕྱིན་ཆོད་སྡིག་སྒྲིབ་དག་པ་ལ་ཕྱོགས་ཙམ་ག་ལ་ཉེ་བས། དེས་ན་བླ་མ་ལྷའི་ལེགས་སོ་ཞེས་གནང་བ་ཐོབ་པ་དང་། རི་རྩེར་ཕྱིན་པ་དང་། ནམ་མཁར་འཕུར་བ་དང་། ཉི་ཟླ་ཤར་བ་དང་། མེ་ཏོག་གི་ཚལ་དང་། ཁྲུས་བྱས་པ་དང་། གོས་དཀར་གྱོན་པ་དང་། ཤེལ་གྱི་མཆོད་རྟེན་རྙེད་པ་དང་། ལུས་ནས་མི་གཙང་བ་དང་འབུ་སྲིན་རྡོལ་བ་སོགས་དངོས་ཉམས་རྨི་ལམ་དུ་བྱང་བའི་རྟགས་མཚན་རྣམས་མངོན་དུ་མ་གྱུར་གྱི་བར་དུ་ཤུགས་དྲག་ལ་རྒྱུན་རིང་པོར་འབད་པ་གལ་ཤིན་ཏུ་ཆེ་སྟེ། ད་དུང་ཅི་ཡི་ཕྱིར་སྙམ་ནས་ཐེ་ཚོམ་འདྲ་སྐྱེས་ན་ཚེ་འདིའི་རྒྱལ་པོ་དང་བཙན་པོ། གཉེན་ཉེ་འབྲེལ་དང་ཡུལ་མི་སོགས་ཀྱི་ཕྱིར་རམ། ཡང་ན་ཁེ་གྲགས་གཏམ་སྙན་གྱི་ཕྱིར་རམ། ཡང་ན་དགྲ་འདུལ་གཉེན་སྐྱོང་གི་ཕྱིར་རམ། ཡང་ན་རང་གི་ཟས་གོས་རྒྱུ་ནོར་སོགས་ཀྱི་ཆེད་དུ་སྡིག་པ་ཆེ་ཕྲ་ཇི་ལྟར་བསགས་ཀྱང་རང་འཆི་དུས་བཞག་ས་མེད། བགོ་ས་མེད། གཞན་གྱི་ཁུར་རོགས་མི་བྱེད། དངོས་བརྒྱུད་བར་གསུམ་ནས་བསགས་པའི་སྡིག་པ་ཆེ་ཕྲ་ཐམས་ཅད་ཚེགས་མེད་རང་ཐོག་ཏུ་འོང་ནས་ལས་འབྲས་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་དུ་མ་བར་མེད་ཡུན་རིང་པོར་མྱོང་ནས་ཉམ་ཤིན་ཏུ་ཐག་པར་འགྱུར་བའི་དུས་དེར་སྔར་གྱི་རྒྱལ་བློན་ཉེ་འབྲེལ་སོགས་ཀྱི་སེམས་ཀྱིས་ཤེས་མཁན་མེད། རྣ་བས་ཐོས་མཁན་མེད། ལྟ་རྟོག་ཅུང་ཟད་ཙམ་ཡང་ཕེར་མཁན་མེད། རྒྱུ་ནོར་སྙན་གྲགས་ཐོབ་ཐང་སོགས་ཀྱིས་ཕན་པ་དང་སྐྱོབས་མཁན་སྐྲ་རྩེ་ཙམ་ཅང་མི་ཡོང་བར་ཐ་ན་རང་གི་མཐོང་ཕྱོགས་དང་ཐོས་ཕྱོགས་ཀྱི་ཡུལ་གྲུ་ཙམ་དུའང་དེ་དུས་མི་འོང་སྟེ། དེ་རྣམས་ཀྱི་ངན་གཡོ་ཆེན་པོས་རང་ཉིད་ཆེད་དུ་བསླུས་བཞག་པ་ལྟ་བུར་གྱུར་ནས། སྡིག་པ་ཆེ་ཕྲ་གང་བྱས་ཐམས་ཅད་ཀྱི་འབྲས་བུ་ནི་རང་རྐྱང་པའི་ཁུར་ཆེན་རི་བོ་ལྟ་བུར་ཁུར་ཏེ་ལྷག་མ་མེད་པ་སྦྱང་དགོས་ཤག་རེད་པས་དེས་ན་ད་ལྟ་ཐབས་ཤེས་གཉིས་ཀ་ལྡན་པའི་དུས་འདིར་དང་པོ་ནས་སྡིག་པས་མ་གོས་པའི་ཐབས་ལ་འབད་པ་ཅི་ནས་བྱ་དགོས་ཏེ། དཔེར་ན་རྫི་བོས་ཕྱུགས་ལུག་རྣམས་དགྲ་རྐུན་གཅན་གཟན་སོགས་ཀྱིས་བརླག་དོགས་ཀྱིས་ཉིན་མཚན་ཀུན་ཏུ་འཚོ་སྐྱོང་ཁོ་ནར་བྱེད་ཅིང་སྔ་དགོང་ཉིན་རེ་བཞིན་བསྔོ་བགྲང་དུ་མར་བྱེད་པ་ལྟར་དུ། རང་རེ་ནས་དྲན་དང་ཤེས་བཞིན་ལྡན་པའི་སྒོ་ནས་སྡིག་སྤང་དགེ་སྒྲུབ་རྣམས་འཆོལ་ཉོག་རེད་ཀྱིན་ཨེ་འདུག་མི་འདུག་དྲན་ཤེས་བག་ཡོད་ཀྱིས་བརྟག་དཔྱད་རྒྱུན་དུ་བྱ་ཞིང་། གལ་ཏེ་མི་དགེ་བའི་ལས་ཀྱི་རིགས་རྐྱེན་ངན་གློ་བུར་བས་བསགས་ཤོར་ཚེ་ལྟུང་བ་དེ་དང་འགྲོགས་ནས་ལེ་ལོ་སོགས་བྱས་ན་དུག་མདའ་ངན་པས་ཟིན་པ་ལྟར་རྒྱུད་འབྱམས་ནས་ཉེས་ལྟུང་སྣ་རེས་དམྱལ་བར་བསྐྱུར་ནུས་པར་གསུངས་པས། དེས་ན་ལྟུང་བ་དང་ཞག་ཏུ་ལན་གཅིག་གམ་སྐད་གཅིག་ཙམ་ཡང་མི་འགྲོགས་པར། དཔེར་ན་ཟས་དང་དུག་ནོར་དུས་ལ་འུར་སྐད་ཅིག་གཅིག་གིས་སྨན་པ་བོས་ཏེ་བཤལ་སྐྱུགས་གང་དྲག་གཏོང་དགོས་པ་ལྟར་སྡིག་བྱས་ལ་འགྱོད་པ་དྲག་པོས་མྱུར་དུ་བཤགས་ནས་ཡོངས་སུ་བྱང་བར་བྱ་དགོས་ཤིང་། མ་ཟད་ཕྱིན་ཆད་སྡིག་པ་མི་དགེ་བའི་རིགས་གཏན་ནས་མི་བྱ་བར་བསྡམས་པས་འཕྲོ་རྦད་ཀྱིས་ཆོད་ངེས་པར་བྱ་དགོས་པ་ཡིན་ཏེ། དཔེར་ན་སྔར་དུག་ནད་དྲག་པོས་མནར་བའི་མི་དེས། ཕྱིས་དུག་གི་སྒྲ་ཙམ་ཐོས་ནའང་ཤིན་ཏུ་འཇིགས་དངངས་དྲག་པོ་ལྷང་གི་སྐྱེས་ནས། ཟས་དང་སྤྱོད་ལམ་ལ་དུག་འདྲེས་དོགས་ཀྱིས་ཕྱོགས་དང་དུས་རྣམས་ཀུན་ཏུ་གཟབ་ཆ་རྩེ་གཅིག་བྱེད་པ་ལྟར་སྡིག་པའི་འཁྲུན་ཡོངས་སུ་ཆོད་པར་བྱེད་པ་ལས། སྐུད་པ་ཡར་སྒྲིམ་ཕྱིར་སྒྲིམ་བྱས་པ་ལྟ་བུས་སྡིག་པ་འདག་པ་དང་དགེ་བའི་དོན་འགྲུབ་པ་ཅིའང་མི་ཡོང་བས་ན་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་བརྟེན། ཤེས་བཞིན་པའི་བྱ་ར་བྱེད། བག་ཡོད་ཀྱི་ཚུལ་བཞིན་གནས་དགོས་པ་སོགས་ཡང་དག་པའི་དགེ་བ་འགྲུབ་འདོད་རྣམས་ཀྱིས་ཐོག་མཐའ་བར་གསུམ་སྡིག་པ་ཡོངས་སུ་སྦྱང་བའི་ཐབས་ཁོ་ན་དེ་ལྟར་ཐུགས་ལ་གཅིག་ཏུ་ཞོག་མཛོད།།  ༈  །།དེ་ལྟར་འགལ་རྐྱེན་སྡིག་སྒྲིབ་གྱི་ཉེས་ཚོགས་ཆེས་ཆེར་ཕར་བསལ་བར་བྱས་ནས། དག་པ་ཡེ་ཤེས་ཀྱི་ཆོས་སྐུ་མངོན་དུ་གྱུར་པའི་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་མཎྜལ་གྱི་རིམ་པ་ནི། དེའང་དང་པོ་ཚོགས་རྫོགས་པ་མཎྜལ་ཅེས་པའི་དོན་ནི་འབུལ་ཡུལ་དང་། འབུལ་བྱ་དང་། འབུལ་བྱེད་ཀྱི་རྣམ་པ་ཕུན་སུམ་ཚོགས་པས་ན་ཚོགས་ཞེས་པ་དང་། བསོད་ནམས་ཀྱི་ཚོགས་བསགས་པའི་རིམ་པ་ཐམས་ཅད་མཎྜལ་གྱིས་ཁོངས་སུ་ཅིག་ཆར་དུ་རྫོགས་པར་བྱེད་པས་ན་རྫོགས་ཞེས་པ་དང་། དེ་ལྟར་ལག་ཏུ་ལེན་པར་བྱེད་པའི་ཐབས་མཎྜལ་མཆོག་ཏུ་འཕགས་པ་ཡིན་པས་ན་རྫོགས་པར་བྱེད་པ་ཞེས་བྱ་སྟེ། རྒྱ་སྐད་དུ་མཎྜལ་ཅེས་པའི་དོན་ནི་བོད་སྐད་དུ་དཀྱིལ་འཁོར་ཞེས་ཟེར་བ་ཡིན་གྱི། དེ་ལྟ་བུ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འབུལ་བས་ན་འབུལ་ཞེས་བྱ་སྟེ། དེ་ལྟར་འབུལ་དགོས་པའི་དོན་སོགས་ནི། ཐ་ན་ད་ལྟ་འབྱོར་བ་ཡོད་མེད་རྣམས་ལ་དཔྱད་པ་རེ་གཏོང་ན། འདི་ལྟར་འཇིག་རྟེན་ན་ཕྱི་ཡུལ་གྱི་ས་ཞིང་ཆུ་ཤིང་ལོ་འབྲས་སྤང་ལྗོངས་བྲག་རི་ཡིད་འོང་སོགས་དང་། ནང་བཅུད་ཀྱི་སྐྱེ་འགྲོ་འཁོར་སློབ་འབངས་དང་སྒོ་ཟོག་དུད་འགྲོའི་རིགས་དང་། རིན་པོ་ཆེའི་རིགས་དང་རྒྱུ་ནོར་རྫས་བཟའ་བཏུང་ཟས་གོས་ལོངས་སྤྱོད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ་དང་། གསང་བ་རང་ལུས་ལ་དབང་པོ་སྒོ་ལྔ་དང་། སེམས་ལ་ཤེས་རབ་ཀྱི་འབྱོར་ཚོགས་དང་བཅས་པའང་སྔོན་རྣམ་དཀར་གྱི་ཚོགས་ཆེ་ཕྲ་ཇི་ལྟར་བསགས་པའི་འབྲས་བུ་ཁོ་ན་ལས་འབྱུང་བ་དང་། དེ་བཞིན་དཔྱད་ན་དབུལ་པོ་རྣམས་ལ་བདག་ཏུ་འཛིན་པའི་ས་དང་ཁང་ཁྱིམ་དང་། ཟས་གོས་སོགས་ཅུང་ཟད་ཙམ་ཡང་མེད་པར་ལུས་ལ་དབང་པོ་མ་ཚང་བ་དང་། ཤེས་པ་ལྐུགས་པ་དང་། མཐོང་བ་ཙམ་གྱིས་སྡུག་པ་དང་། འཁྱག་ལྟོགས་སྐོམ་གསུམ་དང་། ནད་གདོན་རྐྱེན་ངན་སྣ་ཚོགས་ཀྱིས་དུས་རྟག་ཏུ་ཤིན་ཏུ་མནར་ཏེ་ཕན་པའི་ཐབས་དང་འབྱོར་བའི་རྣམ་པ་གང་གིས་ཀྱང་དབུལ་བ་དེ་དག་ནི་སྔོན་བསོད་ནམས་ཀྱི་ཚོགས་མ་བསགས་པས་ན། ད་ལྟ་འབྲས་བུ་བདེ་སྐྱིད་ཀྱི་འབྱོར་བས་དབུལ་བ་ལས། གཞན་གང་གིས་ལན་པ་མ་ཡིན་ནོ། །དེ་བཞིན་སྔོན་བསྐལ་པ་བཟང་དུས་ལྟར་རྒྱལ་བློན་དང་སྡེ་འབངས་རྣམས་ནི་དེང་སང་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་བ་དང་ཡང་དག་པ་གསོག་མཁན་མེད་པའི་དབང་གིས་འབྲས་བུ་ཕལ་ཆེར་དབུལ་པོའི་རང་བཞིན་ཆབས་ཅིག་ཏུ་བྱུང་དང་འབྱུང་ལ་ཉེ་བ་ཤ་སྟག་སྟེ། དཔེར་ན་ས་བོན་རུལ་བའི་མྱུ་གུ་ལྟར་རམ། ཤུལ་རིང་མགྲོན་པོའི་ལམ་བརྒྱག་ཟད་པ་ལྟར་རམ། ལྟག་ཆུ་བསྐམས་པའི་རང་འཐག་བཞིན་དུ་འགྱུར་བ་དང་། མ་ཟད་རང་རེ་བླ་མ་གྲྭ་པ་ཆོས་བྱེད་རྣམས་ནི་རང་གཞན་གཉིས་དོན་གྱི་ཕྱིར་དུ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་མཁན་གྱི་གཙོ་བོ་ཡིན་རུང་། དེས་ཀྱང་དངོས་སུ་རྒྱུ་སྦྱོར་འབྱོར་བ་རྒྱ་ཆུང་བ་དང་ཁྱད་པར་སེམས་བསྐྱེད་དང་བསྐྱེད་རྫོགས་སོགས་ཀྱི་དོན་གཉེར་ཡང་དག་པ་ལྡན་མཁན་ཆེས་ཆེར་དཀོན་པ་དང་། མི་དགོས་པ་ཚེ་འདིའི་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་འཆོར་ནས་བསོད་ནམས་ཀྱི་ཚོགས་ཡང་དག་པ་གསོག་མཁན་མཆོད་ཡོན་གང་ལའང་དཀོན་པའི་ཕྱིར། དེའི་མཐུ་ལས་ད་ལྟ་ཕལ་ཆེར་ལ་ཡར་དཀོན་མཆོག་ལ་མཆོད་པ་དང་མར་ངན་སློང་ལ་སྦྱིན་པ་གཏོང་རྒྱུ་སོགས་ཆེར་མེད་ཐོག་ཐ་ན་རང་གི་ལོངས་སྤྱོད་རྒྱུ་ཟས་གོས་གཉིས་པོ་ཙམ་ཡང་དབུལ་གྲབས་ཀྱིས་དབྱར་ལྡོམ་སྟོན་ལྡོམ་རྒྱུན་དུ་བྱེད་དགོས་པ་མ་ཟད་ཚོང་ཁེ་སྤོག་དང་སྡིག་པའི་ལས་ལ་ཕལ་ཆེར་འབག་པ་ལས་ཐབས་ཅི་བྱ་མེད་པ་ལྟ་བུར་གྱུར་ནས་དགེ་བ་སྒྲུབ་པའི་ལོང་ཁོམ་ཆེར་མི་ཡོང་བ་རེ་དོགས་རྩོལ་སྒྲུབ་རྣམ་གཡེང་ཁོ་ནའི་དབང་དུ་ཚེ་ཟད་དགོས་པ་དེ་ཚོ་ཡང་རྒྱུ་བསོད་ནམས་ཀྱི་ཚོགས་ལེགས་པར་མ་བསགས་པའི་ལན་གྱིས་འབྲས་བུ་བདེ་སྐྱིད་ཀྱི་འབྱོར་ཚོགས་གང་གིས་ཀྱང་དབུལ་བ་ཡིན་འདུག་མོད་དེས་ན་འབད་རྩོལ་རི་བོ་ཙམ་བཟོ་བ་ལས། བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བའི་རང་བཞིན་ཡིན་ཏེ། རྒྱལ་བའི་བཀའ་བླ་མའི་ལུང་རང་རེའི་རིགས་པ་ཚད་མ་སོགས་ཀྱིས་ད་ལྟར་མཐོང་ཆོས་མྱོང་གྱུར་དུ་མངོན་སུམ་གྲུབ་འདུག་པས་ན་ཚོགས་བསགས་པའི་རིམ་པ་ལ་འབད་པ་ལྷག་པར་དུ་གལ་ཆེ་བ་དང་། བྱེ་བྲག་ཏུ་རང་རྒྱུད་ཀྱི་དགེ་བའི་བག་ཆགས་ཀྱི་རིགས་ཡོངས་སུ་སད་པ་དང་། དངོས་གཞིའི་ཉམས་མྱོང་འཕྲལ་དུ་སྐྱེ་སླ་ཞིང་གེགས་དང་གོལ་ས་རྣམས་ཆུང་བ་དང་ཁྱད་པར་རང་རེ་རྣམས་ཀྱིས་བསྒྲུབ་བྱ་དོན་དུ་གཉེར་བ་མཐར་ཐུག་རང་དོན་དུ་རྟོགས་པ་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་དང་། གཞན་དོན་དུ་ཐུགས་རྗེ་ཕུན་སུམ་ཚོགས་པ་གཟུགས་ཀྱི་སྐུ་སྟེ་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱིར་སྐུ་གཉིས་ཐོབ་པར་བྱེད་པ་སོགས་ཀྱི་དགོས་ཆེད་དུ་མ་ཡོད་པས་ན་ཚོགས་ལེགས་པར་གསོག་དགོས་ཏེ། མཎྜལ་གྱི་མདོ་ལས། འདི་ལ་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འབྱུང་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་སོགས་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བར་འགྱུར། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །ཞེས་དང་། རྒྱུད་ལས་ཀྱང་། ཚོགས་མ་བསགས་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང་། །ཚོགས་བསགས་པ་ལ་དངོས་གྲུབ་འབྱུང་། །ཏིལ་ལམ་འོ་མའི་མར་བཞིན་ནོ། །ཞེས་དང་། མདོ་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་བར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་ལུས་ངག་ཡིད་གསུམ་དང་ཕྱི་ནང་གསང་བའི་འབྱོར་བ་ཅི་རིགས་པའི་སྒོ་ནས་ཚོགས་བསགས་པའི་རིམ་པ་མཐའ་ཡས་པར་གསུངས་པའི་ནང་ཚན་མཆོག་ཏུ་གྱུར་པ་ནི་མཎྜལ་ཕུལ་བའི་རིམ་པ་འདི་ཉིད་རང་ཡིན་ཏེ། ཅི་ཕྱིར་སྙམ་ན་དངོས་པོའི་རྒྱུ་ནོར་རྫས་ལོངས་སྤྱོད་ཀྱི་འབྱོར་བ་ནི་རྒྱ་ཆུང་ཞིང་སྡིག་ཚོགས་དང་སེར་སྣའི་དྲི་མས་ཐོག་མཐའ་བར་དང་དངོས་བརྒྱུད་བར་གསུམ་ནས་མ་གོས་པ་ནི་ཇི་ལྟར་བྱས་ཀྱང་འབྱུང་དཀའ་ཞིང་། དེས་ན་གླིང་བཞི་གླིང་ཕྲན་སྟོང་གསུམ་འཇིག་རྟེན་གྱི་ཞིང་རབ་འབྱམས་མཐའ་དང་མུ་མེད་པ་རྣམས་དང་། ཐ་ན་བདག་ལུས་ལོངས་སྤྱོད་དང་བཅས་པ་སྒོ་གསུམ་འདུན་པ་གཅིག་དྲིལ་གྱི་བློ་ཡིས་ཡོངས་སུ་འཁྱུད་དེ་འབུལ་བ་ནི་བྱ་སླ་ལ་ཆོད་ཆེ་བའི་རང་བཞིན་གསང་སྔགས་ཐབས་ཀྱི་ཁྱད་ཆོས་དུ་མས་འཕགས་པ་ཉིད་ཡིན་ཏེ། གསང་འདུས་ལས། ཞིང་འདིར་རྒྱལ་སྲིད་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་འཇོ་བའི་གཞི། །ཉིན་བཞིན་ཤེས་རབ་ཅན་གྱིས་ཕུལ། །ཞེས་དང་། ཏཻ་ལོས། བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་ཡིན། །དོན་སྐྱེ་བ་མེད་པ་མ་རྟོགས་བར། །ཚོགས་གཉིས་ཤིང་རྟའི་འཕང་ལོ་དང་། །འབྲལ་བར་མ་བྱེད་ནཱ་རོ་པ། །ཞེས་དང་། ཁྱེའུ་སྣང་བྱེད་ཀྱི་ཞུས་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་ཀུན། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །དེ་ཡང་ཐབས་མཆོག་བླ་མེད་མཎྜལ་ཡིན། །ཞེས་སོགས་ཕན་ཡོན་མཐའ་ཡས་པ་དུ་མར་གསུངས་པ་ལྟར་ངེས་ཤེས་ཁྱད་འཕགས་ལྷག་པར་རྒྱུད་ལ་འབྱོར་བར་སྔོན་དུ་བྱས་ཏེ་ལག་ལེན་དངོས་སུ་བཏབ་པའི་སྐབས་སུ་མཎྜལ་གྱི་རྒྱུ་ནི་རབ་རིན་པོ་ཆེའི་རིགས་དང་། འབྲིང་འཁར་བ་དང་། ཟངས་ལ་སོགས་པ་དང་། བཀོད་རྒྱུའི་ཚོམ་བུ་ལའང་། རབ་རིན་པོ་ཆེའི་རིགས། འབྲིང་སྨན་སྣ་འབྲུ་རིགས་སོགས་ཅི་འབྱོར་རྣམས་རྡོ་ཐལ་དང་ཕུབ་མ་བྱ་བྲུན་སོགས་ཞིབ་པར་བསལ་ལ་ཆུས་བཀྲུ་ཞིང་། དྲི་བཟང་གིས་ཁ་དོག་བསྒྱུར་ནས་བ་བྱུང་གི་ཆུས་བྱུག་པ་དང་བཅས་ཚོགས་པར་བྱས་ནས་གནས་ཁང་བྱི་དོར་བྱས་ཆག་ཆག་བཏབ། མཆོད་པ་རྣམ་ལྔ་སོགས་རྒྱུ་བཟང་བ། སྤུས་གཙང་བ། བཀོད་ལེགས་པ་གསུམ་གྱི་སྒོ་ནས་རྒྱུན་མི་འཆད་པར་འབུལ། ཁྱད་པར་དངོས་སུ་སྟོན་པའི་སྐུ་དང་། སྡུད་པ་དང་གསང་སྙིང་རྩ་བ་གསུང་དང་། བཀའ་གདམས་མཆོད་རྟེན་སོགས་མཆོད་སྟེགས་ལ་བཀོད་ནས་སྒྲུབ་པའི་མཎྜལ་ནི་ཚོམ་བུ་ལྔ་འགོད་དེ་མཆོད་པའི་བྱེ་བྲག་གིས་བསྐོར་ཏེ་མདུན་སྟེགས་ཁར་བཞག་ལ་དམིགས་རྟེན་བྱས་ནས། ཨུ་རྒྱན་རྡོ་རྗེ་འཆང་སོགས་རྟེན་དང་བརྟེན་པའི་ཚོགས་ཞིང་རྣམས་ཁྲ་ལམ་མེར་སྤྱི་ལྟར་གསལ་བའི་སྤྱན་སྔར། མཆོད་པའི་མཎྜལ་དེ་མེ་ཏོག་ཅུང་ཟད་དང་བཅས་ལག་གཡོན་གྱིས་བཏེགས་ཏེ་སེམས་ཀྱི་དྲི་མ་མེད་པ་མཚོན་ཕྱིར་མཎྜལ་དེ་གཡས་ཀྱི་མཁྲིག་མས་ཕྱི་ནང་ལན་གསུམ་རེ་རེར་ཕྱིས་ནས་ཡན་ལག་བདུན་པ་བརྗོད་ཅིང་ཚིག་རྗེས་དོན་དྲན་བྱས་པའི་ངང་ནས་ས་སྐྱ་འགྲོ་མགོན་འཕགས་པས་མཛད་པའི་ལུགས་མཎྜལ་སོ་བདུན་མ་ཞེས་པ་འདི་གསར་རྙིང་ཀུན་ལ་ཡོངས་གྲགས་ཡིན་པས་དེ་ལྟར་ལག་ལེན་བཏབ་པ་ལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་པ་ནི་ས་གཞི་བྱིན་རླབས་ཀྱི་སྔགས་ཏེ་བོད་སྐད་དུ་རྡོ་རྗེའི་ས་གཞི་ཟེར་བ་ཡིན་པས་དེའི་ཚེ་བྱང་ཆུབ་སེམས་ཀྱི་རྒྱུན་བརླན་པའི་ཕྱིར་བ་བྱུང་དང་དྲི་བཟང་གིས་ཆག་ཆག་གདབ་སྟེ་འོག་གཞི་འབྱུང་བ་ནམ་མཁའ་སྔོན་པོ་དབྱིབས་གྲུ་གསུམ་པའི་སྟེང་དུ་རླུང་གི་རྡོ་རྗེ་རྒྱ་གྲམ་ལྗང་ཁུ་རྒྱ་ཡངས་པ། དེའི་སྟེང་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ཚད་གོང་དང་མཉམ་པ་ཞིག་འཁྱིལ་ནས་ཡོད་པའི་ཟུར་བཞི་ནས་འོག་གི་རླུང་ཅུང་ཟད་གཡོ་བའི་རྐྱེན་གྱིས་རྒྱ་མཚོའི་སྟེང་དུ་རིམ་པར་སྤྲིན་མ་ལྟ་བུ་ཞིག་ཆགས་ཏེ་མཐར་དབང་ཆེན་གསེར་གྱི་ས་གཞི་ཁོད་སྙོམས་པ་རྒྱ་ཁྱོན་རབ་ཏུ་ཡངས་པ་མཛེས་ཤིང་ལྟ་ན་སྡུག་པ་སྤོས་ཆུས་ཡོངས་སུ་གང་བ་མེ་ཏོག་སྣ་ཚོགས་བཅལ་དུ་བཀྲམ་པ་བཅས་གསལ་བར་དམིགས་ལ། དེ་ནས་གཡས་མཐེབ་སྲིན་གྱིས་མེ་ཏོག་གི་ཚོམ་བུ་བཟུང་སྟེ་ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ་ཞེས་པ་ནི་སྣོད་ཀྱི་ཡུལ་བྱིན་གྱིས་རླབས་པ་སྟེ་བོད་སྐད་དུ་རྡོ་རྗེའི་ལྕགས་རི་ཟེར་བ་ཡིན་པས་དེའི་ཚེ་གཞིའི་གཡས་སུ་བསྐོར་ནས་དབུས་སུ་བཞག་སྟེ་ཧཱུྃ་ཞེས་བགེགས་བསལ་ཞིང་། གླིང་བཞིའི་ཕྱི་རིམ་ལྕགས་རི་ནག་པོས་བསྐོར་བར་བསམ་ལ། དངོས་སུ་ལྕགས་རི་ཡོད་ན་ཕྱི་མ་དེ་རུ་རང་འགོད། སླར་ཡང་དེའི་སྟེང་དུ་ཚོམ་བུ་ཆེ་བ་ཞིག་འགོད་དེ་གསེར་གྱི་ས་གཞིའི་དཀྱིལ་དུ་རྒྱ་མཚོ་ཆེན་པོ་ཞིག་གི་དབུས་ན་རིའི་རྒྱལ་པོ་རི་རབ་གྲུ་བཞི་པ་འོག་མ་དང་པོ་གཡུའི་རྡོ་རྗེ་ཅན། གཉིས་པ་རྣམ་དཔུང་། གསུམ་པ་ཤེལ་འོད་འབར་བ། བཞི་པ་འཁོར་ལོ་རྣམས་བརྩེགས་ཞེས་པ་དང་། བུམ་ལྟེ་ཟླུམ་པོ་དང་བཅས་པ་ཤར་ཤེལ་ལས་གྲུབ་པའི་དཀར་པོ། ལྷོ་བཻཌཱུརྻ་ལས་གྲུབ་པའི་སྔོན་པོ། ནུབ་པད་རག་ལས་གྲུབ་པའི་དམར་པོ། བྱང་གསེར་ལས་གྲུབ་པའི་སེར་པོ་སྟེ་ཤིན་ཏུ་མཛེས་ཤིང་ལྷུན་ཆགས་པས་ན་རི་དབང་ལྷུན་པོ་ཞེས་པ་ཡིན་ཞིང་། དེའི་མཐའ་སྐོར་དུ་གཉའ་ཤིང་འཛིན་ལ་སོགས་པ་གསེར་གྱི་རི་བདུན་ཏེ། གཉའ་ཤིང་འཛིན་ཞེས་པ་ནི་ཤིང་རྟའི་གཉའ་ཤིང་ལྟར་རྩེ་མོ་དྲང་བ། བཤོལ་མདའ་འཛིན་ཞེས་བཤོལ་མདའ་ལྟར་དྲང་བ། སེང་ལྡེང་ཅན་ཞེས་རྩེ་མོ་ན་ནགས་ཚལ་ཡོད་པ། ལྟ་ན་སྡུག་ཅེས་རྩེ་མོ་མཛེས་པ། རྟ་རྣ་ཅན་ཞེས་སྟེང་ན་བྲག་རྟའི་རྣ་བ་ལྟ་བུ་ཡོད་པ། རྣམ་འདུད་ཅེས་རྩེ་མོ་ནང་དུ་འདུད་པ། མུ་ཁྱུད་འཛིན་ཞེས་ཐམས་ཅད་ཀྱི་མཐའ་ནས་བསྐོར་བས་ན་དེ་སྐད་ཟེར་བ་ཡིན་འདུག །དེ་བཞིན་རོལ་མཚོ་ཡན་ལག་བརྒྱད་ལྡན་གྱིས་བསྐོར་བའང་བསིལ་དྲོད་སྙོམས་པ། ལྗིད་ཡང་པ། རེག་བྱ་འཇམ་པ། རྙོག་པ་མེད་པ། རབ་ཏུ་དྭངས་པ། དྲི་མ་མེད་པ། མགྲིན་པ་ནས་འཇུག་བདེ་བ། ལྟོ་ལ་འཇུ་བདེ་བས་ན་ཡན་ལག་བརྒྱད་དང་ལྡན་པའི་རོལ་མཚོ་བདུན་གྱིས་བསྐོར་བ་མ་ཟད། རི་རབ་ཀྱི་སྟེང་ཕྱོགས་སུམ་ཅུ་རྩ་གསུམ་ལྷའི་གྲོང་ཁྱེར་ན་བརྒྱ་བྱིན་གྱི་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དང་། སྐྱེད་མོའི་ཚལ་ཁྲུས་ཀྱི་རྫིང་བུ། དཔག་བསམ་གྱི་ཤིང་། ལྷའི་རྡོ་ཨར་མོ་ནིག །ནོར་བུའི་ཕུང་པོ། མེ་ཏོག་རྙིང་པ་དོར་ཞིང་གསར་པ་བཅལ་དུ་བཀྲམ་པ༑ ལམ་སྲང་རྣམས་སུ་གསེར་གྱི་ཕྱེ་མ་བརྡལ་བ་ཙནྡན་གྱི་ཆུས་ཆག་ཆག་གདབ་པ་སོགས་འབྱོར་ཚོགས་བསམ་གྱིས་མི་ཁྱབ་པ་དང་། རི་རབ་ཀྱི་བང་རིམ་དང་གསེར་གྱི་རི་བདུན་ལ་རྒྱལ་ཆེན་རིགས་བཞིའི་ལྷ་དང་རོལ་མཚོ་བདུན་ཀླུ་རིགས་བཞི་སོགས་འདོད་དགུའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་བཅས་གསལ་ལ། དེ་ནས་ཤར་རང་ཕྱོགས་ནས་རྩིས་པས་ཚོམ་བུ་རེར་རིམ་པར་བཀོད་ལ་འཛམ་གླིང་གི་མི་ལས་བདུན་འགྱུར་གྱི་ལུས་དཔངས་མཐོ་བས་ན་ལུས་འཕགས་གླིང་ཞེས་བྱ་སྟེ་རྒྱུ་ནི་ཆུ་ཤེལ་ལས་གྲུབ་པ་དབྱིབས་ཟླ་གམ་སྟེ་ཟླ་བ་ཕྱེད་པ་ལྟ་བུ་དང་། རྒྱ་མཚོའི་ནང་ཤིང་འཛམ་བུ་བྲྀཀྵའི་ལོ་མ་ལྷུང་དུས་འཛམ་བུ་ཞེས་སྒྲ་གྲགས་པས་ན། ལྷོ་འཛམ་གླིང་ཞེས་བྱ་སྟེ་རྒྱུ་ནི་བཻཌཱུརྻ་ལས་གྲུབ་པ་དབྱིབས་སོག་ཁ་ཡིན། ནུབ་ཕྱོགས་ཀྱི་མི་རྣམས་ཀྱིས་བ་བཞོ་ཞིང་གླང་ལ་ཞོན་པས་ན། ནུབ་བ་གླང་སྤྱོད་ཞེས་བྱ་སྟེ་རྒྱུ་ནི་པད་རག་ལས་གྲུབ་པ་དབྱིབས་ནི་ཟླུམ་པོ་ཡིན། བྱང་ཕྱོགས་ཀྱི་མི་རྣམས་ཚེའི་དུས་ལ་བབ་བོ་ཞེས་དཔག་བསམ་གྱི་ཤིང་ལས་སྒྲ་མི་སྙན་པར་གྲགས་པས་ན། བྱང་སྒྲ་མི་སྙན་ཞེས་བྱ་སྟེ་རྒྱུ་ནི་གསེར་ལས་གྲུབ་པ་དབྱིབས་གྲུབ་བཞི་པ་བཅས་དམིགས་ལ་ཚོམ་བུ་སོ་སོར་བཀོད། དེ་ལྟར་ལྷུན་པོ་གསེར་རི་མུ་ཁྱུད་གླིང་བཞི་རྣམས་ནི་བསྐལ་པ་དང་པོ་ཆགས་པའི་དུས་རླུང་གིས་འབྱེད་སྡུད་རབ་འབྲིང་ཐ་མས་རིམ་གྱིས་གྲུབ་པར་བཤད་ཅིང་། དེ་བཞིན་ཤར་གྱི་རིའི་གཡས་སུ་ལུས་དང་། གཡོན་དུ་ལུས་འཕགས་དང་། ལྷོ་རིའི་གཡས་སུ་རྔ་ཡབ་དང་། གཡོན་དུ་རྔ་ཡབ་གཞན། ནུབ་རིའི་གཡས་སུ་གཡོ་ལྡན་དང་། གཡོན་དུ་ལམ་མཆོག་འགྲོ། བྱང་གི་གཡས་སུ་སྒྲ་མི་སྙན་དང་། གཡོན་དུ་སྒྲ་མི་སྙན་གྱི་ཟླ་ཞེས་གླིང་གཡོག་གཉིས་རེ་འགོད་ནས་རང་རང་གི་རྒྱུ་ནོར་དབྱིབས་དང་བཀོད་པ་སོགས་གཙོ་བོ་དང་ཉེ་བར་མཚུངས་པ་དང་རི་རབ་ཀྱི་ཕྱེད་ཆར་གླིང་བཞིའི་རིས་སླེབ་པ། གླིང་བཞིའི་རིའི་ཕྱེད་ཆར་གླིང་གཡོག་བརྒྱད་པོས་སླེབ་པ་གླིང་གཡོག་བརྒྱད་པོས་ཕྱེད་ཆར་ཕྱི་ལྕགས་རིས་སླེབ་པ་དེ་ལྟར་རྒྱ་དང་དཔངས་ལ་དཔག་ཚད་དུ་མ་དང་ལྡན་པ་གླིང་དེ་དག་གི་ཡུལ་ལྗོངས་ཆེན་པོ་ན་གནས་པའི་མི་དང་། དུད་འགྲོའི་རིགས་རྒྱུ་ནོར་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་ཡོངས་སུ་དབུལ་བར་དམིགས་པ་དང་། དེ་ནས་ཤར་གླིང་གི་ནང་དུ་རིན་པོ་ཆེའི་སྣ་ཚོགས་ཀྱི་རི་བོ་རྒྱ་དང་དཔངས་ཚད་མེད་པ་གང་འདོད་ཡིད་བཞིན་དུ་འབྱུང་བ་དང་། དེ་བཞིན་ལྷོ་གླིང་དུ་དཔག་བསམ་གྱི་ཤིང་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་ཤིང་དགོས་འདོད་ཡིད་བཞིན་དུ་འབྱུང་བ་དང་། ནུབ་གླིང་དུ་འདོད་འཇོའི་བ་མདོག་དམར་སེར་གཟུགས་བཟང་ཞིང་ལྟ་ན་སྡུག་པ་འདོད་དགུ་འབད་མེད་དུ་འབྱུང་བ། བྱང་གླིང་དུ་མ་རྨོས་པ་ཡི་ལོ་ཏོག་ནངས་བརྔས་ན་ནུབ་སྐྱེས་པ་ནུབ་བརྔས་ན་ནངས་སྐྱེས་པ་སྙེ་མ་རེ་ལས་ཕུབ་མ་མེད་པ་འབྲས་བྲེ་བོ་ཆེ་དྲུག་རེ་འབྱུང་ཞིང་རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་ཅན་སོགས་ཡོད་པ་དང་། དེ་དག་ནི་གླིང་བཞིའི་ལོངས་སྤྱོད་ཁྱད་པར་འཕགས་པ་ཡིན་པས་གཅིག་ཙམ་མ་ཡིན་པར་གླིང་སོ་སོའི་ས་གཞི་གང་བ་ཙམ་དུ། གྲངས་མང་བ་རྒྱ་ཆེ་བ་མཐའ་ཡས་པར་གསལ་ནས་འབུལ་བར་དམིགས། དེ་བཞིན་ཤར་རིའི་མདུན་གྱི་སྟེང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱི་སྟོབས་ལས་བྱུང་བའི་འཛམ་བུའི་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་མུ་ཁྱུད་དང་ལྡན་པ་ཉི་བཞིན་འོད་ཟེར་འཕྲོ་བ། ཉིན་གཅིག་ལ་རྫུ་འཕྲུལ་གྱིས་དཔག་ཚད་འབུམ་ཕྲག་གི་ལམ་གཅོད་ཅིང་ནམ་མཁའ་ནས་གླིང་བཞི་དང་སུམ་ཅུ་རྩ་གསུམ་སོགས་བགྲོད་ནུས་མཁན་དང་། དཔག་བསམ་ཤིང་མདུན་ནོར་བུ་རིན་པོ་ཆེ་བཻཌཱུརྻ་ལས་གྲུབ་པ་ཟུར་བརྒྱད་པ་འོད་ཟེར་གྱིས་དཔག་ཚད་བརྒྱའི་ཁོར་ཡུག་ཉིན་མཚན་མེད་པར་གསལ་ལ། ཚ་གྲང་ཤིན་ཏུ་སྙོམས་ཞིང་དེ་ཕྱོགས་ཀྱི་ནད་དང་དུས་མིན་གྱི་འཆི་བ་སེལ་ཞིང་གང་བསམ་པ་ཕལ་ཆེར་འགྲུབ་པར་བྱེད་ནུས་པ། འདོད་འཇོའི་མདུན་བཙུན་མོ་རིན་པོ་ཆེ་གཞན་སེམས་པ། སེར་སྣ། མི་རིགས་པར་ཆགས་པ། མི་རིགས་པའི་གནས་ལ་དགའ་བ། ཁྱིམ་ཐབས་ཀྱི་སྲོག་གཅོད་པ་སྟེ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་བ། བསམ་པ་མཐུན་པ། བུ་མང་པོ་བཙའ་བ། རིགས་མཐུན་པ། སྲིད་མཐོ་བ། ཕྲག་དོག་མེད་པ། ཚིག་ཀྱལ་མི་སྨྲ་བ། ལོག་ལྟ་མེད་པ། ཁྱིམ་ཐབས་མེད་ཀྱང་འདོད་ཡོན་གྱི་དབང་དུ་མི་འགྲོ་བ་སྟེ། ཡོན་ཏན་བརྒྱད་དང་ལྡན་པ་མཛེས་ཤིང་ལྟ་ན་སྡུག་པ། འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པ་རེག་པ་ཙམ་གྱིས་བདེ་བའི་མཆོག་དམ་པར་སྩོལ་ནུས་པ། མ་རྨོས་པའི་མདུན་བློན་པོ་རིན་པོ་ཆེ་སའི་བདག་པོའི་ཡིད་ལ་གང་བསམ་མ་སྨྲས་པར་ཤེས་ནས་སྒྲུབ་ལ་མཁས་པ། གཟུགས་བཟང་བ་དང་རྒྱུད་དྲང་ཞིང་བརླིང་བ་དང་སྟོབས་དང་དཔའ་རྩལ་ལྡན་པ་དཔུང་རྣམས་འགྲོ་གནས་ལྡོག་པ་ལ་མཁས་པ། དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་བཅས་སོ་སོར་གསལ། དེ་བཞིན་ཤར་ལྷོའི་གླིང་ཕྲན་བར་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་སྤྱི་གཙུག་དམར་ཞིང་མཐོ་བ་གདོང་ལ་ནོར་བུ་རིན་པོ་ཆེའི་དྲྭ་བས་གཡོགས་པས་གླང་ཆེན་ཕལ་པ་སྟོང་གི་སྟོབས་དང་ལྡན་པ་གཡུལ་ལས་རྒྱལ་བར་བྱེད་པ། ལྷོ་ནུབ་གླིང་ཕྲན་གཉིས་ཀྱི་བར་རྟ་མཆོག་རིན་པོ་ཆེ་མདོག་སྔོན་པོ་རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་དུ་འོང་བ། ནད་མེད་ཅིང་གཟི་བརྗིད་ཆེན་པོ་དང་ལྡན་པ་ཁོ་ལག་ཡོངས་སུ་རྫོགས་ཤིང་མགྱོགས་པའི་བང་རྩལ་ཆེ་བས་འགྲོ་ན་འཛམ་གླིང་ལན་གསུམ་ཉིན་གཅིག་གིས་འཁོར་བའི་ཤུགས་འགྲོས་དང་ལྡན་པ། ནུབ་བྱང་གི་གླིང་ཕྲན་གཉིས་ཀྱི་བར་དམག་དཔོན་རིན་པོ་ཆེ་སྟོབས་དང་ལྡན་པ་སྒྱུ་རྩལ་དང་དམག་གི་འགྲོ་ལྡོག་དང་གཡུལ་གྱི་བྱ་བ་ལ་མཁས་པ། གོ་ཞུབ་ཀྱིས་སྤྲས་ཤིང་གཟི་བརྗིད་དང་ལྡན་པ་རིན་པོ་ཆེ་དང་གསེར་དངུལ་གྱི་བང་མཛོད་ནམ་ཡང་ཟད་པ་མེད་པས་སྐྱེ་བོ་རྣམས་རབ་ཏུ་དགའ་བར་བྱེད་པ། བྱང་ཤར་གྱི་གླིང་ཕྲན་གཉིས་ཀྱི་བར་གཏེར་གྱི་བུམ་པ་བཟང་པོ་བྲམ་ཟེ་དང་དྲང་སྲོང་རྣམས་ཀྱིས་རིགས་སྔགས་ཀྱི་མཐུ་ལས་གྲུབ་པ་ཟད་མི་ཤེས་པའི་དགོས་འདོད་ཡིད་བཞིན་དུ་འབྱུང་བ་བཅས་རྒྱལ་སྲིད་སྣ་བདུན་གསལ་ལ་ལྕགས་རི་ཡོད་ན་བར་མ་འདི་རུ་འགོད་པར་བྱ། དེ་བཞིན་ཤར་འཁོར་ལོའི་མདུན་སྒེག་མོ་མ་དཀར་མོ་མཛེས་ཤིང་ལྟ་ན་སྡུག་པ་ལང་ཚོ་རྒྱས་པའི་རྣམ་འགྱུར་ཅན་བསམ་གྱིས་མི་ཁྱབ་པར་སྟོན་ཅིང་ཤེལ་གྱི་མེ་ལོང་ཐོགས་ནས་འགྱིང་བ། ནོར་བུའི་མདུན་ཕྲེང་བ་མ་སེར་མོས་རིན་པོ་ཆེའི་ཕྲེང་བ་འཛིན་པ། བཙུན་མོའི་མདུན་གླུ་མ་དམར་མོས་སྙན་འགྱུར་དུ་མ་དང་ལྡན་པའི་གླུ་ལེན་ཅིང་ཕྱག་གིས་ཏིང་ཤག་འཛིན་པ། བློན་པོའི་མདུན་གར་མ་ལྗང་གུས་རྣམ་འགྱུར་དཔག་ཏུ་མེད་པ་མིག་འཕྲུལ་ལྟ་བུའི་གར་རྩེ་བ་སྟེ་ནང་སྒེག་བཞི་དང་། ཤར་ལྷོའི་གླང་ཆེན་མདུན་མེ་ཏོག་མ་དཀར་སེར་འགྱིང་སྟབས་ཀྱིས་མེ་ཏོག་སྣ་ཚོགས་འཛིན་པ། རྟ་མཆོག་མདུན་བདུག་སྤོས་མ་སྔོན་མོས་རང་བྱུང་གི་གདུག་སྤོས་འཛིན་པའི་དྲི་ངད་ཀྱིས་སྟོང་གསུམ་ཁྱབ་པ། དམག་དཔོན་མདུན་སྣང་གསལ་མ་དམར་མོས་ཏིལ་མར་དང་རྩི་མར་གྱི་མར་མེ་འཛིན་པས་ཉིན་བཞིན་འོད་ཀྱིས་གསལ་བར་བྱེད་པ། བུམ་པའི་སྟེང་དུ་དྲི་ཆབ་མ་ལྗང་གུས་དྲི་ཆབ་ཀྱི་དུང་ཞལ་འཛིན་པ་སྟེ་ཕྱི་སྒེག་བཞི་དང་། ཡང་སྒེག་མོའི་སྟེང་གི་ནམ་མཁར་ཉི་མའི་དཀྱིལ་འཁོར་འོག་གཞི་མེ་ཤེལ་དང་མཐའ་ཆགས་གསེར་ལས་གྲུབ་པ་དཔག་ཚད་ལྔ་བཅུ་ང་གཅིག་གི་རྒྱ་ཚད་མཉམ་པ་འོད་ཟེར་གྱིས་གླིང་བཞིའི་མུན་པ་སེལ་ཞིང་དྲོ་བའི་རེག་བྱ་དང་ལྡན་པ། གླུ་མའི་མདུན་མཁར་ཟླ་བའི་དཀྱིལ་འཁོར་ཆུ་ཤེལ་ལས་གྲུབ་པ་ལ་དངུལ་གྱི་མཐའ་ཆགས་ཅན་དཔག་ཚད་ལྔ་བཅུའི་ཚད་དང་ལྡན་པ་དྭངས་ཤིང་གསལ་བས་མུན་པ་སེལ་ཞིང་བསིལ་བའི་རང་བཞིན་དང་ལྡན་པ། གར་མའི་མདུན་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་གཡས་བསྐོར་དུ་དལ་བུས་རང་བཞིན་འཁོར་བ། ཕྲེང་བའི་མདུན་མཁར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲང་ཞིང་ལྡེམ་པ་དར་སྣ་ཚོགས་ཀྱི་ཤམ་བུ་ཅན་བཅས་ཞིབ་པར་གསལ་ལ་སོ་སོར་མེ་ཏོག་བཀྲམ་ཞིང་ལྕགས་རི་གསུམ་པ་འགོད་ཏེ་མཐར་དེ་དག་གི་དབུས་དང་བར་མཚམས་རྣམས་སུ་ལྷ་མིའི་འབྱོར་བ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ཕྱུར་བུར་བཀང་སྟེ་འབུལ་བའི་དམིགས་འདུན་རྣམས་ངེས་པར་གསལ་བཞིན་མེ་ཏོག་ཕྱུར་བུར་བཀང་ལ་ཏོག་འཛུག་ཅིང་། གུ་རུ་ཨི་དཾ་མཎྜལ་ཀཾ་ནིརྻ་ཏ་ཡཱ་མི། ཞེས་སོགས་བརྗོད་ཅིང་དེ་ནི་བོད་སྐད་དུ་བླ་མ་མཆོད་པའི་དཀྱིལ་འཁོར་འདི་དང་བདག་ཉིད་འབུལ་ལོ་ཞེས་པ་ཡིན། དེ་ལྟར་ལེགས་པར་ཕུལ་ནས་མཐར་སྨོན་ལམ་གདབ་པའི་རིམ་པ་ནི། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཞེས་སོགས་བརྗོད་ཅིང་དེའི་དོན་ནི། རྒྱལ་བ་མཉེས་བྱེད་ཀྱི་མཎྜལ་བླ་མེད་འདི་ཕུལ་བའི་མཐུས་བདག་གི་བྱང་ཆུབ་སྒྲུབ་པའི་བར་ཆད་མི་འབྱུང་བ་དང་། མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་། བདག་གཞན་རྣམས་ཀྱང་སྲིད་པར་མི་འཁྲུལ་བར་རང་དོན་འགྲུབ་ནས་ཞི་བར་མི་གོལ་བར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྒྲོལ་ནུས་པར་ཤོག་ཅེས་སྨོན་ལམ་བཏབ་པ་ཡིན་པས་ཚིག་རྗེས་དོན་ཡོངས་སུ་འདྲེས་པར་བྱ་བའི་ངང་ནས་ཞིབ་པར་འབུལ་ཞིང་། དེ་ནས་གཡས་སུ་མཎྜལ་གྱི་འབྲུ་རྣམས་རིམ་གྱིས་དལ་བུས་བསྡུ་ནས་དེ་ལྟ་བུར་ལན་ལྔའམ་བདུན་སོགས་གང་རུང་འབུལ་བར་བྱའོ། །དེ་ནས་ཀློང་ཆེན་སྙིང་ཐིག་ལུགས་ལྟར་ན་སྐུ་གསུམ་གྱི་མཎྜལ་ལ། སྔར་ཚོམ་བུ་བཀོད་པའི་སྐབས་སུ་བཤད་པ་བཞིན་གཅིག་ཏུ་བརྩི་བས་སྟོང་གསལ་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཞེས་བྱ། དེ་འདྲ་བ་ཡང་སྟོང་སོང་བའི་ཚེ་སྟོང་གཉིས་པ་བར་མའི་འཇིག་རྟེན་ཞེས་བྱ། ཡང་དེ་འདྲ་བ་སྟོང་སོང་བའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཞིང་ཁམས་ཞེས་བྱ་བ་ཡིན་ཏེ། དེ་དག་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་འདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་སྤྲུལ་སྐུ་གཅིག་གི་འདུལ་ཞིང་ཡིན་པར་གསུངས། དེ་ལྟ་བུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དག་ན་ལྷ་མིའི་ཡོ་བྱད་དཔལ་འབྱོར་ཇི་སྙེད་ཡོད་པའི་སྟེང་དུ་རང་གི་ལུས་ལོངས་སྤྱོད་བསོད་ནམས་ཁ་རྗེ་དབང་ཐང་དང་དུས་གསུམ་དུ་བསགས་པའི་དགེ་རྩ་དང་བཅས་ཆགས་ཞེན་ཏིལ་འབྲུ་ཙམ་མེད་པར་སྤུངས་ཏེ་བླ་མ་སྤྲུལ་པའི་སྐུའི་ལྷ་ཚོགས་ལ་འབུལ་བར་དམིགས་ཏེ་ཚོམ་བུ་བསྡུས་པ་དགུ་ཙམ་བཀོད་པ་ནི་ཐུན་མོང་སྤྲུལ་སྐུའི་མཎྜལ་ཡིན་ནོ། །དེའི་སྟེང་ན་བཀོད་པ་ཆེན་པོ་ལྔའི་ཞིང་ཁམས་ན་སྒེག་སོགས་འདོད་ཡོན་ལྷ་མོ་གྲངས་མེད་པས་བརྒྱན་པ་མཆོད་པའི་སྤྲིན་མཐའ་ཀླས་པ་བཅས་ལོངས་སྐུའི་ལྷ་ཚོགས་ལ་འབུལ་བར་དམིགས་ནས་ཚོམ་བུ་བསྡུས་པ་ལྔ་ཙམ་བཀོད་པ་སོགས་ནི་ཐུན་མིན་ལོངས་སྐུའི་མཎྜལ་ཡིན། དེའི་སྟེང་ན་ཆོས་དབྱིངས་སྐྱེ་བ་མེད་པ་མཎྜལ་གྱི་ཚུལ་དུ་བཞག་ནས་སྣང་བཞི་ལ་སོགས་གང་ཤར་ཐམས་ཅད་ཚོམ་བུའི་ཚུལ་དུ་བཀོད་དེ་བླ་མ་ཆོས་སྐུའི་ལྷ་ཚོགས་ལ་འབུལ་བར་དམིགས་ནས་ཚོམ་བུ་བསྡུས་པ་གསུམ་ཙམ་བཀོད་པ་སོགས་ནི་ཁྱད་པར་ཆོས་སྐུའི་མཎྜལ་ཉིད་ཡིན་ཞིང་། དེ་ལྟར་སྐུ་གསུམ་གྱི་མཎྜལ་གྲངས་ཅི་འགྲོ་བྱ་བའམ། རྒྱུན་དུ་གྲངས་གསོག་པའི་ཚེ་མཎྜལ་ཚོམ་བུ་བདུན་པ་ཞེས་བྱ་བ་ས་གཞི་སྤོས་ཆུ་སོགས་བརྗོད་ནས་གླིང་བཞི་རི་རབ་ཉི་ཟླ་བཅས་ཚོམ་བུ་བདུན་དུ་བཀོད་དེ་དམིགས་པའང་དེ་ལྟར་རགས་པའི་ཁོངས་སུ་གཏོགས་པའི་ཕྱིར་བསྡུས་ཙམ་གསལ་ནས་འབུལ་བར་བྱས་ཤིང་གྲངས་སོགས་ཆད་ལྷག་མ་སོང་བར་ཞིབ་ཀྱིས་གསོག་པར་བྱའོ། །ཕུལ་ཟིན་པའི་འབྲུ་རྣམས་ཀྱང་ཐུན་མཚམས་ནས་རྟེན་དྲུང་དུ་སྤུངས་པའམ་བྱ་སྤྲང་ལ་སྦྱིན་པ་སྟེར་ནའང་ལྷག་ཏུ་ལེགས་ཤིང་། མིན་ཀྱང་དམིགས་རྟེན་དུ་བསྐྱར་ནའང་རུང་ཞིང་དོན་དུ་འབུལ་ཡུལ་དང་འབུལ་རྒྱུ་སོགས་སེམས་ཀྱི་དམིགས་པ་ཟབ་མོ་རང་ལ་གཙོ་བོར་བཏོན་ཏེ་ཚོགས་ཡོངས་སུ་རྫོགས་དགོས་པ་ཡིན་པས་ན། དེའི་ཕྱིར་ཚོགས་རྫོགས་པའི་རྟགས་སུ་ཆོས་མང་དུ་ཤེས་ཤིང་སྔར་བརྗེད་པའང་དྲན་པ་དང་། ཉི་ཟླ་ཤར་ཞིང་མེ་ཏོག་གི་ཚལ་དུ་འགྲོ་བ་དང་། གོས་གསར་པ་གྱོན་ཞིང་རྒྱན་བཏགས་པ་དང་། མཎྜལ་མེ་ལོང་ཕྱི་ཞིང་བལྟ་བ་དང་། དུང་འབུད་རོལ་མོ་དཀྲོལ་ཅིང་། རྔ་བོ་ཆེ་བརྡུང་བ་དང་། ལྷ་ཁང་མཐོང་བ་སོགས་དངོས་ཉམས་རྨི་ལམ་གྱི་རིམ་པ་མ་བྱུང་གི་བར་དུ་དད་འདུན་རྣམ་པར་དག་པའི་སྒོ་ནས་གཙང་སྦྲ་དང་ལྡན་པས་འབུལ་བར་བྱ་དགོས་ཤིང་། དེ་ལྟ་བུ་ལེགས་པར་ཕུལ་བས་གནས་སྐབས་མཐར་ཐུག་གི་ཕན་ཡོན་གྱི་རིམ་པ་ནི། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་པ་སངས་རྒྱས་ཡེ་ཤེས་རྫོགས། །ཞེས་དང་། རི་ཆོས་ལས། སྐྱེ་བ་འདི་ནས་ཚེ་རབས་ཀུན། །བདེ་སྐྱིད་འབྱུང་བའི་རྒྱུ་གཅིག་པུ། །བསོད་ནམས་ཚོགས་ནི་བསགས་དགོས་ཏེ། །མཐར་ཐུག་སངས་རྒྱས་ཐོབ་དུས་ཀྱང་། །མཚན་དང་དཔེ་བྱད་བརྒྱན་པའི་སྐུ། །བསོད་ནམས་ཚོགས་ལས་བྱུང་བ་ཡིན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་དང་། ཀླུ་སྒྲུབ་ཀྱིས། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོགས་མཐའ་ཡས་པར་གསུངས་པ་ལྟར། མདོར་བསྡུ་ན་གནས་སྐབས་སུ་ཚེ་དང་བསོད་ནམས་འབྱོར་ཚོགས་ཐམས་ཅད་རྒྱས་པ་དང་བསམ་དོན་ལྷུན་གྱིས་འགྲུབ་ཅིང་མཐའ་རུ་ཕྱིན་པ་དང་། མཐར་ཐུག་ས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་སངས་རྒྱས་ཀྱི་སྐུ་གཉིས་མངོན་དུ་འགྱུར་བར་བྱེད་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པ་དག་ལས་མདོ་དོན་ཡོངས་སུ་བསྡུས་པ་ཡིན་པས་ན་ཚིག་དོན་ཙམ་ནི་ལྷག་པར་ཤེས་པར་བྱ་དགོས་སོ།།  ༈  །།དེ་ནས་བླ་མའི་རྣལ་འབྱོར་གྱི་རིམ་པ་ནི། དེའི་མཚན་དོན་འབྲེལ་ཙམ་ཞིག་འགོད་ན། རྒྱལ་བ་སྲས་བཅས་ཀྱི་ཕྲིན་ལས་ཀྱི་ཕོ་ཉ་གདུལ་བྱའི་དཔལ་དུ་ཤར་བས་ན་བླ། ཉམ་ཐག་སེམས་ཅན་ཐམས་ཅད་འཕྲལ་ཡུན་ཕན་བདེའི་ལམ་ཁོ་ན་ལ་བཀྲི་བས་ན་མ་ཞེས་པ་དང་། དེ་ལྟར་ཐུགས་རྗེ་བྱིན་རླབས་ཡོན་ཏན་གྱི་རང་བཞིན་བླ་མའི་སྐུ་སྒོམ་ཞིང་མཚན་བསྙེན་བཟླས་པ་དང་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་སྟོབས་ཀྱིས་ཐུགས་རྒྱུད་ཀྱི་བྱིན་རླབས་རྣམས་ཉེ་བར་འཕོས་ནས་རྣལ་མའི་གནས་ལུགས་ཀྱི་ཡེ་ཤེས་འཁྲུལ་བྲལ་རང་གི་རྒྱུད་ལ་མྱུར་དུ་འབྱོར་བར་བྱེད་པས་ན་བླ་མའི་རྣལ་འབྱོར་ཅེས་པ་ཡིན་ཞིང་། དེ་ལྟ་བུའི་ལམ་སྟོན་མཁན་ནི་འགྲོ་བ་ལྷ་དང་བཅས་པ། སྐྱེ་དགུའི་བདག་པོ་ཚངས་པ་སོགས་ཀྱིས་སྟོན་མི་ནུས་པ་དང་། རང་ཉིད་ལ་བརྩེ་བའི་ཕ་མ་དང་། གཉེན་བཤེས་གྲོགས་དགའ་མཛའ་ལ་སོགས་ཀྱིས་སྟོན་མི་ནུས་ཏེ། འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བ་ནི། །བླ་མ་རྡོ་རྗེ་འཛིན་པ་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྣམས་ནི་འབྱུང་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེན་དུ་ནི། །བླ་མ་མཚན་ཉིད་ལྡན་པས་བསྒྱུར། །ཞེས་དང་། དགོངས་འདུས་ལས། གང་དག་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་མཁན། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྐྱོབ་པར་ནུས་མ་ཡིན། །ཞེས་དང་། ཇི་སྐད་དུ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། ཀྱེ་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་ལྟར་དཔེར་ན་གྲུ་པ་མེད་ན་ཆུའི་ཕ་རོལ་དུ་ཕྱིན་མི་ནུས་བཞིན་བླ་མ་མེད་ན་འཁོར་བའི་རྒྱ་མཚོ་ལས་མི་སྒྲོལ། དེ་བཞིན་ལོང་ཁྲིད་བྱེད་མཁན་མེད་ན་ལམ་དུ་ཕྱིན་མི་ནུས་བཞིན་བླ་མ་མེད་ན་ཐར་པའི་ལམ་མི་རྙེད། དེ་བཞིན་ཉི་ཟླ་མེད་ན་མུན་ཚོགས་མི་སེལ་བ་བཞིན་བླ་མ་མེད་ན་ཉོན་མོངས་པའི་སྒྲིབ་པ་མི་སེལ། མིག་ཡོད་པས་མ་བསྟན་ན་མི་ཤེས་བཞིན་བླ་མས་ཆོས་མ་བསྟན་ན་ཆོས་ངོ་མི་ཤེས་བཞིན་འཇིག་རྟེན་གྱི་རྒྱལ་པོ་ཕ་མ་སོགས་ཀྱིས་སྟོན་མི་ནུས་པའི་འཕྲལ་ཡུན་ཀུན་ཏུ་བདེ་ཞིང་དོན་གཉིས་འགྲུབ་པ་དང་། དགེ་སྡིག་བླང་དོར་གྱི་མིག་འབྱེད་པ་དང་། ཐར་པའི་ལམ་ཡང་དག་པ་སྟོན་པའི་བླ་མ་ནི་ལྷག་ཏུ་བརྩེ་གདུང་འབྲལ་མེད་ཀྱི་སྒོ་ནས་བསྟེན་པར་འོས་པའི་རང་བཞིན་ཅན་ཏེ་ཕྱི་རོལ་པའི་མེ་ལྔ་སོགས་ལ་བསྟེན་ཏེ་དཀའ་བ་དཔག་ཏུ་མེད་པ་སྤྱད་པས་ན། བདེ་བ་ནས་བདེ་བར་ཁྲིད་པའི་བླ་མ་དེར་བདག་གིས་གུས་པ་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད་སྙམ་དུ་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས་སོ། །ཚེ་འདིའི་རྒྱལ་པོ་ལའང་རྒྱུ་ནོར་གཅེས་དགུ་དམར་དགུ་ཐམས་ཅད་འབུལ་བ་དང་། འཇིག་རྟེན་པའི་བཟོ་རིགས་ལ་བསྙེན་བཀུར་བྱེད་པ་དང་། འདུ་བ་སྙོམས་པའི་སྨན་པ་ལའང་མཆོད་ཅིང་བསྟོད་ནས་དྲིན་ཆེ་བར་རློམ་ན། སེམས་ཅན་སངས་རྒྱས་སུ་བསྒྲུབས་དུས་ཡུན་གྱི་གཏན་སྲིད་སྟེར། དུག་ལྔའི་གཅོང་ནད་རྩ་བ་ནས་འབྱིན་པའི་བླ་མ་དེ་བདག་གིས་གུས་པ་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད་སྙམ་དུ་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས་སོ། །ཉིན་ཞག་རེའི་འཇིགས་པ་སྐྱོབ་ཕྱིར་སྐྱེལ་བསུ་བྱེད་པ་དང་། ཟས་གོས་ནོར་སོགས་ཕྲན་བུ་ཐོབ་ཕྱིར་རྩོལ་སྒྲུབ་དང་དཀའ་སྤྱད་རི་ཙམ་ནུས་མཁན་དང་། གཉེན་འདུན་གྲོགས་ལའང་དགའ་སྤྲོ་ལྡན་པས་རྒྱུ་ནོར་ཐམས་ཅད་བསྔོ་བར་ནུས་ན། བདུད་བཞིའི་དགྲ་ལས་སྐྱོབ། དགོས་འདོད་ནོར་བུ་སྟེར། གཏན་བདེའི་གྲོགས་མཆོག་དམ་པའི་ཆོས་ཟབ་མོ་རང་ངོར་སྤྲོད་པའི་བླ་མ་དེར་གུས་པ་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད་སྙམ་དུ་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས་སོ། །མདོར་ན་གནས་སྐབས་ཚེ་འདིའི་ཟས་གོས་ནོར་དང་འཇིགས་པ་ཕྲན་བུ་སྐྱོབ་པ་ལའང་བཀའ་དྲིན་ཤིན་ཏུ་ཆེ་བས་དྲིན་ལན་འཇལ་དགོས་སྙམ་པ་ཀུན་གྱིས་བྱེད་དར་ན། འཁོར་བ་སྡུག་བསྔལ་མཐའ་དག་ལས་རིང་དུ་བསྒྲལ་ཏེ་གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་སྟེར་བའི་བཀའ་དྲིན་ནི་སྟོང་གསུམ་གསེར་གྱིས་བཀང་ནས་འབུལ་ཡང་གཞལ་བར་ག་ལ་ནུས་ཏེ། དེ་ལྟ་བུའི་བླ་མ་དེ་བསྟེན་ནས་བྱིན་རླབས་འཇུག་པར་བྱ་བ་ལ་དད་པ་དང་དག་སྣང་གི་སྒོ་ནས་ལྷག་ཏུ་ཤེས་པར་བྱ་བ་ལ་ལྔ་སྟེ། བླ་མའི་གསང་བ་གསུམ་སངས་རྒྱས་སྐུ་དངོས་སུ་མཐོང་བ་དང་གཅིག །ཆོས་དང་འཇིག་རྟེན་བཟང་ངན་གྱི་རྣམ་པ་ཇི་མཛད་ཐམས་ཅད་སངས་རྒྱས་ཀྱི་མཛད་ཕྲིན་རོ་གཅིག་ཏུ་ཤེས་པ་དང་གཉིས། ཡོན་ཏན་སངས་རྒྱས་དང་མཉམ་ཡང་རང་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་ལྷག་ཏུ་ཆེ་བར་ཤེས་པ་དང་གསུམ། བཀའ་དྲིན་ཅན་གྱི་བླ་མ་དེ་སྐྱབས་གནས་ཀུན་འདུས་ཀྱི་སྤྱི་གཟུགས་ཡིན་པར་ཤེས་པ་དང་བཞི། ལམ་རྐྱེན་གཞན་ལ་རག་མ་ལུས་པར་གསོལ་བ་སྙིང་ནས་འདེབས་མཁན་ལ་རྟོགས་པ་ཡེ་ཤེས་གཅིག་ཆར་དུ་འཕོ་བར་ཤེས་དགོས་པ་དང་ལྔའོ། །དེ་བཞིན་དོན་དུ་སེམས་ཅན་མོས་པ་ཐ་དད་སྣ་ཚོགས་འདུལ་ཕྱིར་ཞི་བས་འདུལ་བ་ལ་ཞི་བའི་ཆོས་འདོམས་པ་དང་། སྦྱིན་པས་འདུལ་བ་ལ་ཡོ་བྱད་འགྱེད་པ་དང་། དབང་གིས་འདུལ་བ་ལ་དབང་དུ་བསྡུ་བ་དང་། དྲག་པོས་འདུལ་བ་ལ་སྡིགས་འཚེ་རྔམ་པོ་ཆེ་མཛད་ནས་འདུལ་བ་དང་། དེ་བཞིན་རྡོ་རྗེའི་རིགས་རྣམས་གསང་བ་གསུམ་སྤྲོས་མེད་ཤིན་ཏུ་ཞི་བ་དང་། རིན་ཆེན་རིགས་རྣམས་སྒེག་ཆོས་དང་རྒྱན་ནོར་སྣ་ཚོགས་ལ་ལོངས་སྤྱོད་པ་དང་། པདྨའི་རིགས་རྣམས་འགྲོ་བ་གང་ལ་གང་འདུལ་སྟོན་ཅིང་ཡུམ་དང་བཅས་པ་དང་། ལས་ཀྱི་རིགས་རྣམས་དྲག་ཤུལ་གཏུམ་རྔམ་ཆེ་བ་སོགས་མདོར་ན་འགྲོ་བ་གང་ལ་གང་འདུལ་གྱི་ཕྲིན་ལས་གཅིག་ཏུ་མ་ངེས་པར་བཟང་ངན་བར་མ་དོ་རྣམ་པ་སྣ་ཚོགས་སྟོན་པས་ན་ནོར་རྫས་ལ་སྲེད་པ་ཆེ་སྙམ་པ་དང་། རང་དོན་ང་རྒྱལ་སེར་སྣ་ཆེ་བ་དང་། བརྣབ་སེམས་ཁོང་ཁྲོ་ཉོན་མོངས་ཧྲག་ཡུམ་དང་བཅས་པ་དང་། རིགས་གཟུགས་ངན་ཅི་ཡང་མི་ཤེས་སྙམ་པ་སོགས་སྐད་ཅིག་ཙམ་ངག་ཏུ་བརྗོད་པའམ། དེ་ལྟར་མ་གུས་པའི་རྣམ་པ་ལུས་ཀྱི་སྤྱོད་པ་ལྟ་ཞོག །སྐད་ཅིག་ཙམ་ཡིད་ཀྱིས་དྲན་པའམ་རྨི་ལམ་དུའང་རྨིས་པར་མི་བྱ་སྟེ་ཉེས་པ་ལས་ཀྱང་ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར་ཡོངས་སུ་ཟླུམ་ནས་ལུས་ངག་ཡིད་གསུམ་འདུན་པ་ཆིག་དྲིལ་གྱི་སྒོ་ནས་ལེགས་པར་བསྟེན་དགོས་པའི་རང་བཞིན་སྟེ། དང་པོ་ལུས་ཀྱི་སྒོ་ནས་མ་གུས་པའི་རྣམ་པ་སྤང་བྱ་ནི་མདོར་ན་བླ་མའི་སྐུ་དང་གྲིབ་མ། བཞུགས་གདན་ན་བཟའ་སོགས་མི་འགོམ། མདུན་དུ་སྐྱིལ་ཀྲུང་བཅའ་བ་དང་། སྒེག་ཆོས་དང་ཆེ་ཚུལ་གྱི་རིགས་ཉམས་སྟོན་པ་དང་། རྒྱབ་བསྟན་པ། གཞོགས་སྔས་བྱེད་པ། རྐང་པ་བརྐྱང་པ་སོགས་མདོར་ན་མ་གུས་པའི་རྣམ་པ་སྐུའི་གྲིབ་མ་འགོམ་པ་ཚུན་ཆོད་ཡོངས་སུ་ཟླུམ་སྟེ་གུས་འདུད་ཆེན་པོའི་སྒོ་ནས་བསྟན་དགོས་པའི་རང་བཞིན་ཏེ། དགོངས་འདུས་ལས། སློབ་མར་གྱུར་ནས་ངས་སེམས་ཀྱིས། །དམ་པ་དེ་ལ་བརྙས་བྱེད་གང་། །སངས་རྒྱས་ཀུན་ལ་བརྙས་པས་ན༑ །དེ་དག་སྤྱི་གཙུག་དམྱལ་བར་འགྲོ། །བཀའ་བཅག་སྐུ་བརྙས་ཐུགས་དཀྲུགས་ན། །མི་བཟད་སྡུག་བསྔལ་མྱོང་བར་འགྱུར། །ཚེ་འདིར་རྒྱལ་པོའི་ཆད་པ་སོགས། །ཉེས་པ་ཐམས་ཅད་དེ་ལས་འབྱུང་། །ཞེས་པ་ལྟར་ཉེས་པ་ལྕི་བའི་རིགས་དེ་དག་ཐམས་ཅད་སྤང་སྟེ། ཕན་ཡོན་གྱི་མཆོག་རབ་ཤེས་པའི་སྒོ་ནས་གུས་འདུད་ཆེན་པོའི་ལེགས་པར་བསྟེན་དགོས་ཏེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །ཞེས་གསུངས་པ་ལྟར་ལུས་ཀྱི་ལས་གཞན་དུ་མངགས་པ་དང་། ཉེར་མཁོ་གང་དགོས་ཀྱི་རིགས་དང་མེ་ཆུ་གཡང་དང་། གཅན་གཟན་ནམ་དགྲ་རྐུན་གྱི་འཇིགས་པ་ཐམས་ཅད་ལས་སྲུང་ཞིང་ཕེབས་སྐྱེལ་དང་བསུ་བ་བྱེད་པ་དང་ཕྱག་དང་སྐོར་བ་སོགས་བྱེད་ནས་གཞན་སྐུ་ཡི་བཞུགས་སྟངས་ཚུན་སློབ་ཤེས་པས་བསྟེན་དགོས་སོ། །ངག་གི་རྫུན་དང་ཕྲ་མ་ཚིག་རྩུབ་དང་ངག་འཁྱལ། བཀའ་བཅོག་པ་དང་གདོང་བཟློག་པ་ལྐོག་ནས་གཤེ་བ་དང་ཐ་ན་ཀུ་རེ་རྩེ་མོ་སོགས་སྤངས་ཏེ་ངག་རབ་ཏུ་གུས་པར་བྱ་དགོས་ཏེ། གསང་བ་རོལ་པ་ལས། བླ་མ་མཆོག་ལས་རང་ཉིད་ནི། །ཆེས་མཆོག་རློམ་སེམས་སྨྲ་བའམ། །ལྐོག་འཕྱའི་སྨྲ་བ་གང་བྱེད་པ། །རྡོ་རྗེ་དམྱལ་བ་ཉིད་དུ་ཚུད། །ཀུ་རེ་ཙམ་ཡང་སྨོས་མི་བྱེད། །ངག་གི་ཉེས་བྱས་ཡང་དག་བསྡོམ། །ཞེས་གསུངས་པ་ལྟར་ཉེས་པ་ལྕི་བའི་རིགས་དེ་དག་ཐམས་ཅད་སྤང་སྟེ་ཕན་ཡོན་གྱི་མཆོག་རབ་ཤེས་པའི་སྒོ་ནས་ངག་གུས་པ་ཆེན་པོ་བྱ་དགོས་ཏེ། དགོངས་འདུས་ལས། བཀའ་ཟུར་མ་བཅག་ཆོས་བསྒྲུབ་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་སྲུང་བྱེད་ནས། །འདོད་པའི་དངོས་གྲུབ་ཡིད་བཞིན་འབྱུང་། །ཞེས་གསུངས་པ་ལྟར་གསོལ་འདེབས་དང་ཞབས་བརྟན་བསྟོད་པ་དང་སྐྱབས་འགྲོ་སོགས་རྒྱུན་དུ་དབྱངས་སྙན་པོས་འདོན། ཚིག་ཆེ་ཕྲ་ཐམས་ཅད་དྲང་གཏམ་ཁོ་ནའི་འཇམ་པོ་དང་སྙན་པོ་གསོང་པོར་སྨྲ། ཅི་གསུང་གི་བཀའ་ཐམས་ཅད་སྒྲུབ་པའི་ལན་སྙན་པོར་འབུལ་ཞིང་གསུང་ཚིག་གཅིག་བསྟན་པ་ཚུན་དུས་ནམ་ཡང་ཆུད་མི་གཟན་པར་ཞིབ་ཀྱིས་བསྒྲུབ་པར་བྱ་དགོས་སོ། །ཡིད་ཀྱི་སྒོ་ནས་མ་དད་པ་ལོག་པར་ལྟ་བ་དང་ཁོང་ཁྲོ་བ་སྐྱོན་དུ་བཏགས་པ་དང་། བརྙས་སེམས། འགྲན་སེམས། བརྣབ་སེམས། གནོད་སེམས། ང་རྒྱལ་སྐྱེད་པ་ལྟ་ཅི་ཐ་ན་རྨི་ལམ་དུའང་སྐྱོན་མཐོང་བ་སོགས་ཀྱི་རིགས་སྤངས་ཏེ་ཡིད་རབ་ཏུ་གུས་པར་བྱ་དགོས་ཏེ། དཔུང་བཟློག་པའི་རྒྱུད་ལས། བླ་མ་དང་ནི་དེ་ཡི་འཁོར། །ཁྲོ་བའི་ཞེ་འགྲས་སུན་འབྱིན་པ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །མནར་མེད་གནས་སུ་ཚུད་པར་འགྱུར། །ཞེས་པ་ལྟར་ཉེས་པ་ལྕི་བའི་རིགས་དེ་དག་ཡོངས་སུ་སྤངས་ཏེ་ཕན་ཡོན་ཆེ་བར་ཤེས་པའི་སྒོ་ནས་ཕལ་པ་གཞན་དག་ལས་འབུམ་འགྱུར་གྱིས་ལྷག་པར་མདོག་ནག་པོ་ཞིག་དཀར་པོ་ཡིན་གསུངས་ན་དེ་ལྟར་མངོན་སུམ་མཐོང་བའི་དོན་གཉེར་དང་དག་སྣང་། དད་པ་དང་མོས་གུས་ཀྱི་ངང་ནས་བླ་མའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་རྣམས་ཤེས་བཞིན་དུ་སྐུ་སྒོམ་པ་དང་མཐའ་ན་མུན་པར་གློག་འཁྱུག་པའམ་ཉི་མས་ཚིག་པ་ལ་རླུང་སེར་བུ་འགྱུ་བ་སོགས་ཀྱང་ཐུགས་རྗེ་ཡིན་པ་དང་། བཀའ་དྲིན་ཆེ་བ་རྣམས་ལྷག་ཏུ་དྲན་ནས་དུས་དང་རྣམ་པ་ཀུན་ཏུ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དུང་ངེ་བ་དང་མ་འབྲལ་བའི་སྒོ་ནས་བསྟེན་དགོས་ཏེ། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་སྦྱོར། །ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ཁོ་ནས་འདུམ། །ཞེས་གསུངས་པ་སྟེ་རྒྱུ་ནོར་རྫས་དང་ཟས་གོས་ཀྱི་རིགས་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་གང་ཡོད་ཐམས་ཅད་ཀྱང་བླ་མ་དང་ཆོས་ཕྱོགས་སུ་གཏོང་གང་འགྲུབ་བྱས་ན་ཕན་ཡོན་མཆོག་ཏུ་ཆེ་བའི་རང་བཞིན་ཏེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བྱས་པ་བས། །བླ་མའི་ཞལ་དུ་འབྲས་ཆེན་འབྲུ། །རྡོག་མ་བདུན་དྲང་བསོད་ནམས་ནི། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་དང་། གསང་འདུས་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོད་པ་བས། བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པ་བསོད་ནམས་ཆེའོ། །ཞེས་དང་། དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་སྟི་རིམ་གྲོ་ཆེར་བྱས་ན། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་རབ་གཤིན་པོ་ལ། །ས་བོན་གང་བཏབ་རྒྱས་འཕེལ་བཞིན། །ཞེས་སོགས་གསུངས་པ་ལྟར་དགེ་བའི་འབྲས་བུ་ཡང་སྔོན་བསྐལ་པ་བཟང་ལྡན་གྱི་དུས་རྣམ་རྟོག་ཤས་ཆུང་བས་ན། དགེ་སྡིག་དལ་བའི་ཚེ་འབྲས་བུ་ནམ་ཞིག་གཞན་དུ་སྨིན་པ་གཞི་ཆེ་ཞིང་། དེང་སང་དུས་སྙིགས་མ་རྟོག་པ་ཧྲག་པས་ཚེ་འདི་གར་ལས་ཀྱི་མཐོང་ཆོས་སུ་སྤྱིར་སྨིན་ལ། ཡུལ་མཆོག་དང་འབྲེལ་ན་ཟླ་བས་མ་ཆོད་པར་དངོས་སུ་སྨིན་པ་མདོ་སྡེ་དག་ལས་གསུངས་པ་བཞིན་ལྷག་ཏུ་ཤེས་པར་བྱ་བ་དང་། དེ་དག་ལས་ཀྱང་རབ་སྒྲུབ་པའི་ཞབས་ཏོག་ཅེས་བླ་མའི་བསྟན་བྱ་གཅིག་པུ་སློབ་མའི་བསྒྲུབ་བྱའི་གཙོ་བོ་ཡིན་གཤིས་དབེན་པའི་གནས་སུ་དཀའ་སྤྱད་དང་བརྩོན་འགྲུས་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་རང་དོན་ཉམས་མྱོང་རྟོགས་པས་ཡོངས་སུ་ཕྱུག་པར་བྱ་དགོས་པ་དང་། གཞན་དོན་དུ་སེམས་ཅན་གང་ལ་གང་འདུལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་མདོར་ན་རྩ་བའི་བླ་མའི་ཐུགས་དགོངས་ཟབ་མོ་མཉེས་ཤིང་རྫོགས་པའི་ཕྱིར་དུ་སྒྲུབ་པ་ལ་དུས་འདའ་བ་བྱས་ནས། མཉེས་པ་གསུམ་གྱི་སྒོ་ནས་བསྟེན་མཁས་པར་བྱ་དགོས་ཏེ། དགའ་རབ་རྡོ་རྗེས། བླ་མ་མཆོག་གིས་བཀའ་སྩལ་པ། །གལ་ཏེ་ཉེས་པའི་སྐྱོན་རིགས་ཀྱང་། །ཇི་སྐད་སྨྲས་པ་དེ་བཞིན་བྱ། །དེ་བཞིན་བླ་མའི་བྱ་བ་ལ། །ལུས་ཀྱི་སྡུག་བསྔལ་ཅི་བྱུང་ཡང་། །རང་གི་གང་ནུས་འབད་པར་བྱ། །བླ་མའི་ཐུགས་ནི་སྐད་ཅིག་ཙམ། །དཀྲུགས་པར་བྱ་བ་མ་ཡིན་ནོ། །བླ་མའི་རྫས་དང་ནོར་རྣམས་ལ། །རང་གི་སྲོག་ལ་ཕངས་པ་བཞིན། །རྣལ་འབྱོར་པས་ནི་རྟག་ཏུ་བྱ། །གལ་ཏེ་བླ་མའི་ཞིང་ཁམས་སུ། །ཆོས་བཤད་དབང་བསྐུར་རབ་གནས་དང་། །བསམ་གཏན་སྒོམ་པར་བྱ་བ་རྣམས། །རྗེས་མ་གནང་བར་མི་བྱའོ། །མདོར་ན་ལུས་དང་ངག་ཡིད་ཀྱི། །བྱ་བའི་རྣམ་པ་ཅི་སྤྱད་ཀྱང་། །བླ་མར་མ་ཞུས་མ་གནང་བར། །ཅུང་ཟད་ཙམ་ཡང་མི་བྱའོ། །ཞེས་དང་། དགོངས་འདུས་ལས། སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་འཁེང་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་སྐད་དང་། །དྲི་མ་མེད་པའི་ལྷག་བསམ་སོགས། །དམ་པ་དེ་ལ་རྫོགས་པར་འབུལ། །ཞེས་དང་། ཡོན་ཏན་མཛོད་ལས། བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན། །རྫིང་བུ་མཆོག་ལ་བརྟེན་པའི་ངང་པ་དང་། །བུང་བས་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །རྟག་ཏུ་འགྲོགས་པའི་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པ་བླ་མའི་ཐུགས་བཟུང་ནས། །དད་པའི་ཉེ་བར་ལེན་པས་ཡོན་ཏན་འགོ། །ཞེས་གསུངས་པ་ལྟར་ལེགས་པར་བསྟེན་པར་བྱའོ། །དེ་ལྟར་བླ་མ་ཚུལ་བཞིན་བསྟེན་པའི་ཕན་ཡོན་ཀྱང་ཚད་མེད་དེ་ཡང་དག་པའི་ལམ་དུ་ཁྲིད་པ་དང་། ཐེ་ཚོམ་ཐམས་ཅད་སེལ་བ་དང་། རྟོགས་པ་རྒྱུད་ལ་འཆར་བ་དང་། སྡུག་བསྔལ་གྱི་རིམ་པ་ཞི་བ་དང་། འཁོར་བའི་འདམ་ལས་འབྱིན་པ་དང་། མ་རིག་པའི་མུན་ཚོགས་སེལ་བ་དང་། ཡོན་ཏན་གྱི་གཏེར་རྡོལ་བ་དང་། དངོས་གྲུབ་ཀྱི་བཅུད་འགེང་བ་དང་། བླང་དོར་གྱི་མིག་འབྱེད་པ་དང་། དག་པའི་ཞིང་སོགས་ལ་བགྲོད་ནུས་པ་དང་། ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་ཡང་དག་པས་རྗེས་སུ་བཟུང་བ་སོགས་ཕན་ཡོན་མཆོག་ཏུ་ཆེ་བས་ལྷག་པར་ཤེས་པར་བྱ་བ་སྔོན་དུ་སོང་ནས། དེ་ལྟར་རྟོགས་པའི་ཡེ་ཤེས་རང་རྒྱུད་དུ་བཙན་ཐབས་སུ་འཕོ་བའི་མན་ངག་ཀུན་གྱི་མཐར་ཐུག་པ་ནི་བླ་མའི་རྣལ་འབྱོར་གྱི་རིམ་པ་ཉིད་མཆོག་ཏུ་ཟབ་པ་ཡིན་ཏེ། ཅི་ཕྱིར་ཞེ་ན་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་ནི་སྤྲོས་བྲལ་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡིན་ལ། དེ་ལྟ་བུ་དབྱེར་མེད་རྟོགས་ཤིང་མཆོག་ཐུན་མོང་གི་དངོས་གྲུབ་ཡོངས་སུ་བརྙེས་པས་བྱིན་རླབས་ཀྱི་ཚན་ཁ་འབར་བ་ནི་བླ་མ་རང་ལས་གཞན་འོས་སུ་ནམ་ཡང་མ་མཆིས་ཤིང་། བྱིན་རླབས་དེ་ལྟ་བུ་གང་ཟག་སོ་སོའི་སྐྱེ་བོའི་རང་རྒྱུད་ལ་འཇུག་པར་བྱ་བའི་ཐབས་ཟབ་མོ་ནི་དད་པ་དང་མོས་གུས་ཀྱི་ཉེར་ལེན་ཁོ་ནའི་ལམ་ནས་དྲངས་དགོས་པ་ཡིན་ཞིང་། དགོས་ཆེད་ནི་རང་གནས་ཀྱི་ཡེ་ཤེས་ངོ་མ་འཕྲོད་པའམ་མ་སྨིན་པ་སྨིན་པར་བྱེད་པའི་བྱིན་རླབས་ཀྱི་སྙིང་པོ་ཡོངས་སུ་ཐོབ་ཡོང་བའི་ཕྱིར་དཔེར་ན་མཆན་ལ་ཕབ་བཏབ་པའི་རྐྱེན་གྱིས་རོ་བཅུད་ནུས་པ་ཐམས་ཅད་དུས་མྱུར་བ་ཉིད་དུ་མངོན་སུམ་སྟོན་ཡོང་བ་ལྟར་རམ། ཉི་མའི་ཟེར་མེ་ཤེལ་གྱིས་མཚམས་སྦྱོར་བས་སྤྲ་བ་ལ་མེ་ཐོགས་མེད་འབྱུང་བ་ལྟར་ཡིན་ཏེ། ཇི་སྐད་དུ། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པ་ཤེས་པར་བྱ། །ཞེས་དང་། ཨཱ་ལི་ཀཱ་ལིའི་རྒྱུད་ལས། དུས་རྣམས་ཀུན་ཏུ་བླ་མའི་རྣལ་འབྱོར་ལ། །ཡུན་དུ་བསྲིང་སྟེ་འབུང་བར་མ་གཏོགས་པར། །བསྐྱེད་རྫོགས་ལ་སོགས་བྱ་བ་མང་པོས་ཀྱང་། །དག་པའི་སྣང་བ་ལམ་དུ་འབྱོང་བར་དཀའ། །ཞེས་དང་། ཇི་སྐད་དུ། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ཁོ་ནས་འདུམ། །ཞེས་དང་། འབྲི་གུང་སྐྱོབས་པས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་དང་། འཇིགས་གླིང་པས། སྒོམ་བསྲན་པ་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། མོས་གུས་ཅན་ལ་གནས་ལུགས་ཀྱི་གསང་ལ་ཐེབ་པ་ཤ་སྟག་འབྱུང་། ཞེས་སོགས་དུ་མ་མཐའ་ཡས་པར་གསུངས་པ་ལྟར་ངེས་ཤེས་ཁྱད་འཕགས་ལྷག་པར་བསྐྱེད་དེ། སྒོམ་པ་དངོས་ཀྱི་སྐབས་སུ། དེ་ལྟར་དད་པ་དང་མོས་གུས་ཀྱི་སྒོ་ནས་བླ་མ་སྒྲུབ་པའི་བྱིན་རླབས་ཀྱི་རིམ་པ་དབང་བཞི་ཞུ་བ་ལ། རྣམ་པ་བསྒྱུར་བ་དང་མི་བསྒྱུར་བ་གཉིས་ཡོད་དེ། གང་ཟག་རབ་དད་པ་དག་སྣང་ཆེ་བ་རྣམས་ཀྱིས་རྣམ་པ་བསྒྱུར་མི་དགོས་ཏེ་བླ་མའི་སྐུ་དང་ན་བཟའ་རྒྱན་ཆས་སོགས་ཇི་ལྟར་འདུག་པ་དེ་ལྟར་བསྒོམས་པས་མཆོག་ཏུ་ཟབ་པ་ཡིན། གཞན་ལས་དང་པོ་པ་རྣམས་ཀྱིས་ཐ་མལ་མིའི་རྣམ་པར་སྒོམ་ན་ལོག་རྟོག་གིས་བྱིན་རླབས་འཇུག་པའི་གེགས་བྱེད་པ་ཡིན་པས་རྣམ་པ་མ་བསྒྱུར་བས་སངས་རྒྱས་སྐུ་དངོས་སུ་མི་མཐོང་བས་བསྒྱུར་དགོས་པར་གསུངས་པས། དེ་ལྟར་བསྒྱུར་བ་ལ་སྣང་སྲིད་དག་པ་རབ་འབྱམས་གཞིར་བཞུགས་སུ་ཡོད་པའི་དཀྱིལ་འཁོར་དེ། ལམ་གྱི་དུས་འདིར་གཞིར་བཞེངས་སུ་གསལ་འདེབས་དགོས་པ་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་འགྲོ་འདུག་བྱ་བའི་ཡུལ་རྟེན་གཞི་མ་དག་པའི་སྣང་བ་རྣམས་གང་ལའང་མི་དམིགས་པས་སྟོང་པ་ཉིད་དུ་སྦྱངས་ནས་པདྨ་འོད་ཀྱི་ཕོ་བྲང་རྒྱ་ཁྱོན་མཚན་ཉིད་བཀོད་པ་ཡོངས་སུ་རྫོགས་པ་ལེགས་པར་གསལ་བའི་དབུས་སུ་རང་ཉིད་དབང་གི་ཡེ་ཤེས་སྐྱེ་བའི་རྟེན་མཆོག་ཏུ་གྱུར་པ་དང་གུ་རུ་རིན་པོ་ཆེས་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་ཁྱད་པར་དུ། ངོ་བོ་ཡེ་ཤེས་མཚོ་རྒྱལ་ལ་རྣམ་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྟེ་ཤེས་རབ་མཚོན་བྱེད་སྐུ་མདོག་དམར་གསལ་གཅེར་བུ་དབྱིངས་ཡེ་དབྱེར་མེད་རྟོགས་པའི་བརྡར་སྤྱན་གསུམ་རིངས་པའི་ཚུལ་གྱིས་གཟིགས་པ། ཕྱག་གཡས་པས་འགྲོ་བ་རྣམས་གཏི་མུག་གི་གཉིད་ལས་སློང་བའི་ཕྱིར་ཐོད་རྔ་འཁྲོལ་བ། གཡོན་དུག་གསུམ་རྩད་གཅོད་ཀྱི་གྲི་གུག་དཀུར་བརྟེན་པ། རུས་པའི་རྒྱན་ལྔ་དང་མེ་ཏོག་གི་ཆུན་འཕྱང་གིས་བརྒྱན་ཅིང་དར་དཔྱངས་འཕྱང་བ་མཛེས་ཤིང་ལྟ་ན་སྡུག་པ་བཅུ་དྲུག་ལོན་པའི་ན་ཚོད་ཅན་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟར་གསལ་ལེགས་པར་བཏབ་ནས། སྤྱི་བོར་མདའ་གང་གི་ནམ་མཁར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་པདྨ་འབུམ་བདལ། དེ་སྟེང་སྲིད་ཞིའི་དྭངས་བཅུད་ཐབས་ཤེས་མཚོན་བྱེད་ཉི་ཟླའི་དཀྱིལ་འཁོར་གྱི་དབུས་ན། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད། དཔལ་ལྡན་རྩ་བའི་བླ་མ་ཉིད་ཡིན་པ་ལ། རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོར་བདེ་སྟོང་འདུ་འབྲལ་མེད་པས་རྟག་ཏུ་མྱོས་པའི་ཕྱིར་སྐུ་མདོག་དཀར་ལ་དམར་མདངས་ཅུང་ཟད་ཆགས་པ། ན་བཟའ་ལའང་བྱང་སེམས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་གསང་གོས་དཀར་པོ་དང་འདུང་མ་དམར་པོ། སྔགས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་སྔགས་པའི་ཆས་གོས་ཕོད་ཆེན་མཐིང་ག །སོ་ཐར་གྱི་ཐེག་པ་རྫོགས་པའི་རྟགས་སུ་ཆོས་གོས་དམར་སེར་གསེར་གྱི་ཧ་རིས་ཏེ་རི་མོ་ཕྱི་ནང་མ་བསྒྲིབས་པ་ཅན། ཐེག་པ་མ་ལུས་པ་ཡོངས་སུ་སྐུ་ལ་རྫོགས་པའི་རྟགས་སུ་ཟ་འོག་གི་བེར་དམར་སྨུག་དང་བཅས་པ་བརྩེགས་མར་གསོལ་བ། དབུ་ལ་ནི་ཟ་ཧོར་རྒྱལ་པོས་ཕུལ་བའི་པད་ཞུ་མནབས་པ་སྟེ་དེའང་བསྐྱེད་རྫོགས་ཟུང་འཇུག་གི་བརྡར་ཕྱི་ནང་གཉིས། སྐུ་གསུམ་མཚོན་བྱེད་ཡར་རྩེ་གསུམ། སྐུ་ལྔའི་འགྲོ་དོན་མཛད་པའི་བརྡར་ཁ་དོག་ལྔའི་མཐའ་ཆགས། ཐབས་ཤེས་དབྱེར་མེད་ཀྱི་བརྡར་གསེར་དངུལ་གྱི་ཉི་ཟླས་བརྒྱན་པ། དམ་ཚིག་མུ་མཐའ་མེད་པའི་བརྡར་མུ་ཁྱུད་མཐིང་གའི་སྒྲིལ། ཏིང་ངེ་འཛིན་གཡོ་བ་མེད་པའི་བརྡར་གསེར་གྱི་རྡོ་རྗེ་ཕྱེད་པའི་ཏོག །ལྟ་བའི་ཡང་རྩེར་ཕྱིན་པའི་རྟགས་རྒོད་ཀྱི་རྩེ་སྒྲོ་དང་རྨ་བྱའི་སྒྲོ་མདོངས་ཀྱིས་བརྒྱན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀ་ན་སྡིགས་མཛུབ་ཀྱི་ཚུལ་དུ་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་ཚེ་རིལ་གྱིས་གང་བའི་སྟེང་དུ་འཆི་མེད་བདུད་རྩིའི་བཅུད་ཀྱིས་གཏམས་པའི་ཚེ་བུམ་དཔག་བསམ་གྱིས་ཁ་རྒྱན་ཅན་འཛིན་པ། ཞབས་གཉིས་སག་ལྷམ་གསོལ་ཞིང་རྒྱལ་པོ་རོལ་པའི་སྟབས་སུ་བརྗིད་ཆགས་པར་བཞུགས་པ། མཆན་ཁུང་གཡོན་ན་ཡུམ་མནྡཱར་བ་སྦས་པའི་ཚུལ་གྱི་ཁ་ཊྭཱཾ་ག་འཛིན་པ། དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚོན་བྱེད་ཡར་གྱི་རྩེ་གསུམ། སྐུ་གསུམ་གྱི་མཚོན་བྱེད་པ་སྐམ་རློན་རྙིད་གསུམ། རྭ་ལ་ཐེག་དགུའི་མཚོན་བྱེད་ལྕགས་ལུང་དགུ །ཡེ་ཤེས་ལྔའི་མཚོན་བྱེད་དར་ཚོན་སྣ་ལྔ། དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱིས་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད་པའི་རྟགས་ཤི་སྐྲ་དང་གསོན་སྐྲས་བརྒྱན་པ་སོགས་དེ་དག་རྣམས་མ་འདྲེས་པ་ཡོངས་སུ་རྫོགས་པ་གསལ་གདབ་ཅིང་། དེའི་མཐའ་སྐོར་དུ་འོད་ལྔའི་དྲྭ་བ་མིག་མང་རིས་ཀྱི་གཟེབ་ཏུ་འཇའ་འོད་ཟླུམ་འཁྱིལ་ཁྲ་སྤུང་ངེ་བའི་དབུས་ན། རྒྱ་གར་གྱི་རིག་འཛིན་བརྒྱད་དང་བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་བཀའ་གཏེར་གྱི་བླ་མ་རྣམས་དང་། རྩ་གསུམ་དམ་ཅན་རྒྱ་མཚོ་ཁྲོམ་མང་ཚོགས་པ་ལྟ་བུར་མངོན་སུམ་བཞུགས་པར་གསལ་ལ་ངག་འདོན་གང་ཡིན་པ་དང་རིམ་པར་འབྲེལ་ནས་མོས་གུས་གདུང་ཤུགས་དྲག་པོ་ཡང་ཡང་བསྐྱེད་ནས་ཚིག་བདུན་གསོལ་འདེབས་སོགས་བརྗོད་པའི་རྐྱེན་གྱིས་ཨོ་རྒྱན་རིན་པོ་ཆེ་གཙོ་འཁོར་རྟེན་བརྟེན་པ་དང་བཅས་མངོན་སུམ་ཉིད་དུ་བྱོན་ནས་བསྐྱེད་པའི་དམ་ཚིག་པ་དང་གཉིས་སུ་མེད་པར་ཆུ་ལ་ཆུ་འདྲེས་པ་ལྟ་བུར་གྱུར་ཅིང་བཞུགས་པའི་སྤྱན་སྔར། ཚོགས་བསགས་པའི་སྒོ་མཐའ་ཡས་པ་ཡན་ལག་བདུན་པ་འདིར་འདུས་ཤིང་། དེ་ལྟར་ཕུལ་བ་ལ་དང་པོ་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་རིམ་པ་ནི། བཟང་སྤྱོད་ལས། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །སོགས་ཞེས་གསུངས་པ་ལྟར་ཕྱག་འཚལ་བའི་ཚུལ་དངོས་ནི། ཐར་མདོ་ལས། པདྨ་ཁ་འབུས་བྱེ་འདྲ་བས། །སོགས་ཞེས་གསུངས་པ་ལྟར་རང་གཞན་སེམས་ཅན་ཐམས་ཅད་ལུས་གྲངས་མེད་ལ་མགོ་གྲངས་མེད། མགོ་གྲངས་མེད་ལ་ལྕེ་དཔག་མེད། ལྕེ་དཔག་མེད་ཀྱིས་བསྟོད་པའི་དབྱངས་གྲངས་མེད་སྤྲུལ་ནས་ཆབས་ཅིག་ཏུ་ཕྱག་འཚལ་བ་དང་། ངག་གིས་འུར་དིར་རེ་སྐྱབས་འགྲོའི་ཚིག་དབྱངས་སྙན་པོ་དང་བཅས་ཏེ་འདོན་པ་དང་། ཡིད་ཀྱིས་བློ་གཏད་ལིང་སྐྱུར་གྱི་གསོལ་བ་བཏབ་པ་སོགས་རང་གཞན་སྒོ་གསུམ་འཇུག་པ་གཅིག་པས་དམིགས་པ་དང་བཅས་ཏེ་ཕྱག་འཚལ་དགོས་ཏེ། ངལ་གསོའི་འགྲེལ་བ་ལས། ས་འདི་རིར་བཅས་རྒྱ་མཚོའི་རྡུལ་སྙེད་དུ། །བསོད་ནམས་དེ་འདྲ་འཇིག་རྟེན་གསུམ་ན་མེད། །ལུས་བཏུད་དབང་ཆེན་ས་ཡི་རྡུལ་རྣམས་དང་། །མཉམ་པའི་གྲངས་སྙེད་འཁོར་ལོའི་སྒྱུར་རྒྱལ་འགྲོ། །མཐར་ཐུག་ཞི་བ་མཆོག་གི་གོ་འཕང་ཐོབ། །ཅེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །གཉིས་པ་འདོད་ཆགས་དང་སེར་སྣའི་གཉེན་པོ། མཆོད་པ་འབུལ་བ་ནི། བཟང་སྤྱོད་ལས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སོགས་གསུངས་པ་ལྟར་དང་། ངལ་གསོ་ལས། མེ་ཏོག་སྤོས་དང་མར་མེ་ཞལ་ཟས་ཆུ། །བླ་བྲེ་འཕན་ལྡིང་གདུགས་དང་རོལ་མོའི་སྒྲ། །རྒྱལ་མཚན་རྔ་ཡབ་རྫ་རྔ་ལ་སོགས་པ༑ །ལུས་དང་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་ཀྱིས། །འགྲོ་བའི་བླ་མ་དཀོན་མཆོག་སྲས་བཅས་མཆོད། །ཅེས་གསུངས་པ་ལྟར་མཆོད་རྫས་ཅི་འབྱོར་བའི་རིགས་གྱ་ནོམ་པ་རྣམས་ཤིན་ཏུ་གཙང་སྦྲ་དང་ཡིད་དུ་འོང་བར་བཤམ་བཀོད་མཛེས་པར་བྱས་ལ་དངོས་སུ་འབུལ་བར་བྱ་བ་དང་། ཡིད་སྤྲུལ་སོགས་ནི། མཆོད་པའི་ལྷ་མོ་བརྒྱད་ཀྱིས་མཆོད་རྫས་སྣ་ཚོགས་སོ་སོར་ཐོགས་པ་དང་། རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་དང་། ལྷམ། སྟན། བཞོན་པ། མལ་ཆ། ཁྲི། རལ་གྲི། ལྤགས་པ་སྟེ་ཉེ་བའི་རིན་ཆེན་བདུན་དང་། གཞན་ཡང་གཞལ་ཡས་ཁང་རིན་པོ་ཆེའི་དྲྭ་ཕྱེད་དང་། གླུ་གར་དང་། སིལ་སྙན། པི་ཝཾ་དང་བསྟོད་པའི་དབྱངས་སྙན། མེ་ཏོག་གི་རིགས་སྣ་ཚོགས་པའི་ཆར་འབབ་པ་དང་། རིན་པོ་ཆེའི་རིགས་དང་། སྨན་ཤིང་ནགས་ཀྱི་ཚལ་ཆེན་པོ། རྒྱ་མཚོ་ངང་པས་བརྒྱན་པ། སྨན་རིགས་སྤོས་རིགས་དྲི་ཞིམ་ངད་ལྡན་ཅན་རོ་བཅུད་ནུས་པར་ལྡན་པ། བྲག་རི། སྤང་ལྗོངས། ཆུ་བསིལ། རྫིང་བུ། ནམ་མཁའ་དྭངས་པ། ཉི་ཟླ་གཟའ་སྐར་བཀྲ་བ་དང་བཅས་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་དམིགས་ཏེ་འབུལ་བར་བྱ་དགོས་ཏེ། སངས་རྒྱས་མང་བྱེད་ཀྱི་མདོ་ལས། གང་ཞིག་རྒྱལ་བ་རྣམས་འདྲེན་ལ། །བྱ་བ་ཆུང་ངུར་སྤྱད་གྱུར་པ། །དེ་དག་མཐོ་རིས་སྣ་ཚོགས་དག །བགྲོད་ནས་བྱང་ཆུབ་ཐོབ་པར་གྱུར། །ཞེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །གསུམ་པ་ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པ་ནི། བཟང་སྤྱོད་ལས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །སོགས་ཅེས་གསུངས་པ་ལྟར་སྡིག་པ་བསགས་པའི་སྒོ་དྲུག་སྟེ་ལུས་ངག་ཡིད་གསུམ་དང་། ཉོན་མོངས་དུག་གསུམ་དང་། ཡུལ་ནི་ཕ་མ་དང་། བླ་མ་མཁན་པོ། སློབ་དཔོན། མཆེད་གྲོགས་སོགས་ལ། ངོ་བོ་ནི་མི་དགེ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་རང་གི་དངོས་སུ་སྤྱོད་པའམ། གཞན་ལ་བྱེད་དུ་བཅུག་པའམ། བྱེད་པ་ལ་བློ་ཡིས་རྗེས་སུ་ཡི་རང་བ་དང་བཅས་ཏེ། དུས་ཀྱང་ཐོག་མ་མེད་པ་ནས་དེང་གི་ཕན་ཆད་དུ་བསགས་པའི་མི་དགེ་བའི་རིགས་སུ་གྱུར་པ་ཀུན་བཤགས་པས་སོར་ཆུད་པར་བྱེད་པ་གལ་ཅི་ནས་ཆེ་བས། དེ་ལྟར་སྔར་བྱས་ཐམས་ཅད་ལ་དུག་ཁོང་དུ་སོང་བ་ལྟར་ཕྱི་འགྱོད་དྲག་པོ་བྱས་པས་སྡིག་པ་སུན་འབྱིན་པའི་སྟོབས་དང་། སྡིག་སྒྲིབ་ཀྱི་རྣམ་པ་མ་ལུས་པ་ནག་ཕུང་ངེར་ལྕེ་ཐོག་ཏུ་འདུས་ནས། བླ་མའི་མཛོད་སྤུ་ལས་ཡེ་ཤེས་ཀྱི་མེ་ལྕེ་འཕྲོས་པས་ཡོངས་སུ་བསྲེགས་ཐལ་སྙམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། ཕྱིན་ཆད་སྡིག་པ་གཏན་ནས་མི་བྱེད་པར་ཡོངས་སུ་སྡོམ་པའི་དམ་བཅའ་བྱེད་པ་ནི་སོར་ཆུད་པའི་སྟོབས་དང་། སྡིག་པ་ཡོངས་སུ་དག་པར་གྱུར་སོང་སྙམ་པའི་ངེས་ཤེས་དང་བཅས་པ་ནི་རྟེན་གྱི་སྟོབས་ཏེ་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ལེགས་པར་བཤགས་དགོས་པ་དང་། ཁྱད་པར་སྡིག་པའི་ངོ་བོར་ཇི་ལྟར་གནས་འདུག་ཞིབ་པར་དཔྱད་དེ་ངོ་བོ་ཆེར་མ་རྙེད་པ་ནམ་མཁའ་ལྟ་བུ་རྟོགས་པའི་ངང་དེར་ཡོངས་སུ་མཉམ་པར་བཞག་པས་སྡིག་པ་ལྷག་མེད་དུ་ཤུགས་ཀྱིས་སངས་འགྲོ་སྟེ། མདོ་ལས། དྲང་པོར་འདུག་ལ་ཡང་དག་བལྟ། །སོགས་ཞེས་གསུངས་པ་ལྟར་ཏེ། ཇི་སྐད་དུ། སྡིག་པ་ལ་ཡོན་ཏན་མེད་ཀྱང་བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན། ཞེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །བཞི་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བ་ནི། བཟང་སྤྱོད་ལས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །སོགས་ཞེས་གསུངས་པ་ལྟར་འཇིག་རྟེན་ཕལ་དང་། ཉན་ཐོས་དང་། རང་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་སྲས་དང་སློབ་མར་རྗེས་འཇུག་དང་བཅས་པས་དུས་གསུམ་ན་བསགས་པའི་རྣམ་དཀར་གྱི་དགེ་ཚོགས་ཆེ་ཕྲ་མ་ལྟོས་པར་ཡོད་དོ་ཅོག་ཀུན་ལ་བསམ་པ་རྣམ་པར་དག་པས་རྗེས་སུ་ཡི་རང་ཆེན་པོས་བློ་རྒྱ་བསྐྱེད་དེ་རབ་ཏུ་དགའ་བ་བསྒོམས་ན། དེའི་སྟོབས་ཀྱིས་རང་གི་དགེ་བ་གང་བསགས་པ་རྣམས་ནམ་ཡང་ཆུད་མི་ཟ་ཞིང་། དགེ་རྩ་འགྱུར་སྐྱེད་ཐོན་པ་དང་། བསོད་ནམས་ཚད་མེད་པ་མཉམ་པོར་ཐོབ་པ་སོགས་ཀྱི་གནད་འགག་དུ་མ་ཡོད་དེ། སྡུད་པ་ལས། སྟོང་གསུམ་རི་རབ་གསེར་གྱིས་བཀང་ཡང་ནི། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་། །རིན་ཆེན་བཻཌཱུརྻ་གཅིག་དེ་ཀུན་ཟིལ་གྱིས་གནོན། །དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན། །རྗེས་སུ་ཡི་རང་བྱང་ཆུབ་སེམས་དཔའི་ཟིལ་གྱིས་གནོན། །ཞེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །ལྔ་པ་གཏི་མུག་གི་གཉེན་པོ་བསྐུལ་མ་གདབ་པ་ནི། བཟང་སྤྱོད་ལས། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །སོགས་ཞེས་གསུངས་པ་ལྟར། རྒྱལ་བ་སྲས་བཅས་ཀྱིས་དམ་པའི་ཆོས་མ་གསུངས་ན་བསྟན་དང་འགྲོ་བ་ཉམ་ཐག་ཡོངས་ལ་འཕྲལ་གྱི་བདེ་སྐྱིད་འབྱོར་ཚོགས་དང་། མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་དམ་པ་སོགས་ཐོབ་ཐབས་དང་བྲལ་ནས་ཐར་པའི་ལམ་སྟོན་མཁན་མེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་གླིང་གཅིག་ཏུ་འགྱུར་ཉེན་ཡོད་པས་ན། དེ་ཕྱིར་སྔོན་སྟོན་པ་ལ་ཚངས་པས་གསེར་གྱི་འཁོར་ལོ་སོགས་ཕུལ་ནས་ཆོས་འཁོར་བསྐོར་བའི་བསྐུལ་མ་གདབ་པ་ཇི་བཞིན་དུ་རང་གིས་ཀྱང་ཕྱོགས་དང་རིས་མེད་ཀྱི་བསྟན་འཛིན་སྐྱེས་བུ་ཆེན་པོ་རྣམས་ཀྱིས་གང་ལ་གང་འདུལ་གྱི་ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་བའི་བསྐུལ་མ་གདབ་པའི་ཕྱིར་དངོས་སུ་འབྱོར་ཚོགས་ཀྱི་སྦྱོར་བ་དང་བཅས་ཆོས་རྔ་བརྡུང་། ཆོས་དུང་འབུད། ཆོས་ཀྱི་སྒྲོན་མེ་སྦར། ཆོས་ཀྱི་དར་ཕྱར། ཆོས་ཀྱི་རྒྱལ་མཚན་བསྒྲེང་དུ་གསོལ་ཞེས་སྨོན་འདུན་རྩེ་གཅིག་ཏུ་བྱ་དགོས་ཏེ། ཇི་སྐད་དུ། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམ་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་དང་། སྙིང་ཁུང་རྒྱུད་ལས། དཀོན་མཆོག་གསུམ་དང་ལྷ་རྣམས་ལ། །གུས་དང་བཅས་པའི་གསོལ་འདེབས་ན། །ཞི་སོགས་དོན་ཀུན་གང་འདོད་པ། །དེ་ཡི་མོད་ལ་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར། དེས་ནི་ཆོས་སྤང་བའི་སྡིག་པ་གང་བྱས་དག་ཅིང་། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་ཆོས་ཀྱི་བརྒྱུད་པ་འཛིན་པ་སོགས་ཀྱི་ཕན་ཡོན་མཆོག་ཏུ་ཆེའོ། །དྲུག་པ་ལོག་ལྟའི་གཉེན་པོ་བཞུགས་སུ་གསོལ་བ་ནི། བཟང་སྤྱོད་ལས། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །སོགས། ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་ཁམས་འདིར། སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་དང་། མཁན་པོ་དང་། སློབ་དཔོན། མཆེད་གྲོགས་སོགས་མདོར་ན་བསྟན་དང་འགྲོ་བ་ཡོངས་ལ་དངོས་བརྒྱུད་བར་གསུམ་ནས་ཕན་པར་མཛད་པའི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད། སེམས་ཅན་གྱིས་ལོག་སྒྲུབ་སྙིགས་དུས་ངན་པས་སྐྱོ་ངལ་སོགས་ལ་མི་ལྟོས་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སྐུ་མྱ་ངན་ལས་མི་འདའ་བ་བཞུགས་པའི་ཞབས་བརྟན་དངོས་བརྒྱུད་བར་གསུམ་ནས་འབུལ་ཞིང་གསོལ་བ་རྩེ་གཅིག་འདེབས་དགོས་ཏེ། ཇི་སྐད་དུ། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོང་པར་མི་འགོད་ཕྱིར། །བསྐལ་པ་གྲངས་མེད་བཞུགས་སུ་གསོལ། །ཞེས་དང་། ཁྱད་པར་རྒྱུད་མདོ་ལས། ཉོན་ཅིག་ཚངས་པའི་རྒྱལ་པོ་ཁྱོད། །བཅོམ་ལྡན་འདས་ལ་གསོལ་བ་འདེབས། །བསོད་ནམས་དེ་ནི་ཁྱད་པར་འཕགས། །སངས་རྒྱས་མྱ་ངན་འདས་མི་མངའ། །ཞེས་གསུངས་པ་ལྟར། དེས་ནི་སེམས་ཅན་ཐམས་ཅད་ཐར་པའི་ལམ་སྟོན་པའི་དེད་དཔོན་དམ་པ་རྣམས་དང་མི་འབྲལ་བ་དང་། རང་ཡང་ཚེ་རིང་བར་ཐོབ་པ་དང་། སྲོག་གཅོད་བྱས་པའི་སྡིག་པ་རྣམས་བྱང་བ་སོགས་ཕན་ཡོན་མཆོག་ཏུ་ཆེའོ། །བདུན་པ་ཐེ་ཚོམ་གྱི་གཉེན་པོ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་ནི། བཟང་སྤྱོད་ལས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །སོགས་ཞེས་གསུངས་པ་ལྟར་བསྔོ་རྒྱུ་ནི་རང་གཞན་དུས་གསུམ་དུ་བསགས་པའི་རྣམ་དཀར་གྱི་དགེ་བའི་རྩ་བ་གང་མཆིས་པ་ཐམས་ཅད་དེ། ཡུལ་ནི་གཏན་བདེ་བླ་ན་མེད་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དྲི་མ་མེད་པ་སངས་རྒྱས་ཀྱི་ས་ཁོ་ན་ལ། དོན་ནི་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད། དུས་མྱུར་བ་ཉིད་དུ་འགོད་པའི་ཕྱིར་ན་ཡོངས་སུ་བསྔོ་བར་བྱའོ་སྙམ་པས་འདུན་པ་རྩེ་གཅིག་ཏུ་བྱ་དགོས་ཤིང་། བློ་གྲོས་རྒྱ་མཚོའི་ཞུས་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། དེ་ལྟར་ཡན་ལག་བདུན་པ་ཕུལ་བའི་བསོད་ནམས་ནི། དཔལ་སྦས་ཀྱི་ཞུས་མདོ་ལས། གང་གིས་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ནས། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་གང་ལ་ཡི་རང་ངོ་། །སྡིག་པ་དག་ཀྱང་བཤགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་ན། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁར་གང་བ་རྟག་ཏུ་གནས། །ཞེས་གསུངས་པ་ལྟར་མདོར་ན། རས་དྲི་མ་ཅན་རྣམས་ཆུས་ཡོངས་སུ་བཀྲུས་ཏེ་ཚོས་རྒྱབ་པ་དང་ཉེ་བར་མཚུངས་ཏེ་གློ་བུར་གྱི་འཁྲུལ་བས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་རགས་པ་རྣམས་སངས་ནས་གཞིའི་གནས་ལུགས་རྟོགས་སླ་བ་སོགས་དགོས་ཆེད་དུ་མ་ཡོད་པས་དོན་གཉེར་ལྷག་པར་བསྐྱེད་པ་གལ་ཆེ་བཞིན་དམིགས་འདུན་རྩེ་གཅིག་ཏུ་བྱས་ནས། བཟླས་པ་དངོས་བཛྲ་གུ་རུ་སོགས་གང་ཡིན་པ་རྣམས་བཟླས་ཚུལ་གྱིས་རིམ་པ་ལ་ལེགས་པར་འཇུག་དགོས་ཏེ། དང་པོ་སྔགས་ཀྱི་སྒྲ་དོན་ནམ་ངོ་བོ་ནི། ཨོཾ་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་འགྱུར་བ་མེད་པ། ཨཱཿནི་གསུང་འགག་པ་མེད་པ། ཧཱུྃ་ནི་ཐུགས་འཁྲུལ་བ་མེད་པ་སྟེ་རྡོ་རྗེ་གསུམ་གྱི་ས་བོན་དང་། གུ་རུ་ནི་བླ་མ། སུ་ཁ་ནི་བདེ་བ། མ་ཧཱ་ནི་ཆེན་པོ། སིདྡྷི་ནི་དངོས་གྲུབ། སརྦ་ནི་ཐམས་ཅད། ཧཱུྃ་ནི་སྩོལ་ཞེས་པ་སྟེ། དེ་ཡང་བསྡུ་ན་རྡོ་རྗེ་བླ་མའི་པདྨར་དངོས་གྲུབ་སྩོལ་ཞེས་པའམ། ཡང་ན་བླ་མ་བདེ་བ་ཆེན་པོའི་དངོས་གྲུབ་ཐམས་ཅད་སྩོལ་ཞེས་པ་ཡིན་གྱི་དེ་ལྟར་སྔགས་སྤྱིའི་སྒྲ་དོན་ཀྱང་ལ་ལ་ནི་མཚན་ནས་འབོད་པ་དང་། ལ་ལ་ནི་ཐུགས་དམ་གནད་ནས་བསྐུལ་བ་དང་། ལ་ལ་ཡོན་ཏན་བརྗོད་ཅིང་བསྟོད་པར་བྱ་བ་ཡིན་པས། དེ་ལྟར་བཟླས་པའི་རྐྱེན་གྱིས་ཡེ་ཤེས་པ་བྱོན་ནས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོགས་རྡུགས་མེད་པར་ངེས་པར་སྟེར་བ་ནི་གདོན་མི་ཟ་བ་ཡིན་ཏེ། གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་བཙུན་མོ་དག །མངོན་པར་ཕྱོགས་པ་བྱ་ཕྱིར་ཏེ། །དཔེར་ན་སྐྱེས་ཆེན་འགའ་ཞིག་ལ། །ཆེ་ལ་མྱུར་བའི་སྒྲས་འབོད་ན། །ཐོས་པ་ཙམ་གྱིས་འོང་བ་ལྟར། །སངས་རྒྱས་སྐད་ཅིག་དེ་ལ་འབྱོན། །ཞེས་དང་། རྒྱུད་ལས། རྫས་དང་སྔགས་ཀྱི་སྦྱོར་བ་ལ། །དཔྱད་ན་དངོས་གྲུབ་མི་འབྱུང་ཏེ། །གལ་ཏེ་ཡིད་གཉིས་ཟ་འགྱུར་རམ། །བསམ་པ་འགྱུར་རམ་དད་པ་ཉམས། །དེ་ཚེ་དངོས་གྲུབ་ཉེ་བ་ཡང་། །ཕྱིར་ལྡོག་འགྱུར་བ་གདོན་མི་ཟ། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་སོགས་གསུངས་པ་ལྟར་ཡིད་ཆེས་ཀྱིས་ངེས་ཤེས་ལྷག་པར་བསྐྱེད་པ་སོགས་སྔོན་དུ་སོང་བའི་རྗེས་ལ། བཟླ་ཚུལ་དངོས་ནི། ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་པར་གྱུར་པ་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང་། རྔམ་གློག་ལས། སྒྲ་ཆེན་མ་ཡིན་སྒྲ་ཆུང་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པར་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པ་མིན། །ཞེས་སོགས་གསུངས་པ་ཇི་བཞིན་ཆད་ལྷག་སོགས་ཀྱི་དབང་དུ་མ་སོང་བར་ངག་གི་སྒྲ་དག་པར་འདོན་ནས་རྣ་བས་ཉན། རིང་མིན་སེམས་ཀྱི་ཤེས་པས་དཔྱད་དེ་གཞན་དག་ལ་མ་ཡེངས་པར་དད་མོས་ལྷག་པར་རྩེ་གཅིག་ཏུ་བསྐྱེད་བཞིན་དུ་བཟླས་ནས། ལྷག་པར་འཕྲོ་འདུ་ཕྲིན་ལས་ཀྱི་དམིགས་པ་ནི། རང་ཉིད་རྣལ་འབྱོར་མའི་ཐུགས་ཀར་ཟླ་དཀྱིལ་སྲན་མ་བཀས་པ་ཙམ་གྱི་སྟེང་དུ། ཧཱུྃ་ཡིག་དཀར་པོ་ཕྲ་མོའི་མཐར་སྔགས་ཕྲེང་རྣམས་གཡས་སུ་བཀོད་ལ་གཡོན་དུ་འཁོར་བ་ལས། འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྩེར་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་རྫས་ནམ་མཁའ་གང་བར་སྤྲོས་ཏེ། ཆོས་ཀྱི་དབྱིངས་ན་བཞུགས་པའི་སྐུ་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་སློབ་མར་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་འབུལ་བས་ལྷ་རྣམས་ཟག་མེད་བདེ་བ་ཆེན་པོས་ཐུགས་ཡོངས་སུ་མཉེས་ནས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད། སྐུ་ཞི་དྲག །གསུང་ཡིག་འབྲུའི་རིགས། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་དང་། འོད་ཟེར་དཀར་དམར་མཐིང་གསུམ་སོགས་བཀྲག་ལ་དྭངས་པ་བཅུད་ལ་སྣུམ་པ་ཆར་ལྟར་འབབས་ནས་རང་གཞན་ཐམས་ཅད་ཀྱི་སྒོ་གསུམ་ལ་ཕོག་ནས་ནང་དུ་ཞུགས་ཤིང་ཐིམ་པར་གྱུར་པའི་མོད་ལ་སྡུག་བསྔལ་སྡིག་སྒྲིབ་རྣམས་ཆེས་ཆེར་བསལ་བའི་སྟོབས་ཀྱིས་ངན་སོང་དུ་མ་སྐྱེས་པ་རྣམས་སྐྱེ་སྒོ་འགེག །སྐྱེས་ཚར་བ་རྣམས་སྡུག་བསྔལ་གྱི་ཐག་བསྲིང་། ཅུང་ཟད་ལས་སྲབ་པ་རྣམས་དེ་མ་ཐག་ཚེ་འཕོས་ནས་མི་ལུས་ཆོས་ལྡན་གྱི་རིགས་རྒྱུད་དུ་སྐྱེས། ཆོས་ལ་འཇུག་མ་ཟིན་པ་རྣམས་བློ་རྒྱུད་ཆོས་ལ་མྱུར་དུ་བསྐུལ། ཞུགས་ཚར་བ་རྣམས་བར་ཆད་ཀྱི་རིམ་པ་ཞི་ཞིང་མཐུན་རྐྱེན་ལེགས་པར་ཚོགས་ནས་ས་ལམ་གོང་ནས་གོང་འཕེལ་དུ་བགྲོད། བགྲོད་བཞིན་པ་རྣམས་ཆོས་མཐར་ཕྱིན་ནས་ལུས་མ་སྨིན་པ་སྨིན་པར་གྱུར་ནས་ལུས་ལ་གཟི་བརྗིད་ཆགས། ངག་མ་སྨིན་པ་སྨིན་པར་གྱུར་ནས་ངག་ལ་བདེན་པ་གྲུབ། ཡིད་མ་སྨིན་པ་སྨིན་པར་གྱུར་ནས་ཉམས་རྟོགས་ཀྱི་རྩལ་ཡོངས་སུ་རྫོགས། ཡོན་ཏན་མ་རྫོགས་པ་རྫོགས་པར་གྱུར་ནས་ཤེས་བྱའི་གནས་ལ་ཆགས་ཐོགས་མེད་པར་གྱུར། ཕྲིན་ལས་མ་རྒྱས་པ་རྒྱས་པར་གྱུར་ནས་ལས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་ནས། ཉན་རང་རྣམས་འགོག་པ་ལས་བསླང་། བྱང་སེམས་རྣམས་ཤེས་སྒྲིབ་ལས་གྲོལ་སོང་སྙམ་པའི་ངང་ནས་མཚན་བསྙེན་ནམ། དུས་བསྙེན་ནམ། གྲངས་བསྙེན་སོགས་གང་རུང་ཚད་དང་ལྡན་པ་བཟླས་པར་བྱའོ། །དེ་ལྟར་དམིགས་བཟླས་ལེགས་པར་བྱས་པའི་ཕན་ཡོན་ནི། ཚེ་འདིའི་བགེགས་དང་བར་ཆད་རྣམས་ཞི་ཞིང་། ངག་ལ་བདེན་པའི་ནུས་སྟོབས་འབྱུང་། ལྷ་རྣམས་མཉེས་པས་བྱིན་རླབས་དངོས་གྲུབ་ཐོབ། སྒྲིབ་གཉིས་བྱང་བ་དང་ཚོགས་གཉིས་རྫོགས། ལས་བཞིའི་དཀྱིལ་འཁོར་རབ་འབྱམས་ལ་དབང་། ཚེ་རབས་ཀུན་ཏུ་བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་འཛིན་ནས། མཐར་ཐུག་རིགས་ཀྱི་བདག་པོའི་ཐུགས་ཀློང་དུ་མངོན་པར་བྱང་ཆུབ་པ་སོགས་དགོས་ཆེད་དུ་མར་ཡོད་པས་དེ་ལྟར་ངེས་ཤེས་ལྷག་པར་སྐྱེད་དེ་སེམས་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་བཟླས་བཞིན་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ཡང་ཡང་བཏབ་ཅིང་བསྙེན་པའི་གྲངས་ཟིན་ནས་མཐར་ཐུན་བསྡུ་རན་པའི་སྐབས་སུ། གཞི་དབང་ཐོབ་པ་ཉིད་མི་ཉམས་པ་མཐར་ཐུག་གི་འབྲས་དབང་མངོན་དུ་གྱུར་ཕྱིར་ལམ་དབང་བཞི་པོ་རྒྱུན་དུ་འདི་ལྟར་ཞུ་བར་བྱ་སྟེ། གུ་རུ་རིན་པོ་ཆེའི་སྨིན་མཚམས་ཀྱི་ཨོཾ་ཡིག་ལས་ཟླ་བའི་ཟེར་ལྟར་འོད་ཟེར་དཀར་གསལ་འཕྲོས་པ་རང་གི་དཔྲལ་བར་ཐིམ་པའི་སྟོབས་ཀྱིས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་མི་དགེ་བ་གསུམ་དང་རྩ་ཡི་སྒྲིབ་པ་བཅས་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུའི་ས་བོན་ཐེབས་པར་སྙམ། དེ་ནས་མགྲིན་པའི་ཨཱཿལས་འོད་ཉི་ཟེར་ལྟར་དམར་སེར་འཕྲོས་པ་རང་གི་མགྲིན་པར་ཐིམ་པའི་སྟོབས་ཀྱིས་ངག་གསང་བའི་དབང་ཐོབ། ངག་གི་མི་དགེ་བ་བཞི་དང་རླུང་གི་སྒྲིབ་པ་དག །ལམ་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུའི་ས་བོན་ཐེབས་ཐལ་སྙམ། དེ་ནས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྤོས་ཀྱི་དུ་བ་ལྟར་སྔོན་པོ་འཕྲོས་པ་རང་གི་སྙིང་ཁར་ཐིམ་པའི་སྟོབས་ཀྱིས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་ལས་མི་དགེ་བ་གསུམ་དང་ཐིག་ལེའི་སྒྲིབ་པ་བཅས་དག །ལམ་བདེ་སྟོང་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་ས་བོན་ཐེབས་ཐལ་སྙམ། སླར་ཡང་ཐུགས་ཀའི་ཧཱུྃ་ལ་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་ཆད་པ་བཞིན་དུ་བྱུང་བ། རང་སེམས་དང་དབྱེར་མེད་འདྲེས་པའི་སྟོབས་ཀྱིས་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་རྟེན་གཞི་བག་ཆགས་དང་ཤེས་བྱའི་སྒྲིབ་པ་ཡོངས་སུ་དག །ལམ་ཀ་དག་ཁྲེགས་ཆོད་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་ཐེབས་ཐལ་སྙམ་ནས་ལྷག་པར་གསོལ་བ་རྩེ་གཅིག་བཏབ་པས་གུ་རུ་རིན་པོ་ཆེའི་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་ངང་ནས་ཞལ་འཛུམ་ཞིང་སྤྱན་རྗེས་ཆགས་གཡོ་བ་དང་བཅས་ཏེ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར་པོ་དྲོད་ཚ་ལམ་མེར་འབར་བ་ཞིག་ཐོན་ནས་རང་གི་སྙིང་གར་ཐིམ་པའི་མོད་ལ་ལུས་འོད་ཀྱི་གོང་བུ་སྲན་མ་ཙམ་དུ་གྱུར་ཅིང་དེ་ཡང་མེ་སྟག་ཡར་བ་བཞིན་དུ་གུ་རུའི་ཐུགས་ཀ་ལ་ཐིམ་པའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་གོ། །དེ་ལྟར་བླ་མའི་རྣལ་འབྱོར་ལེགས་པར་བསྒོམ་པའི་ཕན་ཡོན་ནི། དམ་ཚིག་བཀོད་པ་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། །འདུ་འཛིའི་གཡེང་བ་སྤངས་ཏེ་བསྒོམས་པ་བས། །བླ་མ་རང་སེམས་དཀྱིལ་དུ་དར་གཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང་། མཚན་དང་དཔེ་བྱད་ལྡན་པའི་སྐུ། །བསྐལ་པ་འབུམ་དུ་བསྒོམས་པ་བས། །སྐད་ཅིག་བླ་མ་དྲན་པ་མཆོག །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག །ཅེས་དང་། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་སྒོམ་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང་། །གང་ཟག་དེ་ཡིས་འཛིན་པར་བྱེད། །ཅེས་དང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་དེ་ནི་ཕ་མཐའ་ཡས། །ཞེས་སོགས་ཕན་ཡོན་མཐའ་ཡས་པར་གསུངས་པ་ལྟར་བསྡུ་ན། བླ་མ་འགྲུབ་པའི་རྟགས་མཚན་དུ། ཞལ་མཇལ་ཞིང་དབང་བསྐུར་བ་དང་། ཆོས་གསུང་བ་དང་། ལུང་བསྟན་པ་དང་། འོད་ཟེར་སྤྲོ་བསྡུས་བྱིན་རླབས་འཇུག་པ་སོགས་རྨིས་ཞིང་། དངོས་སུ་དྲན་པ་ཙམ་གྱིས་ཉམས་འབར་བ་དང་། ཕྱིའི་སྣང་བ་བན་བུན་ལང་ལོང་དུ་འགྲོ་བ་དང་། ནང་གི་ཤེས་པ་གསལ་རྗེན་འཆར་བ་དང་། བར་གྱི་རྟོག་པ་རྒྱུན་ཆད་པ་དང་། བླ་མ་རྩ་ན་བཞུགས་ཀྱང་མིང་འབོད་མི་བྲ་བ་དང་འབྲལ་མི་བྲ་བ་ལྟ་བུ་དངོས་ཉམས་རྨི་ལམ་གྱི་རྟགས་མཚན་རྣམས་འབྱུང་ཞིང་ཐར་པའི་ལམ་མ་ནོར་བར་ཚུད་ཅིང་ས་ལམ་གྱི་བར་ཆད་རྣམས་ཞི། དངོས་གཞིའི་ཉམས་མྱོང་རྒྱུད་ལ་འབྱོར་སླ་ཞིང་གནས་ལུགས་མ་ནོར་བར་རྟོགས་པའི་རྩལ་ཆེན་རྫོགས། མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱེད་པ་སོགས་ཕན་ཡོན་ཚད་མེད་པས་ལྷག་པར་ཤེས་པར་བྱས་ལ། སླར་རྗེས་སུའང་སྣང་བ་བླ་མའི་སྐུ། གྲགས་ཚད་གསུང་། དྲན་རྟོགས་ཐུགས་ཀྱི་རང་བཞིན། སྣང་སྲིད་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་ཡོངས་སུ་ཤེས་པའི་ངང་ནས་སོ།།  ༈  །།ད་ནི་དེ་དག་ཐམས་ཅད་དང་འབྲེལ་དགོས་ངེས་རྗེས་ཀྱི་བྱ་བ་བསྔོ་སྨོན་གྱི་རིམ་པ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་གསུངས་པ་ལྟར་བརྗོད་དེ་དགེ་བ་གང་འགྲུབ་བསྔོ་སྨོན་གྱིས་རྒྱས་ཡོངས་སུ་ཐེབས་པར་བྱ་དགོས་པ་ཡིན་ཏེ། རྗེ་ལྷ་རྩེ་བས། འགྲོ་དྲུག་གི་དོན་དུ་ཐུགས་བསྐྱེད་ནས། །ལས་དཀར་པོ་དགེ་བཅུས་དུས་འདའ་བར། །དེ་འཁོར་གསུམ་ཡོངས་སུ་དག་ན་རབ། །དེ་མིན་ཡང་བྱང་ཆུབ་ཡོངས་བསྔོ་འཚལ། །ཞེས་དང་། རྗེ་འབྲི་གུང་པས། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱི་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་སྨིན་པས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར་གལ་ཆེ་ཞིང་། དེའང་བསྔོ་སྨོན་ཅེས་པའི་དོན་ནི། འགྲེལ་བའི་རྣམ་པ་ཕྲའང་བཀོད་པ་དོན་ཆེ་བའི་ཕྱིར། འོག་ཏུ་འཆད་འགྱུར་ལྟར་བསྡུ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་དམ་པ་ཐོབ་ཕྱིར་དུ་དགེ་བའི་རྩ་བ་རྣམས་སྦྱིན་པ་གཏོང་བའི་བསྔོ་བར་བྱ་བ་ཡིན་པས་ན་བསྔོ་བ་ཞེས་དང་། དེའི་དོན་བྱེ་བྲག་ཏུ་རང་གཞན་དོན་གཉིས་སམ། བསྟན་དང་འགྲོ་བའམ་མདོར་ན་ཚེ་རབས་ཀུན་ཏུ་ལེགས་སྤེལ་ཉེས་སེལ་གྱི་ཕྱིར་དུ། དེ་ལྟར་འགྲུབ་པར་ཡིད་ཀྱིས་སྨོན་ནས་བདེན་པའི་ཚིག་དང་བཅས་ཀྱིས་ལམ་ཕྱིན་ཅི་མ་ལོག་པའི་རིམ་པ་ལ་སྦྱོར་བས་ན་སྨོན་ལམ་ཞེས་པའམ། ཡང་ན་རང་གཞན་འཕྲལ་ཡུན་ཀུན་ཏུ་ལེགས་སྤེལ་ཉེས་སེལ་གྱི་འདོད་པའི་དོན་ལ་སྨོན་པའི་གནས་སམ། ལམ་ཡང་དག་པས་ན་སྨོན་ལམ་ཞེས་དང་། དེ་ལྟར་འགྲུབ་པའི་ཕྱིར་དུ། བདག་གི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོས་པའི་མཐུ་ཟབ་མོ་ལ་བརྟེན་ནས་དུས་མྱུར་བ་ཉིད་དུ་དེ་དེ་བཞིན་དུ་འགྲུབ་པར་ཤོག །ཅེས་པས་ན་སྨོན་ལམ་དང་བསྔོ་བ་གསུངས་པའི་དོན་སོགས་གོ་དགོས་པ་ཡིན་པར་འདུག །དེ་ལྟར་ཚིག་དོན་ཟུང་དུ་འབྲེལ་བའི་སྒོ་ནས། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་སོགས་བསྔོ་སྨོན་གྱི་རིམ་པ་ཡང་དག་པས་མཚམས་སྦྱོར་བྱེད་པ་དེས། དགེ་འབྲས་གོང་འཕེལ་དུ་འགྱུར་ཞིང་དགེ་རྩ་གནད་ལ་ཐེབས་པའི་དགོས་གནད་སོགས་གལ་པོ་ཆེ་རུ་ཡོད་པས་ཤེས་པར་བྱེད་པ་ལས། བསྔོ་བྱ་བསྔོ་བྱེད་སོགས་དམིགས་བཅས་དམིགས་མེད་གང་གིས་རྩིས་མ་ཟིན་པ་ནི་གཏི་མུག་བཏང་སྙོམས་ལུང་མ་བསྟན་ཞེས་ཕན་གནོད་གང་ཡང་མེད་པར་དགེ་རྩ་གང་འགྲུབ་རྣམས་བར་མ་དོར་ཆུད་ཟོས་སུ་འགྲོ་ཉེན་ཡོད་པས། བསྔོ་བྱ་སོགས་རྣམ་པ་དང་ངོ་བོ་ཡང་དག་པས་རྩིས་ཟིན་པ་གལ་ཆེ་སྟེ། ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོ་རེག་གྱུར་ཅིག །ཅེས་དང་། བློ་གྲོས་རྒྱ་མཚོའི་ཞུས་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། སློབ་དཔོན་དཔའ་བོས། ཇི་ལྟར་དགེ་བའི་རྩ་བ་དེ་ཀུན་ཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་སེམས་པ་ཀུན་བྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུ་རུ་བསྔོ། །ཞེས་ཕན་ཡོན་དང་བཅས་ཏེ་གསུངས་པ་ཇི་བཞིན་བསྔོ་བར་བྱ་དགོས་ཤིང་། དེས་ན་ཇི་ལྟར་བསྔོ་སྙམ་ན། རྒྱུ་ནི་ད་ལན་རང་གི་ས་ལམ་བསྐྱེད་རྫོགས་ཀྱི་རིམ་པ་གང་ལ་བརྩོན་པའི་དགེ་བ་དེ་དག་དམིགས་རྟེན་མཚོན་བྱེད་དུ་བྱས་ནས། རྒྱལ་བ་སྲས་དང་སློབ་མར་བཅས་པས་དུས་གསུམ་ན་བསགས་པའི་རྣམ་དཀར་གྱི་དགེ་ཚོགས་གང་མཆིས་པ་ཐམས་ཅད་མཚོན་བྱར་བྱས་ལ་དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་པའི་བློ་འདུན་གྱིས་ཡོངས་སུ་འཁྱུད་བཞིན་པའི་ངང་ནས། ཡུལ་གང་དུ་བསྔོ་སྙམ་ན། ལྷ་མིའི་བདེ་བ་ཙམ་དང་། ཉན་རང་དང་། བྱང་སེམས་ཀྱི་གོ་འཕང་ཐོབ་ཕྱིར་ཙམ་དུ་མ་ཡིན་ཏེ་དགེ་འབྲས་ཆེ་ཕྲ་དང་ལམ་ཉེ་རིང་ལ་མ་ལྟོས་པར་གོལ་འགྲོ་བ་ཡིན་པའི་ཕྱིར། དེས་ན་ཡུལ་གྱི་མཆོག་མཐར་ཐུག་པ་དུས་གཏན་གྱི་བདེ་བ་བླ་ན་མེད་པའི་གནས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་ས། སྐུ་བཞི་ཡེ་ཤེས་ལྔ་ཡི་ངོ་བོ། ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་དྲི་མ་མེད་པ་ཉིད་ལ་ཚད་འཛུགས་དགོས་ཏེ། དོན་སུའི་ཆེད་དུ་བསྔོ་སྙམ་ན། རང་དོན་དང་། གཉེན་ཉེ་འབྲེལ་དང་། འབྲེལ་ཐོགས་སོགས་ཕྱོགས་རེ་བ་ཙམ་གྱི་ཕྱིར་དུ་ཡང་མ་ཡིན་པར། ནམ་མཁའི་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱི་གར་ཁྱབ་ཕ་མ་དྲིན་ཆེན་གྱིས་ཁྱབ། ཕ་མ་དྲིན་ཆེན་གྱིས་གར་ཁྱབ་བདེ་སྡུག་གི་ལས་ཀྱིས་ཁྱབ་པས་ན། དེ་དག་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་དམ་པ་དེ་རུ། དུས་མྱུར་བ་ཉིད་དུ་ཕྱམ་གཅིག་འགོད་པའི་ཆེད་དུ་བསྔོ་དགོས་པ་ཡིན། དེའང་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཟབ་མོས་རྩིས་ཟིན་ན་ཁྱད་པར་དུ་མས་འཕགས་པ་ཉིད་དུ་གསུངས་སྟེ། དཀོན་མཆོག་སྤྲིན་མདོ་ལས། གང་ལ་དགེ་བ་མི་དམིགས་པ་དང་། ཇི་ལྟར་བྱ་བ་མི་དམིགས་པ་དང་། ཡོངས་སུ་འབད་པ་མི་དམིགས་པའི་ཚུལ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པར་བྱའོ། །ཞེས་དང་། དཀོན་བརྩེགས་ལས། ཇི་ལྟར་ཕ་རོལ་ཏུ་ཕྱིན་པའི་དགེ་བ་དྲུག་གིས་བསྡུས་པའི་དགེ་བ་གང་ལའང་བྱེད་པ་པོ་བདག་ཉིད་དང་། བྱ་བའི་ཡུལ། བྱས་པའི་དགེ་བ་གསུམ་བྱེད་དུས་ནས་བདེན་ཞེན་མེད་པར་སྤྲུལ་པ་ལྟ་བུའམ། སྒྱུ་མ་ལྟ་བུས་སྤྱད་ན་མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་རོ། །ཞེས་དང་། མདོ་སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་བཟའ་བ། །དཀར་པོའི་ཆོས་ལའང་དམིགས་པ་རྒྱལ་བས་དེ་སྐད་གསུང་། །ཅི་སྟེ་མཚན་མ་ཡོད་ན་བྱང་ཆུབ་བསྔོ་བ་མིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཞེས་དང་། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །སྲིད་པར་དེ་གནས་ཐར་པ་ཐོབ་མི་འགྱུར། །གལ་ཏེ་གཉིས་པོ་སྦྱོར་བར་ནུས་པ་ཡིས། །སྲིད་པར་མི་གནས་ཞི་བར་དེ་མི་གོལ། །ཞེས་གསུངས་པ་ལྟར་ཏེ། ལམ་ཤེས་རབ་སྙིང་རྗེས་མ་ཟིན་པའི་དགེ་བཅུ་ལྟ་བུ་ནི་དམན་པ་སྟེ་དཔེར་ན་ཆུ་ཤིང་གི་འབྲས་བུ་ལན་གཅིག་སྨིན་ནས་ཡོངས་སུ་སྐམ་པ་ལྟར། གཏི་མུག་གི་ས་པས་བསྡུས་པའི་ཕྱིར་དགེ་རྩ་རྐྱེན་གྱིས་འཇོམས་པ་དང་སྐྱེད་མི་འཕེལ་བར་མངོན་མཐོ་ལྷ་མིའི་བདེ་འབྲས་བསྐྱེད་ནས་ཟད་པར་འགྱུར་བས་ན་བསོད་ནམས་ཆ་མཐུན་གྱི་དགེ་བ་ཞེས་པ་དང་། ལམ་ཤེས་རབ་ཟབ་མོས་ཟིན་ནས་བཟུང་དགེ་རྩ་རྐྱེན་གྱིས་མི་ཤིག་པ་དང་། གོང་ནས་གོང་དུ་འཕེལ་ཏེ་བྱང་ཆུབ་ཐོབ་པའི་རྒྱུ་བྱེད་པས་ན་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་སྟེ་དཔེར་ན་ལྕགས་ལ་གསེར་འགྱུར་གྱི་རྩིས་ཡོངས་སུ་ཐེབས་པ་དང་ཉེ་བར་མཚུངས་ཏེ་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་གཉིས་ཀའི་རྒྱུ་བྱེད་པས་ན་དགེ་རྩ་སོགས་བདེན་མེད་སྟོང་པའི་ཤེས་རབ་ཀྱིས་རྩིས་ཡོངས་སུ་ཟིན་ན་ནི་ཁྱད་པར་དུ་མས་འཕགས་པ་ཉིད་དུ་བཞེད་འདུག་པ་དེ་ལྟ་ལར་ནི་འབྱོང་བ་གལ་ཆེ་བའི་རང་བཞིན་དང་། འོན་ཀྱང་ད་ལྟ་རང་རེ་ལས་དང་པོ་པའི་སྐབས་སུ་འཁོར་གསུམ་བདེན་མེད་དུ་མཉམ་པར་བཞག་ཀྱང་དམིགས་བཅས་ལས་ནམ་ཡང་མི་འདའ་ཞིང་། ནམ་ཞིག་སྟོང་ཉིད་ཀྱི་ཤེས་རབ་ཟབ་མོ་རྟོགས་པའི་ཚེ་རྣམ་པ་དམིགས་བཅས་སུ་ཇི་ལྟར་བསྒོམ་རུང་ངོ་བོ་ཤེས་རབ་སྟོང་པའི་རྩིས་རང་ཤུགས་ཀྱིས་ཟིན་ནས་དུས་མཉམ་དུ་ཁྱབ་པ་ཞིག་ཡོང་རྒྱུ་ཡོད་པ་ཡིན་པས། དེ་ལྟ་བུར་མ་རྟོགས་ཀྱི་བར་དུ་རེ་ཞིག་ལྷག་བསམ་གྱི་འདུན་པ་ཁོ་ན་ལ་རག་ལས་ཤིང་དེ་སྟོབས་ཆེ་བ་ཡིན་པས་ཤེས་པར་བྱ་དགོས་སུ་ཐུག་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །རང་བཞིན་བདེན་མེད་སྒྱུ་མ་དང་། །རྨི་ལམ་ལྟ་བུར་བློ་བཞག་བྱ། །ཞེས་དང་། ལྟུང་བཤགས་ལས། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་དང་། བཟང་སྤྱོད་ལས། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་གསུངས་པ་དང་ཉེ་བར་མཚུངས་པ་གོང་དུ་བཤད་མ་ཐག་པའི་ཚུལ་ལྟར། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད། དུས་མྱུར་བ་ཉིད་དུ་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་དུ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་དེ་དེ་བཞིན་བདག་གིས་ཀྱང་རྗེས་སུ་སློབ་ནས་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པས་འདུན་པ་རྩེ་གཅིག་པའི་ངང་དུ་དོན་རྣམས་ཧྲིལ་གྱིས་འདུས་ཡོད་པས་ཚིག་རྗེས་དོན་དྲན་ཀྱི་ངང་ནས་བསྔོ་སྨོན་གྱི་བདེན་ཚིག་ཟབ་མོ་རྣམས་ཆད་ལྷག་མ་སོང་བར་དལ་ཆགས་པ་ཞིབ་ཀྱིས་འདོན་པར་བྱའོ། །དེ་ལྟར་སྔོན་འགྲོའི་ཁྲིད་ཡིག་ཕལ་ཆེར་ནི་རྒྱས་ཆེ་བའི་དབང་གིས་དཔེ་དང་ལུང་འདྲེན་ཕན་ཡོན་སོགས་ཀྱི་གསུང་ཚིག་རྣམས་གོ་བས་མ་ཆུན་ཏེ། དོན་ཉམས་སུ་སྙིང་པོར་ལེན་འདོད་རྣམས་ལ་བཤད་བདེ། ཉན་བདེ་སྒྲུབ་བདེའི་ཕྱིར་ན་སྙིང་པོ་འདི་ཙམ་དུ་ཡོངས་སུ་འདུས་པར་བྱས་ཏེ། ཡི་གེའི་གཟུགས་སུ་སྲས་མིང་པ་ཨཱརྻ་ཏིཥྛ་བཛྲས་ལྷ་བྲག་ཡང་མཛོད་ཀྱི་སྒྲུབ་གནས་དབེན་པར་གནས་པའི་སྐབས། ཐུན་གྱི་བར་བར་ལ་ལྷག་བསམ་ཤིན་ཏུ་དྭངས་པའི་ངོགས་ནས་བཀོད་པ་ཡིན་པས་དོན་ཉམས་སུ་ལེན་མཁན་དང་ལྡན་པར་ཤོག་ཅིག་བླ་མ་མཁྱེན་ནོ། །སླར་སྨྲས་པ། ད་རེས་དལ་འབྱོར་ཕུན་སུམ་ཚོགས་པའི་སྐབས། །ཐར་པ་མཆོག་གི་བཙན་ས་མ་བཟུང་ན། །ཚེ་འདི་གློ་བུར་ཕལ་ཆེར་འཆི་ནས་འགྲོ། །ངན་སོང་གནས་སུ་འཁྱམས་དུས་འགྱོད་ཀྱང་འཕྱི། །དོན་ནི་ཡོད་ལ་མེད་པའི་བྱ་བཞག་དོར། །སྙིང་པོ་ཆོས་ལ་དྲིལ་ཅིག་གྲོགས་མཆེད་རྣམས། །བདེ་གཤེགས་ཁམས་ཀྱི་མེ་ལོང་ཡེ་དྭངས་ཀྱང་། །གློ་བུར་གཡའ་ཡིས་ཚེ་རབས་ཀུན་ཏུ་བསྒྲིབས། །དེ་ཕྱིར་རྒྱལ་བ་ཐུགས་རྗེ་ཐབས་མཁས་པའི། །འཇུག་པ་འདི་ལ་སུ་ཞིག་བརྩོན་བྱས་ན། །མཆོག་གསུམ་རྗེས་བཟུང་བྱང་ཆུབ་སེམས་མཆོག་འབྱོངས། །སྒྲིབ་ཚོགས་བྱང་ཞིང་བསོད་ནམས་ཚོགས་རབ་རྫོགས། །ཁྱད་པར་བླ་མའི་རྣལ་འབྱོར་ལ་བརྟེན་ཚེ། །རང་བྱུང་གཉུག་མའི་ཡེ་ཤེས་མངོན་གྱུར་ཏེ། །སྐུ་བཞིའི་གོ་འཕང་མྱུར་དུ་རེག་པས་ན། །གཞན་དོན་ཐུགས་བསྐྱེད་ཡར་ཟླའི་དཔལ་བཞིན་རོལ། །ཕྱོགས་ཀྱི་གྲུབ་པའི་འདབ་མ་གྱེས་པར་མཛོད། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:50, 3 July 2024

Wylie title thun min sngon 'gro'i khrid yig snying po kun dril ma SPCD-KABUM-01-KA-007.pdf
Location 'phags mchog bka' 'bum
Volume 1, Text 7, Pages 301-506 (Folios 1a1 to 103a3)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Thun min sngon 'gro'i khrid yig snying po kun dril ma. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 1: 301-506. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Contemplative Guide Books and Instructional Manuals - khrid yig  ·  Preliminary Practices - sngon 'gro
Colophon

།སླར་སྨྲས་པ། ད་རེས་དལ་འབྱོར་ཕུན་སུམ་ཚོགས་པའི་སྐབས། །ཐར་པ་མཆོག་གི་བཙན་ས་མ་བཟུང་ན། །ཚེ་འདི་གློ་བུར་ཕལ་ཆེར་འཆི་ནས་འགྲོ། །ངན་སོང་གནས་སུ་འཁྱམས་དུས་འགྱོད་ཀྱང་འཕྱི། །དོན་ནི་ཡོད་ལ་མེད་པའི་བྱ་བཞག་དོར། །སྙིང་པོ་ཆོས་ལ་དྲིལ་ཅིག་གྲོགས་མཆེད་རྣམས། །བདེ་གཤེགས་ཁམས་ཀྱི་མེ་ལོང་ཡེ་དྭངས་ཀྱང་། །གློ་བུར་གཡའ་ཡིས་ཚེ་རབས་ཀུན་ཏུ་བསྒྲིབས། །དེ་ཕྱིར་རྒྱལ་བ་ཐུགས་རྗེ་ཐབས་མཁས་པའི། །འཇུག་པ་འདི་ལ་སུ་ཞིག་བརྩོན་བྱས་ན། །མཆོག་གསུམ་རྗེས་བཟུང་བྱང་ཆུབ་སེམས་མཆོག་འབྱོངས། །སྒྲིབ་ཚོགས་བྱང་ཞིང་བསོད་ནམས་ཚོགས་རབ་རྫོགས། །ཁྱད་པར་བླ་མའི་རྣལ་འབྱོར་ལ་བརྟེན་ཚེ། །རང་བྱུང་གཉུག་མའི་ཡེ་ཤེས་མངོན་གྱུར་ཏེ། །སྐུ་བཞིའི་གོ་འཕང་མྱུར་དུ་རེག་པས་ན། །གཞན་དོན་ཐུགས་བསྐྱེད་ཡར་ཟླའི་དཔལ་བཞིན་རོལ། །ཕྱོགས་ཀྱི་གྲུབ་པའི་འདབ་མ་གྱེས་པར་མཛོད། །སརྦ་མངྒ་ལཾ།

/slar smras pa/_da res dal 'byor phun sum tshogs pa'i skabs/_/thar pa mchog gi btsan sa ma bzung na/_/tshe 'di glo bur phal cher 'chi nas 'gro/_/ngan song gnas su 'khyams dus 'gyod kyang 'phyi/_/don ni yod la med pa'i bya bzhag dor/_/snying po chos la dril cig grogs mched rnams/_/bde gshegs khams kyi me long ye dwangs kyang /_/glo bur g.ya' yis tshe rabs kun tu bsgribs/_/de phyir rgyal ba thugs rje thabs mkhas pa'i/_/'jug pa 'di la su zhig brtson byas na/_/mchog gsum rjes bzung byang chub sems mchog 'byongs/_/sgrib tshogs byang zhing bsod nams tshogs rab rdzogs/_/khyad par bla ma'i rnal 'byor la brten tshe/_/rang byung gnyug ma'i ye shes mngon gyur te/_/sku bzhi'i go 'phang myur du reg pas na/_/gzhan don thugs bskyed yar zla'i dpal bzhin rol/_/phyogs kyi grub pa'i 'dab ma gyes par mdzod/_/sarba mang+ga laM/

[edit]

༄༅། །ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་སྙིང་པོ་ཀུན་དྲིལ་མ་བཞུགས་སོ།།

༄༅། །སྲིད་དང་ཞི་བའི་ཁམས་འདི་ན། །བདེ་བ་ཐམས་ཅད་འབྱུང་བའི་གནས། །སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ། །ཤེས་ནས་བྱང་ཆུབ་བར་དུ་འདུད། །རྨོངས་པ་རང་འདྲའི་ཡིད་ངོ་ལ། །བླ་མའི་ཞལ་ལུང་དྲི་མེད་རྣམས། །གསལ་བའི་ས་བོན་བསྐྲུན་ཕྱིར་དུ། །ཐུན་མིན་སྔོན་འགྲོའི་སྙིང་པོ་བྲི། །དེ་ཡང་ཁམས་གསུམ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཏེ་མེའི་འོབས་ལྟ་བུ། སྲིན་པོའི་གླིང་ལྟ་བུ། མཚོན་གྱི་རྩེ་ལྟ་བུར་མཐོང་ནས། དེའི་རྒྱུ་ངོ་མ་ཚེ་འདིར་སྣང་གི་དགྲ་འདུལ་གཉེན་སྐྱོང་། ཟས་གོས་དོན་གཉེར་འགྲོ་འདུག་བྱ་བཞག་འདུ་འཛི་གཡེང་བའི་རྣམ་པ་ཐམས་ཅད་སྙིང་པོ་ཅི་ཡང་མེད་པའི་རྒྱུ་མཚན་གྱིས་བློ་སྣ་ངེས་པ་ཅན་གྱིས་ཡོངས་སུ་མ་ལྡོག་ན། ཐུན་མིན་སྔོན་འགྲོའི་བསགས་སྦྱང་གི་རིམ་པ་ལ་ཚིག་ཙམ་རྗེས་ཟློས་ཀྱིས་གྲངས་གསོག་པ་དང་། འ་འུར་ཡལ་ཡོལ་གྱི་ངང་ནས་ཚེ་འདིའི་དཔོན་པོ་ལ་ཁྲལ་འཇལ་བྱེད་པ་ལྟ་བུའམ། གཡོག་ངན་ལ་ལའི་ལས་ཀ་ལྟ་བུ་བྱས་པས་དོན་ཅུང་ཟད་ཙམ་ནམ་དུའང་མི་འབྱུང་སྟེ། ཇི་སྐད་དུ། དཀོན་མཆོག་གི་རྟེན་སྡིག་སྡུག་གིས་བཞེངས། ཚེ་ཕྱི་མ་རླུང་ལ་བསྐུར། ཅེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། རང་གི་སྐྱོན་ལ་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །དུས་རྣམ་ཀུན་ཏུ་རང་གི་འཁྲུལ་བ་ལ། །བརྟགས་ནས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། སྤྱོད་འཇུག་ལས། བདག་གིས་སྤྱོད་པ་འདི་འདྲས་ནི། །མི་ལུས་ཀྱང་ནི་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་གསུངས་པ་ལྟ་བུ་ལས་དོན་ནམ་ཡང་མི་གྲུབ་སྟེ། དཔེར་ན་འཇིག་རྟེན་ནའང་བརྩོན་འགྲུས་དང་ཐབས་ཆེ་བ་དང་ཤེས་རབ་ཆེ་བ་ཞིག་གིས་བྱ་བ་གང་དང་གང་ཡིན་ཡང་རུང་མི་འགྲུབ་པ་མེད་པ་ལྟ་བུ་འབྱུང་བ་དང་། བརྩོན་འགྲུས་མ་བྱས་ན་འཇིག་རྟེན་པའི་བྱ་བ་སྣ་རེ་ཙམ་ཡང་འགྲུབ་དཀའ་བའི་རང་བཞིན་ལས་མ་འདས་ན་དམ་པའི་ཆོས་ལ་ལྟ་ཅི་སྨོས་པས། དེས་ན་དད་པ་དང་དོན་གཉེར། དཀའ་སྤྱད་དང་བརྩོན་འགྲུས་ཁྱད་འཕགས་ལྷག་པར་བསྐྱེད་པ་ནི་གལ་ཤིན་ཏུ་ཆེ་བའི་རང་བཞིན་ཏེ། སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུངས་པས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། ། དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན༑ །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་དང་། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་བདག་ཀྱང་དགེ་ལ་སྤྱོད་ཅིང་། གཞན་ཡང་དེ་ལ་བསྐུལ་བ་ནི་དལ་འབྱོར་སྙིང་པོ་བྱེད་པ་སྟེ་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བཀུར་རོ། །ཞེས་དང་། མདོ་ལས། བདག་གི་ནོར་ནི་བཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་བཏང་ལ་སྲོག་སྲུང་སྟེ། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་བཏང་ལ་ཡང་དག་ཆོས་སྒྲུབས་ཤིག །ཅེས་དང་། ཇི་སྐད་དུ། བརྩོན་འགྲུས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །བརྩོན་འགྲུས་ལྡན་པ་ཡོན་ཏན་ཚོགས་འཕེལ་ཞིང་། །བརྩོན་འགྲུས་ལྡན་པས་བསམ་པ་མ་ལུས་འགྲུབ། །བརྩོན་འགྲུས་ལྡན་པ་མྱུར་དུ་མྱ་ངན་འདས། །ཞེས་དང་། ཇི་སྐད་དུ། ཐམས་ཅད་བརྩོན་འགྲུས་སྟེང་ན་གདའ། །དད་ལྡན་གཡོ་མེད་གང་ཟག་གིས། །སྒྲུབ་ལ་ནན་ཏན་གཙོར་འདོན་ན། །དེ་ཡི་ལག་ན་བྱང་ཆུབ་འདུག །ཅེས་དང་། ས་པཎ་གྱིས། རྒྱུན་ཆགས་བརྩོན་པ་མ་བཏང་བར། །བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ། །ཆུ་བོ་དལ་གྱིས་བབ་པ་ཡིས། །ཡངས་པའི་ས་ཆེན་བསྐོར་ནས་འགྲོ། །ངང་ཐུང་འབད་པས་མཐར་མི་ཕྱིན། །བྱ་བ་ཆེན་པོ་ཡུན་གྱིས་སྒྲུབས། །ཞེས་དང་། ཆོས་བཅུ་པ་ལས། ཇི་ལྟར་བདག་སེམས་ཅན་ཐམས་ཅད་བསྒྲལ་ཕྱིར་དང་། སྒྲོལ་ཕྱིར་དང་། དུལ་བ་དང་། ཞི་བར་འགོད་པའི་ཕྱིར་བརྩོན་པར་བྱེད་ན་བདག་ཉིད་མ་དུལ་བ་དང་། མ་ཞི་བ་དང་མ་བསྲུངས་པ་ནི་བདག་གི་ཆ་མ་ཡིན་པས། ཞི་བ་དང་། དུལ་བ་དང་། བསྲུང་བར་བྱའོ། །ཞེས་གསུངས་པ་ལྟར་དང་པོ་དད་པ་དང་དོན་གཉེར་དཀའ་སྤྱད་དང་སྙིང་རུས། ཞི་དུལ་དང་བག་ཡོད་སོགས་ལེགས་པར་འབྱོངས་པའི་སྒོ་ནས་ཆོས་སྒྲུབ་དགོས་ཚུལ་གྱི་རང་བཞིན་རྣམས་ལོ་རྒྱུས་དྲི་མ་མེད་པས་མཚམས་སྦྱར་ཏེ་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་འབྱོར་ངེས་པར་སྔོན་དུ་བྱས་ལ། དེ་ནས་བརྒྱུད་ལྡན་གྱི་བླ་མའི་ཞལ་རྒྱུན་དང་ཕྱག་བཞེས་ཟབ་མོ་དང་མཐུན་ངེས་པར་སྒོ་གསུམ་ཐུགས་ཉམས་ཤིན་ཏུ་བག་ཕེབས་པའི་ངང་ནས། དང་པོ་ངག་གི་འདོན་བྱ་གང་ཡིན་པ་དེ་དག་བློ་རུ་བྱང་ཆུབ་པར་འཛིན་ཅིང་། དེ་ནས་ཟླ་བ་ཁ་ཤས་ལ་སྐྱབས་ཡུལ་རྣམས་མ་འདྲེས་པ་སོ་སོར་གསལ་བཏབ་ལ་བརྟན་ཆ་གཅིག་ཏུ་ཆེ་བ་མ་བྱུང་གི་བར་དུ་བསྒོམས་ནས་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་འདྲོངས་ངེས་པར་གྱུར་པའི་སྤྱན་སྔར། མཆོད་པ་སོགས་ཀྱང་དངོས་སུ་བཤམས་པ་དེས་མཚོན་ནས་ཡིད་ཀྱི་སྤྲུལ་པའི་ཏིང་ངེ་འཛིན་གྱིས་མཁའ་ཁྱབ་ཏུ་སྤེལ་བའི་དམིགས་འདུན་རྩེ་གཅིག་ཏུ་དྲིལ་ནས་བསྒོམ་པར་མཛད་པ་ལས། གཞན་སའམ་རྡོའམ། བར་སྣང་སྟོང་པ་ལ་འབུལ་བྱ་འབུལ་བྱེད་གྱུར་པ་ལྟ་བུར་སླ་ཆོས་སུ་ནམ་ཡང་མ་བྱེད་པར་དཀའ་བ་དང་དུ་བླངས། སླ་བ་རྒྱབ་ཏུ་དོར་ནས་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མཚན་མེད་པ། རྗེས་རྨི་ལམ་དང་སྒྱུ་མ་ལྟ་བུའི་བསྔོ་བ་སྟེ་དམ་པ་གསུམ་ཀ་ཚང་བའི་སྒོ་ནས་ལག་ལེན་ཚད་ལྡན་རེ་རིམ་གྱིས་ངེས་པར་བཏབ་མཛད་དགོས་པ་ཡིན་མ་གཏོགས། དད་པ་དང་དོན་གཉེར་ཅི་ཡང་མེད་པའི་ངང་ནས་འགོ་ཆད་གཞུག་རྡུམ་ལྟ་བུའི་སྒོམ་བཟླས་འགའ་རེ་སོང་ན་ཚོགས་རྫོགས་རྒྱུ་དང་སྒྲིབ་པ་བྱང་རྒྱུ་མ་དགོས་པར་ཆོས་ལ་བརྟེན་ནས་ཚོགས་ངན་ཚབས་པོ་ཆེ་བསགས་པའི་རྒྱུ་རུ་མི་འགྱུར་བའི་ངེས་པ་འགའ་ཡང་མེད་དེ། དྭགས་པོ་ལྷ་རྗེས། ཆོས་ཆོས་བཞིན་དུ་མ་སྤྱད་ན། སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་གསུངས་པ་ལྟར། དེ་ལྟ་བུ་ལ་ངེས་པ་ཅན་གྱི་གོ་བ་ལོན་དགོས་པ་དང་། ལར་ནི་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་མཐའ་ཡས་པ་རྣམས་དངོས་པོའི་གཟུགས་སུ་མཆིས་ན་རི་བོའི་དཔངས་དང་། རྒྱ་མཚོའི་གཏིང་དང་། ཐང་གི་མཐའ་རྒྱ་ལྟ་བུ་ཟབ་ཅིང་རྒྱ་ཆེ་བ་མཐའ་ཡས་པ་འགའ་ཞིག་ཡོད་ཤག་རེད་པས། དེ་དག་སྐྱོན་མེད་ལྟ་བུ་བཏང་སྙོམས་སུ་འཇོག་ན་རང་གིས་རང་བསླུས་བཞག་པ་ལྟ་བུ་ལས་ནམ་ཡང་མི་ཡོང་བས་དད་བརྩོན་དྲག་པོ་དང་ལྡན་པའི་སྒོ་ནས་ཡོངས་སུ་ངེས་པ་ཅན་གྱིས་སྦྱང་དགོས་ཏེ། ཐབས་ཕུན་སུམ་ཚོགས་པའི་སྐབས་འདིར་ཡོངས་སུ་སྦྱང་བར་མ་ནུས་ན། ཚེ་འདི་དང་ཕྱི་མའི་འཇིགས་པ་དང་སྡུག་བསྔལ་དཔག་ཏུ་མེད་པ་རྣམས་སེལ་བའི་ཐབས་དང་དམིགས་འདུན་ཙམ་སུ་ལ་གཏད་པས། དང་པོ་ནས་ཆོས་གང་སྒྲུབ་ན་ཕྱི་མའི་གཏན་དོན་རང་ལ་བསམ་བློ་འཁོར་ངེས་རེ་བཏང་སྟེ་སྤང་བླང་གི་རིམ་པ་རྣམས་ངེས་ཤེས་བརྟན་པོ་རེའི་གཞི་གཟུང་བ་འདི་ཙམ་གལ་ཆེ་བའི་རང་བཞིན་སྔོན་དུ་བྱ་དགོས་སོ།། ༈ །།དེ་ནས་རྒྱུད་ལས་སུ་རུང་བར་བྱེད་པ་སྐྱབས་འགྲོའི་རིམ་པ་ལ། དཀོན་མཆོག་གསུམ་ཞེས་པའི་དོན་ནི་འཇིག་རྟེན་ན་ཤིན་ཏུ་འབྱུང་བར་དཀའ་བས་ན་དཀོན། འཇིག་རྟེན་ཀུན་གྱི་རྒྱན་བླ་ན་མེད་པ་དང་། དྲི་མ་མེད་པ་དང་། མཐུ་དང་ལྡན་པ་དང་། འགྱུར་བ་མེད་པ་སོགས་ཀྱི་མཆོག་རབ་ཡིན་པས་ན་དཀོན་མཆོག་ཅེས་པ་དང་། གསུམ་ནི་དོན་གཉིས་མཐར་ཕྱིན་སངས་རྒྱས་དང་གཅིག །སྒྲིབ་གཉིས་མུན་སེལ་དམ་ཆོས་དང་གཉིས། རིག་གྲོལ་གཉིས་ལྡན་དགེ་འདུན་ཏེ་དཀོན་མཆོག་གསུམ་ཞེས་པའི་ཚིག་དོན་དེ་ལྟར་དང་། སྐྱབས་འགྲོ་ནི་སེམས་ཅན་ཐམས་ཅད་སྲིད་ཞིའི་འཇིགས་པ་མཐའ་དག་ལས་སྐྱོབ་ཕྱིར་དུ་ཡང་དག་པའི་ལམ་ལ་འགྲོ་བའི་གཞི་རྩོམ་པར་བྱེད་པས་ན་སྐྱབས་འགྲོ་ཟེར་བ་ཡིན་ཏེ། དཔེར་ན་བྱིས་པ་ཁྱིས་དེད་པ་མི་ཆེན་པོ་ལ་སྐྱབས་སུ་འགྲོ་བ་ལྟར་རམ་ཉེས་ཆེན་གྱི་མི་རྒྱལ་པོ་ཆེན་པོ་ལ་མགོ་བཏགས་པ་དང་འདྲ་ཞིང་། དེ་ལྟར་ཆོས་ལ་འཇུག་པའི་སྒོ་དང་པོ་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་གལ་གནད་ཤིན་ཏུ་ཆེ་བའི་རང་བཞིན་ཏེ་སྐྱབས་སུ་མ་སོང་བས་སྡོམ་པ་ཙམ་ཡང་མི་ཐོབ་ལ། སྡོམ་པས་མ་བསྡོམས་པའི་ལམ་ནི་གཏན་ནས་མེད་པས་ན། དེའི་ཕྱིར་ལམ་ཐམས་ཅད་ཀྱི་རྟེན་གཞི་མཆོག་རབ་རྩེ་མོ་ཡིན་པར་བཤད་དེ། སྐྱབས་འགྲོ་ལྔ་བཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར། སྐྱབས་འགྲོ་ནི་ཆོས་ལ་འཇུག་པའི་གཞི་མ་སྒོ་ཡིན་པའི་ཕྱིར་ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པའི་རང་བཞིན་དང་། གཞན་ཡང་དགོངས་འདུས་ལས། གང་འདིར་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་མཁན། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྐྱོབས་པར་ནུས་མ་ཡིན། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཅེས་དང་། དཀོན་བརྩེགས་ལས། དགེ་སློང་དག་ཁྱོད་ཀྱི་རང་ངམ་གཞན་གྱི་ཕྱིར་ཡང་རུང་སྟེ་འཇིགས་པ་དང་འཚེ་བ་དེ་དག་ལས་ཐར་བར་བྱ་བའི་ཕྱིར་སྐྱབས་སུ་སོང་ཞིག་དང་ཁྱོད་ཀྱི་འདོད་པའི་རེ་བ་དེ་དང་དེར་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། མདོ་རྒྱལ་མཚན་དམ་པ་ལས། དགེ་སློང་དག་ཁྱེད་དགོན་པ་དང་། རི་ཁྲོད་དང་། འབྲོག་སྟོང་ལ་སོགས་པར་འདུག་ཀྱང་རུང་། གསུམ་ལ་སྐྱབས་སུ་སོང་ཞིག་དང་། འཇིགས་པ་དང་སྡུག་བསྔལ་མེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་དུ་ཆོས་ལ་འཇུག་པའི་སྒོ་མ་ནོར་བ་དང་པོར་བྱེད་ནས་ལམ་སྣེ་ཡོངས་སུ་ཟིན་པ་དང་། འདི་ཕྱི་ཀུན་ཏུ་འཇིགས་པའི་སྒོ་དུ་མ་ལས་སྐྱོབས་པ་དང་། ཕན་བདེ་ཚད་མེད་པའི་ལམ་ལ་སྦྱོར་ནས་མཐུན་རྐྱེན་ཕུན་སུམ་ཚོགས་པ་འབྱུང་བའི་གནས་གཅིག་པུར་ཡིན་པ་སོགས་ཕན་ཡོན་མཐའ་ཡས་པ་གསུངས་པ་ལྟར་ཡིད་ཆེས་ཁུངས་བཙུན་སྤྲོ་བ་ལྷག་པར་བསྐྱེད་པ་སྔོན་དུ་སོང་བའི་ངང་ནས། ལམ་ཉམས་སུ་ལེན་པའི་སྐབས་འདིར་དད་པ་རྣམ་པ་གསུམ་གྱིས་གཞི་བཟུང་དགོས་པ་ཡིན་ཞིང་། དེ་ཡང་མཆོག་གསུམ་གྱི་རྟེན་དང་བླ་མ་སོགས་མཇལ་ཡོང་བའི་ཚེ་འཕྲལ་དུ་དད་པ་ལྷང་ལྷང་སྐྱེས་པ་ནི་མདོར་ན་དང་བའི་དད་པ་ཡིན། དེ་རྣམས་ཀྱིས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རྣམས་ཕྱོགས་ལམ་མཐོང་ནས་རང་རྒྱུད་དེ་ལ་དེ་ལྟ་བུ་འབྱོར་ན་ཅི་མ་རུང་སྙམ་པ་ནི་འདོད་པའི་དད་པ་ཡིན། དེ་བཞིན་སྙིང་ནས་སྐྱབས་སུ་སོང་བ་ལ་འདི་ཕྱི་ཀུན་ཏུ་མི་བསླུ་བའི་བདག་ཉིད་ཆེན་པོ་གཅིག་ཏུ་ཡིན་བཞིན་ངེས་ཤེས་གཏན་པོ་རྙེད་པ་ནི་ཡིད་ཆེས་པའི་དད་པ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་གྲུབ། །ཅེས་དང་། ཇི་སྐད་དུ། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་སྦྱོར། །དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཆོས་རྣམས་ཀུན་གྱི་རྩ་བ་དད་པ་འོ། །ཞེས་གསུངས་པ་ལྟར་དད་པ་དང་མོས་གུས་རབ་འབྲིང་ཐ་མ་གང་ཡོད་ན་ཐུགས་རྗེ་དང་བྱིན་རླབས་ཀྱང་དེ་ལྟར་ཐོགས་རྡུགས་མེད་པར་འཇུག་པ་ཡིན་ཏེ། ཅི་ཕྱིར་སྙམ་ན། རང་གིས་དད་པ་དང་མོས་གུས་ཡང་དག་པས་མཚམས་སྦྱོར་བྱ་བར་ནུས་ན། རྒྱལ་བ་རྣམས་ཀྱི་དགོངས་པ་ལ་གཤེགས་བཞུགས་ཀྱི་ཁྱད་པར་མི་མངའ་བ་རྒྱལ་བའི་ཡོན་ཏན་དང་། མཁྱེན་པའི་ཡེ་ཤེས་ལ་གསལ་འགྲིབ་དང་འཕོ་འགྱུར་མེད་པ་རྒྱལ་བའི་ཡོན་ཏན་དང་། བརྩེ་བ་ཆེན་པོས་སེམས་ཅན་གྱི་འགྲོ་དོན་ལས་གཞན་མཛད་རྒྱུ་ཅུང་ཟད་ཙམ་ཡང་མེད་པ་རྒྱལ་བའི་ཡོན་ཏན་དང་། དེ་བཞིན་དུ་ནུས་པས་གང་ལ་གང་འདུལ་གྱི་ཐུགས་རྗེ་དང་ཕྲིན་ལས་ཀྱི་རྣམ་པ་སྣ་ཚོགས་ཐོགས་རྡུགས་མེད་པར་སྒོ་དུ་མ་ནས་འཇུག་ཅིང་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པ་སོགས་རྒྱལ་བའི་ཡོན་ཏན་ཁྱད་པར་དུ་མས་འཕགས་པ་དེ་ལྟར་ཡིན་པས་ན། གསོལ་བ་སྙིང་ནས་བཏབ་པ་ཙམ་གྱིས་ཆོས་ཉིད་ཀྱི་དབྱིངས་ནས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པ་ངམ་ངམ་ཤུགས་ཀྱིས་འབྱུང་བའི་ཕྱིར་ཏེ། དཀོན་བརྩེགས་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །རྟག་ཏུ་བྱིན་གྱིས་རློབ་པ་དང་། །ཉེས་པ་ཀུན་ལས་རྣམ་པར་ཐར། །ཞེས་དང་། ཨོ་རྒྱན་ཆེན་པོས། དད་པ་ཅན་གྱི་གང་ཟག་ཕོ་མོ་ལ། །སོགས། ཞེས་དང་། ངལ་གསོ་ལས། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །རྒྱལ་བ་སྲས་བཅས་རྒྱ་མཚོའི་སྤྲིན་ཕུང་བསམ། །འདི་ནི་རང་གི་དད་སྟོབས་དྲི་མེད་དང་། །མཁྱེན་བརྩེའི་དབང་ཕྱུག་རྣམས་ཀྱི་ཐུགས་རྗེ་ཡིས། །ཇི་ལྟར་བསམ་པ་དེ་བཞིན་འགྲུབ་པ་ཡིན། །ཞེས་གསུངས་པ་ཇི་བཞིན་རྒྱལ་བ་སྲས་བཅས་ཀྱིས་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་མ་ཡིས་བུ་གཅིག་པུ་ལ་བརྩེ་བ་བཞིན་སྙིང་རྗེ་ཆེན་པོས་གཟིགས་པ་དམ་པ་ནི་དུས་དང་ཕྱོགས་རིས་མེད་པ་ཞིག་ཡིན་པ་ནི་གཞིར་བཅས་རུང་། འོ་ན་སེམས་ཅན་ཉམ་ཐག་རྣམས་འཁོར་བའི་གནས་ན་ད་དུང་ཅིའི་ཕྱིར་ལྷག་པ་ཡིན་སྙམ་ན་དེ་ནི་རང་རང་དད་པ་སོ་སྐྱེའི་དབང་དུ་སོང་སྟེ་ལས་ངན་བསགས་པའི་དབང་གིས་རྒྱལ་བའི་ཐུགས་རྗེ་འཇུག་པ་དང་དངོས་གྲུབ་སྟེར་བའི་ཐབས་དེ་ཙམ་དབེན་པ་ལྟ་བུ་མཆིས་པ་ཡིན་ཏེ། ཨོ་རྒྱན་ཆེན་པོས། དད་མེད་ཕུག་པ་བྱང་ལྟས་ལྟ་བུ་ལ། །ཐུགས་རྗེའི་ཉི་མ་ནམ་ཡང་འཆར་དུས་མེད། །དད་མེད་ཆུ་དཀྱིལ་རྡོ་རིལ་ལྟ་བུ་ལ། །ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་ཟིན་དུས་མེད། །ཅེས་གསུངས་པ་ལྟར་ཡིན་པས། དེས་ན་རང་རང་སོ་སོའི་དད་པ་དག་སྣང་དང་མོས་གུས་ཀྱི་རྩལ་ཁྱད་པར་ཅན་འབྱོངས་པ་སོགས་ལ་རག་ཁོ་ན་ལས་པར་ཡིན་འདུག་པས་ལྷག་པར་དད་པ་དང་དག་སྣང་ཕལ་དང་ཕལ་ལས་ཁྱད་པར་དུ་མས་འཕགས་པ་ཞིག་བསྐྱེད་པ་ཅི་ནས་གལ་ཆེ་ཤོས་ལགས་པས་ཁ་ཙམ་དུ་མ་ལུས་པར་ངེས་པར་བྱས་ཏེ། དེ་ནས་ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་སྐྱབས་སུ་འགྲོ་བའི་དོན་དང་། དུས་ཀྱི་ཚད་དང་། ཡུལ་གྱི་རྣམ་དབྱེ་བཅས་མདོ་ཙམ་ཞིག་བཤད་ན། ཐེག་གསུམ་གྱི་སྐྱབས་སུ་འགྲོ་བའི་དོན་ཡང་སེམས་བསྐྱེད་ཆེ་འབྲིང་ཆུང་གསུམ་སྟེ། ཆུང་ངུའི་མངོན་མཐོ་ལྷ་མིའི་བདེ་འབྲས་འདོད་ནས་ངན་སོང་གི་འཇིགས་པ་ལ་བསམ་སྟེ་སྐྱབས་སུ་འགྲོ་བས་ན་བསམ་པ་མ་དག་པས་སྐྱེས་བུ་ཆུང་ངུར་བཞེད་པ་དང་། ཉན་རང་གི་རིགས་ཅན་རྣམས་རིགས་དྲུག་འཁོར་བའི་འཇིགས་པ་ཀུན་ལ་སྐྲག་ནས་ཞི་བ་རང་དོན་ཁོ་ན་ཚོལ་བའི་ཕྱིར་སྐྱབས་སུ་འགྲོའང་རང་དོན་གྱི་བསམ་པ་ལས་མེད་པས་སྐྱེས་བུ་འབྲིང་དུ་བཞེད་པ་དང་། ཆེན་པོ་ནི་རང་རྒྱུད་ཀྱི་སྡུག་བསྔལ་རྟོགས་པས་རང་དོན་ཞི་བདེའི་འདོད་པ་ཡོངས་སུ་སྤངས་ནས་གཞན་དོན་ཁོ་ནའི་ཕྱིར་དུ་སྐྱབས་སུ་འགྲོ་བས་ན་སྐྱེས་བུ་མཆོག་རབ་ཏུ་བཞེད་དེ། སྐྱབས་སུ་འགྲོ་བའི་དུས་ཀྱི་ཚད་ཀྱང་གསུམ་སྟེ། ཕལ་པ་དག་རང་རང་གི་ལྷ་ལ་འདོད་དོན་འགྲུབ་ཀྱི་བར་དུ་འགྲོ་ཞིང་ཁྱད་པར་དུ་མཐོ་རིས་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ལས་མེད་པས་ཆུང་ངུར་བཞེད། འབྲིང་ནི་གནས་སྐབས་ཇི་སྲིད་འཚོ་ཡི་བར་དུ་དང་། མཐར་ཐུག་དགྲ་བཅོམ་པའི་གོ་འཕང་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བ་ལས་མེད་པས་འབྲིང་དུ་བཞེད། ཆེན་པོ་ནི་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུའམ་སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བས་མཆོག་རབ་ཏུ་བསྔགས་སོ། །བསྐྱབ་བྱའི་ཡུལ་ལའང་ཐུན་མོང་དང་ཐུན་མིན་གཉིས་ཏེ། ཐེག་པ་ཆུང་ངུའི་སངས་རྒྱས་ནི་མཆོག་གི་སྤྲུལ་སྐུ་དང་། ཆོས་ནི་ལུང་དང་རྟོགས་པའི་བདག་ཉིད་གསུང་རབ་ཡན་ལག་བཅུ་གཉིས་དང་། སོ་སོའི་རྒྱུད་ཀྱི་ལམ་དང་། ཏིང་ངེ་འཛིན་ལ་སོགས་པ་དང་། དགེ་འདུན་ལའང་སོ་སྐྱེ་དང་འཕགས་པ་གཉིས་ཏེ། སོ་སྐྱེ་ནི་དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློང་ཕ་མ་གཉིས། དགེ་སློབ་མ་སྟེ་སོ་སོར་ཐར་པ་རིས་བདུན་དང་། འཕགས་པ་ལ་རྒྱུན་ཞུགས། ཕྱིར་འོང་བ། ཕྱིར་མི་འོང་བ། དགྲ་བཅོམ་པ་དང་བཞི། དེ་རེ་རེ་ལ་ཞུགས་པ་དང་འབྲས་གནས་གཉིས་སུ་དབྱེ་བས་ཟུང་བཞི་ཡ་བརྒྱད་རྣམས་ཡིན་པར་གསུངས། ཐེག་ཆེན་གྱི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དག་པ་གཉིས་ལྡན་ཅན་དང་། ཆོས་ནི་སྨྲ་བསམ་བརྗོད་དུ་མེད་པའི་རང་བཞིན་སངས་རྒྱས་སུ་འགྲོ་བའི་བདག་ཉིད། རྣམ་པ་ལམ་བདེན་ལུང་གི་ཆོས་དང་འགོག་བདེན་རྟོགས་པའི་ཆོས་གཉིས་ཀྱི་མཚན་ཅན། རྗོད་བྱེད་ཐེག་ཆེན་གྱི་ཟབ་ཅིང་རྒྱ་ཆེའི་མདོ་སྡེ་རྣམས་སོ། །དགེ་འདུན་ནི་སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་མངོན་སུམ་དུ་མཐོང་བ་འཕགས་པའི་ཚོགས་རྣམས་ཏེ་དེ་དག་ནི་ཀུན་རྫོབ་དང་། མཐར་ཐུག་དོན་དམ་པའི་དབང་དུ་བྱས་ན་སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པར་ཤེས་པའོ། །དེ་ཡང་། དྲིན་ལན་བསབ་པའི་མདོ་ལས། ཚེ་དང་ལྡན་པ་དགའ་བོས་གསོལ་པ། སངས་རྒྱས་གང་ལ་སྐྱབས་སུ་འགྲོ་ལགས། བཀའ་སྩལ་པ་ཆོས་སྐུ་ལ་སྐྱབས་སུ་འགྲོ་ཡི་གཟུགས་ཀྱི་སྐུ་མ་ཡིན་ནོ། །གསོལ་པ་ཆོས་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ་དོན་དམ་པའི་ཆོས་ལ་སྐྱབས་སུ་འགྲོ་ཡི་ཀུན་རྫོབ་ཀྱི་ཆོས་ནི་མ་ཡིན་ནོ། །གསོལ་པ་དགེ་འདུན་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ་དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་ཡི་ཀུན་རྫོབ་ཀྱི་དགེ་འདུན་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཐུན་མོང་དང་། ཐུན་མིན་གཉིས་ཀའི་སྐྱབས་ཡུལ་གྱི་རྣམ་དབྱེ་རབ་ཏུ་ལུང་འདིས་རྣམ་པར་ཕྱེད་པ་དང་། ཡང་གསང་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོ་ནི་དཀོན་མཆོག་གསུམ་ཀ་རང་སེམས་ལྷུན་གྲུབ་སྟེ་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་གཞན་དུ་མི་སྨོན་འབྲས་བུའི་མཐར་ཐུག་ཉིད་དུ་ཤེས་པ་ནི་བསྐྱབ་བྱ་སྐྱོབ་བྱེད་སྐྱབས་འབྲས་ཡོངས་སུ་རྫོགས་པའི་ཕྱིར་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ཀུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་དང་། ཡུམ་བར་མ་ལས། རབ་འབྱོར། གང་ལ་སངས་རྒྱས་ཀྱང་མི་དམིགས་པ། ཆོས་དང་དགེ་འདུན་མི་སེམས་ན། འདི་ནི་ཡང་དག་པའི་སྐྱབས་སུ་འགྲོ་བའོ། །ཞེས་དང་། རྒྱུད་བླ་མ་ལས། སྐྱབས་ནི་སངས་རྒྱས་ཉག་གཅིག་པུ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཏེ། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ། །ཞེས་གསུངས་པ་ལྟར་སྐྱབས་ཡུལ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་སྟེ། དེ་ཡང་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དཀོན་མཆོག་གསུམ་གྱི་ངོ་བོར་ཡེ་ནས་དབྱེར་མེད་རང་ཆས་ལྷུན་གྲུབ་ཏུ་གནས་ཡོད་པའི་དབང་གིས་གཞན་དུ་མི་སྨོན་པ་ནི་འབྲས་བུས་སྐྱབས་ཡུལ་མཐར་ཐུག་ཉིད་ཡིན་པས་དེ་ལྟར་འགྲུབ་པ་ལ་བླང་དོར་བཅོས་བསླད་མེད་པར་རྩེ་གཅིག་ཏུ་མཉམ་པར་བཞག་པས་བསྐྱབ་བྱ་སྐྱོབ་བྱེད་སྐྱབས་འབྲས་དང་བཅས་པའི་སྙིང་པོ་ཡང་ཟབ་མཆོག་ཏུ་གྱུར་པ་ཡིན་པར་ཤེས་པར་བྱས་ལ། དེ་ལྟ་བུ་སྒྲུབ་པའི་མཐུན་རྐྱེན་དུ་ལས་དང་པོ་པའི་གནས་སྐབས་སུ་ཕྱིའི་དཀོན་མཆོག་གསུམ་ལ་སྐྱེལ་མའི་ཚུལ་དུ་སྐྱབས་སུ་འགྲོ་བར་བྱ་དགོས་ཚུལ་སོགས་རྣམ་དབྱེ་སྤྱི་དང་བྱེ་བྲག་མང་ཡང་། ད་ལན་སྙིང་པོའི་དོན་རྣམས་མདོར་བསྡུས་ཏེ་ལག་ལེན་བཏབ་ཚུལ་སྙིང་པོ་དྲིལ་ནས་འཆད་ན། སེམས་ཅན་གྱི་རྟེན་གཞི་མ་དག་པའི་སྣང་བ་འདི་དག་གང་ལ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས་ནས། རང་གི་མདུན་མཁར་ལ་ལུང་དང་། གཤང་གཤོང་དང་། འབའ་འབུར་གྱི་རྣམ་པ་མེད་པ། གསེར་གྱི་ས་གཞི་མེ་ལོང་གི་ངོས་ལྟར་འཇམ་ཤིང་དྭངས་པ། མནན་ན་ནེམ་པ། བཏེགས་ན་འཕར་བ། རྒྱ་རབ་ཏུ་ཡངས་པ་བཻཌཱུརྻའི་མིག་མང་རིས་དང་བཅས་ཞིང་ཁམས་ཀྱི་མཚན་ཉིད་ཡོངས་སུ་ཚང་བའི་མཐིལ་དུ་རྒྱ་མཚོ་ཆེན་པོ་བསིལ་དྲོད་སྙོམས་པ། རོ་མངར་བ། ལྗིད་ཡང་པ། རེག་བྱ་འཇམ་པ། དྲི་མ་མེད་པ། རྙོག་པ་མེད་པར། རབ་ཏུ་དྭངས་པ། མགྲིན་པ་ནས་འཇུག་བདེ་བ། ལྟོ་བ་འཇུ་བདེ་བ་སྟེ་ཆུ་བོ་ཡན་ལག་བརྒྱད་ཀྱི་ཡོན་ཏན་དང་ལྡན་པའི་རྒྱ་མཚོ་ཆེན་པོ་འཁྱིལ་བ་རུ་བྱ་ངང་པ་དང་ཁྲུང་ཁྲུང་། ཀ་ལ་པིང་ཀ །མཐིང་རིལ་ལ་སོགས་ཆུ་གནས་མང་པོས་སྐད་སྙན་སྒྲོགས་པས་བརྒྱན་པ་མཛེས་ཤིང་ཡིད་རབ་ཏུ་འཕྲོག་པའི་དབུས་སུ་དགོས་འདོད་འབྱུང་བའི་དཔག་བསམ་གྱི་སྡོང་པོ་རྒྱ་ཆེ་བ། དཔངས་མཐོ་བ། ཡལ་ག་ལྔ་པ་ཅན་ནམ་མཁའི་ཁམས་སུ་གྱེས་པ་ལོ་མ་དང་། མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ། དར་དང་རིན་ཆེན་རིགས་ཀྱི་དྲྭ་བ་དང་དྲྭ་ཕྱེད་ཀྱིས་མཐའ་རུ་དྲིལ་གཡེར་གྱིས་བརྒྱན་པ་དེ་དག་གིས་ཀྱང་ཆོས་སྐད་ལྷང་ལྷང་སྒྲོགས་པ་མཛེས་ཤིང་ཡིད་དུ་འོང་བའི་པད་སྡོང་དབུས་མའི་སྟེང་ན་མི་འཇིགས་པའི་སེང་གེ་ཆེན་པོ་བརྒྱད་ཀྱིས་ཕྱོགས་བཞི་ནས་བཏེགས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་རྒྱ་ཆེ་བ། དཔངས་མཐོ་བའི་ཁར་སྣ་ཚོགས་པདྨ་འབུམ་བདལ་བའི་དབུས་སུ་ཟེའུ་འབྲུ་དམར་སེར་གྱི་སྟེང་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དྭངས་གསལ་དྲི་མ་མེད་པའི་གདན་ལ་ངོ་བོ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་དང་གཉིས་སུ་མ་མཆིས་པར་ཕྲིན་ལས་ཀྱི་ཕོ་ཉ་གདུལ་བྱའི་སྣང་ངོར་གང་ཟག་མིའི་གཟུགས་སུ་བྱོན་པ་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པའི་གཏིང་མཐའ་མི་མངོན་པར་མངའ་བ། བརྩེ་བ་ཆེན་པོས་ཁམས་གསུམ་གྱི་སྐྱེ་འགྲོ་ཡོངས་ལ་བུ་གཅིག་པུའི་མ་ལྟར་བརྩེ་བའམ་གཟིགས་པ། ནུས་པའི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཟབ་མོས་འབྲེལ་ཚད་སྨིན་གྲོལ་གྱི་ལམ་ཡངས་པོར་བཀོད་པས་བཀའ་དྲིན་མཚུངས་ཟླ་མེད་པ་རང་རང་གི་རྩ་བའི་བླ་མ་ཉིད་ཡིན་པ་ལ། རྣམ་པ་ནི་སྤྱིར་ལྷོ་འཛམ་གླིང་ལྷག་པར་བོད་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྲོལ་འབྱེད་འགྲན་ཟླ་ཀུན་དང་བྲལ་བ་སངས་རྒྱས་གཉིས་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་འཆང་ཡིན་པ་ལ། དེ་ཡང་སྐུ་མདོག་དཀར་ལ་དམར་བའི་མདངས་ཅུང་ཟད་ཆགས་པ། ཞལ་གཅིག་སྤྱན་གཉིས་ནམ་མཁར་གཟིགས་པ། ཞལ་ཅུང་ཟད་ཁྲོ་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་པས་སྣང་སྲིད་ཟིལ་གྱིས་གནོན་པའི་གསེར་གྱི་རྡོརྗེ་རྩེ་ལྔ་པ་ཐུགས་ཀ་ནས་སྡིགས་པའི་ཚུལ་དུ་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་དབུས་སུ་ཡོ་ག་ཚེའི་དངོས་གྲུབ་བརྙེས་པའི་རྟགས་སུ་ཚེ་བུམ་ལྗོན་ཤིང་གིས་བརྒྱན་པ། ནང་ནས་རིམ་གྱིས་སྐུ་ལ་གསང་གོས་དཀར་པོ། མདུང་མ་དམར་པོ། ཕོད་ཆེན་མཐིང་ག །ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན། ཟ་འོག་གི་བེར་ཆེན་དམར་སྨུག་བཅས་བརྩེགས་མར་མནབས་པ། དབུ་ལ་པད་ཞུ་གསོལ་བ། ཡུམ་ཡེ་ཤེས་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་ཅིང་ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ་ཡབ་ཡུམ་གཉིས་ཀ་སྐུ་གཟི་བརྗིད་རབ་ཏུ་འབར་བ་ལྟ་བས་ཆོག་མི་ཤེས་པར་བཞུགས་པའི་དབུ་སྟེང་ན། སྙིང་ཐིག་བརྒྱུད་ལུགས་ལྟར་ན་བདག་ཅག་གི་རྩ་བའི་བླ་མ་བཀའ་དྲིན་སུམ་ལྡན་གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཛྙཱ་ན་དེ་ཉིད་སྐུ་མདོག་དཀར་གསལ་དབུ་སྐྲ་ཐོར་ཚུགས་ལ་པུཎྜ་རི་ཀས་བརྒྱན་པ་ཕྱག་གཡས་ཐོད་པ་བདུད་རྩིས་གང་བ་ཚེ་བུམ་དང་ལྡན་པར་བསྣམས་པ་གཡོན་ཐབས་ཤེས་ཀྱི་མདའ་གཞུ་འཛིན་པ། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། དར་འཕུར་མའི་ཨང་རག་དང་སྒོམ་ཐགས་གསོལ་བ་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། དེའི་སྟེང་ན་ཁམས་སྤྲུལ་བསྟན་པའི་ཉི་མ་རྡོ་རྗེ་སློབ་དཔོན་གྱི་ཆས་ཅན། དབུ་ལ་པད་ཞུ་གསོལ་བ། ཕྱག་གཡོན་མཉམ་བཞག་ཐོད་པ་དང་། གཡས་རྡོ་རྗེ་འཕྱར་སྟབས་སུ་འཛིན་པ། དེ་སྟེང་པདྨ་འོད་གསལ་མདོ་སྔགས་གླིང་པ་སྔ་འགྱུར་པཎ་གྲུབ་ཀྱི་ཆས་ཅན། ཕྱག་གཡས་མཆོག་སྦྱིན་གྱིས་རྡོ་རྗེ་དང་པད་སྡོང་རྩེར་བུམ་པ་དང་། གཡོན་མཉམ་བཞག་གིས་དྲིལ་བུ་དང་པད་སྡོང་པོད་རལ་བཅས་འཛིན་པ། དེ་སྟེང་འཇིགས་མེད་རྒྱལ་བའི་མྱུ་གུ་རྡོ་རྗེ་སློབ་དཔོན་གྱི་ཆས་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་དུ་གསེར་གྱི་འཁོར་ལོ་བསྣམས་པ། དེ་སྟེང་རིག་འཛིན་འཇིགས་མེད་གླིང་པ་ན་བཟའ་དཀར་ཆས་དབུ་རལ་གྱི་གླེགས་བམ་བཅིང་བ་ཅན། ཞབས་ཕྱེད་སྐྱིལ་དུ་བཞུགས་ཤིང་། ཕྱག་གཡས་མཆོག་སྦྱིན་དང་གཡོན་གདན་བརྟེན་པད་སྡོང་པོད་རལ་འཛིན་པ། དེ་སྟེང་ཀློང་ཆེན་རབ་འབྱམས་པཎ་གྲུབ་ཆས་ཅན་ཞབས་སྐྱིལ་ཀྲུང་དང་། ཕྱག་གཉིས་ངལ་གསོ་ཕྱག་རྒྱས་པད་སྡོང་པོད་རལ་འཛིན་པ། དེ་སྟེང་དབུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དབུ་ལ་དར་ཐོད་དཀར་པོ་བཅིངས་ནས་ཕྱག་མཉམ་བཞག་གི་སྟེང་དུ་གསེར་གྱི་འཁོར་ལོ་བསྣམས་པ། གཡས་སུ་ལོ་ཆེན་བཻ་རོ་ཙ་ན་པཎ་གྲུབ་ཀྱི་ཆས་ཅན། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་མཉམ་བཞག་པོ་ཏི་བསྣམས་པ། གཡོན་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཅན་ཏེ། ཕྱག་གཡས་མཆོད་སྦྱིན་དང་གཡོན་ཀ་པཱ་ལ་བདུད་རྩིའི་གང་བ་དཀུར་བརྟེན་པ། རྒྱལ་པོའི་སྤྱི་གཙུག་ཏུ་ཨོ་རྒྱན་རིན་པོ་ཆེ་པདྨ་འོད་འབར་ལྟར་དང་། དེ་སྟེང་དྲི་མེད་བཤེས་གཉེན་པཎ་གྲུབ་ཀྱི་ཆས་ཅན་ཕྱག་གཉིས་མཉམ་གཞག་གི་སྟེང་དུ་ཐོད་པ་བདུད་རྩིས་གང་བར་བསྣམས་པ། དེ་སྟེང་ཛྙཱ་ན་སུ་ཏྲ་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་པོ་ཏི་བསྣམས་པ། དེ་སྟེང་ཤྲཱི་སིངྷ་ཕྱག་གཡས་རྡོ་རྗེ་དང་བཅས་སྡིགས་མཛུབ་ནམ་མཁར་གཏད་དེ་གཡོན་ཀ་པཱ་ལ་དཀུར་བརྟེན་པ། དེ་སྟེང་འཇམ་དཔལ་བཤེས་གཉེན་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་བཞག་པོ་ཏི་བསྣམས་པ། དེ་གསུམ་ཀའང་ཧེ་རུ་ཀའི་ཆས་ཀྱིས་ཡོངས་སུ་སྤྲས་པ་ཅན་གསལ། དེ་སྟེང་དགའ་རབ་རྡོ་རྗེ་ཞབས་སྐྱིལ་ཀྲུང་གིས་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་བཞག་མཛད་པ། དེ་སྟེང་རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་ཕྱག་གཉིས་རྡོར་དྲིལ་འཛིན་པ། དེ་སྟེང་ཀུན་ཏུ་བཟང་པོ་རྒྱན་མེད་ཡབ་རྐྱང་བཅས་གོང་མའི་གདན་ལ་འོག་མའི་དབུ་མ་རེག་ཙམ་ཡེ་ཤེས་ལྔའི་རང་བཞིན་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བཞིན་དུ་བཞུགས་པར་གསལ་ཡང་ཡང་འདེབས། དེ་བཞིན་མདུན་གྱི་ཡལ་གར་པད་ཟླའི་སྟེང་དུ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་གསེར་བཙོ་མའི་མདོག་ལྟ་བུ་ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་གི་སྟེང་དུ་ལྷུང་བཟེད་བསྣམས་ནས་བཞུགས་པའི་གཙོས་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་སོགས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་སོགས་མཚན་བཟང་དཔེ་བྱད་ཀྱིས་བརྒྱན་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་ཀྱི་ཡལ་ག་ལ་རིགས་གསུམ་མགོན་པོའི་གཙོས་ཉེ་སྲས་རྣམས་དང་དུས་གསུམ་གྱི་བྱང་ཆུབ་སེམས་དཔའི་ཚོགས་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཤིང་ཞབས་གཉིས་མཉམ་པའི་སྟབས་དང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱབ་ཀྱི་ཡལ་གར་འོད་ལྔའི་དྲྭ་མིག་རྒྱ་ཡངས་པའི་ཀློང་ན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གཙོས་མདོ་སྔགས་ཀྱི་ཆོས་རྣམས་གདོང་དར་རང་ཕྱོགས་ལ་བསྟན་ཏེ་ཨཱ་ལི་ཀཱ་ལིའི་སྒྲ་སྙན་པར་སྒྲོགས་ནས་བརྩེགས་མར་བཞུགས་པ། གཡོན་གྱི་ཡལ་ག་ལ་ཉན་ཐོས་མཆོག་ཟུང་གཉིས་ཀྱི་གཙོས་ཉན་ཐོས་དགྲ་བཅོམ་པའི་ཚོགས་ཞབས་བཞེངས་སྟབས་དང་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་ལ་མཁར་གསིལ་དང་ལྷུང་བཟེད་བསྣམས་པ། དེའི་སྟེང་གི་ཕྱོགས་མཚམས་རྣམས་སུ་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་ཀྱི་ཁོངས་སུ་གཏོགས་པའི་རྒྱ་བོད་ཀྱི་པཎ་གྲུབ་བྱོན་ནོ་ཅོག་ཀུན་བཞུགས་པ་དང་། མཐའ་སྐོར་བར་མཚམས་རྣམས་སུ་རྒྱུད་སྡེ་བཞི་དྲུག་གིས་བསྡུས་པའི་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་རྣམས་དང་། རྡོ་རྗེ་ཆོས་སྲུང་ཕོ་རྒྱུད་ཐམས་ཅད་ཀྱི་ཞལ་ཕྱིར་གཟིགས་ནས་ཕྱིའི་བར་ཆད་ནང་དུ་མི་བཏང་བའི་ཕྲིན་ལས་མཛད་པ། ཆོས་སྲུང་མོ་རྒྱུད་ཐམས་ཅད་ཞལ་ནང་དུ་གཟིགས་ནས་ནང་གི་དངོས་གྲུབ་ཕྱིར་མི་བཏང་བའི་ཕྲིན་ལས་མཛད་ཅིང་། དེ་དག་ཀྱང་སྐུ་མདོག །ཞལ་ཕྱག །རྒྱན་ཆས། ཉམས་འགྱུར་གྱི་རྣམ་པ་སྣ་ཚོགས་གཅིག་ཏུ་མ་ངེས་པ་དུ་མར་སྟོན་པར་མཛད་པ་སོགས། མདོར་ན་ནམ་མཁའ་ལ་སྤྲིན་ཕུང་འཁྲིགས་པ་བཞིན་དུ་ལེགས་པར་གསལ་ཅི་ཐེབས་བྱས་ལ། དེ་དག་ཀྱང་ངོ་བོ་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་བཞུགས་ཀྱང་རྣམ་པ་ཞི་དྲག་གི་སྐུ་གང་ལ་གང་འདུལ་སྟོན་པའི། མཆོག་གསུམ། རྩ་གསུམ། སྐུ་གསུམ་འདུས་པའི་བདག་ཉིད། ཐུགས་རྗེ་བྱིན་རླབས་ཀྱི་ཕུང་པོ། ཡོན་ཏན་ཕྲིན་ལས་ཀྱི་རྣམ་རོལ། ཕ་མཐའ་ཡས་པར་མངའ་བའི་རང་བཞིན་ཅན་དུ་ངེས་ཤེས་ཡང་ཡང་བརྟན་པོར་བསྐྱེད་པའི་ངང་ནས་རང་གཞན་སེམས་ཅན་ཐམས་ཅད་ཚེ་འདིའི་ནད་གདོན། རྐྱེན་ངན་འདྲེ་གདོན་འབྱུང་པོའི་འཚེ་བའི་རིགས་ཏེ། དགྲ་ཡི་མཚོན་ཆ་ཟས་དུག་དུག་སྦྲུལ་གཅན་གཟན་གཡང་དང་འཕྲང་། མེ་ཆུ་དང་ཆད་པའི་འཇིགས་པ་སོགས་དང་། ཤི་འཕོས་ནས་བར་དོའི་འཁྲུལ་སྣང་གི་འཇིགས་སྐྲག་རྣམས་དང་། ངན་སོང་གསུམ་གྱི་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་སོགས་ཀྱི་སྡུག་བསྔལ་དང་། གནས་དང་། དུས་མཐའ་དག་ལས་སྐྱོབས་པར་བྱ་བའི་ཕྱིར་དུ་དེང་ནས་བཟུང་སྟེ་སྐྱབས་ཡུལ་ཁྱེད་རྣམས་རང་རྒྱུད་དུ་ངེས་པར་མ་གྲུབ་ཀྱི་བར་དུ་རྩེ་གཅིག་ཏུ་སྐྱབས་སུ་མཆིའོ། །སྒོ་གསུམ་ཁྱེད་ལ་འབུལ་ལོ། །འདི་ཕྱིའི་ཚེ་རབས་ཀུན་ཏུ་སྐྱིད་སྡུག་ལེགས་ཉེས་ཅི་མཛད་ན་ཁྱེད་རྣམས་མཁྱེན་སྙམ་པའི་དད་འདུན་རྩེ་གཅིག་པའི་ངང་ནས་མོས་གུས་ཀྱི་རྩལ་ཡང་ཡང་བསྐྱེད་དེ། ཕྱག་འཚལ་བའི་རིམ་པ་ལ་ལེགས་པར་འཇུག་དགོས་པ་ཡིན་ཞིང་། དེ་ཡང་ཕྱག་འཚལ་ལུགས་ཀྱི་རིམ་པ་སྤྱིར་མང་ཡང་བསྡུ་ན་འདི་ལྟ་སྟེ། ཐར་མདོ་ལས། པདྨ་ཁ་འབུས་ཕྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་པ་ལྟར་ལག་གཉིས་ཕྱག་རྒྱ་གནས་གསུམ་ལ་ལེགས་པར་བཅའ་ཞིང་དཔྲལ་བ་དང་ལག་མཐིལ་པུས་མོ་བཅས་ས་ལ་ཕབ་ནས་འཚལ་བ་ནི་ཡན་ལག་ལྔ་ལྡན་གྱི་ཕྱག་ཞེས་པ་དེ་ཡིན་ཞིང་། རང་གི་གཡས་སུ་སྐྱེ་བ་ད་རེས་ཀྱི་ཕ་དང་། གཡོན་དུ་མ། མདུན་དུ་གང་གནོད་གྱི་དགྲ་བགེགས་དང་མཐའ་བསྐོར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ས་གཞིའི་ངོས་ལ་ཁྲོམ་ཆེན་པོ་ཚོགས་པ་ལྟར་གཅིག་ཏུ་འདུས་པར་དམིགས་ནས་རང་གཞན་འདུན་པ་གཅིག་པའི་སྒོ་ནས་ལུས་གུས་པས་ལོ་ཐོག་གི་སྙེ་མ་རླུང་གིས་བསྐྱོད་པ་ལྟ་བུར་ཁྱབ་གཅིག་གིས་ཕྱག་འཚལ་བ་དང་། ངག་གུས་པས་སྐྱབས་འགྲོའི་ཚིག་གང་ཡིན་པ་དེ་དག་བུང་བ་ཚང་ནས་ཞིག་པ་ལྟ་བུ་འུར་དིར་རི་འདོན་པ་དང་། ཡིད་གུས་པའི་སྒོ་ནས་སྐྱབས་དང་རེ་ས་གཞན་ན་མེད་པས་འདི་ཕྱི་ཀུན་ཏུ་སྐྱིད་སྡུག་ལེགས་ཉེས་ཆེ་ཕྲ་ཅི་དང་ཅི་བྱུང་ཡང་ཁྱེད་རྣམས་མཁྱེན་སྙམ་པའི་བློ་དུང་ངེ་བ་དང་ནམ་ཡང་མི་འབྲལ་བར་བུ་ཤི་བའི་མ་ལྟར་དྲན་རྒྱུ་སྐྱབས་ཡུལ་གྱི་དཀོན་མཆོག་གསུམ་ལས་མེད་པར་བྱས་ནས་སྐྱབས་འགྲོའི་ངག་འདོན་གང་ཡིན་པ་དང་ཕྱག་གི་གྲངས་ཀ་དང་ཆབས་ཅིག་འབྲེལ་ནས་དཀའ་ཚེགས་ཐམས་ཅད་ཁྱད་དུ་སྤྱད་པས་སྡིག་སྒྲིབ་བྱང་ངེས་པར་འགྱུར་བའི་ན་ཚ་དང་གཟེར་ཟུག །ལྟོགས་སྐོམ་དང་འཁྱག་སྡུག་སོགས་ལུས་ལ་དཀའ་སྣང་སེམས་ལ་འཚེར་སྣང་ཇི་ལྟར་བྱུང་རུང་། ཚེ་རབས་སྡིག་སྒྲིབ་ཀྱི་གཉེན་པོར་ད་རེས་འགྲོ་ཆས་འདུག་སྙམ་ནས་ཁྱད་པར་ཅན་གྱི་དགའ་སྤྲོ་དང་བཅས་ཏེ་ཞིབ་པར་གསོག་དགོས་པ་ཡིན། དེ་ནས་མཐར་ཐུན་བསྡུ་བའི་སྐབས་སུ་སླར་མོས་གུས་ཡང་ཡང་བསྐྱེད་པའི་རྐྱེན་གྱིས་ཡོལ་བ་བསྡུ་བ་ལྟ་བུ་སྐྱབས་ཡུལ་རྣམས་རིམ་གྱིས་གཡས་བསྐོར་གྱི་ཚུལ་དུ་འོད་དུ་ཞུ་བ་དང་དེ་བཞིན་བརྒྱུད་པའི་བླ་མ་རྣམས་ཀྱང་རིམ་པར་རྩྭ་འགོའི་ཟིལ་པ་ཧྲིལ་གྱིས་འགྲིལ་ནས་གཅིག་གཉིས་ལ་དབྱེར་མེད་ཐིམ་པ་ལྟར་འོད་དུ་ཞུ་བ་དང་བཅས་རྩ་བའི་བླ་མ་ཡབ་ཡུམ་ལ་ཡོངས་སུ་ཐིམ་པའི་སྟོབས་ཀྱིས་ལྷག་པར་སྐུ་ལས་འོད་ཟེར་དཔག་མེད་ཆེས་ཆེར་འཕྲོས་པས་ཉི་མ་གཅིག་གིས་མུན་པ་ཐ་དག་ཆབས་ཅིག་ཏུ་སེལ་བ་ལྟར་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པའི་མོད་ལ་ཚེ་བསོད་དཔལ་འབྱོར་ཤེས་རབ་སོགས་རྒྱས་པ་དང་། ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་ཞིང་ཐམས་ཅད་འོད་ཀྱི་རྣམ་པར་གྱུར་པའི་སྟོབས་ཀྱིས་བྱ་ཚོགས་འུར་རྡོས་དཀྲོག་པ་བཞིན་བླ་མའི་ཐུགས་ཀ་ལ་ཡར་ཐིམ། བླ་མ་ཡང་ཆོས་སྐུ་སྤྲོས་བྲལ་གདོད་མའི་ངང་ལ་བསྟིམ་པའི་ངང་ནས་ཅི་ཡང་མི་དམིགས་པར་སྟོང་ཉིད་ལ་མཉམ་པར་ཡུད་ཙམ་བཞག་ཅིང་། དགེ་བ་འདི་ཡིས་སོགས་བསྔོ་བ་དང་སྨོན་ལམ་ཅི་རིགས་པས་མཐའ་ལེགས་པར་བརྒྱན་པར་བྱའོ། །དེ་ལྟར་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་ལ་སྐྱབས་སུ་སོང་ནས་བཟུང་སྟེ་སླར་ཕྱིན་ཆད་སྤང་བྱ་དང་བླང་བྱ་དང་ཆ་མཐུན་གྱི་རིམ་པ་རྣམས་ཚུལ་བཞིན་སྲུང་སྡོམ་བྱ་བ་གལ་ཆེ་བའི་རང་བཞིན་ཏེ། བཅོམ་ལྡན་འདས་ཀྱིས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ཏེ། །དམ་པའི་ཆོས་ལ་སྐྱབས་སོང་ནས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །འཕགས་པའི་དགེ་འདུན་སྐྱབས་འགྲོ་བ༑ །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པ་ལྟར་སངས་རྒྱས་ལ་སྐྱབས་སུ་སོང་ནས་བཟུང་འཇིག་རྟེན་པའི་ལྷ་རྣམས་ལ་སྐྱབས་སུ་ནམ་ཡང་མི་འཚོལ་ཕྱག་ཀྱང་འཚལ་མི་རུང་བས་ངེས་པར་སྤང་བར་བྱ། ཆོས་ལ་སྐྱབས་སུ་སོང་ནས་བཟུང་སྟེ་སེམས་ཅན་ཆེ་ཕྲ་ཀུན་ལ་གནོད་འཚེའི་རིགས་གཏན་ནས་བྱ་མི་ཉན་པས་ངེས་པར་སྤང་བར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་དམ་པའི་ཆོས་ཕྱོགས་ལ་ལོག་ལྟ་ཅན་དང་སྡིག་སྤྱོད་རྣམས་དང་གཏན་ནས་འགྲོགས་པར་མི་བྱའོ། །དེ་བཞིན་དུ་བསྒྲུབ་བྱ་ལ་རང་གཞན་སུས་ཡིན་རུང་སྐུ་རྟེན་ཆེ་ཕྲ་དང་། རྒྱུ་བཟང་ངན། གསར་རྙིང་། ཡག་སྡུག་ཐམས་ཅད་ལ་ལེགས་ཉེས་ཀྱི་ཁྱད་པར་མི་ཕྱེད་པར་ཀུན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ནས་སྐུ་དང་གྲིབ་མ་མི་འགོམ་ཤིང་ཕྱག་སྐོར་དང་མཆོད་པའི་རྟེན་གྱི་གཙོ་བོར་བྱ་དགོས། དེ་བཞིན་སངས་རྒྱས་ཀྱི་བསྟན་པ་མི་ནུབ་པའི་རྩ་བ་ཡིན་པས་གསུང་རབ་གླེགས་བམ་རྣམས་དང་ཐ་ན་ཡི་གེའི་རས་མ་ལ་ཚིག་བཞི་འམ་འབྲུ་གཅིག་ཡོད་པ་ཚུན་ཆད་ལ་གུས་པར་བྱ་ཞིང་ས་རྗེན་སྟེང་དང་སྨད་གཡོགས་སོགས་མི་གཙང་བའི་སྟེང་དུ་ནམ་ཡང་མི་བཞག་པར་གཙང་སར་བཏེགས་ཏེ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་པའི་རྟེན་དུ་བྱ། དེ་བཞིན་དགེ་འདུན་བཞི་སྡེ་ལོང་པ་ཡན་ཆད་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ་གུས་པ་ཆེན་པོས་ཕྱག་མཆོད་བཀུར་སྟི་བྱེད་ཅིང་ཐ་ན་ལྷན་པ་དམར་སེར་ཚུན་ཆད་གཙང་སར་བཏེགས་ཏེ་དད་པ་དང་དག་སྣང་བསྐྱེད་དགོས་པ་ཡིན། དེ་བཞིན་ཆ་མཐུན་ལའང་སངས་རྒྱས་བྱང་སེམས་ཀྱི་སྐུ་བཞེངས་པ། གསུང་རབ་ཀློག་པ་དང་བཞེངས་པ། དགེ་འདུན་གྱི་ཚོགས་ལ་བཀུར་སྟི་ཞབས་ཏོག་བྱ་བ་དང་། ཁྱད་པར་རྡོ་རྗེ་ཐེག་པའི་སྐབས་སུ་ད་ལྟ་རང་ལ་བླང་དོར་གྱི་གནད་སྟོན་པའི་བླ་མ་རང་ལ་སྐྱབས་གནས་མ་ལུས་འདུས་པའི་བདག་ཉིད་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་ཐ་ན་སྐུའི་གྲིབ་མ་ཙམ་ཡང་མི་འགོམ་པར་ཞབས་ཏོག་དང་བསྙེན་བཀུར་ཅི་དྲག་ལ་འབད་དགོས་པ་དང་། དེ་བཞིན་བཀའ་ཇི་ལྟར་སྩལ་བ་ཐམས་ཅད་ཆོས་དཀོན་མཆོག་དངོས་ཀྱི་འདུས་ཤེས་བཞག་ནས་ཅི་གསུང་དང་དུ་བླངས་ནས་སྒྲུབས། བླ་མའི་ཉེ་འཁོར་དང་རང་གི་གྲོགས་མཆེད་རྣམས་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ་སྒོ་གསུམ་གུས་འདུད་ཆེན་པོ་དང་བཅས་ཏེ་འགྲོགས་ཤིང་མི་མཉེས་པར་སྐད་ཅིག་ཙམ་བྱ་མི་ཉན་ཏེ། སྔོན་བཤད་མ་ཐག་པའི་ཚུལ་བཞིན་གཙོ་ཆེར་གསང་སྔགས་རྡོ་རྗེ་ཐེག་པའི་སྐྱབས་ཡུལ་གྱི་གཙོ་བོ་ནི་བླ་མ་རང་ཡིན་ཏེ། དེའི་ཐུགས་ཆོས་ཀྱི་སྐུ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། གསུང་ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཐམས་ཅད་ཀྱི་ངོ་བོ། སྐུ་སྤྲུལ་པའི་སྐུ་དགེ་འདུན་ཐམས་ཅད་ཀྱི་ངོ་བོ། དེ་བཞིན་ཡོན་ཏན་ནོར་ལྷ་གཏེར་བདག །ཕྲིན་ལས་ཆོས་སྐྱོང་སྲུང་མ་དང་བཅས་པ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་དད་འདུན་བརྟན་པོར་བསྐྱེད་ནས་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་འཕྲལ་ཡུན་རྣམ་པ་ཀུན་ཏུ་བློ་གཏད་ལིང་གིས་བཀལ་ཏེ་མོས་གུས་རྩེ་གཅིག་བསྐྱེད་ནས་གསོལ་བ་འདེབས་པ་དང་། ཕྱག་སྐོར་དང་། མཆོད་བསྟོད་སོགས་ཅི་ནུས་སུ་བརྩོན་དགོས་པ་ཡིན་ཞིང་། གལ་ཏེ་རང་གི་ཉེས་སྤྱོད་ཀྱིས་བླ་མའི་ཐུགས་སུན་དབྱུང་བར་གྱུར་ན་ངོ་བོ་གཅིག་པའི་ཕྱིར་མགོ་ཆད་ན་གསོ་མི་རུང་བཞིན་སྐྱབས་ཡུལ་ཐམས་ཅད་དུས་གཅིག་ལ་སྤང་འགྲོ་བ་ཡིན་པས་ཚིག་དང་ཚུལ་འཆོས་ཙམ་མ་ཡིན་པར་དོགས་གཟབ་སྙིང་ནས་བྱ་བ་གལ་གཅིག་ཏུ་ཆེ་བའི་རང་བཞིན་ངེས་པར་མཛད་དགོས་སོ། །དེ་ལྟ་བུ་སྐྱབས་སུ་སོང་ཞིང་བསླབ་བྱ་རྣམས་སྤེལ་བ་དང་བསྲུང་སྡོམ་ཚུལ་བཞིན་ལྡན་པའི་ཕན་ཡོན་སོགས་མདོར་བསྡུས་ཙམ་བཤད་ན། ཚེ་འདི་ལ་ནད་གདོན་བར་ཆད་ཉོན་མོངས་ཐམས་ཅད་ཞི་ཞིང་། ཚེ་བསོད་ཉམས་རྟོགས་ཡོན་ཏན་ཐམས་ཅད་གང་བསམ་འབད་མེད་ལྷུན་གྱིས་གྲུབ་པ་དང་། མ་ཟད་ཕྱི་མ་ངན་འགྲོའི་འཇིགས་པ་ཐ་དག་ལས་སྐྱོབས་ཤིང་ཕན་བདེ་ཚད་མེད་པའི་ལམ་ལ་ངེས་པར་ཚེ་རབས་ཀུན་ཏུ་གོང་ནས་གོང་འཕེལ་ལ་སྦྱོར་ནས་མཐར་ཐུག་ཏུ་སངས་རྒྱས་ཀྱི་སྐུ་འགྲུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དགེ་འདུན་རྒྱ་མཚོ་ལྟ་བུ་འདུ་བ་སོགས་ཕན་ཡོན་མཐའ་ཡས་པར་ཡོད་དེ། མདོ་སྡེ་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབས། །འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་གནས་མིན་དང་། །འཇིགས་ཚོགས་ཐེག་པ་དམན་དག་ལས། །སྐྱོབས་ཕྱིར་སྐྱབས་ཀྱི་དམ་པ་ཡིན། །ཞེས་དང་། མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །ཞེས་དང་། མདོ་ཉི་མའི་སྙིང་པོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཞིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་སོགས་ཕན་ཡོན་གྱི་དཔེ་དང་ལུང་འདྲེན་རྣམས་མཐའ་ཡས་པར་གསུང་པས་མདོར་བསྡུས་ཙམ་བསྟན་པ་ཡིན་ནོ།། ༈ །།དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རིམ་པ་ལ། དེའི་མཚན་དོན་འབྲེལ་ཆགས་ཙམ་བཤད་ན། ཀུན་གཞི་བདེ་གཤེགས་སྙིང་པོ་ལ་དྲི་མ་ཡེ་ནས་མེད་པས་ན་བྱང་བ་དང་། དེ་ནི་བཟང་ངན་གཉིས་སུ་མེད་པའི་ཡོན་ཏན་ལྷུན་གྱིས་གྲུབ་པའམ། མངོན་པར་ཆུབ་པས་ན་བྱང་ཆུབ་ཅེས་དང་། དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྒྲུབ་བྱ་མཐར་ཐུག་མཆོག་དང་རབ་ཏུ་ཡིན་པས་ན་མཆོག་ཏུ་ཞེས་པ་དང་། དེ་ལྟ་བུ་ལ་དེ་སྔོན་རང་རེའི་སེམས་འཁྲུལ་བའི་དབང་གིས་ཐོག་མ་མེད་པ་ནས་ལས་དང་ཉོན་མོངས་པའི་དབང་དུ་སོང་བས་མ་རིག་པའི་རྒྱུ་བྱས་པ་ལས་བྱུང་བའི་རྟོག་པ་ཐམས་ཅད། ད་ལན་བྱང་ཆུབ་ཏུ་བསྐྱེད་པར་བྱ་བའི་རིམ་པ་ལ་འཇུག་པས་ན་སེམས་བསྐྱེད་ཟེར་བ་ཡིན་གྱི། དེ་ལྟར་སེམས་བསྐྱེད་པ་ལ། སྐྱབས་ཡུལ་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ་ཆོས་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་བཟུང་སྟེ་སྐྱེས་བུ་ཆེན་པོའི་སེམས་བསྐྱེད་ཡང་རབ་ཀྱི་ཐབས་ཟབ་མོ་དང་ངེས་པར་མ་ལྡན་ན། བྱ་ཡིན་ཡང་གཤོག་པ་མེད་པ་དང་འདྲ་ཞིང་དགེ་སྡིག་གི་རྣམ་དབྱེ་གཞི་ནས་ཕྱེད་མཁན་དང་། ཆོས་ཟབ་མོ་དང་གང་ཟག་མཚམས་སྦྱོར་མཁན་དང་། དགེ་རྩའི་འགྱུར་སྐྱེད་ཀྱི་རྩལ་བཏོན་མཁན་དང་། གཞན་དོན་རླབས་ཆེ་ཆུང་དང་། ས་ལམ་མྱུར་ཞན་དང་། འབྲས་བུ་རབ་འབྲིང་ཐ་མ་ཐོབ་ལུགས་སོགས་ནི་ཀུན་སློང་བཟང་ངན་ཁོ་ན་ལ་རག་ལས་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བ་བདག་ཞན་དོན་འགྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་དང་། ཞི་བ་ལྷས། ཐུབ་པའི་གཞན་དོན་མཛད་པ་དང་། །བྱིས་པས་རང་དོན་སྒྲུབ་པ་གཉིས། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང་། ལུང་ལས། སྐྱེ་བོ་རྨོངས་པས་རང་གི་བདེ་དོན་གཉེར། །དེ་མ་ཐོབ་པས་རྟག་ཏུ་སྡུག་བསྔལ་རྒྱུ། །སྟོན་པས་རྟག་ཏུ་གཞན་དོན་བརྩོན་པས་ན། །གཉིས་ཀའི་དོན་དུ་མྱ་ངན་འདའ་བར་གྱུར། །ཞེས་དང་། སྤྱོད་འཇུག་ལས། འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་འགྲུབ་པའང་འདི་ཉིད་དོ། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དོ། །དེ་བས་བདག་གིས་རྟག་ཏུ་འདི་ཉིད་བྱ། །ཞེས་དང་། ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་པ་ལས་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་དང་། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་བྲལ་བར་འགྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང་། །ཞེས་དང་། རིག་འཛིན་འཇིགས་མེད་གླིང་པས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྒྱུན་དུ་བསམ་པ་བཟང་ལ་འབད་པར་བྱའོ། །ཞེས་གསུངས་པ་ལྟར་མདོར་བསྡུ་ན་རང་རེ་རྣམས་དེ་སྔོན་རང་འདོད་ངན་པ་ཁོ་ནའི་བསམ་སྦྱོར་གྱི་དབང་དུ་སོང་བའི་ལེ་ལན་གྱིས་འཁོར་བ་ངན་སོང་གི་གནས་སུ་མུ་མཐའ་མེད་པར་ལས་ངན་ལུས་ངན་འབྲས་བུ་ངན་པ་མྱོང་ནས་འཁྱམས་བསྡད་པ་ཡིན་འདུག་པས། ད་ནི་དེའི་གཉེན་པོ་ཆོས་ཤིག་སྒྲུབ་ན་རང་དོན་ཡིད་བྱེད་ཀྱི་བློ་ངན་འདི་དག་གཏད་ནས་དྲུངས་འབྱིན་ཏེ་གཞན་ཕན་གྱི་བསམ་སྦྱོར་བསླད་མེད་རང་ལ་གཙོར་བཏོན་པ་ནི་གལ་གནད་ཤིན་ཏུ་ཆེ་ཤོས་ཡིན་པས། དེས་ན་ད་ལྟའི་སྐབས་འདིར་ཁ་ཤས་ལ་དགྲ་གཉེན་རིས་སུ་བཅད་དེ་དགྲ་ལ་ནི་འདྲེ་རུ་བཟུང་ནས་ཤིན་ཏུ་སྡང་ཞིང་སྨོད། གཉེན་ལ་ནི་ལྷ་རུ་བཟུང་ནས་ཤིན་ཏུ་བྱམས་བརྩེས་བསྐྱང་ཁུལ་བྱེད། ཕལ་ཆེར་ནི་ལུང་མ་བསྟན་དུ་ལྷག་བསྡད་པའི་སེམས་ཅན་དེ་དག་ཐམས་ཅད་ནི་དོན་དུ་སྔ་ཕྱི་དང་ཆ་ཡོད་མེད་ཀྱི་ངོ་ཤེས་མ་ཤེས་ཙམ་མ་གཏོགས་རང་ཅག་རྣམས་དང་ཚེ་རབས་ཀུན་ཏུ་འབྲེལ་བའི་ཕ་མ་དྲིན་ཅན་ཤ་སྟག་ཡིན་པ་ནི་ལུང་རིགས་ཚད་མས་མངོན་སུམ་དུ་གྲུབ་འདུག་མོད། དེ་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གར་ཡོད་ཕ་མ་དྲིན་ཅན་གྱིས་ཁྱབ། ཕ་མ་དྲིན་ཆེན་གྱི་སེམས་ཅན་གར་ཡོད་བདེ་སྡུག་ལ་རག་མི་ལས་པ་མེད་བཞིན་ལས་ངན་སྡུག་བསྔལ་གྱིས་ཁྱབ་པས་དེ་དག་ལ་སྙིང་རྗེ་ཕྱོགས་རིས་མེད་པར་ཆབས་ཅིག་ཏུ་སྐྱེ་དགོས་པ་ཡིན་མ་གཏོགས། རང་བཞིན་དགྲ་གཉེན་གཉིས་ལ་སྙིང་རྗེ་དང་ཞེ་སྡང་མི་སྐྱེ་བ་ཙམ་གྱིས་མི་ཡོང་སྟེ། ཕན་མེད་གནོད་མེད་གཏི་མུག་བཏང་སྙོམས་ལུང་མ་བསྟན་ཞེས་པས་གོ་ག་ལ་ཆོད་པས། དེས་ན་མར་ཤེས་པ། དྲིན་དྲན་པ། དྲིན་ལན་འཇལ་དགོས་པའི་ཚུལ་རྣམས་མདོར་བསྡུས་ཏེ་ཅུང་ཟད་མ་བཤད་ན་དེའང་མི་གོ་བས། དང་པོ་མར་ཤེས་པ་ནི། ད་ལྟའི་སྣང་བ་ལྟར་ལ་ལ་ནི་ཚུར་སྐྱེ། ལ་ལ་ནི་ཕར་འཆི་ནས་སྐྱེ་འཆི་རེས་མོས་ཀྱིས་ལུས་གྲངས་མེད་བླང་བའི་རང་བཞིན་ཏེ། དཔེར་ན་རྒྱ་གར་གྱི་གྲོང་ཁྱེར་རྒྱ་ཆེ་བ་རྣམས་སུ་ཉིན་རེའི་ཁོངས་སུའང་མི་བརྒྱ་སྟོང་ཁྲི་འབུམ་ཚུར་སྐྱེས་པ་དང་བརྒྱ་སྟོང་ཁྲི་འབུམ་ཕར་འཆི་བ་ནི་མཐོང་ཐོས་མྱོང་གྱུར་དུ་ཡོད་པ་དང་། དེ་བཞིན་འདི་ཕྱོགས་ཡུལ་གྲུ་རེའི་མི་རྣམས་སྐྱེ་འཕོས་གྲངས་མེད་འབྱུང་བ་དང་ལོ་ཟླ་དང་ཞག་རེའི་ཁོངས་སུ་ཟོག་ལུག་དང་རི་དྭགས། བྱ་དང་འབུ་སྲིན་སོགས་སྐྱེ་ཤིའི་རྣམ་གྲངས་ཚད་བཟུང་དུ་མི་བཏུབ་པ་སོགས་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་ཇི་བཞིན་གནས་ངེས་མེད། ཚེ་ངེས་མེད། ལུས་གྲངས་མེད། རིགས་འདྲ་མིན་སྣ་ཚོགས་ཁམས་གསུམ་རིགས་དྲུག་ཏུ་བླང་བའི་ཚེ་དམྱལ་བ་དང་ལྷ་ཕལ་ཆེར་མ་གཏོགས་ཕ་མ་ལ་མ་བརྟེན་པ་ཆེར་མེད་པས་ན་སེམས་ཅན་ཐམས་ཅད་མ་རུ་མ་གྱུར་པ་གཅིག་ཙམ་ཡང་མེད་པའི་དོན་ནི་དེ་ལྟར་ཡིན་པ་དང་། དེའང་བསྐལ་པ་ཐོག་མ་མེད་པ་ནས་སེམས་ཅན་ཀུན་འཁྲུལ་བའི་རྒྱུད་འབྱམས་ནས་བཟུང་སྟེ་ད་ཕན་ཆད་ལ་སེམས་ཅན་གཅིག་གིས་མ་བྱས་པའི་གྲངས་ཀྱང་ལན་རེའམ་བརྒྱ་སྟོང་ཁྲི་འབུམ་ཙམ་མ་ཡིན་པར་བགྲང་བའི་ཕ་མཐའ་ལས་འདས་ཤིང་། ཚད་དང་མུ་མེད་པས་ན་སྤྱིར་ཕ་མ་མ་བྱས་པ་མེད་པ་དང་། བྱེ་བྲག་ཏུ་ས་ལག་མཐིལ་ཙམ་ཞིག་གི་སྟེང་ནའང་ལན་གྲངས་སྐྱེས་མ་མྱོང་བ་དང་། འཆི་མ་མྱོང་བ་མེད་པས་ན་གྲངས་མེད་བླང་བའི་ཚུལ་ནི་དེ་ལྟར་དུ་ཤེས་དགོས་པ་དང་། དེའང་དྲིན་ཆེ་བའི་ལས་ཀྱང་། སྐྱེ་འགྲོ་རྣམས་ལས་ངན་ལུས་ངན་འདྲ་མིན་སྣ་ཚོགས་བླངས་ནས་ཉེ་རིང་བར་མ་དོར་སོགས་གྱུར་པའི་སྐྱོན་དང་། རང་རེ་སྡིག་སྒྲིབ་ཆེ་བ་དང་སྐྱེ་འཆི་ཁ་བརྒྱུད་པའི་དབང་གིས་སྔོན་ཆགས་ཕྱི་འདེང་མི་ཕོག་པ་མ་ཟད་ད་ལྟ་ཚེ་སྟོད་སྨད་ཀྱི་བར་ནས་ཀྱང་དྲིན་ཆེ་བའི་ལས་རྣམས་བརྗེད་གྲབས་སུ་འགྲོ་བ་འདི་བཞིན་དུ་དེ་དག་རྣམས་ཕ་མའི་སྐྱེ་བ་དང་དྲིན་ཆེན་རེད་པ་ངོ་མ་ཤེས་པ་ལས། དོན་དུ་མཐོང་ཆོས་མྱོང་གྱུར་དུ་གྲུབ་པ་ད་ལྟའི་ཕ་མ་རྣམས་དང་སྔ་ཕྱི་དང་། རང་གི་ངོ་ཤེས་མི་ཤེས་དང་། ཆ་ཡོད་མེད་ཙམ་ལས་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པ་མ་ཟད་ཚད་མེད་པའི་དྲིན་གྱིས་བསྐྱངས་པས། ཚེ་རབས་ཀུན་ཏུ་འབྲལ་མི་ཕོད་བཞིན་དུ་འབྲལ་བའི་ཕ་མ་དྲིན་ཆེན་ལས་རིང་ཤ་སྟག་ཡིན་པ་ནི་གཞིར་བཅས་ཏེ། དེའང་ཅུང་ཟད་བཤད་ན་རང་རེ་རྣམས་གནམ་ནས་ཐོག་ལྷུང་བའམ་ས་ནས་མེ་ཏོག་སྐྱེས་པ་ལྟ་བུ་མ་ཡིན་ཏེ་ཁྲ་དང་སྤྱང་ཀུ་སོགས་གཅན་གཟན་གཏུམ་པོ་གདུག་པ་ཅན་གྱི་བུར་གྱུར་དུས། མ་དྲིན་མི་ཆེ་བ་གཅིག་ཙམ་མེད་བཞིན་མས་དང་པོ་བུ་རྒྱུད་རྣམས་བར་དོའི་རྣམ་ཤེས་འཁྱམས་པོ་གང་ནས་འོང་གང་ནས་ཐོན་སུ་ཡིན་མི་ཤེས་པ་དེ་ལུས་ཡོངས་སུ་མ་གྲུབ་བར་དུ་ནད་ཆེན་གདོན་ཆེན་དང་སྡུག་བསྔལ་གྱི་ཁུར་པོ་རི་བོ་ལྟ་བུས་ནོན་པ་ལྕི་བཞིན་དུ་ཟླ་དགུ་ངོ་བཅུ་མ་རྫོགས་ཀྱི་བར་དུ། ཁོངས་སུ་བསྐྱང་བའི་དྲིན་ཁོ་ན་ལ་བརྟེན་པས་དང་པོ་ལུས་ཀྱི་རྣམ་པ་མ་ལུས་པ་ཐམས་ཅད་ཡོངས་སུ་སྦྱིན་པ་དང་། དེ་ནས་སྲོག་ཡལ་བར་དོར་ནས་བཙས་པའི་ཚེ་ན་སྒོ་ང་ཁ་གས་མ་ཐག་པའི་བྱེའུ་ཕྲུག་ལྟ་བུ་ཤིན་ཏུ་ཉམ་ཐག་པ་གསོན་པོ་རེད་ཟེར་ན་མགོ་མི་ཆོག །ཤི་བ་རེད་ཟེར་ན་སྲོག་དང་དབུགས་ཡོད་ཙམ་ལུས་ཉམ་ཞན་པ་ཉ་རེ་ཉོ་རེ་དེ་རུལ་མ་བཅུག་སྐམ་མ་བཅུག་འཁྱག་ལྟོགས་ཀྱིས་འཆི་ན་འཆི་མ་བཅུག་སྟེ་འཇམ་པའི་སྟན་ལ་བཞག་ནས་འཛུམ་པའི་མདངས་ཕྱུང་། སྙན་པའི་མིང་ནས་བོས་ཏེ་ཁ་ཡིས་སྣབས་ཕྱིས། འགྲང་ལྟོགས་ལག་གིས་ཉུལ། ཚ་གྲང་མཛུབ་མོས་ཚད་བཟུང་། ལག་གིས་མི་གཙང་བ་གཅིན་རྟུག་སོགས་བྱབ་ཅིང་། ལུས་ཀྱི་དྲོད་དང་བཅུད་ཁོ་ན་ལ་བརྟེན་པས་ཡོངས་སུ་གསོས་པར་བྱས་པ་སོགས་བྱམས་སྐྱོང་ཚད་མེད་པ་ཁོ་ནས་ཉིན་མཚན་གོ་འབྲེལ་བར་འཚོས་ཤིང་བསྐྱངས་ནས་རང་སྲོག་ལས་ཀྱང་ཤིན་ཏུ་དམར་བར་བྱས། གནོད་པ་སྒོ་དུ་མ་ནས་སྐྱོབས། ཕན་པ་ཚད་མེད་པ་བཏགས་ཏེ་ཞག་དང་ཟླ་བ་ལོ་གྲངས་མང་པོའི་བར་དུ་ལུས་ཀྱི་སྐྱེད་ཕྲ་མོ་ནས་རིམ་པར་བསྲིང་བས་ན། བར་དུ་སྲོག་ཡོངས་སུ་སྦྱིན་པ་དང་། མཐར་ཁ་ན་ཟས་མེད། ལག་ན་ནོར་མེད། རྒྱབ་ན་གོས་མེད་ཕར་ངོ་ཕར་ཚུར་ངོ་ཚུར་མི་ཤེས་པ་ཉམ་ཐག་པ་དེ་ལ་ཡར་དཀོན་མཆོག་ལ་མཆོད་མ་བྲ། མར་ངན་སློང་ལ་སྦྱིན་མ་བྲ། ཤི་ཕོའི་རྒྱབ་ལ་གཏོང་མ་བྲ། གསོན་པོའི་ཁ་ལ་ཟ་མ་བྲ། རྒྱབ་ལ་གྱོན་མ་བྲ་བ་རྣམས་ཁ་ཟས་མེད་ལ་ཟས་བྱིན། ལག་ནོར་མེད་ལ་ནོར་སྤྲད། རྒྱབ་གོས་མེད་ལ་གོས་ལྷམ་སོགས་ཀྱིས་ལེགས་པར་གཡོགས་ཏེ་སྡིག་སྡུག་གཏམ་ངན་སྲོག་ལ་མ་བལྟས་པར་སྒྲུབ་པའི་ཁང་པ། ས་ཞིང་། ཕུའི་འབྲོག་པ། ཟས་གོས། རྒྱན་ནོར་ལོངས་སྤྱོད་ཡོད་རིགས་གཅེས་དགུ་དམར་དགུ་ཐམས་ཅད་སྦྱིན་ནས། ཟས་ཟ་ཚུལ། གོས་གྱོན་ཚུལ། སྐེ་རག་དམ་ལྷོད་དང་ལྷམ་སྒྲོག་བཅིང་ཚུལ། འགྲོ་མི་ཤེས་པ་ལ་འགྲོ་ཚུལ། སྨྲ་མི་ཤེས་པ་ལ་ཨ་གྱིས་མ་གྱིས། ཨ་གྱིས་ཕ་གྱིས་སོགས་རིམ་གྱིས་བསླབ་པས། བྱིས་པ་གཞོན་པར་གྱུར། གཞོན་པ་དར་ལ་བབ་པར་གྱུར་ཏེ། བླང་དོར་གྱི་གནད་མ་མཐོང་བ་མཐོང་དུ་བཅུག །མ་གོ་བ་གོ་རུ་བཅུག །མ་ཤེས་པ་ཤེས་སུ་བཅུག །མ་ཐོབ་པ་ཐོབ་ཏུ་བཅུག །མི་མཚུངས་པ་མཚུངས་པར་བཅུག་པ་སོགས་དང་མ་ཟད་ཆོས་ཀྱི་ཕྱོགས་ནས་ཀྱང་ཀ་ཁ་སོགས་རིམ་པར་བསླབ་པ་དང་དལ་འབྱོར་བཅོ་བརྒྱད་ལྡན་པ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ནུས་པ་དང་། རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ལ་འཇུག་ནུས་པ་དང་། རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབ་ནུས་པ་དང་མདོར་ན་རང་གིས་རབ་ཏུ་བྱུང་ན་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཡང་བདེ་མྱུར་དུ་སྒྲུབ་ཆོག་པའི་རྟེན་བཟང་ཕུན་སུམ་ཚོགས་པ་འདི་ནི། དཔེར་ན་འཇིག་རྟེན་ན་དཀོན་པའི་མཆོག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་འབྱུང་བའི་གཏེར་ཆེན་པོ་ཞིག་རྙེད་པ་ལས། འབུམ་འགྱུར་གྱི་ལྷག་པར་སྟེར་བའི་དྲིན་ཆེན་མ་རྒན་རྣམས་ཀྱིས་ཁེ་དང་རྒྱལ་ཁ་ཐམས་ཅད་བུ་ལ་སྦྱིན། གྱོང་དང་བུབ་ཁ་ཐམས་ཅད་རང་གིས་བླངས། བདེ་སྐྱིད་ཐམས་ཅད་བུ་ལ་སྒྲུབ། སྡིག་སྡུག་གཏམ་ངན་ཐམས་ཅད་རང་གིས་བཟོད་ནས་བུ་རྒྱུད་རང་རེ་རྣམས་ན་དོགས། ཤི་དོགས། སྡུག་དོགས། འཁྱག་ལྟོགས་ཀྱི་རེ་དོགས་སོགས་ཀྱི་ཆེད་དུ་ངག་གིས་ཚིག་བརྗོད། ལུས་ཀྱིས་ལས་བྱས། སེམས་ཀྱིས་བྱ་ར་ཁོ་ན་བྱས་པས་ཉིན་མཚན་མེད་པར་རྣམ་གཡེང་གི་དབང་དུ་དུས་འདས་ཏེ། རང་ལ་ཡོང་ངེས་འཆི་བ་མ་ཚོར་ཞིང་དགོས་ངེས་དམ་ཆོས་གང་ཡང་སྒྲུབ་མ་ཁོམ་པར་སྡིག་པ་ཚབས་ཅི་ཆེ་སྣ་ཚོགས་བསགས་ཤོར་བའི་ལན་གྱིས་འཁོར་བ་མཐའ་མེད་དུ་འཁྱམས་ནས་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་འབྱུང་བའི་རྒྱུ་དང་འབྲས་བུ་ལ་རྒྱབ་རིང་གིས་ཕྱོགས་ཏེ། ལ་ལ་ནི་སྡུག་བསྔལ་གྱི་འབྲས་བུ་ལ་དངོས་སུ་སྤྱོད་པ་དང་། ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ལོངས་སུ་སྤྱོད་དེ་སྡུག་བསྔལ་གྱི་གསོག་འཇོག་སྡུག་བསྔལ་གྱི་བསུ་སྐྱེལ། སྡུག་བསྔལ་གྱི་ཡོ་ལང་འཁྲུགས་པའི་བར་དུ་ཚུད་ཅིང་། ཡོང་ངེས་འཆི་བ་དང་ཕན་ངེས་དམ་ཆོས་ནི་ཆེར་དྲན་ནས་སྒྲུབ་མི་ཤེས་པར་ཚེ་འདིའི་འདོད་དོན་ཨེན་ཙམ་ལ་ཆགས་ཤིང་འཁྲུལ་བས་རྒྱུད་ཤིན་ཏུ་བསྡམས་ཏེ། མགོ་འཁོར་སོང་བ་མ་རྒན་ཉམ་ཐག་རྣམས་ཡལ་བར་དོར་ནས་རང་ཉིད་གཅིག་པུར་ཞི་བདེ་དོན་དུ་གཉེར་ན་ནི། དཔེར་ན་རྩ་བའི་མ་དེ་གཡང་ས་དྲག་པོ་ནས་ལྷུང་རན་པའམ། ཡང་ན་ཆུས་ཁྱེར་བ་མཐོང་ཞིང་དེ་འདོན་པའི་ཐབས་ཡོད་བཞིན་དུ་མ་འདོན་པར་རང་ཉིད་སྐམ་ས་ན་ཡིད་བདེ་བར་གནས་པ་དང་ངེས་པར་འདྲ་བས་ན། དེ་བས་འཇིག་རྟེན་གྱི་ཁམས་ན་ངོ་ཚ་བ་དང་། ཁྲེལ་མེད་པ། ཐབས་རྡུགས་པ། བླུན་ཆེ་བ་ནི་ཅི་ཡོད་སྙམ་ནས་ཞིབ་ཀྱིས་དཔེར་བླངས་ཏེ། ད་ལན་ནི་ལུས་བསྐྱེད་པའི་དྲིན། སྲོག་འཚོས་པའི་དྲིན། ཡོ་བྱད་སྟེར་བའི་དྲིན། ཆོས་དང་འཇིག་རྟེན་བསླབ་པའི་དྲིན་སོགས་ཞིབ་པར་དྲན་ནས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་བཤེས་མེད་ལོང་བ་ཐང་སྟོང་དུ་འཁྱམས་པ་ལྟ་བུའི་སེམས་ཅན་ཡིན་པས། རང་རེས་ད་ལན་མཚན་ལྡན་གྱི་བླ་མ་དང་མཇལ། ཆོས་ཐེག་པ་ཆེན་པོ་ཉམས་ལེན་བྱེད། ཁེ་ཉེས་ཐམས་ཅད་ལེགས་པར་ཤེས་ནས་བཟུང་། དྲིན་ལན་དུ་དྲིན་དྲན་ཤེས་པའི་ངང་ནས་ཕན་ལན་དུ་ཕན་ཞིག་ངེས་པར་འཇལ་དགོས་པ་ཡིན་ཞིང་། དེའང་ད་ལྟའི་བར་སྐབས་འདིར་ཚེ་འདིའི་ལོངས་སྤྱོད་དང་ལྟ་རྟོག །བྱམས་སྐྱོང་སོགས་བརྩེ་བས་ཅི་ལྟར་བསྐྱང་ཁུལ་བྱས་ཀྱང་གནས་སྐབས་ཀྱི་བྱ་བ་ཕྱོགས་རེ་ལན་རེ་ནས་དྲིན་ལན་གྱི་ཆ་ཙམ་གཞལ་བ་ཡིན་གྱི་མ་གཏོགས། ཚེ་རབས་ཐོག་མ་མེད་པ་ནས་མ་བྱས་པའི་དྲིན་དང་སྡུག་བསྔལ་གྱི་ཁུར་ལྕི་བའི་དྲིན་ལན་སོབ་པ་ནི་ཆ་ཙམ་ལས་ཅང་མི་ཡོངས་ཏེ། དཔེར་ན་རྒྱ་མཚོ་ཆེན་པོ་སྐྲ་རྩེས་གཞལ་བ་ལྟ་བུ་ལས་དོན་ཆུང་བས། དེས་ན་མྱུར་དུ་ཕན་ངེས་པའི་ཐབས་གང་གིས་བྱེད་སྙམ་ན། དངོས་སུ་སྡུག་བསྔལ་དང་བྲལ་ཏེ་སླད་ནས་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་དང་བྲལ་ཞིང་བདེ་བའི་རྒྱུ་འབྲས་ལ་ལོངས་སུ་སྤྱོད་པ་ཞིག་བྱུང་ན། དེས་ནི་གནས་སྐབས་དང་མཐར་ཐུག་འཕྲལ་ཡུན་ཀུན་ལ་དྲིན་ལན་ཡང་དག་པར་སོབ་པར་འགྱུར་ཏེ། འབད་པ་དོན་དང་ལྡན་པ་ཡིན། བྱ་བ་རླབས་ཆེ་བ་ཡིན། ཕན་པ་མཆོག་ཏུ་གྱུར་པ་ཡིན། དྲིན་ལན་ཡང་དག་པར་འཇལ་བ་ཡིན་པའི་ཕྱིར་ན་ལྷག་ཏུ་ཤེས་པར་བྱས་ལ་སྡུག་བསྔལ་གྱི་རྒྱུ་དང་བྲལ་བའི་གཉེན་པོའམ། བཟློག་པའི་ཐབས་ཟབ་མོ་བླ་ན་མེད་པ་ནི་རང་གཞན་ཀུན་གྱིས་དམ་པའི་ཆོས་སྒྲུབ་པ་ཁོ་ན་ཉིད་གལ་ཆེ་བའི་རང་བཞིན་སྟེ་སྤྱིར་མི་ལུས་ཐོབ་པ་དང་། ནང་པ་སངས་རྒྱས་པའི་མིང་དོན་གྱི་སྙིང་པོ། བྱེ་བྲག་སེར་གཟུགས་འཆང་བའི་དོན་སྒོ། ཁྱད་པར་དུས་གསུམ་རྒྱལ་བའི་ལམ་དང་། གཤེགས་ཤུལ་དང་། བསྒྲུབ་བྱའི་རིམ་པ་དེ་དག་ཁོ་ན་ཡིན་གཤིས་གལ་ཆུང་ངུ་ནམ་ཡང་མི་འཇོག་པར། ད་ལྟའི་ཕ་མ། ཉེ་འབྲེལ་ཡུལ་མི་གཉེན་གྲོགས་རྣམས་ཀྱིས་གཙོས་བློ་ལུས་ངག་ཡིད་གསུམ་ཆོས་ཕྱོགས་སུ་བསྐུལ་མ་དངོས་བརྒྱུད་བར་གསུམ་ནས་གདབ་ཅི་ཐུབ་གང་ཐུབ་བྱ་དགོས་པ་དང་། གཤིན་པོ་རྣམས་ལ་ནི་ཐབས་གཞན་གྱིས་བྱ་ཐབས་བྲལ་བས་སྙིང་རྗེ་ཤུགས་དྲག་པོ་ཚད་མེད་པས་རམ་མདའ་སྦྲན་ནས་དགེ་བ་བསྔོ་སྨོན་གྱི་རིམ་པས་རྒྱས་འདེབས་ཡོངས་སུ་བྱ་རྒྱུ་དང་། དེ་ཡང་མཐོ་རིས་ཚངས་དང་བརྒྱ་བྱིན་སོགས་ཀྱི་གོ་འཕང་ཐོབ་རུང་སླར་སྡུག་བསྔལ་ལས་མ་འདས། ཞི་བ་ཉན་རང་གི་གོ་འཕང་ཐོབ་རུང་། བྱང་སེམས་ཀྱི་ས་དང་སངས་རྒྱས་ཀྱི་ཡོན་ཏན་མི་ལྡན། དེས་ན་མཐའ་གཉིས་ལ་མི་གནས་པ་དོན་གཉིས་ལྷུན་གྱིས་གྲུབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་དེ་དག་རྣམས་འགོད་པའི་ཕྱིར། མཐོང་ཐོས་དྲན་རེག་ཙམ་གྱིས་དངོས་བརྒྱུད་བར་གསུམ་ནས་སེམས་ཅན་གྱི་འགྲོ་དོན་དཔག་མེད་བདེ་བླག་ཏུ་སྒྲུབ་ནུས་མཁན་མཚུངས་པ་མེད་པ་རྫོགས་པའི་སངས་རྒྱས་ཁོ་ནར་ཡིན་ཞིང་། དེ་ལྟ་བུའི་གོ་འཕང་དམ་པ་དེ་བདག་གིས་ལུས་རྟེན་འདི་ཐོག་ནས་ཐོབ་པར་བྱའོ་སྙམ་པའི་བློ་བཟོད་མེད་དུང་ངེ་བ། དཔེར་ན་སྐོམ་པས་ཆུ་འདོད་པ་ལྟར་དང་། མི་འབྲལ་བའི་སྒོ་ནས་ཆོས་ལ་བརྩོན་འགྲུས་རིམ་གྱིས་སྤར་ནུས་པ་ཞིག་དགོས་པ་ཡིན་ནོ། །འོན་ཀྱང་བཤད་མ་ཐག་པའི་ཚུལ་ལྟར་རང་རེ་རྣམས་ཚེ་རབས་ནས་གཞན་དག་ལ་སྲོག་དམར་པོ་བཅད་ཀྱང་སྡུག་བསྔལ་མྱོང་གི་མེད་ཆགས་དང་། རང་ཉིད་ལ་སྡུག་བསྔལ་གྱི་ཕྱོགས་ཕྲ་མོ་རེ་མྱོང་ཆིས་ཙམ་ཡང་བཟོད་མི་ནུས་པར་ཆགས་སྡང་གི་ལས་དང་ཚིག་དང་བསམ་པ་སོགས་རང་འདོད་ངན་པ་ཁོ་ནའི་དབང་དུ་སོང་བའི་རྐྱེན་གྱིས་གཞན་ཕན་གྱི་བསམ་སྦྱོར་ཡང་དག་པ་ཆེར་མི་འབྱོངས་པས་ན་སངས་རྒྱས་ཀྱི་ས་ལ་ཕྱོགས་ཙམ་མི་ཉེ་བར་ཉོན་མོངས་ཞེ་སྡང་། ཕྲག་དོག་ང་རྒྱལ། འགྲན་སེམས་འཐབ་རྩོད་སོགས་མི་དགེ་བའི་ལས་ཁོ་ནའི་དབང་དུ་སོང་ཚར་བ་དང་ཤུགས་འབྱུང་དུ་འགྲོ་བཞིན་པ་འདི་དག །སེམས་ཅན་ཐམས་ཅད་ཕ་མར་མ་མཐོང་སྟེ་བྱམས་སྙིང་རྗེ་སྒོམ་མ་ཤེས་པའམ་ཤེས་ཀྱང་སྙིང་རྗེ་གོ་ཡུལ་དུ་ཤོར་བས་ལན། རང་གིས་འཁོར་བར་འཁྱམས་ནས་ལས་ངན་ལུས་ངན་རྒྱུན་ཆད་མེད་པར་བླང་ནས་སྡུག་བསྔལ་དུ་མར་མྱོང་དགོས་པ་ཡིན་འདུག་པས། ད་ལན་དེའི་གཉེན་པོ་ཆོས་སྒྲུབ་པ་ལ་མེད་དུ་མི་རུང་བ་ཡང་དག་པར་བློ་སྦྱང་བའི་རིམ་པ་ཚད་མེད་བཞི་ལ་འཇུག་པར་བྱེད་ན་འདི་ལྟར་བློ་འཆོས་པར་བྱ་དགོས་ཏེ། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། གཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་གསུངས་པ་ལྟར། དཔེར་ན་བྱ་མས་བྱིའུ་གསོ་བ་ལྟར་ཞེས་བྱམས་སྐྱོང་ཁོ་ནས་འཚོ་ཞིང་ཕན་ཐོགས་པར་བྱ་དགོས་པ་ཡིན་པས། རང་གིས་གང་འདོད་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་འདོད་པ་གཅིག་ཀྱང་ཐབས་ལ་མི་མཁས་པའི་དབང་དུ་སོང་ནས་ལས་ངན་ལུས་ངན་བླངས་ཏེ་སྡུག་བསྔལ་གྱིས་མནར་བ་རྣམས་ལ་ལྷག་པར་སྙིང་རྗེ་བསྐྱེད་དེ་ལུས་ངག་ཡིད་གསུམ་དང་རྒྱུ་ནོར་ལོངས་སྤྱོད། ཐབས་དང་རྣམ་པ་ཅི་དྲག་གང་དྲག་གི་སྒོ་ནས་འཕྲལ་ཡུན་ཕན་བདེའི་གནས་ལ་འགོད་ཅི་ཐུབ་གང་ཐུབ་དངོས་བརྒྱུད་བར་གསུམ་ནས་བྱ་དགོས་པ་ཡིན་ཏེ། ཟླ་བ་སྒྲོན་མའི་མདོ་ལས། བྱེ་བ་ཕྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པས། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་ཀྱང་། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དང་། མདོ་ལས། བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་སོགས་གསུངས་པ་ལྟར། སེམས་ཅན་ཆེ་ཕྲ་ཀུན་གྱི་ལུས་སྲོག་དང་སེམས་ལ་གནོད་འཚེ་ཅུང་ཟད་ཙམ་ཡང་མི་བྱེད་པར་བཟོད་པའི་གོ་ཆ་ཡོངས་སུ་བསྒོས་ཏེ་གང་ལ་གང་འདོད་ཀྱིས་བྱམས་སྐྱོང་ལ་འབད་ཤིན་ཏུ་ནས་ཀྱང་མཁས་པར་བྱས་ལ། དེ་ཡང་བཟང་ལན་རེ་བ་དང་གཞན་ལ་འགྲན་སེམས་དང་འཇིག་རྟེན་ཆོས་བརྒྱད་སོགས་ཀྱི་ཚུལ་འཆོས་བྱེད་མཁན་དེང་སང་ཤིན་ཏུ་མང་བས་དེ་འདྲ་གཏན་ནས་མ་ཡིན་པར་སྙིང་ཐག་པ་ནས་ཕ་མ་རྒན་ཁོག་དང་། ཐག་རིང་གི་མགྲོན་པོ། ཡུན་རིང་གི་ནད་པ་དང་། སྒོ་ཁྱི་སྒོ་ཟོག་རྣམས་དང་། ཤན་ལག་གི་དུད་འགྲོ། ཁྲིམས་ཕོག་གི་མི། སྡིག་ཤས་ཆེ་བ་འོན་ལྐུགས་དབུལ་ཕོངས། ཐ་ན་ཤིག་འབུ་སྲིན་ཕྲ་མོའི་ཕྲ་མོ་ཚུན་ཆད་ལའང་ཞིབ་པར་རང་གི་ལུས་སེམས་འདི་ཐོག་ལ་དཔེ་ངེས་པར་བླངས་ནས་བྱམས་སྐྱོང་ཅི་དྲག་གང་དྲག་ཆེ་ཕྲ་མ་ལྟོས་པར་འབད་ཤེས་དགོས་པ་ཡིན་ཞིང་། འབྱོངས་རྟགས་སུ་ཀུན་ལ་བྱམས་པས་བུ་གཅིག་གི་མ་ལྟར་ཤིན་ཏུ་བརྩེ་བ་ཆེན་པོའི་རང་བཞིན་ངམ་ངམ་ཤུགས་ཀྱིས་འབྱུང་ངོ་། །དེ་ནས་སྙིང་རྗེ་ནི་མ་ལག་ལྡུམ་མའི་བུ་ཆུས་ཁྱེར་བ་ལྟར་ཞེས་སྙིང་རྗེ་ཚད་མེད་པ་སྐྱེ་དགོས་པ་ཡིན་ཏེ། རྒྱལ་བ་བྱམས་པས། བཀྲེན་ལ་སྙིང་བརྩེ་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་ཞིང་། །ལོག་པ་མངོན་ཞེན་ཅན་ལ་སྙིང་བརྩེ་འོ། །ཞེས་གསུངས་པ་ལྟར་དུ། དེ་ལ་དང་པོ་ཟས་གོས་ཀྱི་དབུལ་བ། ནད་གདོན་གྱིས་མནར་བ། ཁྲིམས་ཕོག་གི་མི། ཤན་ལག་གི་དུད་འགྲོ་སོགས་སྡུག་བསྔལ་དྲག་པོས་གདུང་བ་རྣམས་བློ་ཡུལ་དུ་ངེས་པར་གསལ་བའམ། མཐོང་ཐོས་རིག་པར་བྱུང་ཚེ་དེ་དག་རང་ཉིད་ཡིན་པའི་འདུ་ཤེས་དེ་ཚུག་ནས་བཞག་སྟེ་བྲོས་གབ་བྱེད་པའི་དབང་ནི་མེད། གནམ་ལ་འཕུར་བའི་གཤོག་པ་དང་ས་ལ་འཛུལ་བའི་སྡེར་མོ་ནི་མེད། ལན་གྱིས་རྒོལ་ནི་མི་ཐུབ། སྐྱབས་དང་མགོན་དང་སྙིང་རྗེ་མཁན་མེད་པས་ཅི་དྲག་གི་བསམ་བློ་ཞིབ་ཀྱིས་བསྐོར་ནས་འཇིགས་སྣང་ལྷང་ལྷང་རེ་སྐྱེས་མ་བྱུང་གི་བར་དུ་བློ་སྦྱོངས། དེ་བཞིན་ད་ལྟའི་ཕ་མ་དང་ཉེ་འབྲེལ་སྙིང་དམར་ཆེ་བ་ཅན་རྣམས་ལ་སྦྱར་ཏེ་སྒོམས། རིམ་གྱིས་མཐོང་ཐོས་རིག་པའི་སྐྱེ་འགྲོ་འབྲེལ་ཐོགས་རྣམས་དང་མ་ཟད་ཚེ་རབས་ནས་འབྲེལ་བའི་ཕ་མ་སེམས་ཅན་ངན་སོང་གི་གནས་སུ་སྡུག་བསྔལ་བདོས་དྲག་པོས་མནར་བ་རྣམས་ལ་སྙིང་རྗེ་ཚད་མེད་ཡང་ཡང་བསྐྱེད་དེ་རང་ཐོག་ཏུ་དཔེ་ཞིབ་ཀྱིས་བླངས་ནས་དཔྱད་པས་ད་ལྟའི་མི་དང་དུད་འགྲོ་འབུ་སྲིན་སོགས་ལ་མི་འདོད་པའི་རིགས་ཅུང་ཟད་རེ་བྱུང་བ་མཐོང་ཐོས་རིག་པའི་ཡུལ་དུ་གྱུར་པ་ཙམ་གྱིས་དེ་ཡང་རང་རྒྱུད་ལ་འབྱུང་བ་དང་ཁྱད་པར་མེད་པའི་བློ་བཟོད་མེད་དྲག་པོ་རེ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་བསྒོམས་ནས་དེ་དག་ལས་སྐྱོབ་པའི་ཐབས་བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་སྙིང་ནས་ཡང་ཡང་འདེབས་ཏེ་ཆོས་ལ་བརྩོན་འགྲུས་ལྷག་པར་དུ་བསྐྱེད་དགོས་པ་ཡིན་ཞིང་། སྙིང་རྗེ་འབྱོངས་རྟགས་སུ་ཕ་རོལ་གྱི་སྡུག་བསྔལ་དེ་རང་ལ་བྱུང་བ་ལས་མི་བཟོད་པའི་སྙིང་རྗེ་དང་འགྱོད་པ་ངམ་ངམ་ཤུགས་ཀྱིས་སྐྱེ་ཡོང་བ་ཡིན་ནོ། །དེ་ནས་དགའ་བ་ནི་རྔ་མོང་གི་རྔེའུ་རྙེད་པ་ལྟ་བུར་ཞེས་སེམས་ཅན་རྣམས་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཞིང་། བདེ་བའི་རྒྱུ་འབྲས་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་ནས་དངོས་སུ་བདེ་སྐྱིད་དང་ལྡན་པ་སོགས་ལ་དགའ་བ་ཁྱད་པར་ཅན་སྐྱེ་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས། བདག་ཉིད་མཐོ་བར་འདོད་པ་དེས། །ངན་འགྲོ་ངན་དང་གླེན་པར་འགྱུར། །དེ་ཉིད་གཞན་ལ་སྤོ་བྱས་ན། །བདེ་འགྲོར་རིམ་གྲོ་ཐོབ་པར་འགྱུར། །གཞན་གྱི་དོན་དུ་བདག་བསྐྱེད་ན། །རྗེ་དཔོན་ཉིད་སོགས་མྱོང་བར་འགྱུར། །ཞེས་གསུངས་པ་ལྟར་དུ། ཚེ་རིང་གཟུགས་བཟང་གཟི་བརྗིད་ཆེ་བ་དང་རིགས་རུས་སྟོབས་འབྱོར་མངའ་ཐང་སྙན་གྲགས་ཅན། ཤེས་རབ་རྣོ་བ་དང་ཡོན་ཏན་ཆེ་བ། མཛད་ཕྲིན་རྒྱས་པ་བྱ་བ་ལམ་དུ་སློང་བ་ཅན་རྣམས་ཡང་ཡང་དམིགས་ཡུལ་དུ་གསལ་ལེགས་པར་བཏབ་སྟེ། དེ་ཡང་ཕྲག་དོག་གི་བློ་ངན་ཡོངས་སུ་སྤོང་ལ་རྗེས་སུ་ཡི་རངས་ཆེན་པོ་བསྒོམས་ཤིང་ད་ལྟའི་དགྲ་བོ་དང་འགྲན་སེམས་ཆེ་བ་ཅན་རྣམས་ཀྱིས་གཙོས་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུའི་འབྱོར་བ་དང་ལྡན་ནས་མི་ཉམས་པ་གོང་ནས་གོང་དུ་འཕེལ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་ནས་དགའ་བ་སྐྱེ་དགོས་པ་ཡིན་ཏེ་མའི་བདེ་སྐྱིད་ལ་བུས་དགའ་བ་སྒོམ་དགོས་པ་ལྟར་རམ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་འཇུག་རང་རྣམས་ཡིན་བཞིན་གཞན་གྱི་བདེ་སྐྱིད་དང་ཡོན་ཏན་སོགས་ལ་ཕྲག་དོག་སྐྱེས་ན་དེ་ལས་ངོ་ཚ་བ་དང་ཐབས་རྡུགས་པ་དང་བློ་རྨོངས་པའི་ལས་ཅི་ཡོད་པས་དུས་རྟག་ཏུ་ངོས་བཟུང་སྟེ་ཕྲག་དོག་དང་འགྲན་སེམས་ཀྱི་བློ་ངན་དྲུངས་ནས་འབྱིན་ཏེ་རྗེས་སུ་ཡི་རངས་ཀྱི་བློ་རྒྱ་རབ་ཏུ་ཡངས་པར་མ་གྱུར་གྱི་བར་དུ་བསྒོམ་དགོས་ཤིང་འབྱོངས་རྟགས་སུ་གཞན་འབྱོར་ཇི་ཙམ་མཐོང་རུང་ཕྲག་དོག་སོགས་གཏན་ནས་མེད་པ་རང་ལ་འབྱོར་བ་ལས་ལྷག་ཏུ་དགའ་བའི་རང་བཞིན་སྐྱེ་ཡོང་བ་ཡིན་ནོ། །དེ་ནས་བཏང་སྙོམས་ནི་དྲང་སྲོང་གིས་མགྲོན་འགྱེད་པ་ལྟ་བུ་ཞེས་བྱ་སྟེ་བྱམས་པ་སྙིང་རྗེ་དགའ་བ་སོགས་དགྲ་གཉེན་ཆགས་སྡང་གི་ཕྱོགས་སུ་ཅུང་ཟད་ཙམ་ཡང་མི་ལྷུང་བར་དཔེར་ན་རྩིང་ཧྲུབ་རྣམས་བཏུལ་ནས་ཚགས་རྒྱབ་པ་ལྟ་བུ་ཡིན་པས་ཀུན་ལ་ཡོངས་སུ་སྙོམས་པར་བྱ་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་དུ་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་བདག་ཅག་བདེ་བར་བརྩོན། །གང་ཚེ་བདག་དང་གཞན་གཉིས་ཀ །སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །ཅེས་གསུངས་པ་ལྟར་དུ་རང་གཞན་བར་མ་དོར་གསུམ་ཀ་ལ་བསམ་སྦྱོར་གཉིས་ཀས་ཡོངས་སུ་མཉམ་ཞིང་ཁྱབ་དགོས་པ་ཡིན་པའི་ཕྱིར། ད་ལྟའི་ལུས་རྟེན་འདིའི་སྐབས་ན་དགྲ་དང་གཉེན་དུ་ཁ་ཤས་ཤིག་ངོས་བཟུང་བ་དང་། ཕལ་ཆེར་ནི་ལུང་མ་བསྟན་དུ་ལྷག་བསྡད་ཡོད་པ་དེ་དག་ཐམས་ཅད། དོན་དུ་ནི་སྔོན་ཚེ་རབས་ཐོག་མེད་ཀྱི་ཕ་མ་མ་གྱུར་པ་ནི་གཅིག་ཙམ་མེད་པར་ནི་བཤད་མ་ཐག་པའི་ཚུལ་ལྟར་ཡིན་པས། དེ་འདྲ་བ་རྣམས་ལ་ད་སྐབས་ཆགས་སྡང་གི་རིས་ཤིག་ཕྱེ་བའི་དགོས་པ་ཅི་ཡོད་དེ་ཐ་ན་ངོ་ཡང་ཚ་བ་མ་ཟད། རང་གི་ཆོས་ལམ་དུ་མི་སློང་ཞིང་གང་གྲུབ་རྣམས་ཆུད་ཟོས་སུ་གཏོང་བ་དང་། ཕྱི་མ་རྣམ་སྨིན་གྱི་ཁུར་པོ་ལྕི་བ་ལས་མ་མཆིས་པས་ན་སྙིང་རྗེ་དང་། བྱམས་པ་དགའ་བ་སོགས་ཕྱོགས་རིས་ཆེ་ཕྲའི་དབང་དུ་ནམ་ཡང་མ་སོང་བར་ནམ་མཁའ་ལྟ་བུ་ཀུན་ལ་ཡོངས་སུ་སྙོམས་པའི་བློ་རྒྱ་ཡང་ཡང་བསྐྱེད་ཅིང་བསམ་སྦྱོར་གང་བྱས་ཐམས་ཅད་ཀུན་སློང་བཟང་པོ་ཚད་ལྡན་རེ་རྒྱུད་ལ་འབྱངས་པར་བྱ་དགོས་ཤིང་། དེ་ལྟར་ཚད་མེད་བཞི་པོའི་མདོ་དོན་ཀྱང་ཡོངས་སུ་བསྡུ་ན་དུས་རྟག་ཏུ་བསམ་པ་བཟང་པོ་ཁོ་ན་བྱེད་པ་ལ་འདུས་ཏེ། དྲུང་གཟིན་ཅན་གྱིས་གདམས་ངག་གཅིག་གིས་ཆོག་པ་ཞུ་ཟེར་བ་ལ་དམ་པས་ཁྱེད་རང་གིས་གང་འདོད་པ་དེ་ལྟར་གཞན་དག་ལ་སྦྱོར་ཅིག་གསུངས་པ་ལྟར་དཔེ་དོན་ཤིན་ཏུ་གོ་བདེ་བས་དུས་རྣམ་ཀུན་ཏུ་བསམ་སྦྱོར་དེ་ལྟར་དུ་མི་ལྷོད་པ་གལ་ཆེ་ཞིང་། དེ་དག་ཀྱང་བདེན་མེད་སྒྱུ་མའི་རང་བཞིན་ཤེས་རབ་ཟབ་མོས་རྩིས་ཤུགས་འབྱུང་དུ་ཟིན་པ་གལ་ཆེའོ། །ལར་ནི་ཚད་མེད་བཞིའི་བློ་སྦྱོང་དང་སྨོན་འཇུག་གི་བསླབ་བྱ་སོགས་ཡོངས་སུ་ཤེས་ཀྱང་བཟང་ངན་གྱི་རྐྱེན་ཆེ་ཕྲ་རྣམས་དང་འཕྲད་དུས་གཉེན་པོའི་བཟོད་བསྲན་ཅུང་ཟད་ཙམ་ཡང་མེད་པར། རང་གི་རྣམ་རྟོག་ལ་དགྲ་མཐོང་། མེ་སྟག་སྟེང་དུ་གྲི་འདོན། བན་རྒན་ཕྲེང་མའི་ལྕག་ཚན། ཆོས་གོས་ཞབས་ཀྱི་དུག་མདའ་ཟེར་བའི་དཔེ་ལྟར་རང་རེ་ཆོས་པ་རྣམས་ཀྱིས་མི་བྱེད་པའི་ངེས་པ་ཆེར་མི་འདུག་ཅིང་། ཀུན་བཟང་བླ་མའི་ཞལ་ལུང་དུ་གསུངས་པ་ལྟར་སྲུང་སྡོམ་སྣ་རེ་དག་པའམ། ཡོན་ཏན་ཕྲན་བུ་རེ་ཡོད་པའི་དབང་གིས་རྒྱུད་རྟག་ཏུ་ང་རྒྱལ་གྱིས་ཁེངས་ནས་ཕ་རོལ་པོས་ལྟ་ལུགས་མཐོ་དམན་ནམ། ཚིག་གཅིག་གི་སྨྲ་ལུགས་ལེགས་ཉེས་ལའང་ང་ལ་བརྙས་བྱུང་སྙམ་ནས་ཚིག་ལན་ངན་པ་ཅི་གནོད་གང་གནོད་སྤྲད་དེ་མིའི་ཤེས་རྒྱ། སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་པ། གསང་སྔགས་ཀྱི་ལྟ་སྒོམ་སོགས་གཉེན་པོ་གང་ཡང་དྲན་ཙམ་མི་ནུས་པ་དང་། མ་ཟད་ཡོན་བདག་དང་སློབ་མས་བསྟོད་ཙ་ན། རང་རྒྱུད་ཞིབ་ཀྱིས་མི་བརྟག་པར་ང་ནི་འདི་དང་འདི་ལྟ་བུའོ་སྙམ་ནས་ང་རྒྱལ་གྱིས་རྒྱུད་སྦོས་ཤིང་སྣང་བ་འུར་ལངས་ནས། ངས་གང་བྱས་དང་གང་ལབ་ཆོག་པ་ཡིན་སྙམ་ནས་སྣང་བ་མཐོ་ལིང་ངེ་ཤེས་པ་རྩུབ་ཧྲག་གེ་གྱུར་པ་ནི་ཆོས་པ་རྣམས་བདུད་ཀྱིས་མངོན་སུམ་བསླུས་པ་ཡིན་ཅེས་པ་ལྟར་དང་། དགེ་བཤེས་སྤྱན་སྔ་བས། འུ་ཅག་ཐོས་བསམ་བྱེད་བཞིན་ང་རྒྱལ་ཇེ་ཆེར་དུ་སོང་ནས། བཟོད་བསྲན་ཤ་བུ་ལས་ཆུང་། ཀོ་ལོང་གཙང་བཙན་ལས་དམ་པར་འདུག་པ་དེ་ཚོ་ཐོས་བསམ་སྒོམ་གསུམ་དང་གང་ཟག་གི་ཤེས་རྒྱུད་ལོག་པར་སོང་བའི་རྟགས་ངེས་པར་ཡིན་ནོ། །ཞེས་དང་། དགེ་སློང་བཟང་སྟེ་ཁོང་ཁྲོ་ཆེ་ཟེར་འཇིག་རྟེན་གྱི་ཁམས་འདིར་ཁོང་ཁྲོ་ལས་ཐུ་བའི་སྡིག་པ་མེད་དོ། །ཞེས་དང་། ཕ་དམ་པའི་ཞལ་ནས། འདོད་ཆགས་དང་གཏི་མུག་གི་ལས་བརྒྱ་ལས་ཞེ་སྡང་གིས་ལས་སྐད་ཅིག་མ་སྡིག་པ་ཆེ་བར་བཤད་པ་རྣམས་མ་གོའམ། ཞེས་གསུངས་པ་ལྟར་དུ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་དང་། ཞེ་སྡང་སློང་བ་ལ་ཁོང་མ་ཁྲོ། །ཞེས་སྡང་སློང་བ་ལ་ཁོང་ཁྲོ་ན། །བཟོད་པ་བྱ་བ་དེ་ནམ་ཞིག་བསྒོམ། །ཞེས་དང་། དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། །ཞེས་དང་། འདི་ལྟར་ཕར་གནོད་མ་བྱས་ན། །འགའ་ཡང་གནོད་པ་མི་བྱེད་དོ། །དེ་བས་ངལ་བས་མ་བསྒྲུབས་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། །ཞེས་དང་། གྲགས་པའི་དོན་དུ་ནོར་གཏོང་ཞིང་། །བདག་ཉིད་ཀྱང་ནི་གསོད་བྱེད་ན། །ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤི་ན་དེ་ཀོ་སུ་ལ་རེ། །བྱེ་མའི་ཁང་བུར་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ་། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །ཞེས་དང་། བདག་ནི་གྲོལ་བ་དོན་གཉེར་བས། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །གང་དག་བདག་བཅིངས་གྲོལ་བྱེད་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །གལ་ཏེ་བདག་ནི་རང་སྐྱོན་གྱིས། །འདི་ལ་བཟོད་པར་མི་བྱེད་ན། །བསོད་ནམས་རྒྱུ་ནི་ཉེར་གནས་པས། །འདི་ལ་བདག་གེགས་བྱེད་འགྱུར་རམ། །ཞེས་སོགས་གསུངས་པས་ན་གཞན་དག་གིས་ཇི་ལྟར་གཤེ་ཡང་སླར་ཕར་མི་གཤེ། ཁྲོས་ཀྱང་སླར་ཕར་ལ་མི་ཁྲོ། བརྡེགས་ཀྱང་སླར་ཕར་ལ་མི་བརྡེག །མཚང་བྲུས་ཀྱང་སླར་ཕར་ལ་མི་འབྲུ་བར་དགེ་སྦྱོང་གི་ཆོས་བཞི་ཞེས་པ་དེ། དུས་རྣམས་ཀུན་ཏུ་ཐུགས་ཉམས་སུ་ལེགས་པར་བསྟར་ཏེ། གཞན་དག་གིས་ཚིག་ངན་དང་བརྙས་བཅོས། རྡུང་རྡེག་དང་བཀོལ་སྤྱོད་འཕྲོག་བཅོམ་དང་རྐུ་བ། མཐོ་དམའ་དང་འབྱོར་རྒུད། གྱོང་དང་བུབ་ཁ་ཆེ་ཕྲ་བར་མ་དོ་ཇི་ལྟར་བསྐལ་བྱུང་རུང་དེ་དུས་དགའ་སྤྲོ་དང་ལྡན་པས་རྟག་ཏུ་བཟོད་པར་བྱ་དགོས་ཏེ། རྒྱལ་སྲས་ཐོགས་མེད་ཀྱིས། སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང་། །སྙིང་རྗེ་དབང་གིས་དེ་ཡི་སྡིག་པ་རྣམས། །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །སྟོང་གསུམ་ཁྱབ་པར་སྒྲོགས་པར་བྱེད་ན་ཡང་། །བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས། །མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང་། །དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས། གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན། །བདག་གི་བུ་བཞིན་གཅེས་པར་བསྐྱང་བའི་མིས། །བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང་། །ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན། །རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས། །ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང་། །བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི། །སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡིས་བརྙས། །ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར། །འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང་། །ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད། །རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང་། །སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་དབང་གིས་རྒྱལ་སྲས་གཞན་བདག་གི། །ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས། །ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི། །ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་བས། །མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ། །ཆགས་པ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུགས་འགྱུར་ཞིང་། །རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས། །དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་པའི། །ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས། །དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་བཟུང་ནས། །ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་སོགས་གསུངས་པ་ལྟར་སྐྱེ་བོ་མ་རིག་པས་སྒྲིབ་པ་བླུན་རྨོངས་རྣམས་ཀྱིས་མ་དག་པས་མ་དག་པའི་སྣང་བ་ལས་ཅི་མཐོང་འཁྲུལ་པས་འཁྲུལ་གཏམ་ལས་ཅི་ཡོད། དྲན་ཤེས་བག་ཡོད་ཀྱི་གཉེན་པོ་ཅུང་ཟད་ཙམ་ཡང་མེད་པའི་རང་འདོད་ངན་པའི་གཏམ་ལ་ཡིད་རྟོན་ཕེར་བ་ཅི་ཡོད་སྙམ་ནས་བཟོད་པར་རིགས་སོ། །ཡུལ་ནི་རིང་བའི་མཆེད་སེམས་ཅན་ཐམས་ཅད། ཉེ་བའི་མཆེད་སངས་རྒྱས་བསྟན་པའི་སྒོར་ཞུགས་ཚད། ནང་གི་མཆེད་ཆོས་བརྒྱུད་གྲུབ་མཐའ་གཅིག་པ་རྣམས། གསང་བའི་མཆེད་བླ་མ་གཅིག་གིས་དཀྱིལ་འཁོར་གཅིག་ཏུ་བསྡུས་པའི་དམ་ཚིག་ལྡན་པ་རྣམས་ཡིན་པས། དེ་དག་ཀུན་ལ་ལྷག་ཏུ་བཟོད་པར་རིགས་སོ། །ཚིག་ངན་དྲག་པོ་ཅི་གནོད་སྣ་ཚོགས་ལབ་བྱུང་རུང་ལག་གིས་བརྡུང་རྒྱབ་བྱེད་པ་ནི་མིན་ཅི་སྐྱོན་སྙམ་ནས་བཟོད་པར་རིགས་སོ། །འཆི་བ་ལས་མ་འདས་པ་ཞིག་བརྡུང་བྱུང་རུང་རང་གིས་བཟོད་པ་ལ་ཟོལ་མི་འདུག་པས་ངན་སོང་གི་གནས་རིས་ལ་ནི་སྐྱེ་ཐབས་མེད་སྙམ་ནས་ལྷག་ཏུ་བཟོད་པར་རིགས་སོ། །གཞན་ཡང་ཚེ་འདིའི་སྣང་ངོར་སྙན་གྲགས་དང་འབྱོར་ཚོགས་བདེ་སྐྱིད་དང་ཐོབ་ཐང་སོགས་ཆུང་བར་གྱུར་རུང་མི་ངོ་དང་རྒྱུ་ངོ་ལ་ནམ་ཡང་མི་ཕྱོགས་པར་ཆོས་གང་འགྲུབ་དེ་དམ་ཚིག་རྣམ་པར་དག་པས་སྲུང་བ་གལ་གནད་ཆེ་བས་ན་བཟོད་པར་རིགས་སོ། །ཐོས་བསམ་སྒོམ་པ་ཕྱོགས་རེ་བས་རྒྱུད་ཁེངས་ནས་རྩོད་པའི་བརྙས་བཅོས་སྣ་ཚོགས་ཅི་ལྟར་བྱས་བྱུང་རུང་ཐ་སྙད་ཚིག་ལ་མཁས་པ་རྣམས་ལ་ང་རྒྱལ་གྱི་ཁེངས་དྲེགས་དང་། སེམས་ཀྱི་གནས་ལུགས་རྟོགས་པ་ལ་ཞི་དུལ་དང་བག་ཡོད་རེ་ལོས་ཡོད་སྙམ་ནས་ཤིན་ཏུ་ཉམ་ཆུང་གི་ངང་བསྐྱངས་ཏེ་ལྷག་པར་བཟོད་པར་རིགས་སོ། །རྐྱེན་བཟང་ངན་ཆེ་ཕྲ་རྣམས་དང་དངོས་བརྒྱུད་བར་གསུམ་ནས་བྱུང་ཞིང་འཕྲད་པའི་དུས་གཉེན་པོ་རྩོལ་བཅས། རྩོལ་མེད་གང་རུང་གིས་བཟོད་པའི་ཁུར་མ་ཐེག་ན་སེམས་རྒྱུད་ཆོས་དང་མ་འདྲེས་པའི་ཕྱིར་ཆོས་པའི་མཚང་རྟགས་གཅལ་དུ་བཀྲམ་ཡོང་བས་ན་བཟོད་པར་རིགས་སོ། །བདེ་བའི་རྒྱུ་དགེ་རྩ་གང་གྲུབ་རྣམས་ཆུད་ཟོས་སུ་འགྲོ་ཉེན་ཡོད་པ་དང་། ད་ལྟའི་དགེ་བ་སྒྲུབ་པ་ལམ་དུ་མི་ཕྱིན་པ་དང་། ཕྱིས་ནས་དགེ་བ་སྒྲུབ་པའི་སྣོད་དུ་མི་རུང་བ་དང་། ཞེ་སྡང་གིས་བསྐྱེད་པའི་སྡུག་བསྔལ་ཆེ་ཤོས་དམྱལ་བ་ཡིན་པས་དེར་ལྷུང་གིས་དོགས་ནས་སྲོག་ལ་ཐུག་ཀྱང་བཟོད་པར་རིགས་སོ། །དེ་ལྟར་དུག་ལྔའི་ནང་ནས་ཀྱང་ཁོང་ཁྲོ་ངན་པ་འདི་གློ་བུར་དུ་གློག་ཞགས་འཁྱུགས་པ་བཞིན་དུ་ལྡང་ནས་དགེ་བ་གང་འགྲུབ་རྣམས་ཆུད་ཟོས་སུ་གཏོང་བའི་ཉེན་ཁ་ཆེ་ཤོས་ཡིན་པས་རབ་འབྲིང་ཐ་མ་ཕལ་ཆེས་ལྷག་པར་དུའང་བཟོད་པའི་རིགས་ཀྱི་གོ་ཆ་འདི་དག་གྱོན་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེ་པ་བསྐྱེད་པར་བྱེད་དེ་སྐྱེས་པ་མ་ཉམས་པར་སྲུང་བ་ལ། ཤིན་ཏུ་ནས་ཀྱང་གཟབ་པ་གལ་ཆེ་བའི་རང་བཞིན་ཡིན་ནོ། །ད་ནི་སྨོན་འཇུག་གི་སེམས་བསྐྱེད་དངོས་ལ། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པར་བྱོས། །ཞེས་གསུངས་པ་ལྟར་གཏན་བདེ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མྱུར་བ་ཉིད་དུ་ད་ནི་འགོད་པར་བྱའོ་སྙམ་པ་ནི་སྨོན་སེམས་དང་། དེའི་ཕྱིར་དུ་མདོ་སྔགས་ཀྱི་ཆོས་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་སོགས་གང་དང་གང་ཡིན་པ་དེ་དག་རྩེ་གཅིག་ཏུ་ཉམས་སུ་བླངས་ནས་མཐར་ཕྱིན་པར་བྱའོ་སྙམ་པ་ནི་འཇུག་པ་སེམས་བསྐྱེད་ཡིན་པས་ཆོས་དང་གང་ཟག་ཡང་དག་པར་ཟུང་དུ་འཇུག་པའི་མཚམས་སྦྱོར་བར་བྱེད་པའི་མཁན་པོ་འདི་དག་ནི་ཐེག་ཆེན་གྱི་ལུགས་སུ་ཅི་ནས་གལ་ཆེ་ཤོས་ཡིན་པས་རྒྱུན་དུ་ཤེས་པར་བྱོས་ཤིག །ད་སྐབས་སེམས་བསྐྱེད་པའི་དམ་བཅའ་ཁྱད་པར་ཅན་དང་བཅས་ངག་དོན་རྣམས་དེ་བཞིན་ཚིག་རྗེས་དོན་དྲན་གྱི་ངང་ནས་འབུམ་ཐེར་ཁ་བསྐང་དང་བཅས་ལེགས་པར་གསོག་གོ། །དེ་ལྟར་སེམས་བསྐྱེད་ཟབ་མོའི་ལམ་ལ་འཇུག་ནས་བཟུང་སྟེ་སླད་ཀྱང་སྐྱེས་པ་ཉམས་པ་མེད་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་སྨོན་འཇུག་གི་བསླབ་བྱ་གཉིས་ཏེ། དེའང་ཚིག་དང་བསམ་པ་ཙམ་དང་ཕྱོགས་ལམ་སྒྲུབ་མདོག་བྱས་པས་མི་ཡོང་བར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཡང་དག་པ་ལ་རིམ་གྱིས་འབད་པར་བྱ་དགོས་ཏེ། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོར་འགྱུར་རམ། །ཞེས་དང་། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །ཞེས་གསུངས་པ་ལྟར་ལས་མི་ཡོང་བས། དེས་ན་སྨོན་པའི་བསླབ་བྱ་ལ། དང་པོ་རང་གིས་གནས་སྐབས་ཉི་མ་དྲོད་མོ་ཞིག་འདེ་ནས་བཟུང་རྫོགས་པའི་སངས་རྒྱས་བར་བདེ་སྐྱིད་ཆེ་ཞིང་ཆེ་བ་ནས་ཕྲ་ཞིང་ཕྲ་བར་འདོད་པ་དང་། མེ་སྟག་ཕྲ་མོ་ནས་འཁོར་བ་ངན་སོང་གི་སྡུག་བསྔལ་ཆེ་ཞིང་ཆེ་བ་ནས་ཕྲ་ཞིང་ཕྲ་བར་མི་འདོད་པ་ཇི་བཞིན་སེམས་ཅན་གྱི་རིགས་འདྲ་མིན་སྣ་ཚོགས་ཆེ་ཕྲ་ཕྱི་ནང་བར་མ་དོ་ཐམས་ཅད་ཀྱིས་ཀྱང་དེ་ལྟར་དུ་འདོད་ལུགས་གཅིག་པ་ཡིན་བཞིན་ལྷག་པར་ཤེས་པས་བསམ་སྦྱོར་གང་བྱས་རུང་རང་གཞན་ཡོངས་སུ་མཉམ་དགོས་པ་ཡིན་ཏེ་དཔེར་ན་རྫི་བོ་རྣམས་ལ་ཕྱིང་གོས་གཅིག་ལས་མེད་ཀྱང་མཉམ་དུ་གྱོན་པ་ལྟ་བུའི་རིགས་འགྲེ་ནས་བསྒྲུབ་པར་བྱའོ། །དེ་ནས་རང་གི་དབུགས་ནང་དུ་རྔུབ་དུས་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ་བསམ་པའི་བར་ཆད། སྡིག་ལྟུང་། སྒྲིབ་པ་སྡུག་བསྔལ་གྱི་རྒྱུ་དུག་གསུམ་འབྲས་བུ་ངན་སོང་གསུམ་སོགས་ཐམས་ཅད་རླུང་ནག་པོའི་རྣམ་པ་བྱུང་ནས་རང་ལ་ཐིམ་ནས་སྨིན་པར་བསམ། དབུགས་ཕྱིར་བཏང་དུས་རང་གི་བདེ་བའི་རྒྱུ་དད་པ་ངེས་འབྱུང་བྱང་སེམས་འབྲས་བུ་མངོན་མཐོ་ཉན་རང་སངས་རྒྱས་ཀྱི་ཡོན་ཏན་དང་། བདག་གི་ཚེ་བསོད་ནམས་ཁ་རྗེ་དབང་ཐང་ལུས་ལོངས་སྤྱོད་བདེ་སྐྱིད་སོགས་བདེ་བའི་དངོས་པོ་ཐམས་ཅད་རླུང་དཀར་པོའི་རྣམ་པ་བསང་དུད་མཆེད་པ་ལྟ་བུ་བྱུང་། གཞན་དག་སེམས་ཅན་ཐམས་ཅད་ལ་ཐོབ་པར་བསམ་པ་ནི་བརྗེ་བ་ཡིན། འོན་ཀྱང་དེ་ལྟ་བུ་རྒྱངས་འཕོ་རྒྱངས་འཕེན་བྱེད་པ་ལྟ་བུས་མི་ཡོང་བཞིན་དངོས་སུ་བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅད་གཞན་དག་ལ་སྦྱིན། གཞན་གྱི་སྡུག་བསྔལ་ཐམས་ཅད་རང་གིས་བླང་དགོས་ཏེ་དཔེར་ན་ཁ་བའི་ནང་ནས་གཞན་ལ་ལྷམ་ཡ་གཡར་ནུས་པ་ལྟ་བུའི་རིགས་འགྲེ་ནས་ཤེས་པར་བྱའོ། །དེ་ནས་ངན་སོང་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན། དེ་དག་གི་ཚབ་ཏུ་བདག་ངན་སོང་དུ་སྐྱེས་ནས་ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་ཅི་བྱུང་ཡང་བཟོད་པར་བྱ་སྙམ་ནས་སླར་སྙིང་སྟོབས་ཡང་ཡང་བསྐྱེད་པ་ནི་གཞན་གཅེས་པར་བཟུང་བ་ཡིན་ཞིང་། དཔེར་ན་རང་འཁྱགས་ནས་ཤི་རུང་མདོ་འདྲ་བྱེད་དེ་གཞན་ལ་གོས་སོགས་སྦྱིན་པ་ལྟ་བུའི་རིགས་འགྲེ་ནས་བསྒྲུབ་པར་བྱའོ། །དེ་ཡང་ཚིག་ཙམ་མ་ཡིན་པ་སེམས་ཐོག་ཏུ་ཡང་ཡང་བསྒོམས་ནས་དང་པོ་བཅོས་མའི་སྙིང་རྗེ། བར་དུ་བཅོས་མ་དགོས་པ་ངམ་ངམ་ཤུགས་ཀྱིས་སྙིང་རྗེ། མཐར་ངེས་ཤེས་བཟོད་གླགས་མེད་པ་དུང་ངེར་རྒྱུན་ཆགས་སུ་སྐྱེས་པ་ཞིག་གི་སྒོ་ནས་ད་ལྟའི་རྐྱེན་བཟང་ངན་རྣམ་པ་སྣ་ཚོགས་དངོས་སུ་འཕྲད་དུས་ལག་ལེན་འཛོལ་མེད་རེ་ཐོན་ངེས་དང་། ཕུགས་སུ་བསམ་སྦྱོར་དེ་འདྲའི་གདེང་ཡོངས་སུ་ཚུད་པ་ཞིག་མེད་ན་རང་གཞན་ལ་ཕན་ཐོགས་ངེས་པར་འབྱུང་དཀའ་བས་ཚིག་དང་ཚུལ་འཆོས་ཀྱི་སྒོམ་ལོ་ཙམ་དུ་མ་ལུས་པ་ཅི་ནས་གལ་ཆེའོ། །ད་ནི་འཇུག་པའི་བསླབ་བྱ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕར་ཕྱིན་དྲུག་ནི། དང་པོ་སྦྱིན་པ་ལའང་གསུམ་སྟེ། ཟས་དང་གོས་དང་ནོར་རྫས་ཀྱི་རིགས་ཕྲ་མོ་ཚུན་ཆད་དབུལ་ཕོངས་ཉམ་ཐག་རྣམས་ལ་སྦྱིན་པ་ནི་གཏོང་བ་ཆུང་ངུ་ཞེས་པ་དང་། རྟ་དང་གླང་ཆེན་བུ་དང་བུ་མོ་སོགས་རང་ལ་ལྷག་པར་གཅེས་ཤིང་དམར་ལ་དཀོན་པའི་རིགས་རྣམས་སྦྱིན་པ་ནི་གཏོང་བ་ཆེན་པོ་ཞེས་པ་དང་། རང་གི་ལུས་དང་སྲོག་དང་ཡན་ལག་སོགས་བྱ་དཀའ་བའི་རིགས་སྦྱིན་པ་ནི་ཤིན་ཏུ་གཏོང་བ་ཆེན་པོ་ཞེས་བྱ་སྟེ་ཟང་ཟིང་གི་སྦྱིན་པ་དང་གཅིག །དེ་ནས་ཆོས་ཀྱི་སྦྱིན་པ་ནི། དབང་བསྐུར་བ༑ ཆོས་བཤད་པ། ལུང་འབོག་པ་དང་། སྨྱུ་གུ། སྣག་ཚ། ཤོག་གུ། གླེགས་བམ་སྦྱིན་པ་དང་། དཀར་དམར་གྱི་གསུར་དང་ཆུ་གཏོར་ལུས་སྦྱིན་སོགས་ནི་ཆོས་ཀྱི་སྦྱིན་པ་དང་གཉིས། སེམས་ཅན་སྐྱབས་མགོན་དཔུང་རེ་ས་མེད་པ་ལ་མགོན་སྐྱབས་དང་གནས་གཡར་མཐུན་རྐྱེན་སྦྱར་བ་དང་། རི་རྒྱ་ཀླུང་རྒྱ་ཆུ་རྒྱ་སྡོམ་པ་དང་སྲོག་བསླུ་འཆི་བསླུ་ཚེ་སྒྲུབ་བྱེད་དགོས་པ་སོགས་ནི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་སྟེ། ཕན་ཡོན་ནི་རང་གི་སེར་སྣའི་ཚོགས་འཇོམས་ཤིང་ཡི་དྭགས་སྐྱེ་རྒྱུན་གཅོད་པ་དང་། བསོད་ནམས་ཀྱི་ཚོགས་རྫོགས་ཤིང་གཞན་དོན་འབྱུང་བ་ཡིན་པས་ལྷག་པར་ཤེས་དགོས། དེ་ནས་ཚུལ་ཁྲིམས་ལའང་གསུམ་སྟེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་སོགས་ཕར་ཡོངས་སུ་སྤོང་བ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཞེས་པ་དང་གཅིག །དགེ་བ་བཅུ་པོ་སོགས་དུས་དང་རྣམ་པ་ཐམས་ཅད་དུ་རང་རྒྱུད་དུ་ཚུར་ཅི་འགྲུབ་བྱེད་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་གཉིས། བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་སེམས་ཅན་གྱི་དོན་དུ་གནས་སྐབས་མངོན་མཐོའི་འབྱོར་ཚོགས་དང་མཐར་ཐུག་ངེས་ལེགས་ཀྱི་ས་བོན་འདེབས་ཤིང་། གཞན་དོན་ལྷུར་ལེན་ནས་དངོས་བརྒྱུད་བར་གསུམ་དུ་ཅི་འགྲུབ་འབད་པ་ནི་སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་དང་གསུམ་སྟེ་སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བ་ཕུན་སུམ་ཚོགས་པར་བྱེད། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་ཇི་ལྟ་ཇི་སྙེད་མཁྱེན་པས་རྟོགས་པ་ཕུན་སུམ་ཚོགས་པར་བྱེད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་གང་ལ་གང་འདུལ་གྱི་ཕྲིན་ལས་ཕུན་སུམ་ཚོགས་པར་བྱེད་པས་ལྷག་པར་ཤེས་དགོས། དེ་ནས་བཟོད་པ་ལའང་གསུམ་སྟེ། གཞན་གྱིས་རང་ལ་དངོས་སུ་རྡུང་རྡེག །འཕྲོག་བཅོམ་ཚིག་ངན་སྨྲ་བ་དང་། ལྐོག་ནས་མི་སྙན་པ་བརྗོད་པ་སོགས་ཀྱི་ཚེ་དེ་དག་ལ་ཞེ་སྡང་ཁོང་ཁྲོ་མི་བྱེད་པར་སླར་བྱམས་པ་དང་སྙིང་རྗེ་བསྐྱེད་པར་བྱ་བ་ནི་ལོག་སྒྲུབ་ཀྱི་བཟོད་པ་དང་གཅིག །དམ་པའི་ཆོས་སྒྲུབ་པའི་དུས་དཀའ་ཚེགས་ཚ་གྲང་བཀྲེས་སྐོམ་སོགས་ཅི་བྱུང་ཡང་ཆེད་དུ་བཟོད་ནས་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོགས་སྟོང་ལ་གཏད་དེ་ཆོས་སྒྲུབ་པ་ནི་ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པ་དང་གཉིས། ཆོས་དང་བླ་མ་གྲུབ་མཐའ་ཐམས་ཅད་ལ་ལོག་ལྟ་དང་ཕྱོགས་རིས་གཏན་ནས་མི་བྱ་བར་དག་སྣང་ཚད་མེད་པ་འབྱོངས་དགོས་པ་དང་། ཁྱད་པར་ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་ལ་བློ་ཆུང་ཉན་ཐོས་ཀྱི་རིགས་ཅན་གྱིས་སྐྲག་ནས་སྤང་བ་ལྟར་མི་བྱ་བར་དགོངས་པ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐབས་ལ་འབད་པར་བྱ་དགོས་པ་ནི་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་སྟེ། དགེ་བའི་ཚོགས་ནམ་ཡང་ཆུད་མི་ཟ་བར་ལམ་དུ་སློང་བ་དང་། ཞེ་སྡང་གི་འབྲས་བུ་དམྱལ་བར་མི་སྐྱེ་བ་སོགས་ཕན་ཡོན་ཆེ་བས་ལྷག་པར་ཤེས་པར་བྱ། དེ་ནས་བརྩོན་འགྲུས་ལའང་གསུམ་སྟེ། སངས་རྒྱས་བྱང་སེམས་དམ་པ་གོང་མ་རྣམས་ཀྱིས་དང་པོ་ཐོས་བསམ་སྒོམ་པས་རང་དོན་སྒྲུབ་པ་དང་། ཡོན་ཏན་མཐའ་ཡས་ཤིང་དཀའ་སྤྱད་སྙིང་སྟོབས་ཚད་མེད་པས། འཆད་རྩོད་རྩོམ་པའི་གཞན་དོན་རྒྱ་ཆེ་རྒྱུན་རིང་རླབས་ཆེན་མཛད་པའི་རྣམ་ཐར་མཐའ་ཡས་པ་རྣམས་ཐོས་རུང་སྤོབས་པ་ནི་མི་ཞུམ་ཞིང་སྒྱིད་མི་ལུག །རང་ལ་མི་བརྙས་པར་ད་རེས་དལ་རྟེན་ཕུན་སུམ་ཚོགས་པའི་གནས་སྐབས་འདིར་བདག་གིས་ཀྱང་དེ་ལྟར་བརྩོན་པར་བགྱིའོ་སྙམ་པའི་བློ་ལྷག་པར་བསྐྱེད་པ་ནི་གོ་ཆའི་བརྩོན་འགྲུས་དང་གཅིག །དེའང་སང་བྱ་གནངས་བྱེད་ཀྱི་ངང་ནས་མི་ཚེ་ཟད་མི་ཤོར་བར་མི་རྟག་པའི་བསྐུལ་མ་མྱུར་དུ་གདབ་སྟེ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར་འཕྲལ་འཕྲལ་ཉིད་དུ་ཆོས་ལ་འཇུག་དགོས་པ་ནི་སྦྱོར་བའི་བརྩོན་འགྲུས་ཞེས་པ་དང་གཉིས། དེའང་མཚམས་དང་བསྙེན་སྒྲུབ་ཁ་བཏོན་དགེ་སྦྱོར་ཞག་དང་ཟླ་བ་ལོ་ཤས་ཙམ་ལ་སོགས་ཅུང་ཟད་འགྲུབ་པ་དང་རྟགས་མཚན་ཉམས་མྱོང་ཕྲན་བུ་ཕྱོགས་རེ་ཙམ་ལ་ཆོག་ཤེས་མི་བྱ་བར་ཚེ་དང་སྒྲུབ་པ་མཉམ་པའི་དམ་བཅའ་བླངས་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བརྩོན་འགྲུས་རྒྱུན་རིང་ལ་ཤུགས་དྲག་པ་ཆུ་བོའི་རྒྱུན་བཞིན་ཉིན་མཚན་བར་མེད་དུ་འབད་དགོས་པ་ནི་ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང་གསུམ་སྟེ་ཕན་ཡོན་ཀྱང་འཇིག་རྟེན་ཀུན་གྱིས་མཆོད་ཅིང་བསྟོད་པ་དང་། རང་གི་བསམ་པ་མ་ལུས་པ་འགྲུབ་པ་དང་། ཡོན་ཏན་ཚོགས་རྣམས་ངང་གིས་འཕེལ་ཞིང་མྱུར་དུ་མྱ་ངན་ལས་འདས་པར་བྱེད་པས་ལྷག་པར་ཤེས་དགོས། དེ་ནས་བསམ་གཏན་ལའང་གསུམ་སྟེ། དེའང་འཇིག་རྟེན་འདིར་སྣང་གི་ཕ་མ་གཉེན་གྲོགས་དང་ཕུ་འབྲོག་པ་མདའ་ས་ཞིང་དགྲ་འདུལ་གཉེན་སྐྱོང་ཟས་གོས་དོན་གཉེར་འགྲོ་འདུག་བྱ་བཞག །འདུ་འཛིའི་གཡེང་བ་སོགས་ཐམས་ཅད་སྤངས་ནས། མི་མེད་ལུང་སྟོང་དུ་མི་ཚེ་བསྐྱེལ་ཏེ་གནས་དབེན་ས་རུ་འདུག །གྲོགས་རི་དྭགས་དང་འགྲོགས། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ཏེ་དབེན་པའི་གནས་བརྟེན་ནས་ལུས་ངག་ཡིད་གསུམ་ཤིན་ཏུ་བག་ཕེབས་པའི་ངང་ནས་ལུས་གནད་དང་རླུང་གནད་ཡིད་ཀྱི་གནད་རྣམས་ལེགས་པར་གཅུན་ནས་བླ་མའི་རྣལ་འབྱོར་སོགས་སྒོམ་པ་གལ་གནད་ཆེ་བའི་རང་བཞིན་དུ་བྱས་ནས། དང་པོ་བདེ་གསལ་མི་རྟོག་པ་ལ་ཞེན་ཅིང་ཆགས་ནས་དེ་ལ་སྒོམ་པའི་དུས་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་པ་དང་གཅིག །དེ་ནས་ཉམས་ཀྱི་ཞེན་པ་དང་བྲལ་ནས་སྟོང་འཛིན་གཉེན་པོའི་ཕྱོགས་ལ་ཞེན་ནས་སྒོམ་པའི་དུས་དོན་རབ་འབྱེད་ཀྱི་བསམ་གཏན་ཞེས་པ་དང་གཉིས། དེའང་སྟོང་འཛིན་གཉེན་པོའི་བློ་དང་བྲལ་ཏེ་ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་ལ་གནས་པ་ནི་དེ་བཞིན་གཤེགས་དགེའི་བསམ་གཏན་ཞེས་པ་དང་གསུམ་སྟེ། དེ་ལྟར་དབེན་པའི་གནས་བརྟེན་ལུས་ངག་བག་ཕེབས་ནས་སྒོམ་པའི་བསམ་གཏན་སོགས་ཀྱིས་འདོད་ཡོན་དང་ཉོན་མོངས་ཚོགས་རྣམས་མགོ་སྙོམས། སེམས་ལ་དབང་འབྱོར། སྤྱན་དང་མངོན་ཤེས་འཆར། རྫུ་འཕྲུལ་དུ་མ་འགྲུབ། ཉམས་རྟོགས་གོང་ནས་གོང་དུ་འཕེལ་ཏེ་བྱེ་བྲག་ཤེས་རབ་ལའང་གསུམ་སྟེ་མདོར་ན། ཐོས་པའི་ཤེས་རབ་ཀྱིས་ཕྱི་ཡི་སྒྲོ་འདོགས་རྣམས་ལེགས་པ་གཅོད་ཅིང་། བསམ་པའི་ཤེས་རབ་ཀྱིས་ནང་གི་ཐེ་ཚོམ་རྣམས་བཟློག་པ་དང་། སྒོམ་པའི་ཤེས་རབ་ཀྱིས་འཆད་རྩོད་རྩོམ་པ་གང་ལའང་ཐོགས་རྡུགས་མེད་པར་དགོངས་པའི་ཀློང་རྡོལ་ནས་རང་གཞན་གྱི་དོན་རྣམས་མངོན་དུ་གྱུར་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཡོངས་སུ་ཕྱིན་པའི་དགོས་ཆེད་སོགས་དུ་མར་ཡོད་པས་ཚུལ་བཞིན་ཉམས་སུ་ལེན་པ་ལྷག་པར་གལ་ཆེ་ཞིང་། དེ་ལྟར་ཕར་ཕྱིན་དྲུག་ལྡན་གྱི་ལམ་ལ་གཞི་བཅོལ་ཏེ་ཆོས་སྒྲུབ་དགོས་པ་ཡིན་ཞིང་། དེ་དག་ཀྱང་བདེན་མེད་སྟོང་པའི་ཤེས་རབ་ཟབ་མོས་རྩིས་ཡོངས་སུ་ཟིན་པར་བྱེད་པ་ནི་གལ་གནད་ཆེ་བའི་ཆོས་སུ་ཤེས་པར་བྱ་དགོས། དེ་ལྟར་སྨོན་འཇུག་གི་སེམས་བསྐྱེད་ནས་བསླབ་བྱ་རྣམས་ཚུལ་དང་ལྡན་པའི་ཕན་ཡོན་ནི་མཐའ་ཡས་པར་གསུངས་ཏེ། ངལ་གསོ་ལས། སྐད་ཅིག་སྦྱོར་བས་ཁྱབ་པའི་སེམས་མཆོག་གིས། །བསྐལ་པ་མང་པོའི་ཚོགས་གཉིས་ཟླུམ་པར་གསུངས། །དེ་ལྟར་གྲངས་མེད་གསུམ་སོགས་གསུངས་པ་ཀུན། །མྱུར་དུ་རྫོགས་དང་རིང་དུ་རྫོགས་པ་དང་། །ཚེ་གཅིག་གྲོལ་བ་བློ་ཡི་སྟོབས་ལ་རག །དེ་ཡང་ཐབས་དང་ཤེས་རབ་བརྩོན་འགྲུས་མཆོག །གསུམ་གྱིས་བསྒྲུབས་ན་བླ་མེད་སྟོབས་ཆེའོ། །ཞེས་དང་། སྤྱོད་འཇུག་ལས། མི་ལྡོག་པ་ཡི་སེམས་འདིས་ནི། །སེམས་དེ་ཡང་དག་བླངས་གྱུར་ན། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་འབྱུང་ངོ་། །ཞེས་དང་། ཡོན་ཏན་མཛོད་ལས། སྦྱིན་སོགས་ཕ་རོལ་ཕྱིན་པ་རྣམ་པ་ལྔས། །ངོ་བོ་ལུང་དུ་མ་བསྟན་ལྕགས་ཁམས་སུ། །རྣམ་པར་ཉམས་པ་ཐབས་ཤེས་གསེར་འགྱུར་རྩིས། །ཐེབས་པའི་མོད་ལ་རིན་ཐང་ཆེན་པོ་བྱེད། །ཅེས་དང་། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་ནས་མི་ཟད་འཕེལ་བར་འགྱུར། །ཞེས་དང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་ངག་དང་། སེམས་ཀྱིས་རྩོམ་པ་ཐམས་ཅད་དོན་ཡོད་པ་སྟེ། རྟག་ཏུ་དགེ་བ་འབའ་ཞིག་ཏུ་རོ་གཅིག་པར་འགྱུར་རོ། །ཞེས་གསུང་པ་ལྟར། མདོར་བསྡུ་ན། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་དུ་འགྲོ་བ་དང་། དགེ་བ་སྣ་གཅིག་སྤྱོད་རུང་སངས་རྒྱས་ཀྱི་ཡོན་ཏན་སེམས་ཅན་གྱི་གྲངས་དང་མཉམ་ཞིང་། དགེ་རྩ་ནམ་ཡང་ཆུད་མི་ཟ་བར་གོང་ནས་གོང་དུ་འཕེལ་བ་དང་། བསོད་ནམས་རྒྱ་ཆེ་བ་ཐོབ་ཅིང་སངས་རྒྱས་ཀྱི་གདུང་འཛིན་པ་དང་གཞན་དོན་རླབས་པོ་ཆེ་འགྲུབ་པ་སོགས་དང་། མཚམས་མེད་ཀྱི་ལས་བསགས་ནས་དམྱལ་བར་སྐྱེས་རུང་དར་གྱི་ཕོ་ལོང་བརྡབ་པ་ཙམ་ལས་གནས་མི་དགོས་པ་དང་། གཞན་སྡིག་བྱས་ཐམས་ཅད་དུས་མཐའི་མེ་ལྕེས་རྩྭ་སྦུར་བསྲེགས་པ་ལྟར་འཇོམས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བའམ། ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་མཆོག་སྟེ་མྱུར་དུ་བླ་ན་མེད་པའི་ཁང་བཟང་དུ་བགྲོད་པའི་བཞོན་པ་བཟང་པོ་ལྟ་བུ་ཡིན་པ་སོགས་ཕན་ཡོན་ཚད་མེད་པས་ལྷག་པར་ཤེས་དགོས་སོ།། ༈ །།དེ་ནས་རྡོར་སེམས་སྒོམ་བཟླས་ཀྱི་རིམ་པ་ནི། དང་པོ་དཔལ་རྡོ་རྗེ་སེམས་དཔའི་མཚན་དོན་ནི། ལོངས་སྐུ་ནི་ངེས་པ་ལྔ་དང་ལྡན་པས་ན་དཔལ། དེ་ནི་འཕོ་འགྱུར་བགྲེས་རྒུད་གཞོམ་གཞིག་ལས་འདས་པས་ན་རྡོ་རྗེ། དེའི་ངང་ལས་སྤྲུལ་པ་སྣ་ཚོགས་འབྱུང་བས་ན་སེམས་དཔའ་ཞེས་བྱ་སྟེ། དེ་ནི་རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཀུན་གྱི་གཙོ་བོ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པར་བཤད་དེ། ལྷ་ཐམས་ཅད་ཞི་ཁྲོ་དམ་པ་རིགས་བརྒྱ་རུ་འདུས་པ་དང་། དེའང་རིགས་ལྔའི་ཁོངས་སུ་གཏོགས་པ་དང་། དེའང་གསང་ཆེན་གྱི་ལྷ་རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཡོངས་སུ་འདུས་པའི་རང་བཞིན་ཅན་ཏེ། བཀྲ་ཤིས་རིག་པ་ཁུ་བྱུག་གི་རྒྱུད་ལས། ཆོས་སྐུ་རོ་གཅིག་འགྲོ་དོན་བྱེད་མཉམ་སྟེ། །མོས་པའི་བློ་ལ་སོ་སོ་ཉིད་དུ་སྣང་། །ཡེ་ཤེས་དབྱིངས་སུ་ཕྱག་རྒྱ་ཀུན་གཅིག་ཕྱིར། །བདེ་གཤེགས་གཅིག་སྒོམ་རྒྱལ་བ་ཀུན་གྱི་ངང་། །ཞེས་དང་། རྒྱུད་གསང་སྙིང་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླར། །ཡེ་ཤེས་རྒྱལ་པོ་སྟེང་དཀྱིལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །གང་ཟག་དེ་ཡིས་བསྒོམ་པར་འགྱུར། །ཞེས་གསུངས་པ་ལྟར་རིགས་ཀུན་རིགས་གཅིག་ཏུ་འདུས་པ་དང་། མ་ཟད་སྔོན་གྱི་ཐུགས་བསྐྱེད་པས་བདག་གི་མཚན་ཙམ་འཛིན་པ་ཐམས་ཅད་ཀྱི་སྡིག་ལྟུང་བྱང་བར་ཤོག་ཅེས་སྨོན་ལམ་བཏབ་པས་ཡོངས་སུ་འགྲུབ་ནས་སངས་རྒྱས་པ་ཡིན་པས་ན་ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་དུ་ཕྱིན་ནས་བཤགས་པའི་ཐབས་ལ་འབད་པ་བས། གོང་དུ་བཤད་པ་བཞིན་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་དང་སྡུད་པའི་བྱེད་པོ་དཔལ་རྡོ་རྗེ་སེམས་དཔའ་བསྒོམས་ནས་བཤགས་པ་བྱེད་པ་འདི་ཉིད་འགྱུར་སྟོབས་ཆེ་སྟེ། དེའི་ངོ་བོ་ནི་ད་ལྟའི་རྩ་བའི་བླ་མ་ཉིད་ཡིན་པར་ཤེས་པས་བྱིན་རླབས་ལྷག་པར་འཇུག་མྱུར་བའི་དགོས་ཆེད་ཡོད་པ་སོགས་དག་བྱེད་རྒྱལ་བའི་ཡོན་ཏན་དེ་དང་དེའི་རང་བཞིན་དུ་ཤེས་པར་བྱས་ནས། དེ་ནས་དག་བྱ་རང་རྒྱུད་ཀྱི་ཉོན་མོངས་སྡིག་སྒྲིབ་རྣམས་ཕྱོགས་ཙམ་ངོས་བཟུང་བའི་ཕྱིར་དུ་མདོ་ཙམ་མ་བཤད་ན་རང་རེ་རྣམས་ཐོག་མ་མེད་པ་ནས་འཁྲུལ་བ་རྒྱ་འབྱམས་ཤིང་གཉེན་པོ་ཤུགས་ཆུང་སྡིག་ལ་འགྲོགས་ཡུན་རིང་བས་སྒྲིབ་པ་གཏིང་ཟབ་པའི་དབང་གིས་ལས་དང་པོ་པའི་སྐབས་སུ་ངོ་ཤེས་མཁན་དང་སྒྲིབ་སྦྱོང་བྱ་དགོས་དོན་ཙམ་ཧ་གོ་དཀའ་བ་ལྟ་བུར་མཐོང་བས། ངོས་ཙམ་མ་ཟིན་ན་ཅི་བཤགས། བླང་དོར་ཅི་བྱ། བླང་དོར་དང་བཤགས་པ་མ་བྱས་ན་ཉེས་ལྟུང་ཕ་མཐའ་ཡས་པ་རང་ཤུགས་ཀྱིས་འགོས་ཤག་རེད་པས་ན། དེ་ཕྱིར་སྦྱང་བྱ་སྡིག་པའི་སྒོ་དྲུག་ཅེས་པ་ནི། དང་པོ་ཀུན་སློང་གི་སྒོ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱིས་ཀུན་ནས་བསླངས་པ་དང་། གཉིས་པ་རྟེན་གྱི་སྒོ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལས་བསགས་པ་དང་། གསུམ་པ་ཡུལ་གྱི་སྒོ་ནི་བླ་མ་དང་མཁན་པོ་མཆེད་གྲོགས་སོགས་ཡུལ་ཁྱད་པར་ཅན་དང་། ཕ་མ་རྒན་ཁོག་དང་། ཡུན་རིང་གི་ནད་པ། ཐག་རིང་གི་ཨར་སྐྱོ་སོགས་དམན་པ། བཞི་པ་ངོ་བོའི་སྒོ་ནི་མི་དགེ་བཅུ་དང་། མཚམས་མེད་ལྔ་སོགས་དང་བཅས་པའི་ལྟུང་བ་སྡོམ་པ་གསུམ་དང་འགལ་བའི་རིགས་དང་། ལྔ་པ་དུས་ཀྱི་སྒོ་ནི་འཁོར་བ་ཐོག་མ་མེད་པ་ནས་ཉི་མ་དེང་གི་བར་དུ་ལོ་ཟླ། ཉི་མ་དུས་ཚོད་དེ་དག་དང་། དྲུག་པ་བྱེད་ལས་ཀྱི་སྒོ་ནི་ཚེ་འདིར་ནད་མང་། ནོར་དབུལ་དགྲས་འཇིག་པ་སོགས་དང་། ཕྱི་མ་ངན་འགྲོ་མུ་མཐའ་མེད་པའི་རྒྱུར་གྱུར་པ་སོགས་ཀྱི་སྒོ་ནས་བཤགས་དགོས་ཤིང་། དེའང་ཅུང་ཟད་སྤྲོ་ན། རང་རེ་རྣམས་ཚེ་རབས་ཐོག་མ་མེད་པ་ནས་དེང་གི་ཕན་ཆད་སྤྱིར་མ་རིག་པས་བསྒྲིབས། སྒོས་ཉོན་མོངས་ཤུགས་དྲག་པོ་གསུམ་གྱིས་ཀུན་ནས་བསླངས་པས། ལས་མི་དགེ་བ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་རང་གིས་སྤྱོད་པའམ། གཞན་ལ་བྱེད་དུ་འཇུག་པའམ། བྱེད་པ་ལ་རྗེས་སུ་ཡི་རངས་སྐྱེས་པ་ཚུན་ཆད་དང་། ཐ་ན་ལག་གིས་ལས་དང་འགྲོ་འདུག་བབ་ཅོལ་དུ་བྱས་པ་དང་། ཟས་གོས་ལ་རྒྱུན་ཆད་མེད་པ་ལོངས་སྤྱོད་པ་དང་། གཉིད་དུ་ཡོལ་བའི་སྐབས་འཁྲུལ་སྣང་དྲག་པོ་སྣ་ཚོགས་དང་། ངག་གི་དོན་ཡོད་ལ་མེད་ཆགས་སྡང་བར་མ་དོའི་གཏམ་ལབ་པ་དང་། ཡིད་ཀྱི་དྲན་འཁྲུལ་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་སོགས་ངོས་ཕྱོགས་ཙམ་ཟིན་ལ་མི་ཟིན་ལ་སྡིག་པ་མི་དགེ་བའི་ལས་གྲངས་མེད་པ་ཞིག་ད་ལྟ་ཉིན་ཞག་རེའི་ཁོངས་སུ་ཆུའི་གཉེར་མ་བཞིན་བསགས་དང་གསོག་བཞིན་པ་འདི་ལྟར་དུ་སྐྱེ་འཆི་ཁོར་མོ་ཡུག་ཏུ་སྡུག་བསྔལ་བར་མ་ཆད་པར་བསྐལ་པ་ཡེ་གདོད་མ་ནས་ད་ལྟའི་བར་སྐད་ཅིག་ཀྱང་དལ་ཁོམ་མེད་པར་སྡིག་པའི་ཡོ་ལང་འཁྲུགས་པ་ཁོ་ན་ལ་ལོངས་སྤྱོད་བཞིན་དེ་དག་ལ་བཤགས་པའི་གཉེན་པོ་གཞི་ནས་མེད་པས་དགེ་བ་སྟོབས་ཤུགས་ཆུང་བ་དང་། དེ་བཞིན་སྡིག་ལྟུང་གི་རིམ་པ་ཆེས་ཆེར་འཕེལ་ནས་ཞག་ཟླ་ལོ་གྲངས་ཀྱི་སྐྱེ་བ་ཚེ་རབས་དུ་མར་སོང་བའི་ཉེས་ལྟུང་ནི་ཕ་མཐའ་ཡས་པ་ཞིག་ཡོད་པའི་རང་བཞིན་ནི་གཞིར་བཅས་མངོན་སུམ་དུ་གྲུབ་འདུག་མོད། རུ་ཏྲའི་སྨྲེ་བཤགས་ལས། གདོས་བཅས་ལུས་བླང་གྲངས་མེད་གཤེགས་གྱུར་ཀྱང་། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཞེས་པ་ལྟར་ཡིན་པས། དེས་ན་གང་ཟག་རབ་འབྲིང་ཐ་མ་གསུམ་ཀས། ད་ལྟ་ཐབས་རྣམས་དང་ལྡན་རང་དབང་ཡོད་དུས་འདིར། བཤགས་པས་སོར་ཆུད་ངེས་རེ་མཛད་པ་ཅི་ནས་གལ་ཆེ་བའི་རང་བཞིན་དང་། ཁྱད་པར་དུའང་རང་རེ་བླ་མ་གྲྭ་པ་ཆོས་པ་རྣམས་ཆོས་ཀྱི་སྒོར་ཡོངས་སུ་ཞུགས་ཀྱང་། ཕྱི་སོ་ཐར་གྱི་སྡོམ་པ། ནང་བྱང་སེམས་ཀྱི་བསླབ་པ། གསང་བ་གསང་སྔགས་ཀྱི་དམ་ཚིག་མཐའ་ཡས་པ་ལས། སྤང་བླང་གི་རིམ་པའི་ཆ་རྒྱས་འབྲིང་བསྡུས་ཙམ་གང་ཡིན་ཡང་རུང་ཚིག་ཙམ་མི་ངེས་པར་ཅི་ཡིན་གང་ཡོད་ཅི་འདྲ་བྱ་དགོས་ཕྱོགས་ཙམ་མི་ཤེས་པར་ཉིན་རེའི་ཁོང་ན་མི་དགེ་བཅུ་པོ་ཆ་ཚང་རེ་གསོག་བཞིན་པ་དང་། བྱེ་བྲག་ཏུ་ས་དགེ་རྙིང་མ་ཀར་འབྲུག་སོགས་ཀྱི་བསྟན་པ་སྤྱི་དར་ཆེ་བའི་དབང་གིས་དེང་སང་ཆུང་བྱིས་པ་ནས་རྒན་རབས་ཕལ་པ་རྣམས་དང་བླ་མ་གྲྭ་པ་ཆོས་པ་སོགས་ལ་དབང་དང་སྡོམ་པ། སྐྱབས་འགྲོ་དང་སེམས་བསྐྱེད། ཁྲིད་ལུང་སོགས་ལན་གྲངས་ཐོབ་མཁན་མང་བ་དང་ཆོས་འབྲེལ་སྣ་རེ་མ་ཐོབ་པ་མེད་པ་ལྟ་བུར་འདུག་རུང་། དོན་དུ་དབང་སྲོག་དམ་ཚིག་དང་། སྐྱབས་སེམས་ཀྱི་དོན་དང་བསླབ་བྱ། ཁྲིད་ལུང་ཐོབ་པའི་སྒོམ་ཉམས་ལེན་བྱ་དགོས་སྙམ་པའི་ཆགས་འཇོག་ཙམ་མི་བྱེད་པ་དང་། སེམས་བསྐྱེད་དང་། བསྐྱེད་རྫོགས་མི་ལྡན་པ་དང་། ཆོ་ག་ཆད་ལྷག་སོགས་སོང་བ་དང་། བླ་མ་རྣམས་ལ་གཤིན་པོའི་རྣམ་ཤེས་ཀྱི་ཁག་འཁྲི་བ་དང་། གྲྭ་པ་རྣམས་ལ་གསོན་པོའི་སྐུ་རིམ་གྱི་ཁག་འཁྲི་བ་དང་། གྲྭ་པའི་དཀོར་ནོར་རྣམས་ཁྱིམ་པ་ལ་ཁག་འཁྲི་བ་དང་། གཞན་ཡང་བཟོ་ཤེས་རིག་ལ་མཁས་པ་རྣམས་ཀྱང་། ལྷ་བཟོ་བྲིས་པ་སོགས་ཀྱི་བྲིས་བཞིན་མི་ལེགས་པ་དང་ཆད་ལྷག་བྲིས་ཤིང་། གཡོ་ལས་བྱེད་པ་དང་། སྔགས་པ་རྣམས་ཀྱིས་རྩིས་གཏོ་མདོས་སོགས་ཀུན་སློང་དང་བསྐྱེད་རྫོགས་མི་ལྡན་པའི་ཉེས་པ་དང་། སྨན་པས་སྨན་ལོག་པར་འཆོལ་བ་དང་། དེ་དག་གིས་ནི་དོན་དུ་གླ་ཡོན་ཟས་ལ་རྔམ་པ་གཙོ་བོར་འཛིན་ནས་ཕལ་པའི་ཉོ་ཚོང་བྱེད་པ་ལྟ་བུ་ལས། ལྷག་བསམ་དང་སེམས་བསྐྱེད་བཟང་པོ་ནི་ཕལ་ཆེས་ཅུང་མི་འབྱོངས་པ་དང་། མ་ཟད་མི་རུང་བའི་འདོད་ཞེན། རེ་འཁོན་ཆགས་སྡང་། ང་རྒྱལ་ཕྲག་དོག་སོགས་མི་དགེ་བའི་ལས་ངན་ཤུགས་ཀྱིས་གསོག་པ་ཐམས་ཅད་ཉེས་པའི་རང་བཞིན་དེ་ཁོ་ན་ལས་མ་འདས་པའི་ཚུལ་ཁྲིད་ཡིག་རྣམས་སུ་རྒྱས་ཤིང་རྒྱས་པ་ཕྲ་ཞིང་ཕྲ་བ་དུ་མར་གསུངས་འདུག་པ་དེ་ལྟར་རང་ཐོག་ཏུ་དཔེ་བླང་ནའང་གསུང་ཟབ་མོ་གནད་དུ་ཁེལ་བ་ཁོ་ན་བྱུང་བས་ཁྱེད་སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས་ཀྱང་ཉམས་ཕབ་ནས་དཔྱད་པ་ཁ་བསྐོར་ཏེ་ཤེས་མི་ཤེས་དབང་གིས་སྡིག་པ་བསགས་ཤོར་ཚད་གནོང་འགྱོད་དྲག་པོས་བཤགས་ཤིང་སོར་ཡོངས་སུ་ཆུད་པར་མཛད་དགོས་པ་ཡིན་མ་གཏོགས། ཉེས་ལྟུང་བསགས་པའི་སྡིག་སྒྲིབ་བག་ཆགས་ཀྱི་དྲི་མ་མཐུག་པོས་རང་རེ་རྣམས་དུས་དང་རྣམ་པ་ཀུན་ཏུ་གཡོགས་ནས་སྒྲིབ་བསྡད་ཡོད་པ་ནི་ད་ལྟའི་ཉིན་མཚན་གཅིག་གི་དགེ་སྡིག་གི་ལས་ཤས་ཆེ་ཆུང་དང་ཆོས་ལ་མོས་པ་སྐྱེས་དཀའ་བ་དང་འགྲུབ་དཀའ་བ་སོགས་ཀྱི་ཤུགས་ཀྱིས་མངོན་ཞིང་། དཔེར་ན་མེ་ལོང་ཞིག་ཡིན་རུང་བདག་ཏུ་མ་བཟུང་བའི་ལན་གྱིས། བཙའ་གཡའི་སྐྱོན་ཆེན་གྱིས་བཟུང་ཡུན་རིང་བ་ལྟ་བུར་ཡིན་ཞིང་། ད་རེས་བདག་ཏུ་བཟུང་སྟེ་དགེ་སྡིག་གི་སྐྱོན་ཡོན་ཕྱོགས་ཙམ་ཤེས་ནས་དེ་ལ་དོན་དམ་ཡེ་ཤེས་ཀྱི་གཟུགས་བརྙན་ཡོད་པ་བཞིན་དུ་འཆར་བར་རྩོམ་པ་ན་སྒྲིབ་སྦྱོང་དང་ཚོགས་བསགས་ཀྱི་རིམ་པས་བྱི་དོར་ལེགས་པར་བྱེད་པ་རང་ལས་ཐབས་གཞན་ནི་ཅི་ཡང་མ་མཆིས་ཏེ། ཨོ་རྒྱན་རིན་པོ་ཆེས། བྱིན་རླབས་དངོས་གྲུབ་ཀུན་གྱི་བགེགས། །སྒྲིབ་པ་རྣམ་གཉིས་ཡིན་པའི་ཕྱིར། །དེ་དག་རབ་ཏུ་སྦྱང་བར་གཅེས། །ཞེས་གསུངས་པ་ལྟར་དུ་དཔེར་ན་ཕྱི་མཛེས་ནང་རུལ་ཤིང་ཐོག་ཀུན་མན་ད་དང་མཚུངས་པའམ། མཛེ་ཅན་འབུས་གཡེངས་ལ་ཕྱི་ནས་གོས་རྒྱན་གྱིས་སྤྲས་པ་ལྟར་རམ། སྡིག་བྱས་ཀྱི་ལས་རྣམས་ནི་བཙན་དུག་ཧ་ལ་ནག་པོ་ཁོང་དུ་ཤོར་བ་ལས་ཀྱང་བརྒྱ་འགྱུར་གྱི་མཐུ་ཆེ་སྟེ། དེས་ན་ད་ལྟའི་སྐབས་འདིར་ལུས་ན་བ་དང་འཆི་རྐྱེན་བྱེད་པ་ཙམ་ལས། ཚེ་རབས་ཀུན་ཏུ་སྡུག་བསྔལ་ལ་སྦྱོར་བར་ག་ལ་ནུས་ཏེ། ལས་ངན་མི་དགེ་བས་ནི་ཚེ་འདིར་མི་བདེ་བར་རྐྱེན་ངན་རྣམ་པ་སྣ་ཚོགས་འབྱུང་བ་དང་། ཕྱི་མར་བར་དོའི་འཁྲུལ་སྣང་གི་མཚམས་སྦྱར་ནས་ངན་སོང་གི་གནས་སུ་སྐྱེ་ནས་སྡུག་བསྔལ་བཟོད་དཀའ་བ། ཤུགས་དྲག་པ། རྒྱ་ཆེ་བ། ཡུན་རིང་བ། མཐོང་མི་མངོན་པར་འབའ་ཞིག་གིས་མནར་ནས་ཚེ་རབས་ཐམས་ཅད་དུ་འཁོར་བའི་གནས་ལས་ནམ་ཡང་མི་ཐར་བ་བྱེད་པས་ཤིན་ཏུ་ནས་ཀྱང་ཕུང་ཚབ་ཆེ་བའི་རང་བཞིན་ཏེ། དེ་དག་སྐྱོན་མེད་ལྟ་བུར་འཇོག་ག་ལ་རུང་སྟེ་སྨན་དུ་རེ་ནས་དུག་ཟས་ནོར་བ་དང་འདྲ་བར་དེ་ཚུག་ནས་བསྐྱུར་བཏང་བ་བཞིན། གནོང་འགྱོད་དྲགས་པོས་སྡིག་སྒྲིབ་ལྷག་མེད་དུ་སྦྱང་བ་རབ་ལ་འབད་པ་ཅི་ནས་གལ་ཆེ་བ་ཡིན། དེ་ལྟར་སྦྱོང་བ་ལ་སྤྱིར་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་གང་ཟག་རྣམས་ཀྱི་བློ་རིམ་དང་བསྟུན་ཏེ་སྒྲིབ་སྦྱོང་གི་རྣམ་གྲངས་ས་གཞིའི་རྩི་ཤིང་དང་ནམ་མཁའི་སྐར་ཚོགས་ལྟ་བུ་དཔག་མེད་གསུངས་པའི་ནང་ཚན་སྙིང་པོ་མཆོག་ཏུ་གྱུར་པ་ནི། རང་ལུགས་གསང་ཆེན་གྱི་ལྷ་རིགས་རྣམས་ཀུན་འདུས་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་ཉིད་རང་ཡིན་ཏེ། དགོངས་པ་ཚིག་གསུམ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡིས་སྡིག་སྒྲིབ་ཀུན་བྱང་ནས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། སྙིང་པོ་རྒྱན་ལས། པད་དཀར་ཟླ་བའི་གདན་སྟེང་དུ། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ནས། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་རེ་བཟླས་གྱུར་ན། །ལྟུང་སོགས་བྱིན་གྱིས་བརླབ་པར་གྱུར། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་དང་། ལས་རྣམ་འབྱེད་ལས། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ཡང་། །ཁྱེད་ལ་གསོལ་བ་བཏབ་པས་བསྲབ་པར་འགྱུར། །རབ་ཏུ་བཤགས་ན་ཉེས་བྱས་ཐམས་ཅད་ཀུན། །ཤིན་ཏུ་རྩ་བ་ནས་ནི་བཏོན་པ་བཞིན། །ཞེས་དང་། སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་གྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་པ་ལྟར་དུ་ཡིད་ཁྱེད་ཤེས་ཀྱིས་ངེས་ཤེས་ལྷག་པར་བསྐྱེད་པ་སྔོན་དུ་སོང་ནས། ཉམས་ལེན་དངོས་གཞིའི་སྐབས་སུ་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ངེས་པར་བཤགས་པའི་ཐབས་ལ་འབད་དགོས་པ་ཡིན་གྱི། དེ་ཡང་ལས་གཞུང་གི་ངག་འདོན་གང་ཡིན་པ་རྣམས་དང་རིམ་པར་འགྲེལ་ཞིང་མདོར་བསྡུ་ན་འདི་ལྟ་སྟེ། དང་པོ་དཀོན་མཆོག་གསུམ་གྱི་རྟེན་ལ་བརྟེན་པས་སྡིག་པ་ཟད་ཅིང་བསྲབ་པར་བྱེད་པས་ན་རྟེན་གྱི་སྟོབས་ཞེས་བྱ་སྟེ། དེས་ན་རང་གི་སྤྱི་བོར་མདའ་གང་གི་སྡོང་པོའི་སྟེང་ན་པད་དཀར་འདབ་སྟོང་བཞད་པའི་ཟེའུ་འབྲུ་དམར་སེར་ཚད་དང་ལྡན་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་ན་ཧཱུྃ་ཡིག་དཀར་པོ་འོད་ཟེར་འབར་བ་ཅན་གནས་འགྱུར་བའི་ཚུལ་དུ་ངོ་བོ་ནི་མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་གསལ་བཏབ་དགོས་ཤིང་། དེའང་ཅུང་ཟད་སྤྲོས་ན། ཉེས་པའི་སྐྱོན་གྱིས་མ་གོས་པར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་སྐུ་མདོག་དཀར་གསལ་དྲི་མ་མེད་པ་གངས་རིའི་ལྷུན་པོ་ལ་ཟླ་གཞོན་བྱེ་བས་འཁྱུད་པ་ལྟ་བུར་གཟི་འོད་རབ་ཏུ་འབར་བ། དེ་ཡང་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་བརྡར་ཞལ་གཅིག་པ། ཐབས་དང་ཤེས་རབ་ཀྱི་མཚོན་བྱེད་ཕྱག་གཉིས་སྟེ། ཕྱག་གཡས་པ་ཐབས་རིག་སྟོང་གི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་ཤེས་རབ་སྣང་སྟོང་གི་དྲིལ་བུ་དཀུར་བརྟེན་ཅིང་། སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་། དབུ་སྐྲ་ཟུར་ཕུད་བཅིངས་པ་ནི་རིགས་ཐམས་ཅད་ཀྱི་འགྲན་ཟླ་དང་བྲལ་བའི་བརྡ། གདུལ་བྱའི་ཉོན་མོངས་པའི་གདུང་བ་སེལ་བའི་བརྡར། སྐུ་ལ་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆས་གོས་ལའང་དར་མཐིང་ཁྲའི་ཟི་ལྡིར་དབུ་རྒྱབ་ནས་འཕྱང་བ་དང་གཅིག །སྙན་གོང་ནས་དར་དཔྱངས་སྣ་ལྔ་འཕྱར་བ་ཕྱག་དཔུང་གཡས་གཡོན་ནས་འཁྱུད་དེ་སྣེ་མོ་ཅུང་ཟད་ཡར་འཁྱིལ་བ་དང་གཉིས། གར་གྱི་སྟོད་ཐུང་དཀར་པོ་དཔུང་པའི་ཕྱེད་ཙམ་དུ་སླེབ་པ་དང་གསུམ། དེ་སྟེང་སྟོད་ལེ་སྔོན་པོ་ལ་ལྗང་གུས་སྦབ་ལེ་ཕྱེད་པ་དང་བཞི། ཚིག་གུ་ཞེས་ཁ་དོག་སྣ་ཚོགས་པའི་སྨད་དཀྲིས་དང་ལྔ་ཡིན་ཞིང་། དེ་བཞིན་འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པས་འགྲོ་བའི་རེ་བ་སྐོང་བའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་ནི། རིན་པོ་ཆེའི་དབུ་རྒྱན་ཟེ་སྲོག་ཁང་པ་ནོར་བུའི་རྩེ་ཕྲན་འབར་བ་ཅན་དང་གཅིག །སྙན་རྒྱན་གཉིས་རིན་པོ་ཆེའི་གཞི་བྱས་པ་ལ་ནོར་བུའི་ཕྲ་ཚོམ་བཀྲ་བ་དང་གཉིས། རིན་པོ་ཆེ་སྣ་ཚོགས་སྤེལ་མར་བརྒྱུས་པའི་མགུལ་རྒྱན་ཐུང་ངུ་དང་གསུམ། རྒྱུ་དེ་དང་མཚུངས་པའི་ནུ་སྟེང་དུ་སླེབ་པ་སེ་མོ་དོ་དང་བཞི། ཡང་དེ་བས་རིང་ཙམ་ལྟེ་འོག་སླེབ་པའི་དོ་ཤལ་དང་ལྔ། དཔུང་རྒྱན་དང་ཕྱག་གདུབ་སོར་གདུབ་གཡས་གཡོན་རྣམས་ཆབས་ཅིག་ཏུ་རྩིས་པ་དང་དྲུག །ཞབས་ཀྱི་གདུབ་བུ་དང་བཅས་རྒྱུ་དང་བཟོ་དབྱིབས་བཀོད་པ་ཕྱོགས་མཚུངས་པ་དང་བདུན། དེ་བཞིན་སྐ་རགས་རིན་པོ་ཆེའི་ཕྲ་ཚོམ་གྱིས་བརྒྱན་པ་དྲ་བ་དང་དྲྭ་བ་ཕྱེད་པའི་མཛེས་པ་སྤྲས་པ་བརྒྱད་དང་ལྡན་པ་སྟེ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་ཞེས་པ་དེ་ལྟར་ཡིན། དེའང་སྤྲོས་པ་དང་མཛེས་ཆོས་ཏེ་རྒྱན་རང་ག་མ་ལྟ་བུ་མ་ཡིན་པར་ནང་གི་ཡོན་ཏན་རྣམས་ཕྱི་རོལ་དུ་མངོན་པར་འཆར་བ་སྟེ་དཔེར་ན་སྨན་གྱི་ཁ་བྱང་འདོགས་པ་ལྟ་བུར་ཤེས་པར་བྱེད་པ་ལས། ནང་གི་ཡོན་ཏན་རྣམས་མི་ཤེས་པར་ཕྱིའི་གཟུགས་བརྙན་ཙམ་སྒོམ་ལོ་བྱས་ན་དཔེར་ན་སྐུ་འདྲ་ནང་གཞུག་མེད་པ་དང་འདྲ་བས། དེས་ན་རྒྱན་ཆས་སྐུ་མདོག་ཞལ་ཕྱག་གར་སྟབས་སོགས་བརྡའ་དོན་རྟགས་ཀྱིས་རྩིས་ཡོངས་སུ་ཟིན་པ་གལ་ཆེ་བའི་རང་བཞིན་དང་། དེ་ལྟར་ཐབས་ཤེས་དབྱེར་མེད་ཀྱི་བརྡར་ཡུམ་སྙེམས་མ་དཀར་མོས་ཕྱག་གཡས་གྲི་གུག་འཛིན་པས་མགུལ་ནས་འཁྱུད་པ་གཡོན་ཐོད་པ་བདུད་རྩིས་གང་བར་བསྣམས་པ་ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་གཉིས་མེད་དུ་འཁྲིལ་ནས་བཞུགས་པར་གསལ། དེ་དག་ཀྱང་སྣང་ལ་རང་བཞིན་མ་གྲུབ་པ་ཆུ་ཟླ་ལྟ་བུ་ཡེ་ཤེས་ཀྱི་སྐུ་མངོན་སུམ་རང་བཞིན་དུ་གྲུབ་པ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་བླ་ན་མེད་པ་ཆེན་པོར་བཞུགས་པའི་སྤྱན་སྔར་དུ། མི་དགེ་བ་ལ་འགྱོད་པ་མང་བས་ན་རྣམ་པ་སུན་འབྱིན་པའི་སྟོབས་ཞེས་བྱ་སྟེ། དེས་ན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བཟུང་སྟེ་དེང་གི་ཕན་ཆོད་རྒྱུ་དུག་གསུམ་དུག་ལྔས་བསྐྱེད་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལས་མི་དགེ་བའི་རིགས་རྣམས་མདོར་ན་སྡོམ་པ་གསུམ་གྱི་གནས་ལ་འགལ་ཉམས་འདས་རལ་དུ་གྱུར་པ་ཤེས་དང་མི་ཤེས་ཅི་མཆིས་པ་ཐམས་ཅད་ངོ་ཚ་དང་འཇིགས་སྐྲག་གནོང་འགྱོད་དྲག་པོས་སྙིང་ནས་བཤགས་པར་བྱ་ན༑ དུས་ད་ལྟ་མྱུར་བ་ཉིད། འདུག་ས་འདི་དང་རྟེན་འདི་ཐོག་ཏུ་བྱང་ཞིང་དག་པའི་ཐུགས་རྗེ་རེ་མ་ཆུང་སྙམ་ནས་གསོལ་བ་དྲག་ཏུ་ཡང་ཡང་འདེབས་དགོས་པ་ཡིན། དེ་ནས་སླར་སྡོམ་པ་བླངས་ནས་སྡིག་པ་མི་བྱེད་པས་ན་སྡོམ་པའི་སྟོབས་ཞེས་བྱ་སྟེ་སྔོན་ཆད་བདག་མི་ཤེས་རྨོངས་པའི་དབང་དུ་གྱུར་པས་ལས་ངན་ཚབ་ཆེན་དེ་དག་རྣམས་བསགས་ཤོར་བ་རེད། ད་ནི་བླ་མའི་བཀའ་དྲིན་ལ་བརྟེན་པས་སྤང་བླང་གི་གནད་རྣམས་ཚུལ་བཞིན་ཤེས་ནས་བཟུང་སྟེ་ཤེས་བཞིན་དུ་དུག་འཐུང་བ་དང་། མཐོང་བཞིན་དུ་གཡང་ལ་མི་མཆོང་བར་ལུས་དང་སྲོག་ལ་ཐུག་ཀྱང་། སྡིག་པའི་ལས་ཆེ་ཕྲ་ཀུན་གཏན་ནས་མི་བགྱིད་པའི་རྒྱལ་བ་ཁྱེད་ཀྱི་སྤྱན་སྔར་དེང་འདིར་དམ་བཅའ་དྲག་པོ་ངེས་པར་ཕུལ་དགོས་པ་ཡིན་ཞིང་། ངག་འདོན་གྱི་འདོད་གསོལ་ཀྱང་དེ་ལྟར་འགྲེལ་བར་བྱ། དེ་ནས་དགེ་བའི་ལས་ལ་བརྩོན་པས་ན་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཞེས་པ་ཏེ། རྡོར་སེམས་ཡབ་ཡུམ་གཉིས་མེད་ཀྱི་ཐུགས་ཀར་ཟླ་དཀྱིལ་སྲན་མ་ཕྱེད་པའི་ཚད་ཀྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་སྤུས་བྲིས་པ་ལྟ་བུའི་མཐར་ཡིག་བརྒྱའི་སྔགས་འཁོར་རིམ་པ་ཕྱེད་གསུམ་དུ་བཀོད་པར་དམིགས་ནས་མ་ཡེངས་པར་གསོལ་འདེབས་ཀྱི་ཚུལ་དུ་རྩེ་གཅིག་བཟླས་པའི་རྐྱེན་གྱིས་ཐུགས་སྲོག་ཡིག་འབྲུ་རྣམས་ལས་ཐུགས་རྗེ་ཡེ་ཤེས་ཀྱི་ངོ་བོར་རྣམ་པ་བདུད་རྩི་དཀར་པོ་དངུལ་ཆུ་འདྲིལ་བ་ལྟར་ཆེས་ཆེར་བབ་ནས་སྐུ་ཡི་དབྱིབས་བརྒྱུད་རིམ་པར་སྦྱོར་མཚམས་ནས་ཐོན་ཏེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་པའི་སྟོབས་ཀྱིས་ངོ་བོ་ནི་ལུས་ནང་གི་ནད་ཐམས་ཅད་དེ་རྣམ་པ་ནི་རྣག་ཁྲག་དང་རླངས་པ་སྤྲིན་པའི་ཚོགས་དང་། ངོ་བོ་ནི་གདོན་ཐམས་ཅད། རྣམ་པ་ནི་སྡོམ་སྡིག་ཉ་སྦལ་དང་སྲེ་མོང་སོགས་སེམས་ཅན་གྱི་རིགས་དང་། ངོ་བོ་ནི་སྡིག་སྒྲིབ་ཐམས་ཅད་དེ་རྣམ་པ་ནི་དུ་བ་སོལ་ཁུ་རྡུལ་དང་རླངས་པའི་རྣམ་པར་གྱུར་ཏེ་བདུད་རྩིའི་རྒྱུན་གྱིས་ཤག་གེ་དེད་པས། རང་གི་འོག་སྒོ་གཉིས་དང་རྐང་མཐིལ་བ་སྤུའི་བུ་ག་རྣམས་ནས་ནག་ཉིལ་ལི་ལི་ཕྱིར་ཐོན་པའི་ངབ་ཀྱིས་ས་རིམ་པ་དགུ་ཤག་གེ་གས་པའི་འོག་ན་འཆི་བདག་གཤིན་རྗེའི་རྒྱལ་པོ་གླང་དམར་པོའི་རྣམ་པ་ཅན་འཇིགས་སུ་རུང་བ་དང་ལས་མཁན་འཁོར་ཚོགས་དང་བཅས་པའི་ཁ་ལག་བཟེད་པའི་ནང་དུ་སོང་བས་ཡོངས་སུ་ངོམས་ཤིང་ཚིམ་པར་གྱུར། ཤ་འཁོན་བུ་ལོན་ལན་ཆགས་ཐམས་ཅད་བྱང་ཞིང་དག་ནས་རང་གཞན་རྣམས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་གྲོལ་ཞིང་དེ་དག་ཀྱང་བྱང་ཆུབ་སེམས་དང་ལྡན་པར་གྱུར་ནས་མཐར་ས་གས་པའང་སུམ་པར་གྱུར་ཐལ་བསམ་མོ། །དེ་ནས་རང་ལུས་ཀྱི་རྩ་གསུམ་འཁོར་ལོ་བཞི་སོགས་བདུད་རྩིའི་རྒྱུན་གྱིས་ཡོངས་སུ་གང་བས་དཔེར་ན་ཤེལ་བུམ་འོ་མས་གང་བ་ལྟར་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་ནས་དབང་བཞི་ཐོབ། སྒྲིབ་བཞི་དག །དགའ་བཞིའི་ཡེ་ཤེས་སྐྱེས། སྐུ་བཞིའི་གོ་འཕང་ཐོབ་པའི་རྒྱུ་གྱུར་པར་བསམས་ནས་ངེས་ཤེས་བསྐྱེད་ཅིང་། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །ཞེས་སོགས་འགྱོད་བཤགས་བརྗོད་མ་ཐག་བུའི་བྱ་བ་བཟང་པོ་བྱེད་པ་ལ་མས་ལྷག་པར་རྗེས་སུ་ཡི་རང་བ་བསྐྱེད་པ་ལྟར་རྡོར་སེམས་ཉིད་ཐུགས་དགྱེས་བཞིན་པ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དག་པ་ཡིན་ནོ་ཞེས་གསུང་གིས་དབུགས་དབྱུང་ཞིང་ཐུགས་ཐིག་ལེའི་རྣམ་པར་འོད་དུ་རིམ་གྱིས་ཞུ་ནས་རང་ལ་དབྱེར་མེད་དུ་ཐིམ་པའི་རྐྱེན་གྱིས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཇི་བཞིན་གནས་གྱུར་པའི་ཐུགས་ཀར་ཟླ་དཀྱིལ་ཡུངས་འབྲུའི་ཚད་ཀྱི་དབུས་སུ་ཧཱུྃ་མཐིང་གི་མདུན་དུ་ཨོཾ་དཀར་པོ། གཡས་སུ་བཛྲ་སེར་པོ། རྒྱབ་ཏུ་ས་དམར་པོ། གཡོན་དུ་ཏྭ་ལྗང་གུ་བཅས་གསལ་ཞིང་ངག་ནས་དེ་ལྟར་བཟླས་པའི་རྐྱེན་གྱིས་ཡིག་འབྲུ་ལྔ་པོ་ལས་འོད་ལྔའི་ཟེར་འཕྲོ་བའི་རྩེ་མོར་འདོད་ཡོན་གྱི་ལྷ་མོ་བསམ་གྱིས་མི་ཁྱབ་པས་མཆོད་རྫས་དུ་མ་ཐོགས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཚོགས་རྫོགས་ཤིང་སྒྲིབ་པ་བྱང་ནས་ཐུགས་རྗེ་བྱིན་རླབས་ཀྱི་ངོ་བོ་འོད་ལྔའི་རྣམ་པ་ཆར་ལྟར་བབ་སྟེ་རང་ལ་ཐིམ་པས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཡོངས་སུ་ཐོབ་པར་བསམ་པ་ནི་མདོར་ན་རང་དོན་ཆོས་སྐུ་རྟེན་འབྲེལ་བསྒྲིགས་པ་ཡིན་པར་གསུངས། ཡང་འོད་ཟེར་སྣ་ལྔ་མར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡུག་བསྔལ་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་སྟེ་ཕྱི་སྣོད་ཐམས་ཅད་མངོན་པར་དགའ་བའི་ཞིང་ཁམས་སུ་གྱུར། ནང་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའ་རིགས་ལྔར་གྱུར་པའི་ཞལ་ནས་སྔགས་ཀྱང་འུར་དི་རི་རི་སྒྲོགས་པར་བསམ་པ་ནི་གཞན་དོན་གཟུགས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན་པའི་ངེས་ཤེས་ལྷག་པར་བསྐྱེད་དོ། །དེ་ནས་མཐར་ཐུན་བསྡུ་བའི་སྐབས་སུ་གཞལ་ཡས་ཁང་ནང་བཅུད་ལ། ནང་བཅུད་གཙོ་བོ་ལ། གཙོ་བོ་ཨོཾ་ནས་རིམ་པར་ཐུགས་སྲོག་ཧཱུྃ་ལ་ཧཱུྃ་ཞབས་ཀྱུ་ལ། ཞབས་ཀྱུ་འ་ཆུང་ལ། འ་ཆུང་ཧ་ཁོག་ལ། ཧ་ཁོག་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ། ཐིག་ལེ་ན་དཱའི་བར་རིམ་གྱིས་རྗེས་ཞིག་གི་ཚུལ་དུ་བསྡུས་ནས་མཐར་ནམ་མཁའི་འཇའ་ཚོན་གནས་མེད་དུ་ཡལ་བ་བཞིན་དུ་གང་ལའང་མི་དམིགས་པ་སྤྲོས་བྲལ་གདོད་མའི་ངང་དུ་ཡུན་ཅི་རིང་དུ་མཉམ་པར་བཞག་པར་བྱ་ཞིང་། དེ་ནི་སྤྲོས་མེད་དོན་དམ་པའི་སྒོམ་བཟླས་མཐར་ཐུག་ཡང་ཟབ་མཆོག་ཏུ་གྱུར་པ་ཉིད་ཡིན་པས་རིམ་གྱིས་ཤེས་པར་བྱ་དགོས་ཏེ། རྡོར་སེམས་མངོན་བྱང་ལས། ཡེ་སྲུང་ཐིག་ལེ་ཉག་གཅིག་པུ། །སྤང་བླང་ཡོང་གྲོལ་ཕྱལ་བ་ཆེ། །རང་བྱུང་ལྷུན་གྲུབ་ཆོས་ཀྱི་སྐུ། །དེ་ལྟར་རྟོགས་ན་བཤགས་པའི་རྒྱལ། །ཞེས་དང་། ཇི་སྐད་དུ། དྲང་པོ་འདུག་ལ་ཡང་དག་བལྟ། །འདི་ནི་འགྱོད་ཚངས་རྒྱལ་པོ་ཡིན། །ཞེས་གསུངས་པ་ལྟར་དང་། ཆོས་ཀྱི་རྒྱལ་པོའི་མདོ་ལས། སེམས་ཅན་གཅིག་སྟེ་གཉིས་སུ་མེད་པར་ཤེས་ན། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་སྟེ། དཔེར་ན་མེ་ལོང་གི་སྟེང་དུ་ལོ་སྟོང་གི་རྡུལ་ཆགས་པའང་གོས་ཀྱིས་ཕྱིས་པས་རྡུལ་མེད་པ་དང་མཚུངས་སོ། །ཞེས་དང་། ཁང་སྟོང་གི་མུན་ནག་ལོ་སྟོང་སོང་བའང་གསལ་བའི་མར་མེ་གཅིག་གིས་སེལ་བ་ལྟར་སེམས་ལ་ངོ་བོ་ཉིད་མེད་པ་ཡང་དག་པའི་བདེན་པ་མཐོང་བས་བསྐལ་པ་གྲངས་མེད་ཀྱི་སྡིག་པ་སྐད་ཅིག་མ་ལ་སྦྱོང་བར་འགྱུར་རོ། །ཞེས་དང་། དོན་དམ་པར་འཇུག་པའི་མདོ་ལས། ལྷའི་བུ་པདྨ་དཀར་པོས་གསོལ་པ། འཇམ་དཔལ་ལས་ཀྱིས་སྒྲིབ་པ་ཇི་ལྟར་སྦྱང་བར་བྱ་སྨྲས་པས། ལྷའི་བུ་ལས་ཀྱི་སྒྲིབ་པ་ནི་ལས་ཉིད་ཡེ་ནས་དངོས་པོ་མེད་པར་ཤེས་ན་ཚེགས་མེད་པར་འདག་པར་འགྱུར་ཏེ། དུང་ལ་སོལ་བས་གོས་པ་ན་རས་ཀྱིས་ཕྱིས་པ་དང་མཚུངས་སོ། །ཞེས་གསུངས་པ་ལྟར་དགོངས་པའི་སྐྱེལ་སོ་ངོ་མ་དེ་ལྟ་བུ་ལ་རིམ་གྱིས་ཤེས་པ་གལ་གནད་ཤིན་ཏུ་ཆེ་བ་དང་། གཞན་ཡང་སྒོམ་བཟླས་འདི་ལ་བརྩོན་འགྲུས་ལྷག་པར་བསྐྱེད་པའི་སྟོབས་ཀྱིས་ཉེས་ལྟུང་ཕྲ་མོ་རྣམས་ནི་རྩ་བ་ནས་འབྱིན་ཅིང་འབྲིང་པོ་རྣམས་ཁ་བྲི་ཞིང་མྱུར་དུ་རྩ་བ་ནས་དག་པར་བྱེད་པ་དང་། ཆེན་པོ་རྣམས་མི་འཕེལ་ཞིང་མགོ་མནན་ཏེ་རིམ་གྱིས་ལྷག་མ་མེད་པར་བྱང་བར་འགྱུར་ཏེ། དཔེར་ན་ཉི་མས་ཁ་བའམ་འཁྱག་ཞུ་བ་ལྟར་རམ་མུན་པ་སེལ་བ་ཇི་བཞིན་སྡིག་པ་བྱང་བཏུབ་ན་བཤགས་སུ་བཏུབ་པའི་ཕྱིར་ཏེ། དྲི་མེད་བཤགས་པའི་རྒྱལ་པོ་ལས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཡང་སྙིང་ཡི་གེ་བརྒྱ་པ་འདི༔ བདུན་ནམ་ཉི་ཤུ་རྩ་གཅིག་གམ༔ བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང་༔ ཉམས་ཆགས་ཀུན་ཀྱང་བྱང་གྱུར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྲས་ཀྱི་དམ་པར་དགོངས་པར་འགྱུར༔ ཞེས་དང་། ལུང་རྣམ་དབྱེ་ལས། གང་གིས་སྡིག་པའི་ལས་བྱེད་པ། །དགེ་བ་ཡིས་ནི་མཐར་བྱེད་དོ། །ཉི་ཟླ་སྤྲིན་ལས་གྲོལ་བ་བཞིན། །འཇིག་རྟེན་འདིར་ནི་དེར་སྣང་འགྱུར། །ཞེས་དང་། བཤེས་སྤྲིངས་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པ་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཤིང་། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་སོགས་ཕན་ཡོན་གྱི་ལོ་རྒྱུས་དང་ལུང་འདྲེན་མཐའ་ཡས་པར་གསུངས་པ་ལྟར། ངེས་ཤེས་ལྷག་པར་རྙེད་པ་ནི་གལ་ཆེ་བའི་རང་བཞིན་དུ་བྱ་དགོས་ཤིང་། སླར་ཡང་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའ་གཙོ་འཁོར་ལམ་གྱིས་གསལ་ནས། དགེ་བ་འདི་ཡིས་སོགས་བསྔོ་སྨོན་གྱིས་རྒྱས་ཡོངས་སུ་ཐེབ་པར་བྱའོ། །དེ་ལྟར་དམིགས་པ་ཐམས་ཅད། དང་པོ་ཤེས་པ་གཅིག་གི་ཐོག་ནས་འཆར་དཀའ་བས་རེས་འགའ་རྡོར་སེམས་ཡབ་ཡུམ་ཞལ་ཕྱག་རྒྱན་ཆས་དང་བཅས་པ་རིམ་གྱིས་གསལ་ནས་བཟླས། རེས་འགའ་འགྱོད་པ་དང་སྡོམ་སེམས་དྲག་པོ་ཡང་ཡང་བསྐྱེད་དེ་སྔགས་འཁོར་བསྐོར་ཞིང་བདུད་རྩི་འབེབས་སྦྱང་བྱ། རེས་འགའ་རང་ཉིད་རྡོར་སེམས་གནས་འགྱུར་གྱིས་དོན་གཉིས་བྱེད་པའི་དམིགས་པ་སྤྲོ་བསྡུ་སོགས་ལ་སེམས་རྩེ་གཅིག་ཏུ་གཏད་དེ་བཟླས་པར་བྱ་དགོས་པ་ཡིན་མ་གཏོགས། རང་ཡིད་རང་ལ་ཆེས་པ་ཞིག་ངེས་པར་མ་འགྲུབ་ཕྱིན་ཆོད་སྡིག་སྒྲིབ་དག་པ་ལ་ཕྱོགས་ཙམ་ག་ལ་ཉེ་བས། དེས་ན་བླ་མ་ལྷའི་ལེགས་སོ་ཞེས་གནང་བ་ཐོབ་པ་དང་། རི་རྩེར་ཕྱིན་པ་དང་། ནམ་མཁར་འཕུར་བ་དང་། ཉི་ཟླ་ཤར་བ་དང་། མེ་ཏོག་གི་ཚལ་དང་། ཁྲུས་བྱས་པ་དང་། གོས་དཀར་གྱོན་པ་དང་། ཤེལ་གྱི་མཆོད་རྟེན་རྙེད་པ་དང་། ལུས་ནས་མི་གཙང་བ་དང་འབུ་སྲིན་རྡོལ་བ་སོགས་དངོས་ཉམས་རྨི་ལམ་དུ་བྱང་བའི་རྟགས་མཚན་རྣམས་མངོན་དུ་མ་གྱུར་གྱི་བར་དུ་ཤུགས་དྲག་ལ་རྒྱུན་རིང་པོར་འབད་པ་གལ་ཤིན་ཏུ་ཆེ་སྟེ། ད་དུང་ཅི་ཡི་ཕྱིར་སྙམ་ནས་ཐེ་ཚོམ་འདྲ་སྐྱེས་ན་ཚེ་འདིའི་རྒྱལ་པོ་དང་བཙན་པོ། གཉེན་ཉེ་འབྲེལ་དང་ཡུལ་མི་སོགས་ཀྱི་ཕྱིར་རམ། ཡང་ན་ཁེ་གྲགས་གཏམ་སྙན་གྱི་ཕྱིར་རམ། ཡང་ན་དགྲ་འདུལ་གཉེན་སྐྱོང་གི་ཕྱིར་རམ། ཡང་ན་རང་གི་ཟས་གོས་རྒྱུ་ནོར་སོགས་ཀྱི་ཆེད་དུ་སྡིག་པ་ཆེ་ཕྲ་ཇི་ལྟར་བསགས་ཀྱང་རང་འཆི་དུས་བཞག་ས་མེད། བགོ་ས་མེད། གཞན་གྱི་ཁུར་རོགས་མི་བྱེད། དངོས་བརྒྱུད་བར་གསུམ་ནས་བསགས་པའི་སྡིག་པ་ཆེ་ཕྲ་ཐམས་ཅད་ཚེགས་མེད་རང་ཐོག་ཏུ་འོང་ནས་ལས་འབྲས་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་དུ་མ་བར་མེད་ཡུན་རིང་པོར་མྱོང་ནས་ཉམ་ཤིན་ཏུ་ཐག་པར་འགྱུར་བའི་དུས་དེར་སྔར་གྱི་རྒྱལ་བློན་ཉེ་འབྲེལ་སོགས་ཀྱི་སེམས་ཀྱིས་ཤེས་མཁན་མེད། རྣ་བས་ཐོས་མཁན་མེད། ལྟ་རྟོག་ཅུང་ཟད་ཙམ་ཡང་ཕེར་མཁན་མེད། རྒྱུ་ནོར་སྙན་གྲགས་ཐོབ་ཐང་སོགས་ཀྱིས་ཕན་པ་དང་སྐྱོབས་མཁན་སྐྲ་རྩེ་ཙམ་ཅང་མི་ཡོང་བར་ཐ་ན་རང་གི་མཐོང་ཕྱོགས་དང་ཐོས་ཕྱོགས་ཀྱི་ཡུལ་གྲུ་ཙམ་དུའང་དེ་དུས་མི་འོང་སྟེ། དེ་རྣམས་ཀྱི་ངན་གཡོ་ཆེན་པོས་རང་ཉིད་ཆེད་དུ་བསླུས་བཞག་པ་ལྟ་བུར་གྱུར་ནས། སྡིག་པ་ཆེ་ཕྲ་གང་བྱས་ཐམས་ཅད་ཀྱི་འབྲས་བུ་ནི་རང་རྐྱང་པའི་ཁུར་ཆེན་རི་བོ་ལྟ་བུར་ཁུར་ཏེ་ལྷག་མ་མེད་པ་སྦྱང་དགོས་ཤག་རེད་པས་དེས་ན་ད་ལྟ་ཐབས་ཤེས་གཉིས་ཀ་ལྡན་པའི་དུས་འདིར་དང་པོ་ནས་སྡིག་པས་མ་གོས་པའི་ཐབས་ལ་འབད་པ་ཅི་ནས་བྱ་དགོས་ཏེ། དཔེར་ན་རྫི་བོས་ཕྱུགས་ལུག་རྣམས་དགྲ་རྐུན་གཅན་གཟན་སོགས་ཀྱིས་བརླག་དོགས་ཀྱིས་ཉིན་མཚན་ཀུན་ཏུ་འཚོ་སྐྱོང་ཁོ་ནར་བྱེད་ཅིང་སྔ་དགོང་ཉིན་རེ་བཞིན་བསྔོ་བགྲང་དུ་མར་བྱེད་པ་ལྟར་དུ། རང་རེ་ནས་དྲན་དང་ཤེས་བཞིན་ལྡན་པའི་སྒོ་ནས་སྡིག་སྤང་དགེ་སྒྲུབ་རྣམས་འཆོལ་ཉོག་རེད་ཀྱིན་ཨེ་འདུག་མི་འདུག་དྲན་ཤེས་བག་ཡོད་ཀྱིས་བརྟག་དཔྱད་རྒྱུན་དུ་བྱ་ཞིང་། གལ་ཏེ་མི་དགེ་བའི་ལས་ཀྱི་རིགས་རྐྱེན་ངན་གློ་བུར་བས་བསགས་ཤོར་ཚེ་ལྟུང་བ་དེ་དང་འགྲོགས་ནས་ལེ་ལོ་སོགས་བྱས་ན་དུག་མདའ་ངན་པས་ཟིན་པ་ལྟར་རྒྱུད་འབྱམས་ནས་ཉེས་ལྟུང་སྣ་རེས་དམྱལ་བར་བསྐྱུར་ནུས་པར་གསུངས་པས། དེས་ན་ལྟུང་བ་དང་ཞག་ཏུ་ལན་གཅིག་གམ་སྐད་གཅིག་ཙམ་ཡང་མི་འགྲོགས་པར། དཔེར་ན་ཟས་དང་དུག་ནོར་དུས་ལ་འུར་སྐད་ཅིག་གཅིག་གིས་སྨན་པ་བོས་ཏེ་བཤལ་སྐྱུགས་གང་དྲག་གཏོང་དགོས་པ་ལྟར་སྡིག་བྱས་ལ་འགྱོད་པ་དྲག་པོས་མྱུར་དུ་བཤགས་ནས་ཡོངས་སུ་བྱང་བར་བྱ་དགོས་ཤིང་། མ་ཟད་ཕྱིན་ཆད་སྡིག་པ་མི་དགེ་བའི་རིགས་གཏན་ནས་མི་བྱ་བར་བསྡམས་པས་འཕྲོ་རྦད་ཀྱིས་ཆོད་ངེས་པར་བྱ་དགོས་པ་ཡིན་ཏེ། དཔེར་ན་སྔར་དུག་ནད་དྲག་པོས་མནར་བའི་མི་དེས། ཕྱིས་དུག་གི་སྒྲ་ཙམ་ཐོས་ནའང་ཤིན་ཏུ་འཇིགས་དངངས་དྲག་པོ་ལྷང་གི་སྐྱེས་ནས། ཟས་དང་སྤྱོད་ལམ་ལ་དུག་འདྲེས་དོགས་ཀྱིས་ཕྱོགས་དང་དུས་རྣམས་ཀུན་ཏུ་གཟབ་ཆ་རྩེ་གཅིག་བྱེད་པ་ལྟར་སྡིག་པའི་འཁྲུན་ཡོངས་སུ་ཆོད་པར་བྱེད་པ་ལས། སྐུད་པ་ཡར་སྒྲིམ་ཕྱིར་སྒྲིམ་བྱས་པ་ལྟ་བུས་སྡིག་པ་འདག་པ་དང་དགེ་བའི་དོན་འགྲུབ་པ་ཅིའང་མི་ཡོང་བས་ན་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་བརྟེན། ཤེས་བཞིན་པའི་བྱ་ར་བྱེད། བག་ཡོད་ཀྱི་ཚུལ་བཞིན་གནས་དགོས་པ་སོགས་ཡང་དག་པའི་དགེ་བ་འགྲུབ་འདོད་རྣམས་ཀྱིས་ཐོག་མཐའ་བར་གསུམ་སྡིག་པ་ཡོངས་སུ་སྦྱང་བའི་ཐབས་ཁོ་ན་དེ་ལྟར་ཐུགས་ལ་གཅིག་ཏུ་ཞོག་མཛོད།། ༈ །།དེ་ལྟར་འགལ་རྐྱེན་སྡིག་སྒྲིབ་གྱི་ཉེས་ཚོགས་ཆེས་ཆེར་ཕར་བསལ་བར་བྱས་ནས། དག་པ་ཡེ་ཤེས་ཀྱི་ཆོས་སྐུ་མངོན་དུ་གྱུར་པའི་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་མཎྜལ་གྱི་རིམ་པ་ནི། དེའང་དང་པོ་ཚོགས་རྫོགས་པ་མཎྜལ་ཅེས་པའི་དོན་ནི་འབུལ་ཡུལ་དང་། འབུལ་བྱ་དང་། འབུལ་བྱེད་ཀྱི་རྣམ་པ་ཕུན་སུམ་ཚོགས་པས་ན་ཚོགས་ཞེས་པ་དང་། བསོད་ནམས་ཀྱི་ཚོགས་བསགས་པའི་རིམ་པ་ཐམས་ཅད་མཎྜལ་གྱིས་ཁོངས་སུ་ཅིག་ཆར་དུ་རྫོགས་པར་བྱེད་པས་ན་རྫོགས་ཞེས་པ་དང་། དེ་ལྟར་ལག་ཏུ་ལེན་པར་བྱེད་པའི་ཐབས་མཎྜལ་མཆོག་ཏུ་འཕགས་པ་ཡིན་པས་ན་རྫོགས་པར་བྱེད་པ་ཞེས་བྱ་སྟེ། རྒྱ་སྐད་དུ་མཎྜལ་ཅེས་པའི་དོན་ནི་བོད་སྐད་དུ་དཀྱིལ་འཁོར་ཞེས་ཟེར་བ་ཡིན་གྱི། དེ་ལྟ་བུ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འབུལ་བས་ན་འབུལ་ཞེས་བྱ་སྟེ། དེ་ལྟར་འབུལ་དགོས་པའི་དོན་སོགས་ནི། ཐ་ན་ད་ལྟ་འབྱོར་བ་ཡོད་མེད་རྣམས་ལ་དཔྱད་པ་རེ་གཏོང་ན། འདི་ལྟར་འཇིག་རྟེན་ན་ཕྱི་ཡུལ་གྱི་ས་ཞིང་ཆུ་ཤིང་ལོ་འབྲས་སྤང་ལྗོངས་བྲག་རི་ཡིད་འོང་སོགས་དང་། ནང་བཅུད་ཀྱི་སྐྱེ་འགྲོ་འཁོར་སློབ་འབངས་དང་སྒོ་ཟོག་དུད་འགྲོའི་རིགས་དང་། རིན་པོ་ཆེའི་རིགས་དང་རྒྱུ་ནོར་རྫས་བཟའ་བཏུང་ཟས་གོས་ལོངས་སྤྱོད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ་དང་། གསང་བ་རང་ལུས་ལ་དབང་པོ་སྒོ་ལྔ་དང་། སེམས་ལ་ཤེས་རབ་ཀྱི་འབྱོར་ཚོགས་དང་བཅས་པའང་སྔོན་རྣམ་དཀར་གྱི་ཚོགས་ཆེ་ཕྲ་ཇི་ལྟར་བསགས་པའི་འབྲས་བུ་ཁོ་ན་ལས་འབྱུང་བ་དང་། དེ་བཞིན་དཔྱད་ན་དབུལ་པོ་རྣམས་ལ་བདག་ཏུ་འཛིན་པའི་ས་དང་ཁང་ཁྱིམ་དང་། ཟས་གོས་སོགས་ཅུང་ཟད་ཙམ་ཡང་མེད་པར་ལུས་ལ་དབང་པོ་མ་ཚང་བ་དང་། ཤེས་པ་ལྐུགས་པ་དང་། མཐོང་བ་ཙམ་གྱིས་སྡུག་པ་དང་། འཁྱག་ལྟོགས་སྐོམ་གསུམ་དང་། ནད་གདོན་རྐྱེན་ངན་སྣ་ཚོགས་ཀྱིས་དུས་རྟག་ཏུ་ཤིན་ཏུ་མནར་ཏེ་ཕན་པའི་ཐབས་དང་འབྱོར་བའི་རྣམ་པ་གང་གིས་ཀྱང་དབུལ་བ་དེ་དག་ནི་སྔོན་བསོད་ནམས་ཀྱི་ཚོགས་མ་བསགས་པས་ན། ད་ལྟ་འབྲས་བུ་བདེ་སྐྱིད་ཀྱི་འབྱོར་བས་དབུལ་བ་ལས། གཞན་གང་གིས་ལན་པ་མ་ཡིན་ནོ། །དེ་བཞིན་སྔོན་བསྐལ་པ་བཟང་དུས་ལྟར་རྒྱལ་བློན་དང་སྡེ་འབངས་རྣམས་ནི་དེང་སང་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་བ་དང་ཡང་དག་པ་གསོག་མཁན་མེད་པའི་དབང་གིས་འབྲས་བུ་ཕལ་ཆེར་དབུལ་པོའི་རང་བཞིན་ཆབས་ཅིག་ཏུ་བྱུང་དང་འབྱུང་ལ་ཉེ་བ་ཤ་སྟག་སྟེ། དཔེར་ན་ས་བོན་རུལ་བའི་མྱུ་གུ་ལྟར་རམ། ཤུལ་རིང་མགྲོན་པོའི་ལམ་བརྒྱག་ཟད་པ་ལྟར་རམ། ལྟག་ཆུ་བསྐམས་པའི་རང་འཐག་བཞིན་དུ་འགྱུར་བ་དང་། མ་ཟད་རང་རེ་བླ་མ་གྲྭ་པ་ཆོས་བྱེད་རྣམས་ནི་རང་གཞན་གཉིས་དོན་གྱི་ཕྱིར་དུ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་མཁན་གྱི་གཙོ་བོ་ཡིན་རུང་། དེས་ཀྱང་དངོས་སུ་རྒྱུ་སྦྱོར་འབྱོར་བ་རྒྱ་ཆུང་བ་དང་ཁྱད་པར་སེམས་བསྐྱེད་དང་བསྐྱེད་རྫོགས་སོགས་ཀྱི་དོན་གཉེར་ཡང་དག་པ་ལྡན་མཁན་ཆེས་ཆེར་དཀོན་པ་དང་། མི་དགོས་པ་ཚེ་འདིའི་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་འཆོར་ནས་བསོད་ནམས་ཀྱི་ཚོགས་ཡང་དག་པ་གསོག་མཁན་མཆོད་ཡོན་གང་ལའང་དཀོན་པའི་ཕྱིར། དེའི་མཐུ་ལས་ད་ལྟ་ཕལ་ཆེར་ལ་ཡར་དཀོན་མཆོག་ལ་མཆོད་པ་དང་མར་ངན་སློང་ལ་སྦྱིན་པ་གཏོང་རྒྱུ་སོགས་ཆེར་མེད་ཐོག་ཐ་ན་རང་གི་ལོངས་སྤྱོད་རྒྱུ་ཟས་གོས་གཉིས་པོ་ཙམ་ཡང་དབུལ་གྲབས་ཀྱིས་དབྱར་ལྡོམ་སྟོན་ལྡོམ་རྒྱུན་དུ་བྱེད་དགོས་པ་མ་ཟད་ཚོང་ཁེ་སྤོག་དང་སྡིག་པའི་ལས་ལ་ཕལ་ཆེར་འབག་པ་ལས་ཐབས་ཅི་བྱ་མེད་པ་ལྟ་བུར་གྱུར་ནས་དགེ་བ་སྒྲུབ་པའི་ལོང་ཁོམ་ཆེར་མི་ཡོང་བ་རེ་དོགས་རྩོལ་སྒྲུབ་རྣམ་གཡེང་ཁོ་ནའི་དབང་དུ་ཚེ་ཟད་དགོས་པ་དེ་ཚོ་ཡང་རྒྱུ་བསོད་ནམས་ཀྱི་ཚོགས་ལེགས་པར་མ་བསགས་པའི་ལན་གྱིས་འབྲས་བུ་བདེ་སྐྱིད་ཀྱི་འབྱོར་ཚོགས་གང་གིས་ཀྱང་དབུལ་བ་ཡིན་འདུག་མོད་དེས་ན་འབད་རྩོལ་རི་བོ་ཙམ་བཟོ་བ་ལས། བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བའི་རང་བཞིན་ཡིན་ཏེ། རྒྱལ་བའི་བཀའ་བླ་མའི་ལུང་རང་རེའི་རིགས་པ་ཚད་མ་སོགས་ཀྱིས་ད་ལྟར་མཐོང་ཆོས་མྱོང་གྱུར་དུ་མངོན་སུམ་གྲུབ་འདུག་པས་ན་ཚོགས་བསགས་པའི་རིམ་པ་ལ་འབད་པ་ལྷག་པར་དུ་གལ་ཆེ་བ་དང་། བྱེ་བྲག་ཏུ་རང་རྒྱུད་ཀྱི་དགེ་བའི་བག་ཆགས་ཀྱི་རིགས་ཡོངས་སུ་སད་པ་དང་། དངོས་གཞིའི་ཉམས་མྱོང་འཕྲལ་དུ་སྐྱེ་སླ་ཞིང་གེགས་དང་གོལ་ས་རྣམས་ཆུང་བ་དང་ཁྱད་པར་རང་རེ་རྣམས་ཀྱིས་བསྒྲུབ་བྱ་དོན་དུ་གཉེར་བ་མཐར་ཐུག་རང་དོན་དུ་རྟོགས་པ་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་དང་། གཞན་དོན་དུ་ཐུགས་རྗེ་ཕུན་སུམ་ཚོགས་པ་གཟུགས་ཀྱི་སྐུ་སྟེ་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱིར་སྐུ་གཉིས་ཐོབ་པར་བྱེད་པ་སོགས་ཀྱི་དགོས་ཆེད་དུ་མ་ཡོད་པས་ན་ཚོགས་ལེགས་པར་གསོག་དགོས་ཏེ། མཎྜལ་གྱི་མདོ་ལས། འདི་ལ་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འབྱུང་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་སོགས་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བར་འགྱུར། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །ཞེས་དང་། རྒྱུད་ལས་ཀྱང་། ཚོགས་མ་བསགས་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང་། །ཚོགས་བསགས་པ་ལ་དངོས་གྲུབ་འབྱུང་། །ཏིལ་ལམ་འོ་མའི་མར་བཞིན་ནོ། །ཞེས་དང་། མདོ་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་བར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་ལུས་ངག་ཡིད་གསུམ་དང་ཕྱི་ནང་གསང་བའི་འབྱོར་བ་ཅི་རིགས་པའི་སྒོ་ནས་ཚོགས་བསགས་པའི་རིམ་པ་མཐའ་ཡས་པར་གསུངས་པའི་ནང་ཚན་མཆོག་ཏུ་གྱུར་པ་ནི་མཎྜལ་ཕུལ་བའི་རིམ་པ་འདི་ཉིད་རང་ཡིན་ཏེ། ཅི་ཕྱིར་སྙམ་ན་དངོས་པོའི་རྒྱུ་ནོར་རྫས་ལོངས་སྤྱོད་ཀྱི་འབྱོར་བ་ནི་རྒྱ་ཆུང་ཞིང་སྡིག་ཚོགས་དང་སེར་སྣའི་དྲི་མས་ཐོག་མཐའ་བར་དང་དངོས་བརྒྱུད་བར་གསུམ་ནས་མ་གོས་པ་ནི་ཇི་ལྟར་བྱས་ཀྱང་འབྱུང་དཀའ་ཞིང་། དེས་ན་གླིང་བཞི་གླིང་ཕྲན་སྟོང་གསུམ་འཇིག་རྟེན་གྱི་ཞིང་རབ་འབྱམས་མཐའ་དང་མུ་མེད་པ་རྣམས་དང་། ཐ་ན་བདག་ལུས་ལོངས་སྤྱོད་དང་བཅས་པ་སྒོ་གསུམ་འདུན་པ་གཅིག་དྲིལ་གྱི་བློ་ཡིས་ཡོངས་སུ་འཁྱུད་དེ་འབུལ་བ་ནི་བྱ་སླ་ལ་ཆོད་ཆེ་བའི་རང་བཞིན་གསང་སྔགས་ཐབས་ཀྱི་ཁྱད་ཆོས་དུ་མས་འཕགས་པ་ཉིད་ཡིན་ཏེ། གསང་འདུས་ལས། ཞིང་འདིར་རྒྱལ་སྲིད་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་འཇོ་བའི་གཞི། །ཉིན་བཞིན་ཤེས་རབ་ཅན་གྱིས་ཕུལ། །ཞེས་དང་། ཏཻ་ལོས། བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་ཡིན། །དོན་སྐྱེ་བ་མེད་པ་མ་རྟོགས་བར། །ཚོགས་གཉིས་ཤིང་རྟའི་འཕང་ལོ་དང་། །འབྲལ་བར་མ་བྱེད་ནཱ་རོ་པ། །ཞེས་དང་། ཁྱེའུ་སྣང་བྱེད་ཀྱི་ཞུས་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་ཀུན། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །དེ་ཡང་ཐབས་མཆོག་བླ་མེད་མཎྜལ་ཡིན། །ཞེས་སོགས་ཕན་ཡོན་མཐའ་ཡས་པ་དུ་མར་གསུངས་པ་ལྟར་ངེས་ཤེས་ཁྱད་འཕགས་ལྷག་པར་རྒྱུད་ལ་འབྱོར་བར་སྔོན་དུ་བྱས་ཏེ་ལག་ལེན་དངོས་སུ་བཏབ་པའི་སྐབས་སུ་མཎྜལ་གྱི་རྒྱུ་ནི་རབ་རིན་པོ་ཆེའི་རིགས་དང་། འབྲིང་འཁར་བ་དང་། ཟངས་ལ་སོགས་པ་དང་། བཀོད་རྒྱུའི་ཚོམ་བུ་ལའང་། རབ་རིན་པོ་ཆེའི་རིགས། འབྲིང་སྨན་སྣ་འབྲུ་རིགས་སོགས་ཅི་འབྱོར་རྣམས་རྡོ་ཐལ་དང་ཕུབ་མ་བྱ་བྲུན་སོགས་ཞིབ་པར་བསལ་ལ་ཆུས་བཀྲུ་ཞིང་། དྲི་བཟང་གིས་ཁ་དོག་བསྒྱུར་ནས་བ་བྱུང་གི་ཆུས་བྱུག་པ་དང་བཅས་ཚོགས་པར་བྱས་ནས་གནས་ཁང་བྱི་དོར་བྱས་ཆག་ཆག་བཏབ། མཆོད་པ་རྣམ་ལྔ་སོགས་རྒྱུ་བཟང་བ། སྤུས་གཙང་བ། བཀོད་ལེགས་པ་གསུམ་གྱི་སྒོ་ནས་རྒྱུན་མི་འཆད་པར་འབུལ། ཁྱད་པར་དངོས་སུ་སྟོན་པའི་སྐུ་དང་། སྡུད་པ་དང་གསང་སྙིང་རྩ་བ་གསུང་དང་། བཀའ་གདམས་མཆོད་རྟེན་སོགས་མཆོད་སྟེགས་ལ་བཀོད་ནས་སྒྲུབ་པའི་མཎྜལ་ནི་ཚོམ་བུ་ལྔ་འགོད་དེ་མཆོད་པའི་བྱེ་བྲག་གིས་བསྐོར་ཏེ་མདུན་སྟེགས་ཁར་བཞག་ལ་དམིགས་རྟེན་བྱས་ནས། ཨུ་རྒྱན་རྡོ་རྗེ་འཆང་སོགས་རྟེན་དང་བརྟེན་པའི་ཚོགས་ཞིང་རྣམས་ཁྲ་ལམ་མེར་སྤྱི་ལྟར་གསལ་བའི་སྤྱན་སྔར། མཆོད་པའི་མཎྜལ་དེ་མེ་ཏོག་ཅུང་ཟད་དང་བཅས་ལག་གཡོན་གྱིས་བཏེགས་ཏེ་སེམས་ཀྱི་དྲི་མ་མེད་པ་མཚོན་ཕྱིར་མཎྜལ་དེ་གཡས་ཀྱི་མཁྲིག་མས་ཕྱི་ནང་ལན་གསུམ་རེ་རེར་ཕྱིས་ནས་ཡན་ལག་བདུན་པ་བརྗོད་ཅིང་ཚིག་རྗེས་དོན་དྲན་བྱས་པའི་ངང་ནས་ས་སྐྱ་འགྲོ་མགོན་འཕགས་པས་མཛད་པའི་ལུགས་མཎྜལ་སོ་བདུན་མ་ཞེས་པ་འདི་གསར་རྙིང་ཀུན་ལ་ཡོངས་གྲགས་ཡིན་པས་དེ་ལྟར་ལག་ལེན་བཏབ་པ་ལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་པ་ནི་ས་གཞི་བྱིན་རླབས་ཀྱི་སྔགས་ཏེ་བོད་སྐད་དུ་རྡོ་རྗེའི་ས་གཞི་ཟེར་བ་ཡིན་པས་དེའི་ཚེ་བྱང་ཆུབ་སེམས་ཀྱི་རྒྱུན་བརླན་པའི་ཕྱིར་བ་བྱུང་དང་དྲི་བཟང་གིས་ཆག་ཆག་གདབ་སྟེ་འོག་གཞི་འབྱུང་བ་ནམ་མཁའ་སྔོན་པོ་དབྱིབས་གྲུ་གསུམ་པའི་སྟེང་དུ་རླུང་གི་རྡོ་རྗེ་རྒྱ་གྲམ་ལྗང་ཁུ་རྒྱ་ཡངས་པ། དེའི་སྟེང་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ཚད་གོང་དང་མཉམ་པ་ཞིག་འཁྱིལ་ནས་ཡོད་པའི་ཟུར་བཞི་ནས་འོག་གི་རླུང་ཅུང་ཟད་གཡོ་བའི་རྐྱེན་གྱིས་རྒྱ་མཚོའི་སྟེང་དུ་རིམ་པར་སྤྲིན་མ་ལྟ་བུ་ཞིག་ཆགས་ཏེ་མཐར་དབང་ཆེན་གསེར་གྱི་ས་གཞི་ཁོད་སྙོམས་པ་རྒྱ་ཁྱོན་རབ་ཏུ་ཡངས་པ་མཛེས་ཤིང་ལྟ་ན་སྡུག་པ་སྤོས་ཆུས་ཡོངས་སུ་གང་བ་མེ་ཏོག་སྣ་ཚོགས་བཅལ་དུ་བཀྲམ་པ་བཅས་གསལ་བར་དམིགས་ལ། དེ་ནས་གཡས་མཐེབ་སྲིན་གྱིས་མེ་ཏོག་གི་ཚོམ་བུ་བཟུང་སྟེ་ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ་ཞེས་པ་ནི་སྣོད་ཀྱི་ཡུལ་བྱིན་གྱིས་རླབས་པ་སྟེ་བོད་སྐད་དུ་རྡོ་རྗེའི་ལྕགས་རི་ཟེར་བ་ཡིན་པས་དེའི་ཚེ་གཞིའི་གཡས་སུ་བསྐོར་ནས་དབུས་སུ་བཞག་སྟེ་ཧཱུྃ་ཞེས་བགེགས་བསལ་ཞིང་། གླིང་བཞིའི་ཕྱི་རིམ་ལྕགས་རི་ནག་པོས་བསྐོར་བར་བསམ་ལ། དངོས་སུ་ལྕགས་རི་ཡོད་ན་ཕྱི་མ་དེ་རུ་རང་འགོད། སླར་ཡང་དེའི་སྟེང་དུ་ཚོམ་བུ་ཆེ་བ་ཞིག་འགོད་དེ་གསེར་གྱི་ས་གཞིའི་དཀྱིལ་དུ་རྒྱ་མཚོ་ཆེན་པོ་ཞིག་གི་དབུས་ན་རིའི་རྒྱལ་པོ་རི་རབ་གྲུ་བཞི་པ་འོག་མ་དང་པོ་གཡུའི་རྡོ་རྗེ་ཅན། གཉིས་པ་རྣམ་དཔུང་། གསུམ་པ་ཤེལ་འོད་འབར་བ། བཞི་པ་འཁོར་ལོ་རྣམས་བརྩེགས་ཞེས་པ་དང་། བུམ་ལྟེ་ཟླུམ་པོ་དང་བཅས་པ་ཤར་ཤེལ་ལས་གྲུབ་པའི་དཀར་པོ། ལྷོ་བཻཌཱུརྻ་ལས་གྲུབ་པའི་སྔོན་པོ། ནུབ་པད་རག་ལས་གྲུབ་པའི་དམར་པོ། བྱང་གསེར་ལས་གྲུབ་པའི་སེར་པོ་སྟེ་ཤིན་ཏུ་མཛེས་ཤིང་ལྷུན་ཆགས་པས་ན་རི་དབང་ལྷུན་པོ་ཞེས་པ་ཡིན་ཞིང་། དེའི་མཐའ་སྐོར་དུ་གཉའ་ཤིང་འཛིན་ལ་སོགས་པ་གསེར་གྱི་རི་བདུན་ཏེ། གཉའ་ཤིང་འཛིན་ཞེས་པ་ནི་ཤིང་རྟའི་གཉའ་ཤིང་ལྟར་རྩེ་མོ་དྲང་བ། བཤོལ་མདའ་འཛིན་ཞེས་བཤོལ་མདའ་ལྟར་དྲང་བ། སེང་ལྡེང་ཅན་ཞེས་རྩེ་མོ་ན་ནགས་ཚལ་ཡོད་པ། ལྟ་ན་སྡུག་ཅེས་རྩེ་མོ་མཛེས་པ། རྟ་རྣ་ཅན་ཞེས་སྟེང་ན་བྲག་རྟའི་རྣ་བ་ལྟ་བུ་ཡོད་པ། རྣམ་འདུད་ཅེས་རྩེ་མོ་ནང་དུ་འདུད་པ། མུ་ཁྱུད་འཛིན་ཞེས་ཐམས་ཅད་ཀྱི་མཐའ་ནས་བསྐོར་བས་ན་དེ་སྐད་ཟེར་བ་ཡིན་འདུག །དེ་བཞིན་རོལ་མཚོ་ཡན་ལག་བརྒྱད་ལྡན་གྱིས་བསྐོར་བའང་བསིལ་དྲོད་སྙོམས་པ། ལྗིད་ཡང་པ། རེག་བྱ་འཇམ་པ། རྙོག་པ་མེད་པ། རབ་ཏུ་དྭངས་པ། དྲི་མ་མེད་པ། མགྲིན་པ་ནས་འཇུག་བདེ་བ། ལྟོ་ལ་འཇུ་བདེ་བས་ན་ཡན་ལག་བརྒྱད་དང་ལྡན་པའི་རོལ་མཚོ་བདུན་གྱིས་བསྐོར་བ་མ་ཟད། རི་རབ་ཀྱི་སྟེང་ཕྱོགས་སུམ་ཅུ་རྩ་གསུམ་ལྷའི་གྲོང་ཁྱེར་ན་བརྒྱ་བྱིན་གྱི་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དང་། སྐྱེད་མོའི་ཚལ་ཁྲུས་ཀྱི་རྫིང་བུ། དཔག་བསམ་གྱི་ཤིང་། ལྷའི་རྡོ་ཨར་མོ་ནིག །ནོར་བུའི་ཕུང་པོ། མེ་ཏོག་རྙིང་པ་དོར་ཞིང་གསར་པ་བཅལ་དུ་བཀྲམ་པ༑ ལམ་སྲང་རྣམས་སུ་གསེར་གྱི་ཕྱེ་མ་བརྡལ་བ་ཙནྡན་གྱི་ཆུས་ཆག་ཆག་གདབ་པ་སོགས་འབྱོར་ཚོགས་བསམ་གྱིས་མི་ཁྱབ་པ་དང་། རི་རབ་ཀྱི་བང་རིམ་དང་གསེར་གྱི་རི་བདུན་ལ་རྒྱལ་ཆེན་རིགས་བཞིའི་ལྷ་དང་རོལ་མཚོ་བདུན་ཀླུ་རིགས་བཞི་སོགས་འདོད་དགུའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་བཅས་གསལ་ལ། དེ་ནས་ཤར་རང་ཕྱོགས་ནས་རྩིས་པས་ཚོམ་བུ་རེར་རིམ་པར་བཀོད་ལ་འཛམ་གླིང་གི་མི་ལས་བདུན་འགྱུར་གྱི་ལུས་དཔངས་མཐོ་བས་ན་ལུས་འཕགས་གླིང་ཞེས་བྱ་སྟེ་རྒྱུ་ནི་ཆུ་ཤེལ་ལས་གྲུབ་པ་དབྱིབས་ཟླ་གམ་སྟེ་ཟླ་བ་ཕྱེད་པ་ལྟ་བུ་དང་། རྒྱ་མཚོའི་ནང་ཤིང་འཛམ་བུ་བྲྀཀྵའི་ལོ་མ་ལྷུང་དུས་འཛམ་བུ་ཞེས་སྒྲ་གྲགས་པས་ན། ལྷོ་འཛམ་གླིང་ཞེས་བྱ་སྟེ་རྒྱུ་ནི་བཻཌཱུརྻ་ལས་གྲུབ་པ་དབྱིབས་སོག་ཁ་ཡིན། ནུབ་ཕྱོགས་ཀྱི་མི་རྣམས་ཀྱིས་བ་བཞོ་ཞིང་གླང་ལ་ཞོན་པས་ན། ནུབ་བ་གླང་སྤྱོད་ཞེས་བྱ་སྟེ་རྒྱུ་ནི་པད་རག་ལས་གྲུབ་པ་དབྱིབས་ནི་ཟླུམ་པོ་ཡིན། བྱང་ཕྱོགས་ཀྱི་མི་རྣམས་ཚེའི་དུས་ལ་བབ་བོ་ཞེས་དཔག་བསམ་གྱི་ཤིང་ལས་སྒྲ་མི་སྙན་པར་གྲགས་པས་ན། བྱང་སྒྲ་མི་སྙན་ཞེས་བྱ་སྟེ་རྒྱུ་ནི་གསེར་ལས་གྲུབ་པ་དབྱིབས་གྲུབ་བཞི་པ་བཅས་དམིགས་ལ་ཚོམ་བུ་སོ་སོར་བཀོད། དེ་ལྟར་ལྷུན་པོ་གསེར་རི་མུ་ཁྱུད་གླིང་བཞི་རྣམས་ནི་བསྐལ་པ་དང་པོ་ཆགས་པའི་དུས་རླུང་གིས་འབྱེད་སྡུད་རབ་འབྲིང་ཐ་མས་རིམ་གྱིས་གྲུབ་པར་བཤད་ཅིང་། དེ་བཞིན་ཤར་གྱི་རིའི་གཡས་སུ་ལུས་དང་། གཡོན་དུ་ལུས་འཕགས་དང་། ལྷོ་རིའི་གཡས་སུ་རྔ་ཡབ་དང་། གཡོན་དུ་རྔ་ཡབ་གཞན། ནུབ་རིའི་གཡས་སུ་གཡོ་ལྡན་དང་། གཡོན་དུ་ལམ་མཆོག་འགྲོ། བྱང་གི་གཡས་སུ་སྒྲ་མི་སྙན་དང་། གཡོན་དུ་སྒྲ་མི་སྙན་གྱི་ཟླ་ཞེས་གླིང་གཡོག་གཉིས་རེ་འགོད་ནས་རང་རང་གི་རྒྱུ་ནོར་དབྱིབས་དང་བཀོད་པ་སོགས་གཙོ་བོ་དང་ཉེ་བར་མཚུངས་པ་དང་རི་རབ་ཀྱི་ཕྱེད་ཆར་གླིང་བཞིའི་རིས་སླེབ་པ། གླིང་བཞིའི་རིའི་ཕྱེད་ཆར་གླིང་གཡོག་བརྒྱད་པོས་སླེབ་པ་གླིང་གཡོག་བརྒྱད་པོས་ཕྱེད་ཆར་ཕྱི་ལྕགས་རིས་སླེབ་པ་དེ་ལྟར་རྒྱ་དང་དཔངས་ལ་དཔག་ཚད་དུ་མ་དང་ལྡན་པ་གླིང་དེ་དག་གི་ཡུལ་ལྗོངས་ཆེན་པོ་ན་གནས་པའི་མི་དང་། དུད་འགྲོའི་རིགས་རྒྱུ་ནོར་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་ཡོངས་སུ་དབུལ་བར་དམིགས་པ་དང་། དེ་ནས་ཤར་གླིང་གི་ནང་དུ་རིན་པོ་ཆེའི་སྣ་ཚོགས་ཀྱི་རི་བོ་རྒྱ་དང་དཔངས་ཚད་མེད་པ་གང་འདོད་ཡིད་བཞིན་དུ་འབྱུང་བ་དང་། དེ་བཞིན་ལྷོ་གླིང་དུ་དཔག་བསམ་གྱི་ཤིང་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་ཤིང་དགོས་འདོད་ཡིད་བཞིན་དུ་འབྱུང་བ་དང་། ནུབ་གླིང་དུ་འདོད་འཇོའི་བ་མདོག་དམར་སེར་གཟུགས་བཟང་ཞིང་ལྟ་ན་སྡུག་པ་འདོད་དགུ་འབད་མེད་དུ་འབྱུང་བ། བྱང་གླིང་དུ་མ་རྨོས་པ་ཡི་ལོ་ཏོག་ནངས་བརྔས་ན་ནུབ་སྐྱེས་པ་ནུབ་བརྔས་ན་ནངས་སྐྱེས་པ་སྙེ་མ་རེ་ལས་ཕུབ་མ་མེད་པ་འབྲས་བྲེ་བོ་ཆེ་དྲུག་རེ་འབྱུང་ཞིང་རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་ཅན་སོགས་ཡོད་པ་དང་། དེ་དག་ནི་གླིང་བཞིའི་ལོངས་སྤྱོད་ཁྱད་པར་འཕགས་པ་ཡིན་པས་གཅིག་ཙམ་མ་ཡིན་པར་གླིང་སོ་སོའི་ས་གཞི་གང་བ་ཙམ་དུ། གྲངས་མང་བ་རྒྱ་ཆེ་བ་མཐའ་ཡས་པར་གསལ་ནས་འབུལ་བར་དམིགས། དེ་བཞིན་ཤར་རིའི་མདུན་གྱི་སྟེང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱི་སྟོབས་ལས་བྱུང་བའི་འཛམ་བུའི་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་མུ་ཁྱུད་དང་ལྡན་པ་ཉི་བཞིན་འོད་ཟེར་འཕྲོ་བ། ཉིན་གཅིག་ལ་རྫུ་འཕྲུལ་གྱིས་དཔག་ཚད་འབུམ་ཕྲག་གི་ལམ་གཅོད་ཅིང་ནམ་མཁའ་ནས་གླིང་བཞི་དང་སུམ་ཅུ་རྩ་གསུམ་སོགས་བགྲོད་ནུས་མཁན་དང་། དཔག་བསམ་ཤིང་མདུན་ནོར་བུ་རིན་པོ་ཆེ་བཻཌཱུརྻ་ལས་གྲུབ་པ་ཟུར་བརྒྱད་པ་འོད་ཟེར་གྱིས་དཔག་ཚད་བརྒྱའི་ཁོར་ཡུག་ཉིན་མཚན་མེད་པར་གསལ་ལ། ཚ་གྲང་ཤིན་ཏུ་སྙོམས་ཞིང་དེ་ཕྱོགས་ཀྱི་ནད་དང་དུས་མིན་གྱི་འཆི་བ་སེལ་ཞིང་གང་བསམ་པ་ཕལ་ཆེར་འགྲུབ་པར་བྱེད་ནུས་པ། འདོད་འཇོའི་མདུན་བཙུན་མོ་རིན་པོ་ཆེ་གཞན་སེམས་པ། སེར་སྣ། མི་རིགས་པར་ཆགས་པ། མི་རིགས་པའི་གནས་ལ་དགའ་བ། ཁྱིམ་ཐབས་ཀྱི་སྲོག་གཅོད་པ་སྟེ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་བ། བསམ་པ་མཐུན་པ། བུ་མང་པོ་བཙའ་བ། རིགས་མཐུན་པ། སྲིད་མཐོ་བ། ཕྲག་དོག་མེད་པ། ཚིག་ཀྱལ་མི་སྨྲ་བ། ལོག་ལྟ་མེད་པ། ཁྱིམ་ཐབས་མེད་ཀྱང་འདོད་ཡོན་གྱི་དབང་དུ་མི་འགྲོ་བ་སྟེ། ཡོན་ཏན་བརྒྱད་དང་ལྡན་པ་མཛེས་ཤིང་ལྟ་ན་སྡུག་པ། འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པ་རེག་པ་ཙམ་གྱིས་བདེ་བའི་མཆོག་དམ་པར་སྩོལ་ནུས་པ། མ་རྨོས་པའི་མདུན་བློན་པོ་རིན་པོ་ཆེ་སའི་བདག་པོའི་ཡིད་ལ་གང་བསམ་མ་སྨྲས་པར་ཤེས་ནས་སྒྲུབ་ལ་མཁས་པ། གཟུགས་བཟང་བ་དང་རྒྱུད་དྲང་ཞིང་བརླིང་བ་དང་སྟོབས་དང་དཔའ་རྩལ་ལྡན་པ་དཔུང་རྣམས་འགྲོ་གནས་ལྡོག་པ་ལ་མཁས་པ། དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་བཅས་སོ་སོར་གསལ། དེ་བཞིན་ཤར་ལྷོའི་གླིང་ཕྲན་བར་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་སྤྱི་གཙུག་དམར་ཞིང་མཐོ་བ་གདོང་ལ་ནོར་བུ་རིན་པོ་ཆེའི་དྲྭ་བས་གཡོགས་པས་གླང་ཆེན་ཕལ་པ་སྟོང་གི་སྟོབས་དང་ལྡན་པ་གཡུལ་ལས་རྒྱལ་བར་བྱེད་པ། ལྷོ་ནུབ་གླིང་ཕྲན་གཉིས་ཀྱི་བར་རྟ་མཆོག་རིན་པོ་ཆེ་མདོག་སྔོན་པོ་རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་དུ་འོང་བ། ནད་མེད་ཅིང་གཟི་བརྗིད་ཆེན་པོ་དང་ལྡན་པ་ཁོ་ལག་ཡོངས་སུ་རྫོགས་ཤིང་མགྱོགས་པའི་བང་རྩལ་ཆེ་བས་འགྲོ་ན་འཛམ་གླིང་ལན་གསུམ་ཉིན་གཅིག་གིས་འཁོར་བའི་ཤུགས་འགྲོས་དང་ལྡན་པ། ནུབ་བྱང་གི་གླིང་ཕྲན་གཉིས་ཀྱི་བར་དམག་དཔོན་རིན་པོ་ཆེ་སྟོབས་དང་ལྡན་པ་སྒྱུ་རྩལ་དང་དམག་གི་འགྲོ་ལྡོག་དང་གཡུལ་གྱི་བྱ་བ་ལ་མཁས་པ། གོ་ཞུབ་ཀྱིས་སྤྲས་ཤིང་གཟི་བརྗིད་དང་ལྡན་པ་རིན་པོ་ཆེ་དང་གསེར་དངུལ་གྱི་བང་མཛོད་ནམ་ཡང་ཟད་པ་མེད་པས་སྐྱེ་བོ་རྣམས་རབ་ཏུ་དགའ་བར་བྱེད་པ། བྱང་ཤར་གྱི་གླིང་ཕྲན་གཉིས་ཀྱི་བར་གཏེར་གྱི་བུམ་པ་བཟང་པོ་བྲམ་ཟེ་དང་དྲང་སྲོང་རྣམས་ཀྱིས་རིགས་སྔགས་ཀྱི་མཐུ་ལས་གྲུབ་པ་ཟད་མི་ཤེས་པའི་དགོས་འདོད་ཡིད་བཞིན་དུ་འབྱུང་བ་བཅས་རྒྱལ་སྲིད་སྣ་བདུན་གསལ་ལ་ལྕགས་རི་ཡོད་ན་བར་མ་འདི་རུ་འགོད་པར་བྱ། དེ་བཞིན་ཤར་འཁོར་ལོའི་མདུན་སྒེག་མོ་མ་དཀར་མོ་མཛེས་ཤིང་ལྟ་ན་སྡུག་པ་ལང་ཚོ་རྒྱས་པའི་རྣམ་འགྱུར་ཅན་བསམ་གྱིས་མི་ཁྱབ་པར་སྟོན་ཅིང་ཤེལ་གྱི་མེ་ལོང་ཐོགས་ནས་འགྱིང་བ། ནོར་བུའི་མདུན་ཕྲེང་བ་མ་སེར་མོས་རིན་པོ་ཆེའི་ཕྲེང་བ་འཛིན་པ། བཙུན་མོའི་མདུན་གླུ་མ་དམར་མོས་སྙན་འགྱུར་དུ་མ་དང་ལྡན་པའི་གླུ་ལེན་ཅིང་ཕྱག་གིས་ཏིང་ཤག་འཛིན་པ། བློན་པོའི་མདུན་གར་མ་ལྗང་གུས་རྣམ་འགྱུར་དཔག་ཏུ་མེད་པ་མིག་འཕྲུལ་ལྟ་བུའི་གར་རྩེ་བ་སྟེ་ནང་སྒེག་བཞི་དང་། ཤར་ལྷོའི་གླང་ཆེན་མདུན་མེ་ཏོག་མ་དཀར་སེར་འགྱིང་སྟབས་ཀྱིས་མེ་ཏོག་སྣ་ཚོགས་འཛིན་པ། རྟ་མཆོག་མདུན་བདུག་སྤོས་མ་སྔོན་མོས་རང་བྱུང་གི་གདུག་སྤོས་འཛིན་པའི་དྲི་ངད་ཀྱིས་སྟོང་གསུམ་ཁྱབ་པ། དམག་དཔོན་མདུན་སྣང་གསལ་མ་དམར་མོས་ཏིལ་མར་དང་རྩི་མར་གྱི་མར་མེ་འཛིན་པས་ཉིན་བཞིན་འོད་ཀྱིས་གསལ་བར་བྱེད་པ། བུམ་པའི་སྟེང་དུ་དྲི་ཆབ་མ་ལྗང་གུས་དྲི་ཆབ་ཀྱི་དུང་ཞལ་འཛིན་པ་སྟེ་ཕྱི་སྒེག་བཞི་དང་། ཡང་སྒེག་མོའི་སྟེང་གི་ནམ་མཁར་ཉི་མའི་དཀྱིལ་འཁོར་འོག་གཞི་མེ་ཤེལ་དང་མཐའ་ཆགས་གསེར་ལས་གྲུབ་པ་དཔག་ཚད་ལྔ་བཅུ་ང་གཅིག་གི་རྒྱ་ཚད་མཉམ་པ་འོད་ཟེར་གྱིས་གླིང་བཞིའི་མུན་པ་སེལ་ཞིང་དྲོ་བའི་རེག་བྱ་དང་ལྡན་པ། གླུ་མའི་མདུན་མཁར་ཟླ་བའི་དཀྱིལ་འཁོར་ཆུ་ཤེལ་ལས་གྲུབ་པ་ལ་དངུལ་གྱི་མཐའ་ཆགས་ཅན་དཔག་ཚད་ལྔ་བཅུའི་ཚད་དང་ལྡན་པ་དྭངས་ཤིང་གསལ་བས་མུན་པ་སེལ་ཞིང་བསིལ་བའི་རང་བཞིན་དང་ལྡན་པ། གར་མའི་མདུན་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་གཡས་བསྐོར་དུ་དལ་བུས་རང་བཞིན་འཁོར་བ། ཕྲེང་བའི་མདུན་མཁར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲང་ཞིང་ལྡེམ་པ་དར་སྣ་ཚོགས་ཀྱི་ཤམ་བུ་ཅན་བཅས་ཞིབ་པར་གསལ་ལ་སོ་སོར་མེ་ཏོག་བཀྲམ་ཞིང་ལྕགས་རི་གསུམ་པ་འགོད་ཏེ་མཐར་དེ་དག་གི་དབུས་དང་བར་མཚམས་རྣམས་སུ་ལྷ་མིའི་འབྱོར་བ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ཕྱུར་བུར་བཀང་སྟེ་འབུལ་བའི་དམིགས་འདུན་རྣམས་ངེས་པར་གསལ་བཞིན་མེ་ཏོག་ཕྱུར་བུར་བཀང་ལ་ཏོག་འཛུག་ཅིང་། གུ་རུ་ཨི་དཾ་མཎྜལ་ཀཾ་ནིརྻ་ཏ་ཡཱ་མི། ཞེས་སོགས་བརྗོད་ཅིང་དེ་ནི་བོད་སྐད་དུ་བླ་མ་མཆོད་པའི་དཀྱིལ་འཁོར་འདི་དང་བདག་ཉིད་འབུལ་ལོ་ཞེས་པ་ཡིན། དེ་ལྟར་ལེགས་པར་ཕུལ་ནས་མཐར་སྨོན་ལམ་གདབ་པའི་རིམ་པ་ནི། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཞེས་སོགས་བརྗོད་ཅིང་དེའི་དོན་ནི། རྒྱལ་བ་མཉེས་བྱེད་ཀྱི་མཎྜལ་བླ་མེད་འདི་ཕུལ་བའི་མཐུས་བདག་གི་བྱང་ཆུབ་སྒྲུབ་པའི་བར་ཆད་མི་འབྱུང་བ་དང་། མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་། བདག་གཞན་རྣམས་ཀྱང་སྲིད་པར་མི་འཁྲུལ་བར་རང་དོན་འགྲུབ་ནས་ཞི་བར་མི་གོལ་བར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྒྲོལ་ནུས་པར་ཤོག་ཅེས་སྨོན་ལམ་བཏབ་པ་ཡིན་པས་ཚིག་རྗེས་དོན་ཡོངས་སུ་འདྲེས་པར་བྱ་བའི་ངང་ནས་ཞིབ་པར་འབུལ་ཞིང་། དེ་ནས་གཡས་སུ་མཎྜལ་གྱི་འབྲུ་རྣམས་རིམ་གྱིས་དལ་བུས་བསྡུ་ནས་དེ་ལྟ་བུར་ལན་ལྔའམ་བདུན་སོགས་གང་རུང་འབུལ་བར་བྱའོ། །དེ་ནས་ཀློང་ཆེན་སྙིང་ཐིག་ལུགས་ལྟར་ན་སྐུ་གསུམ་གྱི་མཎྜལ་ལ། སྔར་ཚོམ་བུ་བཀོད་པའི་སྐབས་སུ་བཤད་པ་བཞིན་གཅིག་ཏུ་བརྩི་བས་སྟོང་གསལ་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཞེས་བྱ། དེ་འདྲ་བ་ཡང་སྟོང་སོང་བའི་ཚེ་སྟོང་གཉིས་པ་བར་མའི་འཇིག་རྟེན་ཞེས་བྱ། ཡང་དེ་འདྲ་བ་སྟོང་སོང་བའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཞིང་ཁམས་ཞེས་བྱ་བ་ཡིན་ཏེ། དེ་དག་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་འདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་སྤྲུལ་སྐུ་གཅིག་གི་འདུལ་ཞིང་ཡིན་པར་གསུངས། དེ་ལྟ་བུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དག་ན་ལྷ་མིའི་ཡོ་བྱད་དཔལ་འབྱོར་ཇི་སྙེད་ཡོད་པའི་སྟེང་དུ་རང་གི་ལུས་ལོངས་སྤྱོད་བསོད་ནམས་ཁ་རྗེ་དབང་ཐང་དང་དུས་གསུམ་དུ་བསགས་པའི་དགེ་རྩ་དང་བཅས་ཆགས་ཞེན་ཏིལ་འབྲུ་ཙམ་མེད་པར་སྤུངས་ཏེ་བླ་མ་སྤྲུལ་པའི་སྐུའི་ལྷ་ཚོགས་ལ་འབུལ་བར་དམིགས་ཏེ་ཚོམ་བུ་བསྡུས་པ་དགུ་ཙམ་བཀོད་པ་ནི་ཐུན་མོང་སྤྲུལ་སྐུའི་མཎྜལ་ཡིན་ནོ། །དེའི་སྟེང་ན་བཀོད་པ་ཆེན་པོ་ལྔའི་ཞིང་ཁམས་ན་སྒེག་སོགས་འདོད་ཡོན་ལྷ་མོ་གྲངས་མེད་པས་བརྒྱན་པ་མཆོད་པའི་སྤྲིན་མཐའ་ཀླས་པ་བཅས་ལོངས་སྐུའི་ལྷ་ཚོགས་ལ་འབུལ་བར་དམིགས་ནས་ཚོམ་བུ་བསྡུས་པ་ལྔ་ཙམ་བཀོད་པ་སོགས་ནི་ཐུན་མིན་ལོངས་སྐུའི་མཎྜལ་ཡིན། དེའི་སྟེང་ན་ཆོས་དབྱིངས་སྐྱེ་བ་མེད་པ་མཎྜལ་གྱི་ཚུལ་དུ་བཞག་ནས་སྣང་བཞི་ལ་སོགས་གང་ཤར་ཐམས་ཅད་ཚོམ་བུའི་ཚུལ་དུ་བཀོད་དེ་བླ་མ་ཆོས་སྐུའི་ལྷ་ཚོགས་ལ་འབུལ་བར་དམིགས་ནས་ཚོམ་བུ་བསྡུས་པ་གསུམ་ཙམ་བཀོད་པ་སོགས་ནི་ཁྱད་པར་ཆོས་སྐུའི་མཎྜལ་ཉིད་ཡིན་ཞིང་། དེ་ལྟར་སྐུ་གསུམ་གྱི་མཎྜལ་གྲངས་ཅི་འགྲོ་བྱ་བའམ། རྒྱུན་དུ་གྲངས་གསོག་པའི་ཚེ་མཎྜལ་ཚོམ་བུ་བདུན་པ་ཞེས་བྱ་བ་ས་གཞི་སྤོས་ཆུ་སོགས་བརྗོད་ནས་གླིང་བཞི་རི་རབ་ཉི་ཟླ་བཅས་ཚོམ་བུ་བདུན་དུ་བཀོད་དེ་དམིགས་པའང་དེ་ལྟར་རགས་པའི་ཁོངས་སུ་གཏོགས་པའི་ཕྱིར་བསྡུས་ཙམ་གསལ་ནས་འབུལ་བར་བྱས་ཤིང་གྲངས་སོགས་ཆད་ལྷག་མ་སོང་བར་ཞིབ་ཀྱིས་གསོག་པར་བྱའོ། །ཕུལ་ཟིན་པའི་འབྲུ་རྣམས་ཀྱང་ཐུན་མཚམས་ནས་རྟེན་དྲུང་དུ་སྤུངས་པའམ་བྱ་སྤྲང་ལ་སྦྱིན་པ་སྟེར་ནའང་ལྷག་ཏུ་ལེགས་ཤིང་། མིན་ཀྱང་དམིགས་རྟེན་དུ་བསྐྱར་ནའང་རུང་ཞིང་དོན་དུ་འབུལ་ཡུལ་དང་འབུལ་རྒྱུ་སོགས་སེམས་ཀྱི་དམིགས་པ་ཟབ་མོ་རང་ལ་གཙོ་བོར་བཏོན་ཏེ་ཚོགས་ཡོངས་སུ་རྫོགས་དགོས་པ་ཡིན་པས་ན། དེའི་ཕྱིར་ཚོགས་རྫོགས་པའི་རྟགས་སུ་ཆོས་མང་དུ་ཤེས་ཤིང་སྔར་བརྗེད་པའང་དྲན་པ་དང་། ཉི་ཟླ་ཤར་ཞིང་མེ་ཏོག་གི་ཚལ་དུ་འགྲོ་བ་དང་། གོས་གསར་པ་གྱོན་ཞིང་རྒྱན་བཏགས་པ་དང་། མཎྜལ་མེ་ལོང་ཕྱི་ཞིང་བལྟ་བ་དང་། དུང་འབུད་རོལ་མོ་དཀྲོལ་ཅིང་། རྔ་བོ་ཆེ་བརྡུང་བ་དང་། ལྷ་ཁང་མཐོང་བ་སོགས་དངོས་ཉམས་རྨི་ལམ་གྱི་རིམ་པ་མ་བྱུང་གི་བར་དུ་དད་འདུན་རྣམ་པར་དག་པའི་སྒོ་ནས་གཙང་སྦྲ་དང་ལྡན་པས་འབུལ་བར་བྱ་དགོས་ཤིང་། དེ་ལྟ་བུ་ལེགས་པར་ཕུལ་བས་གནས་སྐབས་མཐར་ཐུག་གི་ཕན་ཡོན་གྱི་རིམ་པ་ནི། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་པ་སངས་རྒྱས་ཡེ་ཤེས་རྫོགས། །ཞེས་དང་། རི་ཆོས་ལས། སྐྱེ་བ་འདི་ནས་ཚེ་རབས་ཀུན། །བདེ་སྐྱིད་འབྱུང་བའི་རྒྱུ་གཅིག་པུ། །བསོད་ནམས་ཚོགས་ནི་བསགས་དགོས་ཏེ། །མཐར་ཐུག་སངས་རྒྱས་ཐོབ་དུས་ཀྱང་། །མཚན་དང་དཔེ་བྱད་བརྒྱན་པའི་སྐུ། །བསོད་ནམས་ཚོགས་ལས་བྱུང་བ་ཡིན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་དང་། ཀླུ་སྒྲུབ་ཀྱིས། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོགས་མཐའ་ཡས་པར་གསུངས་པ་ལྟར། མདོར་བསྡུ་ན་གནས་སྐབས་སུ་ཚེ་དང་བསོད་ནམས་འབྱོར་ཚོགས་ཐམས་ཅད་རྒྱས་པ་དང་བསམ་དོན་ལྷུན་གྱིས་འགྲུབ་ཅིང་མཐའ་རུ་ཕྱིན་པ་དང་། མཐར་ཐུག་ས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་སངས་རྒྱས་ཀྱི་སྐུ་གཉིས་མངོན་དུ་འགྱུར་བར་བྱེད་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པ་དག་ལས་མདོ་དོན་ཡོངས་སུ་བསྡུས་པ་ཡིན་པས་ན་ཚིག་དོན་ཙམ་ནི་ལྷག་པར་ཤེས་པར་བྱ་དགོས་སོ།། ༈ །།དེ་ནས་བླ་མའི་རྣལ་འབྱོར་གྱི་རིམ་པ་ནི། དེའི་མཚན་དོན་འབྲེལ་ཙམ་ཞིག་འགོད་ན། རྒྱལ་བ་སྲས་བཅས་ཀྱི་ཕྲིན་ལས་ཀྱི་ཕོ་ཉ་གདུལ་བྱའི་དཔལ་དུ་ཤར་བས་ན་བླ། ཉམ་ཐག་སེམས་ཅན་ཐམས་ཅད་འཕྲལ་ཡུན་ཕན་བདེའི་ལམ་ཁོ་ན་ལ་བཀྲི་བས་ན་མ་ཞེས་པ་དང་། དེ་ལྟར་ཐུགས་རྗེ་བྱིན་རླབས་ཡོན་ཏན་གྱི་རང་བཞིན་བླ་མའི་སྐུ་སྒོམ་ཞིང་མཚན་བསྙེན་བཟླས་པ་དང་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་སྟོབས་ཀྱིས་ཐུགས་རྒྱུད་ཀྱི་བྱིན་རླབས་རྣམས་ཉེ་བར་འཕོས་ནས་རྣལ་མའི་གནས་ལུགས་ཀྱི་ཡེ་ཤེས་འཁྲུལ་བྲལ་རང་གི་རྒྱུད་ལ་མྱུར་དུ་འབྱོར་བར་བྱེད་པས་ན་བླ་མའི་རྣལ་འབྱོར་ཅེས་པ་ཡིན་ཞིང་། དེ་ལྟ་བུའི་ལམ་སྟོན་མཁན་ནི་འགྲོ་བ་ལྷ་དང་བཅས་པ། སྐྱེ་དགུའི་བདག་པོ་ཚངས་པ་སོགས་ཀྱིས་སྟོན་མི་ནུས་པ་དང་། རང་ཉིད་ལ་བརྩེ་བའི་ཕ་མ་དང་། གཉེན་བཤེས་གྲོགས་དགའ་མཛའ་ལ་སོགས་ཀྱིས་སྟོན་མི་ནུས་ཏེ། འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བ་ནི། །བླ་མ་རྡོ་རྗེ་འཛིན་པ་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྣམས་ནི་འབྱུང་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེན་དུ་ནི། །བླ་མ་མཚན་ཉིད་ལྡན་པས་བསྒྱུར། །ཞེས་དང་། དགོངས་འདུས་ལས། གང་དག་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་མཁན། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྐྱོབ་པར་ནུས་མ་ཡིན། །ཞེས་དང་། ཇི་སྐད་དུ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། ཀྱེ་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་ལྟར་དཔེར་ན་གྲུ་པ་མེད་ན་ཆུའི་ཕ་རོལ་དུ་ཕྱིན་མི་ནུས་བཞིན་བླ་མ་མེད་ན་འཁོར་བའི་རྒྱ་མཚོ་ལས་མི་སྒྲོལ། དེ་བཞིན་ལོང་ཁྲིད་བྱེད་མཁན་མེད་ན་ལམ་དུ་ཕྱིན་མི་ནུས་བཞིན་བླ་མ་མེད་ན་ཐར་པའི་ལམ་མི་རྙེད། དེ་བཞིན་ཉི་ཟླ་མེད་ན་མུན་ཚོགས་མི་སེལ་བ་བཞིན་བླ་མ་མེད་ན་ཉོན་མོངས་པའི་སྒྲིབ་པ་མི་སེལ། མིག་ཡོད་པས་མ་བསྟན་ན་མི་ཤེས་བཞིན་བླ་མས་ཆོས་མ་བསྟན་ན་ཆོས་ངོ་མི་ཤེས་བཞིན་འཇིག་རྟེན་གྱི་རྒྱལ་པོ་ཕ་མ་སོགས་ཀྱིས་སྟོན་མི་ནུས་པའི་འཕྲལ་ཡུན་ཀུན་ཏུ་བདེ་ཞིང་དོན་གཉིས་འགྲུབ་པ་དང་། དགེ་སྡིག་བླང་དོར་གྱི་མིག་འབྱེད་པ་དང་། ཐར་པའི་ལམ་ཡང་དག་པ་སྟོན་པའི་བླ་མ་ནི་ལྷག་ཏུ་བརྩེ་གདུང་འབྲལ་མེད་ཀྱི་སྒོ་ནས་བསྟེན་པར་འོས་པའི་རང་བཞིན་ཅན་ཏེ་ཕྱི་རོལ་པའི་མེ་ལྔ་སོགས་ལ་བསྟེན་ཏེ་དཀའ་བ་དཔག་ཏུ་མེད་པ་སྤྱད་པས་ན། བདེ་བ་ནས་བདེ་བར་ཁྲིད་པའི་བླ་མ་དེར་བདག་གིས་གུས་པ་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད་སྙམ་དུ་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས་སོ། །ཚེ་འདིའི་རྒྱལ་པོ་ལའང་རྒྱུ་ནོར་གཅེས་དགུ་དམར་དགུ་ཐམས་ཅད་འབུལ་བ་དང་། འཇིག་རྟེན་པའི་བཟོ་རིགས་ལ་བསྙེན་བཀུར་བྱེད་པ་དང་། འདུ་བ་སྙོམས་པའི་སྨན་པ་ལའང་མཆོད་ཅིང་བསྟོད་ནས་དྲིན་ཆེ་བར་རློམ་ན། སེམས་ཅན་སངས་རྒྱས་སུ་བསྒྲུབས་དུས་ཡུན་གྱི་གཏན་སྲིད་སྟེར། དུག་ལྔའི་གཅོང་ནད་རྩ་བ་ནས་འབྱིན་པའི་བླ་མ་དེ་བདག་གིས་གུས་པ་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད་སྙམ་དུ་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས་སོ། །ཉིན་ཞག་རེའི་འཇིགས་པ་སྐྱོབ་ཕྱིར་སྐྱེལ་བསུ་བྱེད་པ་དང་། ཟས་གོས་ནོར་སོགས་ཕྲན་བུ་ཐོབ་ཕྱིར་རྩོལ་སྒྲུབ་དང་དཀའ་སྤྱད་རི་ཙམ་ནུས་མཁན་དང་། གཉེན་འདུན་གྲོགས་ལའང་དགའ་སྤྲོ་ལྡན་པས་རྒྱུ་ནོར་ཐམས་ཅད་བསྔོ་བར་ནུས་ན། བདུད་བཞིའི་དགྲ་ལས་སྐྱོབ། དགོས་འདོད་ནོར་བུ་སྟེར། གཏན་བདེའི་གྲོགས་མཆོག་དམ་པའི་ཆོས་ཟབ་མོ་རང་ངོར་སྤྲོད་པའི་བླ་མ་དེར་གུས་པ་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད་སྙམ་དུ་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས་སོ། །མདོར་ན་གནས་སྐབས་ཚེ་འདིའི་ཟས་གོས་ནོར་དང་འཇིགས་པ་ཕྲན་བུ་སྐྱོབ་པ་ལའང་བཀའ་དྲིན་ཤིན་ཏུ་ཆེ་བས་དྲིན་ལན་འཇལ་དགོས་སྙམ་པ་ཀུན་གྱིས་བྱེད་དར་ན། འཁོར་བ་སྡུག་བསྔལ་མཐའ་དག་ལས་རིང་དུ་བསྒྲལ་ཏེ་གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་སྟེར་བའི་བཀའ་དྲིན་ནི་སྟོང་གསུམ་གསེར་གྱིས་བཀང་ནས་འབུལ་ཡང་གཞལ་བར་ག་ལ་ནུས་ཏེ། དེ་ལྟ་བུའི་བླ་མ་དེ་བསྟེན་ནས་བྱིན་རླབས་འཇུག་པར་བྱ་བ་ལ་དད་པ་དང་དག་སྣང་གི་སྒོ་ནས་ལྷག་ཏུ་ཤེས་པར་བྱ་བ་ལ་ལྔ་སྟེ། བླ་མའི་གསང་བ་གསུམ་སངས་རྒྱས་སྐུ་དངོས་སུ་མཐོང་བ་དང་གཅིག །ཆོས་དང་འཇིག་རྟེན་བཟང་ངན་གྱི་རྣམ་པ་ཇི་མཛད་ཐམས་ཅད་སངས་རྒྱས་ཀྱི་མཛད་ཕྲིན་རོ་གཅིག་ཏུ་ཤེས་པ་དང་གཉིས། ཡོན་ཏན་སངས་རྒྱས་དང་མཉམ་ཡང་རང་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་ལྷག་ཏུ་ཆེ་བར་ཤེས་པ་དང་གསུམ། བཀའ་དྲིན་ཅན་གྱི་བླ་མ་དེ་སྐྱབས་གནས་ཀུན་འདུས་ཀྱི་སྤྱི་གཟུགས་ཡིན་པར་ཤེས་པ་དང་བཞི། ལམ་རྐྱེན་གཞན་ལ་རག་མ་ལུས་པར་གསོལ་བ་སྙིང་ནས་འདེབས་མཁན་ལ་རྟོགས་པ་ཡེ་ཤེས་གཅིག་ཆར་དུ་འཕོ་བར་ཤེས་དགོས་པ་དང་ལྔའོ། །དེ་བཞིན་དོན་དུ་སེམས་ཅན་མོས་པ་ཐ་དད་སྣ་ཚོགས་འདུལ་ཕྱིར་ཞི་བས་འདུལ་བ་ལ་ཞི་བའི་ཆོས་འདོམས་པ་དང་། སྦྱིན་པས་འདུལ་བ་ལ་ཡོ་བྱད་འགྱེད་པ་དང་། དབང་གིས་འདུལ་བ་ལ་དབང་དུ་བསྡུ་བ་དང་། དྲག་པོས་འདུལ་བ་ལ་སྡིགས་འཚེ་རྔམ་པོ་ཆེ་མཛད་ནས་འདུལ་བ་དང་། དེ་བཞིན་རྡོ་རྗེའི་རིགས་རྣམས་གསང་བ་གསུམ་སྤྲོས་མེད་ཤིན་ཏུ་ཞི་བ་དང་། རིན་ཆེན་རིགས་རྣམས་སྒེག་ཆོས་དང་རྒྱན་ནོར་སྣ་ཚོགས་ལ་ལོངས་སྤྱོད་པ་དང་། པདྨའི་རིགས་རྣམས་འགྲོ་བ་གང་ལ་གང་འདུལ་སྟོན་ཅིང་ཡུམ་དང་བཅས་པ་དང་། ལས་ཀྱི་རིགས་རྣམས་དྲག་ཤུལ་གཏུམ་རྔམ་ཆེ་བ་སོགས་མདོར་ན་འགྲོ་བ་གང་ལ་གང་འདུལ་གྱི་ཕྲིན་ལས་གཅིག་ཏུ་མ་ངེས་པར་བཟང་ངན་བར་མ་དོ་རྣམ་པ་སྣ་ཚོགས་སྟོན་པས་ན་ནོར་རྫས་ལ་སྲེད་པ་ཆེ་སྙམ་པ་དང་། རང་དོན་ང་རྒྱལ་སེར་སྣ་ཆེ་བ་དང་། བརྣབ་སེམས་ཁོང་ཁྲོ་ཉོན་མོངས་ཧྲག་ཡུམ་དང་བཅས་པ་དང་། རིགས་གཟུགས་ངན་ཅི་ཡང་མི་ཤེས་སྙམ་པ་སོགས་སྐད་ཅིག་ཙམ་ངག་ཏུ་བརྗོད་པའམ། དེ་ལྟར་མ་གུས་པའི་རྣམ་པ་ལུས་ཀྱི་སྤྱོད་པ་ལྟ་ཞོག །སྐད་ཅིག་ཙམ་ཡིད་ཀྱིས་དྲན་པའམ་རྨི་ལམ་དུའང་རྨིས་པར་མི་བྱ་སྟེ་ཉེས་པ་ལས་ཀྱང་ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར་ཡོངས་སུ་ཟླུམ་ནས་ལུས་ངག་ཡིད་གསུམ་འདུན་པ་ཆིག་དྲིལ་གྱི་སྒོ་ནས་ལེགས་པར་བསྟེན་དགོས་པའི་རང་བཞིན་སྟེ། དང་པོ་ལུས་ཀྱི་སྒོ་ནས་མ་གུས་པའི་རྣམ་པ་སྤང་བྱ་ནི་མདོར་ན་བླ་མའི་སྐུ་དང་གྲིབ་མ། བཞུགས་གདན་ན་བཟའ་སོགས་མི་འགོམ། མདུན་དུ་སྐྱིལ་ཀྲུང་བཅའ་བ་དང་། སྒེག་ཆོས་དང་ཆེ་ཚུལ་གྱི་རིགས་ཉམས་སྟོན་པ་དང་། རྒྱབ་བསྟན་པ། གཞོགས་སྔས་བྱེད་པ། རྐང་པ་བརྐྱང་པ་སོགས་མདོར་ན་མ་གུས་པའི་རྣམ་པ་སྐུའི་གྲིབ་མ་འགོམ་པ་ཚུན་ཆོད་ཡོངས་སུ་ཟླུམ་སྟེ་གུས་འདུད་ཆེན་པོའི་སྒོ་ནས་བསྟན་དགོས་པའི་རང་བཞིན་ཏེ། དགོངས་འདུས་ལས། སློབ་མར་གྱུར་ནས་ངས་སེམས་ཀྱིས། །དམ་པ་དེ་ལ་བརྙས་བྱེད་གང་། །སངས་རྒྱས་ཀུན་ལ་བརྙས་པས་ན༑ །དེ་དག་སྤྱི་གཙུག་དམྱལ་བར་འགྲོ། །བཀའ་བཅག་སྐུ་བརྙས་ཐུགས་དཀྲུགས་ན། །མི་བཟད་སྡུག་བསྔལ་མྱོང་བར་འགྱུར། །ཚེ་འདིར་རྒྱལ་པོའི་ཆད་པ་སོགས། །ཉེས་པ་ཐམས་ཅད་དེ་ལས་འབྱུང་། །ཞེས་པ་ལྟར་ཉེས་པ་ལྕི་བའི་རིགས་དེ་དག་ཐམས་ཅད་སྤང་སྟེ། ཕན་ཡོན་གྱི་མཆོག་རབ་ཤེས་པའི་སྒོ་ནས་གུས་འདུད་ཆེན་པོའི་ལེགས་པར་བསྟེན་དགོས་ཏེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །ཞེས་གསུངས་པ་ལྟར་ལུས་ཀྱི་ལས་གཞན་དུ་མངགས་པ་དང་། ཉེར་མཁོ་གང་དགོས་ཀྱི་རིགས་དང་མེ་ཆུ་གཡང་དང་། གཅན་གཟན་ནམ་དགྲ་རྐུན་གྱི་འཇིགས་པ་ཐམས་ཅད་ལས་སྲུང་ཞིང་ཕེབས་སྐྱེལ་དང་བསུ་བ་བྱེད་པ་དང་ཕྱག་དང་སྐོར་བ་སོགས་བྱེད་ནས་གཞན་སྐུ་ཡི་བཞུགས་སྟངས་ཚུན་སློབ་ཤེས་པས་བསྟེན་དགོས་སོ། །ངག་གི་རྫུན་དང་ཕྲ་མ་ཚིག་རྩུབ་དང་ངག་འཁྱལ། བཀའ་བཅོག་པ་དང་གདོང་བཟློག་པ་ལྐོག་ནས་གཤེ་བ་དང་ཐ་ན་ཀུ་རེ་རྩེ་མོ་སོགས་སྤངས་ཏེ་ངག་རབ་ཏུ་གུས་པར་བྱ་དགོས་ཏེ། གསང་བ་རོལ་པ་ལས། བླ་མ་མཆོག་ལས་རང་ཉིད་ནི། །ཆེས་མཆོག་རློམ་སེམས་སྨྲ་བའམ། །ལྐོག་འཕྱའི་སྨྲ་བ་གང་བྱེད་པ། །རྡོ་རྗེ་དམྱལ་བ་ཉིད་དུ་ཚུད། །ཀུ་རེ་ཙམ་ཡང་སྨོས་མི་བྱེད། །ངག་གི་ཉེས་བྱས་ཡང་དག་བསྡོམ། །ཞེས་གསུངས་པ་ལྟར་ཉེས་པ་ལྕི་བའི་རིགས་དེ་དག་ཐམས་ཅད་སྤང་སྟེ་ཕན་ཡོན་གྱི་མཆོག་རབ་ཤེས་པའི་སྒོ་ནས་ངག་གུས་པ་ཆེན་པོ་བྱ་དགོས་ཏེ། དགོངས་འདུས་ལས། བཀའ་ཟུར་མ་བཅག་ཆོས་བསྒྲུབ་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་སྲུང་བྱེད་ནས། །འདོད་པའི་དངོས་གྲུབ་ཡིད་བཞིན་འབྱུང་། །ཞེས་གསུངས་པ་ལྟར་གསོལ་འདེབས་དང་ཞབས་བརྟན་བསྟོད་པ་དང་སྐྱབས་འགྲོ་སོགས་རྒྱུན་དུ་དབྱངས་སྙན་པོས་འདོན། ཚིག་ཆེ་ཕྲ་ཐམས་ཅད་དྲང་གཏམ་ཁོ་ནའི་འཇམ་པོ་དང་སྙན་པོ་གསོང་པོར་སྨྲ། ཅི་གསུང་གི་བཀའ་ཐམས་ཅད་སྒྲུབ་པའི་ལན་སྙན་པོར་འབུལ་ཞིང་གསུང་ཚིག་གཅིག་བསྟན་པ་ཚུན་དུས་ནམ་ཡང་ཆུད་མི་གཟན་པར་ཞིབ་ཀྱིས་བསྒྲུབ་པར་བྱ་དགོས་སོ། །ཡིད་ཀྱི་སྒོ་ནས་མ་དད་པ་ལོག་པར་ལྟ་བ་དང་ཁོང་ཁྲོ་བ་སྐྱོན་དུ་བཏགས་པ་དང་། བརྙས་སེམས། འགྲན་སེམས། བརྣབ་སེམས། གནོད་སེམས། ང་རྒྱལ་སྐྱེད་པ་ལྟ་ཅི་ཐ་ན་རྨི་ལམ་དུའང་སྐྱོན་མཐོང་བ་སོགས་ཀྱི་རིགས་སྤངས་ཏེ་ཡིད་རབ་ཏུ་གུས་པར་བྱ་དགོས་ཏེ། དཔུང་བཟློག་པའི་རྒྱུད་ལས། བླ་མ་དང་ནི་དེ་ཡི་འཁོར། །ཁྲོ་བའི་ཞེ་འགྲས་སུན་འབྱིན་པ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །མནར་མེད་གནས་སུ་ཚུད་པར་འགྱུར། །ཞེས་པ་ལྟར་ཉེས་པ་ལྕི་བའི་རིགས་དེ་དག་ཡོངས་སུ་སྤངས་ཏེ་ཕན་ཡོན་ཆེ་བར་ཤེས་པའི་སྒོ་ནས་ཕལ་པ་གཞན་དག་ལས་འབུམ་འགྱུར་གྱིས་ལྷག་པར་མདོག་ནག་པོ་ཞིག་དཀར་པོ་ཡིན་གསུངས་ན་དེ་ལྟར་མངོན་སུམ་མཐོང་བའི་དོན་གཉེར་དང་དག་སྣང་། དད་པ་དང་མོས་གུས་ཀྱི་ངང་ནས་བླ་མའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་རྣམས་ཤེས་བཞིན་དུ་སྐུ་སྒོམ་པ་དང་མཐའ་ན་མུན་པར་གློག་འཁྱུག་པའམ་ཉི་མས་ཚིག་པ་ལ་རླུང་སེར་བུ་འགྱུ་བ་སོགས་ཀྱང་ཐུགས་རྗེ་ཡིན་པ་དང་། བཀའ་དྲིན་ཆེ་བ་རྣམས་ལྷག་ཏུ་དྲན་ནས་དུས་དང་རྣམ་པ་ཀུན་ཏུ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དུང་ངེ་བ་དང་མ་འབྲལ་བའི་སྒོ་ནས་བསྟེན་དགོས་ཏེ། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་སྦྱོར། །ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ཁོ་ནས་འདུམ། །ཞེས་གསུངས་པ་སྟེ་རྒྱུ་ནོར་རྫས་དང་ཟས་གོས་ཀྱི་རིགས་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་གང་ཡོད་ཐམས་ཅད་ཀྱང་བླ་མ་དང་ཆོས་ཕྱོགས་སུ་གཏོང་གང་འགྲུབ་བྱས་ན་ཕན་ཡོན་མཆོག་ཏུ་ཆེ་བའི་རང་བཞིན་ཏེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བྱས་པ་བས། །བླ་མའི་ཞལ་དུ་འབྲས་ཆེན་འབྲུ། །རྡོག་མ་བདུན་དྲང་བསོད་ནམས་ནི། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་དང་། གསང་འདུས་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོད་པ་བས། བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པ་བསོད་ནམས་ཆེའོ། །ཞེས་དང་། དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་སྟི་རིམ་གྲོ་ཆེར་བྱས་ན། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་རབ་གཤིན་པོ་ལ། །ས་བོན་གང་བཏབ་རྒྱས་འཕེལ་བཞིན། །ཞེས་སོགས་གསུངས་པ་ལྟར་དགེ་བའི་འབྲས་བུ་ཡང་སྔོན་བསྐལ་པ་བཟང་ལྡན་གྱི་དུས་རྣམ་རྟོག་ཤས་ཆུང་བས་ན། དགེ་སྡིག་དལ་བའི་ཚེ་འབྲས་བུ་ནམ་ཞིག་གཞན་དུ་སྨིན་པ་གཞི་ཆེ་ཞིང་། དེང་སང་དུས་སྙིགས་མ་རྟོག་པ་ཧྲག་པས་ཚེ་འདི་གར་ལས་ཀྱི་མཐོང་ཆོས་སུ་སྤྱིར་སྨིན་ལ། ཡུལ་མཆོག་དང་འབྲེལ་ན་ཟླ་བས་མ་ཆོད་པར་དངོས་སུ་སྨིན་པ་མདོ་སྡེ་དག་ལས་གསུངས་པ་བཞིན་ལྷག་ཏུ་ཤེས་པར་བྱ་བ་དང་། དེ་དག་ལས་ཀྱང་རབ་སྒྲུབ་པའི་ཞབས་ཏོག་ཅེས་བླ་མའི་བསྟན་བྱ་གཅིག་པུ་སློབ་མའི་བསྒྲུབ་བྱའི་གཙོ་བོ་ཡིན་གཤིས་དབེན་པའི་གནས་སུ་དཀའ་སྤྱད་དང་བརྩོན་འགྲུས་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་རང་དོན་ཉམས་མྱོང་རྟོགས་པས་ཡོངས་སུ་ཕྱུག་པར་བྱ་དགོས་པ་དང་། གཞན་དོན་དུ་སེམས་ཅན་གང་ལ་གང་འདུལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་མདོར་ན་རྩ་བའི་བླ་མའི་ཐུགས་དགོངས་ཟབ་མོ་མཉེས་ཤིང་རྫོགས་པའི་ཕྱིར་དུ་སྒྲུབ་པ་ལ་དུས་འདའ་བ་བྱས་ནས། མཉེས་པ་གསུམ་གྱི་སྒོ་ནས་བསྟེན་མཁས་པར་བྱ་དགོས་ཏེ། དགའ་རབ་རྡོ་རྗེས། བླ་མ་མཆོག་གིས་བཀའ་སྩལ་པ། །གལ་ཏེ་ཉེས་པའི་སྐྱོན་རིགས་ཀྱང་། །ཇི་སྐད་སྨྲས་པ་དེ་བཞིན་བྱ། །དེ་བཞིན་བླ་མའི་བྱ་བ་ལ། །ལུས་ཀྱི་སྡུག་བསྔལ་ཅི་བྱུང་ཡང་། །རང་གི་གང་ནུས་འབད་པར་བྱ། །བླ་མའི་ཐུགས་ནི་སྐད་ཅིག་ཙམ། །དཀྲུགས་པར་བྱ་བ་མ་ཡིན་ནོ། །བླ་མའི་རྫས་དང་ནོར་རྣམས་ལ། །རང་གི་སྲོག་ལ་ཕངས་པ་བཞིན། །རྣལ་འབྱོར་པས་ནི་རྟག་ཏུ་བྱ། །གལ་ཏེ་བླ་མའི་ཞིང་ཁམས་སུ། །ཆོས་བཤད་དབང་བསྐུར་རབ་གནས་དང་། །བསམ་གཏན་སྒོམ་པར་བྱ་བ་རྣམས། །རྗེས་མ་གནང་བར་མི་བྱའོ། །མདོར་ན་ལུས་དང་ངག་ཡིད་ཀྱི། །བྱ་བའི་རྣམ་པ་ཅི་སྤྱད་ཀྱང་། །བླ་མར་མ་ཞུས་མ་གནང་བར། །ཅུང་ཟད་ཙམ་ཡང་མི་བྱའོ། །ཞེས་དང་། དགོངས་འདུས་ལས། སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་འཁེང་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་སྐད་དང་། །དྲི་མ་མེད་པའི་ལྷག་བསམ་སོགས། །དམ་པ་དེ་ལ་རྫོགས་པར་འབུལ། །ཞེས་དང་། ཡོན་ཏན་མཛོད་ལས། བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན། །རྫིང་བུ་མཆོག་ལ་བརྟེན་པའི་ངང་པ་དང་། །བུང་བས་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །རྟག་ཏུ་འགྲོགས་པའི་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པ་བླ་མའི་ཐུགས་བཟུང་ནས། །དད་པའི་ཉེ་བར་ལེན་པས་ཡོན་ཏན་འགོ། །ཞེས་གསུངས་པ་ལྟར་ལེགས་པར་བསྟེན་པར་བྱའོ། །དེ་ལྟར་བླ་མ་ཚུལ་བཞིན་བསྟེན་པའི་ཕན་ཡོན་ཀྱང་ཚད་མེད་དེ་ཡང་དག་པའི་ལམ་དུ་ཁྲིད་པ་དང་། ཐེ་ཚོམ་ཐམས་ཅད་སེལ་བ་དང་། རྟོགས་པ་རྒྱུད་ལ་འཆར་བ་དང་། སྡུག་བསྔལ་གྱི་རིམ་པ་ཞི་བ་དང་། འཁོར་བའི་འདམ་ལས་འབྱིན་པ་དང་། མ་རིག་པའི་མུན་ཚོགས་སེལ་བ་དང་། ཡོན་ཏན་གྱི་གཏེར་རྡོལ་བ་དང་། དངོས་གྲུབ་ཀྱི་བཅུད་འགེང་བ་དང་། བླང་དོར་གྱི་མིག་འབྱེད་པ་དང་། དག་པའི་ཞིང་སོགས་ལ་བགྲོད་ནུས་པ་དང་། ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་ཡང་དག་པས་རྗེས་སུ་བཟུང་བ་སོགས་ཕན་ཡོན་མཆོག་ཏུ་ཆེ་བས་ལྷག་པར་ཤེས་པར་བྱ་བ་སྔོན་དུ་སོང་ནས། དེ་ལྟར་རྟོགས་པའི་ཡེ་ཤེས་རང་རྒྱུད་དུ་བཙན་ཐབས་སུ་འཕོ་བའི་མན་ངག་ཀུན་གྱི་མཐར་ཐུག་པ་ནི་བླ་མའི་རྣལ་འབྱོར་གྱི་རིམ་པ་ཉིད་མཆོག་ཏུ་ཟབ་པ་ཡིན་ཏེ། ཅི་ཕྱིར་ཞེ་ན་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་ནི་སྤྲོས་བྲལ་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡིན་ལ། དེ་ལྟ་བུ་དབྱེར་མེད་རྟོགས་ཤིང་མཆོག་ཐུན་མོང་གི་དངོས་གྲུབ་ཡོངས་སུ་བརྙེས་པས་བྱིན་རླབས་ཀྱི་ཚན་ཁ་འབར་བ་ནི་བླ་མ་རང་ལས་གཞན་འོས་སུ་ནམ་ཡང་མ་མཆིས་ཤིང་། བྱིན་རླབས་དེ་ལྟ་བུ་གང་ཟག་སོ་སོའི་སྐྱེ་བོའི་རང་རྒྱུད་ལ་འཇུག་པར་བྱ་བའི་ཐབས་ཟབ་མོ་ནི་དད་པ་དང་མོས་གུས་ཀྱི་ཉེར་ལེན་ཁོ་ནའི་ལམ་ནས་དྲངས་དགོས་པ་ཡིན་ཞིང་། དགོས་ཆེད་ནི་རང་གནས་ཀྱི་ཡེ་ཤེས་ངོ་མ་འཕྲོད་པའམ་མ་སྨིན་པ་སྨིན་པར་བྱེད་པའི་བྱིན་རླབས་ཀྱི་སྙིང་པོ་ཡོངས་སུ་ཐོབ་ཡོང་བའི་ཕྱིར་དཔེར་ན་མཆན་ལ་ཕབ་བཏབ་པའི་རྐྱེན་གྱིས་རོ་བཅུད་ནུས་པ་ཐམས་ཅད་དུས་མྱུར་བ་ཉིད་དུ་མངོན་སུམ་སྟོན་ཡོང་བ་ལྟར་རམ། ཉི་མའི་ཟེར་མེ་ཤེལ་གྱིས་མཚམས་སྦྱོར་བས་སྤྲ་བ་ལ་མེ་ཐོགས་མེད་འབྱུང་བ་ལྟར་ཡིན་ཏེ། ཇི་སྐད་དུ། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པ་ཤེས་པར་བྱ། །ཞེས་དང་། ཨཱ་ལི་ཀཱ་ལིའི་རྒྱུད་ལས། དུས་རྣམས་ཀུན་ཏུ་བླ་མའི་རྣལ་འབྱོར་ལ། །ཡུན་དུ་བསྲིང་སྟེ་འབུང་བར་མ་གཏོགས་པར། །བསྐྱེད་རྫོགས་ལ་སོགས་བྱ་བ་མང་པོས་ཀྱང་། །དག་པའི་སྣང་བ་ལམ་དུ་འབྱོང་བར་དཀའ། །ཞེས་དང་། ཇི་སྐད་དུ། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ཁོ་ནས་འདུམ། །ཞེས་དང་། འབྲི་གུང་སྐྱོབས་པས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་དང་། འཇིགས་གླིང་པས། སྒོམ་བསྲན་པ་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། མོས་གུས་ཅན་ལ་གནས་ལུགས་ཀྱི་གསང་ལ་ཐེབ་པ་ཤ་སྟག་འབྱུང་། ཞེས་སོགས་དུ་མ་མཐའ་ཡས་པར་གསུངས་པ་ལྟར་ངེས་ཤེས་ཁྱད་འཕགས་ལྷག་པར་བསྐྱེད་དེ། སྒོམ་པ་དངོས་ཀྱི་སྐབས་སུ། དེ་ལྟར་དད་པ་དང་མོས་གུས་ཀྱི་སྒོ་ནས་བླ་མ་སྒྲུབ་པའི་བྱིན་རླབས་ཀྱི་རིམ་པ་དབང་བཞི་ཞུ་བ་ལ། རྣམ་པ་བསྒྱུར་བ་དང་མི་བསྒྱུར་བ་གཉིས་ཡོད་དེ། གང་ཟག་རབ་དད་པ་དག་སྣང་ཆེ་བ་རྣམས་ཀྱིས་རྣམ་པ་བསྒྱུར་མི་དགོས་ཏེ་བླ་མའི་སྐུ་དང་ན་བཟའ་རྒྱན་ཆས་སོགས་ཇི་ལྟར་འདུག་པ་དེ་ལྟར་བསྒོམས་པས་མཆོག་ཏུ་ཟབ་པ་ཡིན། གཞན་ལས་དང་པོ་པ་རྣམས་ཀྱིས་ཐ་མལ་མིའི་རྣམ་པར་སྒོམ་ན་ལོག་རྟོག་གིས་བྱིན་རླབས་འཇུག་པའི་གེགས་བྱེད་པ་ཡིན་པས་རྣམ་པ་མ་བསྒྱུར་བས་སངས་རྒྱས་སྐུ་དངོས་སུ་མི་མཐོང་བས་བསྒྱུར་དགོས་པར་གསུངས་པས། དེ་ལྟར་བསྒྱུར་བ་ལ་སྣང་སྲིད་དག་པ་རབ་འབྱམས་གཞིར་བཞུགས་སུ་ཡོད་པའི་དཀྱིལ་འཁོར་དེ། ལམ་གྱི་དུས་འདིར་གཞིར་བཞེངས་སུ་གསལ་འདེབས་དགོས་པ་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་འགྲོ་འདུག་བྱ་བའི་ཡུལ་རྟེན་གཞི་མ་དག་པའི་སྣང་བ་རྣམས་གང་ལའང་མི་དམིགས་པས་སྟོང་པ་ཉིད་དུ་སྦྱངས་ནས་པདྨ་འོད་ཀྱི་ཕོ་བྲང་རྒྱ་ཁྱོན་མཚན་ཉིད་བཀོད་པ་ཡོངས་སུ་རྫོགས་པ་ལེགས་པར་གསལ་བའི་དབུས་སུ་རང་ཉིད་དབང་གི་ཡེ་ཤེས་སྐྱེ་བའི་རྟེན་མཆོག་ཏུ་གྱུར་པ་དང་གུ་རུ་རིན་པོ་ཆེས་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་ཁྱད་པར་དུ། ངོ་བོ་ཡེ་ཤེས་མཚོ་རྒྱལ་ལ་རྣམ་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྟེ་ཤེས་རབ་མཚོན་བྱེད་སྐུ་མདོག་དམར་གསལ་གཅེར་བུ་དབྱིངས་ཡེ་དབྱེར་མེད་རྟོགས་པའི་བརྡར་སྤྱན་གསུམ་རིངས་པའི་ཚུལ་གྱིས་གཟིགས་པ། ཕྱག་གཡས་པས་འགྲོ་བ་རྣམས་གཏི་མུག་གི་གཉིད་ལས་སློང་བའི་ཕྱིར་ཐོད་རྔ་འཁྲོལ་བ། གཡོན་དུག་གསུམ་རྩད་གཅོད་ཀྱི་གྲི་གུག་དཀུར་བརྟེན་པ། རུས་པའི་རྒྱན་ལྔ་དང་མེ་ཏོག་གི་ཆུན་འཕྱང་གིས་བརྒྱན་ཅིང་དར་དཔྱངས་འཕྱང་བ་མཛེས་ཤིང་ལྟ་ན་སྡུག་པ་བཅུ་དྲུག་ལོན་པའི་ན་ཚོད་ཅན་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟར་གསལ་ལེགས་པར་བཏབ་ནས། སྤྱི་བོར་མདའ་གང་གི་ནམ་མཁར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་པདྨ་འབུམ་བདལ། དེ་སྟེང་སྲིད་ཞིའི་དྭངས་བཅུད་ཐབས་ཤེས་མཚོན་བྱེད་ཉི་ཟླའི་དཀྱིལ་འཁོར་གྱི་དབུས་ན། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད། དཔལ་ལྡན་རྩ་བའི་བླ་མ་ཉིད་ཡིན་པ་ལ། རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོར་བདེ་སྟོང་འདུ་འབྲལ་མེད་པས་རྟག་ཏུ་མྱོས་པའི་ཕྱིར་སྐུ་མདོག་དཀར་ལ་དམར་མདངས་ཅུང་ཟད་ཆགས་པ། ན་བཟའ་ལའང་བྱང་སེམས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་གསང་གོས་དཀར་པོ་དང་འདུང་མ་དམར་པོ། སྔགས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་སྔགས་པའི་ཆས་གོས་ཕོད་ཆེན་མཐིང་ག །སོ་ཐར་གྱི་ཐེག་པ་རྫོགས་པའི་རྟགས་སུ་ཆོས་གོས་དམར་སེར་གསེར་གྱི་ཧ་རིས་ཏེ་རི་མོ་ཕྱི་ནང་མ་བསྒྲིབས་པ་ཅན། ཐེག་པ་མ་ལུས་པ་ཡོངས་སུ་སྐུ་ལ་རྫོགས་པའི་རྟགས་སུ་ཟ་འོག་གི་བེར་དམར་སྨུག་དང་བཅས་པ་བརྩེགས་མར་གསོལ་བ། དབུ་ལ་ནི་ཟ་ཧོར་རྒྱལ་པོས་ཕུལ་བའི་པད་ཞུ་མནབས་པ་སྟེ་དེའང་བསྐྱེད་རྫོགས་ཟུང་འཇུག་གི་བརྡར་ཕྱི་ནང་གཉིས། སྐུ་གསུམ་མཚོན་བྱེད་ཡར་རྩེ་གསུམ། སྐུ་ལྔའི་འགྲོ་དོན་མཛད་པའི་བརྡར་ཁ་དོག་ལྔའི་མཐའ་ཆགས། ཐབས་ཤེས་དབྱེར་མེད་ཀྱི་བརྡར་གསེར་དངུལ་གྱི་ཉི་ཟླས་བརྒྱན་པ། དམ་ཚིག་མུ་མཐའ་མེད་པའི་བརྡར་མུ་ཁྱུད་མཐིང་གའི་སྒྲིལ། ཏིང་ངེ་འཛིན་གཡོ་བ་མེད་པའི་བརྡར་གསེར་གྱི་རྡོ་རྗེ་ཕྱེད་པའི་ཏོག །ལྟ་བའི་ཡང་རྩེར་ཕྱིན་པའི་རྟགས་རྒོད་ཀྱི་རྩེ་སྒྲོ་དང་རྨ་བྱའི་སྒྲོ་མདོངས་ཀྱིས་བརྒྱན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀ་ན་སྡིགས་མཛུབ་ཀྱི་ཚུལ་དུ་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་ཚེ་རིལ་གྱིས་གང་བའི་སྟེང་དུ་འཆི་མེད་བདུད་རྩིའི་བཅུད་ཀྱིས་གཏམས་པའི་ཚེ་བུམ་དཔག་བསམ་གྱིས་ཁ་རྒྱན་ཅན་འཛིན་པ། ཞབས་གཉིས་སག་ལྷམ་གསོལ་ཞིང་རྒྱལ་པོ་རོལ་པའི་སྟབས་སུ་བརྗིད་ཆགས་པར་བཞུགས་པ། མཆན་ཁུང་གཡོན་ན་ཡུམ་མནྡཱར་བ་སྦས་པའི་ཚུལ་གྱི་ཁ་ཊྭཱཾ་ག་འཛིན་པ། དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚོན་བྱེད་ཡར་གྱི་རྩེ་གསུམ། སྐུ་གསུམ་གྱི་མཚོན་བྱེད་པ་སྐམ་རློན་རྙིད་གསུམ། རྭ་ལ་ཐེག་དགུའི་མཚོན་བྱེད་ལྕགས་ལུང་དགུ །ཡེ་ཤེས་ལྔའི་མཚོན་བྱེད་དར་ཚོན་སྣ་ལྔ། དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱིས་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད་པའི་རྟགས་ཤི་སྐྲ་དང་གསོན་སྐྲས་བརྒྱན་པ་སོགས་དེ་དག་རྣམས་མ་འདྲེས་པ་ཡོངས་སུ་རྫོགས་པ་གསལ་གདབ་ཅིང་། དེའི་མཐའ་སྐོར་དུ་འོད་ལྔའི་དྲྭ་བ་མིག་མང་རིས་ཀྱི་གཟེབ་ཏུ་འཇའ་འོད་ཟླུམ་འཁྱིལ་ཁྲ་སྤུང་ངེ་བའི་དབུས་ན། རྒྱ་གར་གྱི་རིག་འཛིན་བརྒྱད་དང་བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་བཀའ་གཏེར་གྱི་བླ་མ་རྣམས་དང་། རྩ་གསུམ་དམ་ཅན་རྒྱ་མཚོ་ཁྲོམ་མང་ཚོགས་པ་ལྟ་བུར་མངོན་སུམ་བཞུགས་པར་གསལ་ལ་ངག་འདོན་གང་ཡིན་པ་དང་རིམ་པར་འབྲེལ་ནས་མོས་གུས་གདུང་ཤུགས་དྲག་པོ་ཡང་ཡང་བསྐྱེད་ནས་ཚིག་བདུན་གསོལ་འདེབས་སོགས་བརྗོད་པའི་རྐྱེན་གྱིས་ཨོ་རྒྱན་རིན་པོ་ཆེ་གཙོ་འཁོར་རྟེན་བརྟེན་པ་དང་བཅས་མངོན་སུམ་ཉིད་དུ་བྱོན་ནས་བསྐྱེད་པའི་དམ་ཚིག་པ་དང་གཉིས་སུ་མེད་པར་ཆུ་ལ་ཆུ་འདྲེས་པ་ལྟ་བུར་གྱུར་ཅིང་བཞུགས་པའི་སྤྱན་སྔར། ཚོགས་བསགས་པའི་སྒོ་མཐའ་ཡས་པ་ཡན་ལག་བདུན་པ་འདིར་འདུས་ཤིང་། དེ་ལྟར་ཕུལ་བ་ལ་དང་པོ་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་རིམ་པ་ནི། བཟང་སྤྱོད་ལས། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །སོགས་ཞེས་གསུངས་པ་ལྟར་ཕྱག་འཚལ་བའི་ཚུལ་དངོས་ནི། ཐར་མདོ་ལས། པདྨ་ཁ་འབུས་བྱེ་འདྲ་བས། །སོགས་ཞེས་གསུངས་པ་ལྟར་རང་གཞན་སེམས་ཅན་ཐམས་ཅད་ལུས་གྲངས་མེད་ལ་མགོ་གྲངས་མེད། མགོ་གྲངས་མེད་ལ་ལྕེ་དཔག་མེད། ལྕེ་དཔག་མེད་ཀྱིས་བསྟོད་པའི་དབྱངས་གྲངས་མེད་སྤྲུལ་ནས་ཆབས་ཅིག་ཏུ་ཕྱག་འཚལ་བ་དང་། ངག་གིས་འུར་དིར་རེ་སྐྱབས་འགྲོའི་ཚིག་དབྱངས་སྙན་པོ་དང་བཅས་ཏེ་འདོན་པ་དང་། ཡིད་ཀྱིས་བློ་གཏད་ལིང་སྐྱུར་གྱི་གསོལ་བ་བཏབ་པ་སོགས་རང་གཞན་སྒོ་གསུམ་འཇུག་པ་གཅིག་པས་དམིགས་པ་དང་བཅས་ཏེ་ཕྱག་འཚལ་དགོས་ཏེ། ངལ་གསོའི་འགྲེལ་བ་ལས། ས་འདི་རིར་བཅས་རྒྱ་མཚོའི་རྡུལ་སྙེད་དུ། །བསོད་ནམས་དེ་འདྲ་འཇིག་རྟེན་གསུམ་ན་མེད། །ལུས་བཏུད་དབང་ཆེན་ས་ཡི་རྡུལ་རྣམས་དང་། །མཉམ་པའི་གྲངས་སྙེད་འཁོར་ལོའི་སྒྱུར་རྒྱལ་འགྲོ། །མཐར་ཐུག་ཞི་བ་མཆོག་གི་གོ་འཕང་ཐོབ། །ཅེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །གཉིས་པ་འདོད་ཆགས་དང་སེར་སྣའི་གཉེན་པོ། མཆོད་པ་འབུལ་བ་ནི། བཟང་སྤྱོད་ལས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སོགས་གསུངས་པ་ལྟར་དང་། ངལ་གསོ་ལས། མེ་ཏོག་སྤོས་དང་མར་མེ་ཞལ་ཟས་ཆུ། །བླ་བྲེ་འཕན་ལྡིང་གདུགས་དང་རོལ་མོའི་སྒྲ། །རྒྱལ་མཚན་རྔ་ཡབ་རྫ་རྔ་ལ་སོགས་པ༑ །ལུས་དང་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་ཀྱིས། །འགྲོ་བའི་བླ་མ་དཀོན་མཆོག་སྲས་བཅས་མཆོད། །ཅེས་གསུངས་པ་ལྟར་མཆོད་རྫས་ཅི་འབྱོར་བའི་རིགས་གྱ་ནོམ་པ་རྣམས་ཤིན་ཏུ་གཙང་སྦྲ་དང་ཡིད་དུ་འོང་བར་བཤམ་བཀོད་མཛེས་པར་བྱས་ལ་དངོས་སུ་འབུལ་བར་བྱ་བ་དང་། ཡིད་སྤྲུལ་སོགས་ནི། མཆོད་པའི་ལྷ་མོ་བརྒྱད་ཀྱིས་མཆོད་རྫས་སྣ་ཚོགས་སོ་སོར་ཐོགས་པ་དང་། རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་དང་། ལྷམ། སྟན། བཞོན་པ། མལ་ཆ། ཁྲི། རལ་གྲི། ལྤགས་པ་སྟེ་ཉེ་བའི་རིན་ཆེན་བདུན་དང་། གཞན་ཡང་གཞལ་ཡས་ཁང་རིན་པོ་ཆེའི་དྲྭ་ཕྱེད་དང་། གླུ་གར་དང་། སིལ་སྙན། པི་ཝཾ་དང་བསྟོད་པའི་དབྱངས་སྙན། མེ་ཏོག་གི་རིགས་སྣ་ཚོགས་པའི་ཆར་འབབ་པ་དང་། རིན་པོ་ཆེའི་རིགས་དང་། སྨན་ཤིང་ནགས་ཀྱི་ཚལ་ཆེན་པོ། རྒྱ་མཚོ་ངང་པས་བརྒྱན་པ། སྨན་རིགས་སྤོས་རིགས་དྲི་ཞིམ་ངད་ལྡན་ཅན་རོ་བཅུད་ནུས་པར་ལྡན་པ། བྲག་རི། སྤང་ལྗོངས། ཆུ་བསིལ། རྫིང་བུ། ནམ་མཁའ་དྭངས་པ། ཉི་ཟླ་གཟའ་སྐར་བཀྲ་བ་དང་བཅས་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་དམིགས་ཏེ་འབུལ་བར་བྱ་དགོས་ཏེ། སངས་རྒྱས་མང་བྱེད་ཀྱི་མདོ་ལས། གང་ཞིག་རྒྱལ་བ་རྣམས་འདྲེན་ལ། །བྱ་བ་ཆུང་ངུར་སྤྱད་གྱུར་པ། །དེ་དག་མཐོ་རིས་སྣ་ཚོགས་དག །བགྲོད་ནས་བྱང་ཆུབ་ཐོབ་པར་གྱུར། །ཞེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །གསུམ་པ་ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པ་ནི། བཟང་སྤྱོད་ལས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །སོགས་ཅེས་གསུངས་པ་ལྟར་སྡིག་པ་བསགས་པའི་སྒོ་དྲུག་སྟེ་ལུས་ངག་ཡིད་གསུམ་དང་། ཉོན་མོངས་དུག་གསུམ་དང་། ཡུལ་ནི་ཕ་མ་དང་། བླ་མ་མཁན་པོ། སློབ་དཔོན། མཆེད་གྲོགས་སོགས་ལ། ངོ་བོ་ནི་མི་དགེ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་རང་གི་དངོས་སུ་སྤྱོད་པའམ། གཞན་ལ་བྱེད་དུ་བཅུག་པའམ། བྱེད་པ་ལ་བློ་ཡིས་རྗེས་སུ་ཡི་རང་བ་དང་བཅས་ཏེ། དུས་ཀྱང་ཐོག་མ་མེད་པ་ནས་དེང་གི་ཕན་ཆད་དུ་བསགས་པའི་མི་དགེ་བའི་རིགས་སུ་གྱུར་པ་ཀུན་བཤགས་པས་སོར་ཆུད་པར་བྱེད་པ་གལ་ཅི་ནས་ཆེ་བས། དེ་ལྟར་སྔར་བྱས་ཐམས་ཅད་ལ་དུག་ཁོང་དུ་སོང་བ་ལྟར་ཕྱི་འགྱོད་དྲག་པོ་བྱས་པས་སྡིག་པ་སུན་འབྱིན་པའི་སྟོབས་དང་། སྡིག་སྒྲིབ་ཀྱི་རྣམ་པ་མ་ལུས་པ་ནག་ཕུང་ངེར་ལྕེ་ཐོག་ཏུ་འདུས་ནས། བླ་མའི་མཛོད་སྤུ་ལས་ཡེ་ཤེས་ཀྱི་མེ་ལྕེ་འཕྲོས་པས་ཡོངས་སུ་བསྲེགས་ཐལ་སྙམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། ཕྱིན་ཆད་སྡིག་པ་གཏན་ནས་མི་བྱེད་པར་ཡོངས་སུ་སྡོམ་པའི་དམ་བཅའ་བྱེད་པ་ནི་སོར་ཆུད་པའི་སྟོབས་དང་། སྡིག་པ་ཡོངས་སུ་དག་པར་གྱུར་སོང་སྙམ་པའི་ངེས་ཤེས་དང་བཅས་པ་ནི་རྟེན་གྱི་སྟོབས་ཏེ་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ལེགས་པར་བཤགས་དགོས་པ་དང་། ཁྱད་པར་སྡིག་པའི་ངོ་བོར་ཇི་ལྟར་གནས་འདུག་ཞིབ་པར་དཔྱད་དེ་ངོ་བོ་ཆེར་མ་རྙེད་པ་ནམ་མཁའ་ལྟ་བུ་རྟོགས་པའི་ངང་དེར་ཡོངས་སུ་མཉམ་པར་བཞག་པས་སྡིག་པ་ལྷག་མེད་དུ་ཤུགས་ཀྱིས་སངས་འགྲོ་སྟེ། མདོ་ལས། དྲང་པོར་འདུག་ལ་ཡང་དག་བལྟ། །སོགས་ཞེས་གསུངས་པ་ལྟར་ཏེ། ཇི་སྐད་དུ། སྡིག་པ་ལ་ཡོན་ཏན་མེད་ཀྱང་བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན། ཞེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །བཞི་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བ་ནི། བཟང་སྤྱོད་ལས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །སོགས་ཞེས་གསུངས་པ་ལྟར་འཇིག་རྟེན་ཕལ་དང་། ཉན་ཐོས་དང་། རང་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་སྲས་དང་སློབ་མར་རྗེས་འཇུག་དང་བཅས་པས་དུས་གསུམ་ན་བསགས་པའི་རྣམ་དཀར་གྱི་དགེ་ཚོགས་ཆེ་ཕྲ་མ་ལྟོས་པར་ཡོད་དོ་ཅོག་ཀུན་ལ་བསམ་པ་རྣམ་པར་དག་པས་རྗེས་སུ་ཡི་རང་ཆེན་པོས་བློ་རྒྱ་བསྐྱེད་དེ་རབ་ཏུ་དགའ་བ་བསྒོམས་ན། དེའི་སྟོབས་ཀྱིས་རང་གི་དགེ་བ་གང་བསགས་པ་རྣམས་ནམ་ཡང་ཆུད་མི་ཟ་ཞིང་། དགེ་རྩ་འགྱུར་སྐྱེད་ཐོན་པ་དང་། བསོད་ནམས་ཚད་མེད་པ་མཉམ་པོར་ཐོབ་པ་སོགས་ཀྱི་གནད་འགག་དུ་མ་ཡོད་དེ། སྡུད་པ་ལས། སྟོང་གསུམ་རི་རབ་གསེར་གྱིས་བཀང་ཡང་ནི། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་། །རིན་ཆེན་བཻཌཱུརྻ་གཅིག་དེ་ཀུན་ཟིལ་གྱིས་གནོན། །དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན། །རྗེས་སུ་ཡི་རང་བྱང་ཆུབ་སེམས་དཔའི་ཟིལ་གྱིས་གནོན། །ཞེས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེའོ། །ལྔ་པ་གཏི་མུག་གི་གཉེན་པོ་བསྐུལ་མ་གདབ་པ་ནི། བཟང་སྤྱོད་ལས། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །སོགས་ཞེས་གསུངས་པ་ལྟར། རྒྱལ་བ་སྲས་བཅས་ཀྱིས་དམ་པའི་ཆོས་མ་གསུངས་ན་བསྟན་དང་འགྲོ་བ་ཉམ་ཐག་ཡོངས་ལ་འཕྲལ་གྱི་བདེ་སྐྱིད་འབྱོར་ཚོགས་དང་། མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་དམ་པ་སོགས་ཐོབ་ཐབས་དང་བྲལ་ནས་ཐར་པའི་ལམ་སྟོན་མཁན་མེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་གླིང་གཅིག་ཏུ་འགྱུར་ཉེན་ཡོད་པས་ན། དེ་ཕྱིར་སྔོན་སྟོན་པ་ལ་ཚངས་པས་གསེར་གྱི་འཁོར་ལོ་སོགས་ཕུལ་ནས་ཆོས་འཁོར་བསྐོར་བའི་བསྐུལ་མ་གདབ་པ་ཇི་བཞིན་དུ་རང་གིས་ཀྱང་ཕྱོགས་དང་རིས་མེད་ཀྱི་བསྟན་འཛིན་སྐྱེས་བུ་ཆེན་པོ་རྣམས་ཀྱིས་གང་ལ་གང་འདུལ་གྱི་ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་བའི་བསྐུལ་མ་གདབ་པའི་ཕྱིར་དངོས་སུ་འབྱོར་ཚོགས་ཀྱི་སྦྱོར་བ་དང་བཅས་ཆོས་རྔ་བརྡུང་། ཆོས་དུང་འབུད། ཆོས་ཀྱི་སྒྲོན་མེ་སྦར། ཆོས་ཀྱི་དར་ཕྱར། ཆོས་ཀྱི་རྒྱལ་མཚན་བསྒྲེང་དུ་གསོལ་ཞེས་སྨོན་འདུན་རྩེ་གཅིག་ཏུ་བྱ་དགོས་ཏེ། ཇི་སྐད་དུ། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམ་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་དང་། སྙིང་ཁུང་རྒྱུད་ལས། དཀོན་མཆོག་གསུམ་དང་ལྷ་རྣམས་ལ། །གུས་དང་བཅས་པའི་གསོལ་འདེབས་ན། །ཞི་སོགས་དོན་ཀུན་གང་འདོད་པ། །དེ་ཡི་མོད་ལ་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར། དེས་ནི་ཆོས་སྤང་བའི་སྡིག་པ་གང་བྱས་དག་ཅིང་། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་ཆོས་ཀྱི་བརྒྱུད་པ་འཛིན་པ་སོགས་ཀྱི་ཕན་ཡོན་མཆོག་ཏུ་ཆེའོ། །དྲུག་པ་ལོག་ལྟའི་གཉེན་པོ་བཞུགས་སུ་གསོལ་བ་ནི། བཟང་སྤྱོད་ལས། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །སོགས། ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་ཁམས་འདིར། སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་དང་། མཁན་པོ་དང་། སློབ་དཔོན། མཆེད་གྲོགས་སོགས་མདོར་ན་བསྟན་དང་འགྲོ་བ་ཡོངས་ལ་དངོས་བརྒྱུད་བར་གསུམ་ནས་ཕན་པར་མཛད་པའི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད། སེམས་ཅན་གྱིས་ལོག་སྒྲུབ་སྙིགས་དུས་ངན་པས་སྐྱོ་ངལ་སོགས་ལ་མི་ལྟོས་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སྐུ་མྱ་ངན་ལས་མི་འདའ་བ་བཞུགས་པའི་ཞབས་བརྟན་དངོས་བརྒྱུད་བར་གསུམ་ནས་འབུལ་ཞིང་གསོལ་བ་རྩེ་གཅིག་འདེབས་དགོས་ཏེ། ཇི་སྐད་དུ། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོང་པར་མི་འགོད་ཕྱིར། །བསྐལ་པ་གྲངས་མེད་བཞུགས་སུ་གསོལ། །ཞེས་དང་། ཁྱད་པར་རྒྱུད་མདོ་ལས། ཉོན་ཅིག་ཚངས་པའི་རྒྱལ་པོ་ཁྱོད། །བཅོམ་ལྡན་འདས་ལ་གསོལ་བ་འདེབས། །བསོད་ནམས་དེ་ནི་ཁྱད་པར་འཕགས། །སངས་རྒྱས་མྱ་ངན་འདས་མི་མངའ། །ཞེས་གསུངས་པ་ལྟར། དེས་ནི་སེམས་ཅན་ཐམས་ཅད་ཐར་པའི་ལམ་སྟོན་པའི་དེད་དཔོན་དམ་པ་རྣམས་དང་མི་འབྲལ་བ་དང་། རང་ཡང་ཚེ་རིང་བར་ཐོབ་པ་དང་། སྲོག་གཅོད་བྱས་པའི་སྡིག་པ་རྣམས་བྱང་བ་སོགས་ཕན་ཡོན་མཆོག་ཏུ་ཆེའོ། །བདུན་པ་ཐེ་ཚོམ་གྱི་གཉེན་པོ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་ནི། བཟང་སྤྱོད་ལས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །སོགས་ཞེས་གསུངས་པ་ལྟར་བསྔོ་རྒྱུ་ནི་རང་གཞན་དུས་གསུམ་དུ་བསགས་པའི་རྣམ་དཀར་གྱི་དགེ་བའི་རྩ་བ་གང་མཆིས་པ་ཐམས་ཅད་དེ། ཡུལ་ནི་གཏན་བདེ་བླ་ན་མེད་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དྲི་མ་མེད་པ་སངས་རྒྱས་ཀྱི་ས་ཁོ་ན་ལ། དོན་ནི་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད། དུས་མྱུར་བ་ཉིད་དུ་འགོད་པའི་ཕྱིར་ན་ཡོངས་སུ་བསྔོ་བར་བྱའོ་སྙམ་པས་འདུན་པ་རྩེ་གཅིག་ཏུ་བྱ་དགོས་ཤིང་། བློ་གྲོས་རྒྱ་མཚོའི་ཞུས་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། དེ་ལྟར་ཡན་ལག་བདུན་པ་ཕུལ་བའི་བསོད་ནམས་ནི། དཔལ་སྦས་ཀྱི་ཞུས་མདོ་ལས། གང་གིས་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ནས། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་གང་ལ་ཡི་རང་ངོ་། །སྡིག་པ་དག་ཀྱང་བཤགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་ན། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁར་གང་བ་རྟག་ཏུ་གནས། །ཞེས་གསུངས་པ་ལྟར་མདོར་ན། རས་དྲི་མ་ཅན་རྣམས་ཆུས་ཡོངས་སུ་བཀྲུས་ཏེ་ཚོས་རྒྱབ་པ་དང་ཉེ་བར་མཚུངས་ཏེ་གློ་བུར་གྱི་འཁྲུལ་བས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་རགས་པ་རྣམས་སངས་ནས་གཞིའི་གནས་ལུགས་རྟོགས་སླ་བ་སོགས་དགོས་ཆེད་དུ་མ་ཡོད་པས་དོན་གཉེར་ལྷག་པར་བསྐྱེད་པ་གལ་ཆེ་བཞིན་དམིགས་འདུན་རྩེ་གཅིག་ཏུ་བྱས་ནས། བཟླས་པ་དངོས་བཛྲ་གུ་རུ་སོགས་གང་ཡིན་པ་རྣམས་བཟླས་ཚུལ་གྱིས་རིམ་པ་ལ་ལེགས་པར་འཇུག་དགོས་ཏེ། དང་པོ་སྔགས་ཀྱི་སྒྲ་དོན་ནམ་ངོ་བོ་ནི། ཨོཾ་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་འགྱུར་བ་མེད་པ། ཨཱཿནི་གསུང་འགག་པ་མེད་པ། ཧཱུྃ་ནི་ཐུགས་འཁྲུལ་བ་མེད་པ་སྟེ་རྡོ་རྗེ་གསུམ་གྱི་ས་བོན་དང་། གུ་རུ་ནི་བླ་མ། སུ་ཁ་ནི་བདེ་བ། མ་ཧཱ་ནི་ཆེན་པོ། སིདྡྷི་ནི་དངོས་གྲུབ། སརྦ་ནི་ཐམས་ཅད། ཧཱུྃ་ནི་སྩོལ་ཞེས་པ་སྟེ། དེ་ཡང་བསྡུ་ན་རྡོ་རྗེ་བླ་མའི་པདྨར་དངོས་གྲུབ་སྩོལ་ཞེས་པའམ། ཡང་ན་བླ་མ་བདེ་བ་ཆེན་པོའི་དངོས་གྲུབ་ཐམས་ཅད་སྩོལ་ཞེས་པ་ཡིན་གྱི་དེ་ལྟར་སྔགས་སྤྱིའི་སྒྲ་དོན་ཀྱང་ལ་ལ་ནི་མཚན་ནས་འབོད་པ་དང་། ལ་ལ་ནི་ཐུགས་དམ་གནད་ནས་བསྐུལ་བ་དང་། ལ་ལ་ཡོན་ཏན་བརྗོད་ཅིང་བསྟོད་པར་བྱ་བ་ཡིན་པས། དེ་ལྟར་བཟླས་པའི་རྐྱེན་གྱིས་ཡེ་ཤེས་པ་བྱོན་ནས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོགས་རྡུགས་མེད་པར་ངེས་པར་སྟེར་བ་ནི་གདོན་མི་ཟ་བ་ཡིན་ཏེ། གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་བཙུན་མོ་དག །མངོན་པར་ཕྱོགས་པ་བྱ་ཕྱིར་ཏེ། །དཔེར་ན་སྐྱེས་ཆེན་འགའ་ཞིག་ལ། །ཆེ་ལ་མྱུར་བའི་སྒྲས་འབོད་ན། །ཐོས་པ་ཙམ་གྱིས་འོང་བ་ལྟར། །སངས་རྒྱས་སྐད་ཅིག་དེ་ལ་འབྱོན། །ཞེས་དང་། རྒྱུད་ལས། རྫས་དང་སྔགས་ཀྱི་སྦྱོར་བ་ལ། །དཔྱད་ན་དངོས་གྲུབ་མི་འབྱུང་ཏེ། །གལ་ཏེ་ཡིད་གཉིས་ཟ་འགྱུར་རམ། །བསམ་པ་འགྱུར་རམ་དད་པ་ཉམས། །དེ་ཚེ་དངོས་གྲུབ་ཉེ་བ་ཡང་། །ཕྱིར་ལྡོག་འགྱུར་བ་གདོན་མི་ཟ། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་སོགས་གསུངས་པ་ལྟར་ཡིད་ཆེས་ཀྱིས་ངེས་ཤེས་ལྷག་པར་བསྐྱེད་པ་སོགས་སྔོན་དུ་སོང་བའི་རྗེས་ལ། བཟླ་ཚུལ་དངོས་ནི། ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་པར་གྱུར་པ་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང་། རྔམ་གློག་ལས། སྒྲ་ཆེན་མ་ཡིན་སྒྲ་ཆུང་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པར་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པ་མིན། །ཞེས་སོགས་གསུངས་པ་ཇི་བཞིན་ཆད་ལྷག་སོགས་ཀྱི་དབང་དུ་མ་སོང་བར་ངག་གི་སྒྲ་དག་པར་འདོན་ནས་རྣ་བས་ཉན། རིང་མིན་སེམས་ཀྱི་ཤེས་པས་དཔྱད་དེ་གཞན་དག་ལ་མ་ཡེངས་པར་དད་མོས་ལྷག་པར་རྩེ་གཅིག་ཏུ་བསྐྱེད་བཞིན་དུ་བཟླས་ནས། ལྷག་པར་འཕྲོ་འདུ་ཕྲིན་ལས་ཀྱི་དམིགས་པ་ནི། རང་ཉིད་རྣལ་འབྱོར་མའི་ཐུགས་ཀར་ཟླ་དཀྱིལ་སྲན་མ་བཀས་པ་ཙམ་གྱི་སྟེང་དུ། ཧཱུྃ་ཡིག་དཀར་པོ་ཕྲ་མོའི་མཐར་སྔགས་ཕྲེང་རྣམས་གཡས་སུ་བཀོད་ལ་གཡོན་དུ་འཁོར་བ་ལས། འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྩེར་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་རྫས་ནམ་མཁའ་གང་བར་སྤྲོས་ཏེ། ཆོས་ཀྱི་དབྱིངས་ན་བཞུགས་པའི་སྐུ་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་སློབ་མར་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་འབུལ་བས་ལྷ་རྣམས་ཟག་མེད་བདེ་བ་ཆེན་པོས་ཐུགས་ཡོངས་སུ་མཉེས་ནས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད། སྐུ་ཞི་དྲག །གསུང་ཡིག་འབྲུའི་རིགས། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་དང་། འོད་ཟེར་དཀར་དམར་མཐིང་གསུམ་སོགས་བཀྲག་ལ་དྭངས་པ་བཅུད་ལ་སྣུམ་པ་ཆར་ལྟར་འབབས་ནས་རང་གཞན་ཐམས་ཅད་ཀྱི་སྒོ་གསུམ་ལ་ཕོག་ནས་ནང་དུ་ཞུགས་ཤིང་ཐིམ་པར་གྱུར་པའི་མོད་ལ་སྡུག་བསྔལ་སྡིག་སྒྲིབ་རྣམས་ཆེས་ཆེར་བསལ་བའི་སྟོབས་ཀྱིས་ངན་སོང་དུ་མ་སྐྱེས་པ་རྣམས་སྐྱེ་སྒོ་འགེག །སྐྱེས་ཚར་བ་རྣམས་སྡུག་བསྔལ་གྱི་ཐག་བསྲིང་། ཅུང་ཟད་ལས་སྲབ་པ་རྣམས་དེ་མ་ཐག་ཚེ་འཕོས་ནས་མི་ལུས་ཆོས་ལྡན་གྱི་རིགས་རྒྱུད་དུ་སྐྱེས། ཆོས་ལ་འཇུག་མ་ཟིན་པ་རྣམས་བློ་རྒྱུད་ཆོས་ལ་མྱུར་དུ་བསྐུལ། ཞུགས་ཚར་བ་རྣམས་བར་ཆད་ཀྱི་རིམ་པ་ཞི་ཞིང་མཐུན་རྐྱེན་ལེགས་པར་ཚོགས་ནས་ས་ལམ་གོང་ནས་གོང་འཕེལ་དུ་བགྲོད། བགྲོད་བཞིན་པ་རྣམས་ཆོས་མཐར་ཕྱིན་ནས་ལུས་མ་སྨིན་པ་སྨིན་པར་གྱུར་ནས་ལུས་ལ་གཟི་བརྗིད་ཆགས། ངག་མ་སྨིན་པ་སྨིན་པར་གྱུར་ནས་ངག་ལ་བདེན་པ་གྲུབ། ཡིད་མ་སྨིན་པ་སྨིན་པར་གྱུར་ནས་ཉམས་རྟོགས་ཀྱི་རྩལ་ཡོངས་སུ་རྫོགས། ཡོན་ཏན་མ་རྫོགས་པ་རྫོགས་པར་གྱུར་ནས་ཤེས་བྱའི་གནས་ལ་ཆགས་ཐོགས་མེད་པར་གྱུར། ཕྲིན་ལས་མ་རྒྱས་པ་རྒྱས་པར་གྱུར་ནས་ལས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་ནས། ཉན་རང་རྣམས་འགོག་པ་ལས་བསླང་། བྱང་སེམས་རྣམས་ཤེས་སྒྲིབ་ལས་གྲོལ་སོང་སྙམ་པའི་ངང་ནས་མཚན་བསྙེན་ནམ། དུས་བསྙེན་ནམ། གྲངས་བསྙེན་སོགས་གང་རུང་ཚད་དང་ལྡན་པ་བཟླས་པར་བྱའོ། །དེ་ལྟར་དམིགས་བཟླས་ལེགས་པར་བྱས་པའི་ཕན་ཡོན་ནི། ཚེ་འདིའི་བགེགས་དང་བར་ཆད་རྣམས་ཞི་ཞིང་། ངག་ལ་བདེན་པའི་ནུས་སྟོབས་འབྱུང་། ལྷ་རྣམས་མཉེས་པས་བྱིན་རླབས་དངོས་གྲུབ་ཐོབ། སྒྲིབ་གཉིས་བྱང་བ་དང་ཚོགས་གཉིས་རྫོགས། ལས་བཞིའི་དཀྱིལ་འཁོར་རབ་འབྱམས་ལ་དབང་། ཚེ་རབས་ཀུན་ཏུ་བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་འཛིན་ནས། མཐར་ཐུག་རིགས་ཀྱི་བདག་པོའི་ཐུགས་ཀློང་དུ་མངོན་པར་བྱང་ཆུབ་པ་སོགས་དགོས་ཆེད་དུ་མར་ཡོད་པས་དེ་ལྟར་ངེས་ཤེས་ལྷག་པར་སྐྱེད་དེ་སེམས་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་བཟླས་བཞིན་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ཡང་ཡང་བཏབ་ཅིང་བསྙེན་པའི་གྲངས་ཟིན་ནས་མཐར་ཐུན་བསྡུ་རན་པའི་སྐབས་སུ། གཞི་དབང་ཐོབ་པ་ཉིད་མི་ཉམས་པ་མཐར་ཐུག་གི་འབྲས་དབང་མངོན་དུ་གྱུར་ཕྱིར་ལམ་དབང་བཞི་པོ་རྒྱུན་དུ་འདི་ལྟར་ཞུ་བར་བྱ་སྟེ། གུ་རུ་རིན་པོ་ཆེའི་སྨིན་མཚམས་ཀྱི་ཨོཾ་ཡིག་ལས་ཟླ་བའི་ཟེར་ལྟར་འོད་ཟེར་དཀར་གསལ་འཕྲོས་པ་རང་གི་དཔྲལ་བར་ཐིམ་པའི་སྟོབས་ཀྱིས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་མི་དགེ་བ་གསུམ་དང་རྩ་ཡི་སྒྲིབ་པ་བཅས་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུའི་ས་བོན་ཐེབས་པར་སྙམ། དེ་ནས་མགྲིན་པའི་ཨཱཿལས་འོད་ཉི་ཟེར་ལྟར་དམར་སེར་འཕྲོས་པ་རང་གི་མགྲིན་པར་ཐིམ་པའི་སྟོབས་ཀྱིས་ངག་གསང་བའི་དབང་ཐོབ། ངག་གི་མི་དགེ་བ་བཞི་དང་རླུང་གི་སྒྲིབ་པ་དག །ལམ་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུའི་ས་བོན་ཐེབས་ཐལ་སྙམ། དེ་ནས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྤོས་ཀྱི་དུ་བ་ལྟར་སྔོན་པོ་འཕྲོས་པ་རང་གི་སྙིང་ཁར་ཐིམ་པའི་སྟོབས་ཀྱིས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་ལས་མི་དགེ་བ་གསུམ་དང་ཐིག་ལེའི་སྒྲིབ་པ་བཅས་དག །ལམ་བདེ་སྟོང་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་ས་བོན་ཐེབས་ཐལ་སྙམ། སླར་ཡང་ཐུགས་ཀའི་ཧཱུྃ་ལ་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་ཆད་པ་བཞིན་དུ་བྱུང་བ། རང་སེམས་དང་དབྱེར་མེད་འདྲེས་པའི་སྟོབས་ཀྱིས་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་རྟེན་གཞི་བག་ཆགས་དང་ཤེས་བྱའི་སྒྲིབ་པ་ཡོངས་སུ་དག །ལམ་ཀ་དག་ཁྲེགས་ཆོད་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་ཐེབས་ཐལ་སྙམ་ནས་ལྷག་པར་གསོལ་བ་རྩེ་གཅིག་བཏབ་པས་གུ་རུ་རིན་པོ་ཆེའི་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་ངང་ནས་ཞལ་འཛུམ་ཞིང་སྤྱན་རྗེས་ཆགས་གཡོ་བ་དང་བཅས་ཏེ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར་པོ་དྲོད་ཚ་ལམ་མེར་འབར་བ་ཞིག་ཐོན་ནས་རང་གི་སྙིང་གར་ཐིམ་པའི་མོད་ལ་ལུས་འོད་ཀྱི་གོང་བུ་སྲན་མ་ཙམ་དུ་གྱུར་ཅིང་དེ་ཡང་མེ་སྟག་ཡར་བ་བཞིན་དུ་གུ་རུའི་ཐུགས་ཀ་ལ་ཐིམ་པའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་གོ། །དེ་ལྟར་བླ་མའི་རྣལ་འབྱོར་ལེགས་པར་བསྒོམ་པའི་ཕན་ཡོན་ནི། དམ་ཚིག་བཀོད་པ་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། །འདུ་འཛིའི་གཡེང་བ་སྤངས་ཏེ་བསྒོམས་པ་བས། །བླ་མ་རང་སེམས་དཀྱིལ་དུ་དར་གཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང་། མཚན་དང་དཔེ་བྱད་ལྡན་པའི་སྐུ། །བསྐལ་པ་འབུམ་དུ་བསྒོམས་པ་བས། །སྐད་ཅིག་བླ་མ་དྲན་པ་མཆོག །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག །ཅེས་དང་། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་སྒོམ་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང་། །གང་ཟག་དེ་ཡིས་འཛིན་པར་བྱེད། །ཅེས་དང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་དེ་ནི་ཕ་མཐའ་ཡས། །ཞེས་སོགས་ཕན་ཡོན་མཐའ་ཡས་པར་གསུངས་པ་ལྟར་བསྡུ་ན། བླ་མ་འགྲུབ་པའི་རྟགས་མཚན་དུ། ཞལ་མཇལ་ཞིང་དབང་བསྐུར་བ་དང་། ཆོས་གསུང་བ་དང་། ལུང་བསྟན་པ་དང་། འོད་ཟེར་སྤྲོ་བསྡུས་བྱིན་རླབས་འཇུག་པ་སོགས་རྨིས་ཞིང་། དངོས་སུ་དྲན་པ་ཙམ་གྱིས་ཉམས་འབར་བ་དང་། ཕྱིའི་སྣང་བ་བན་བུན་ལང་ལོང་དུ་འགྲོ་བ་དང་། ནང་གི་ཤེས་པ་གསལ་རྗེན་འཆར་བ་དང་། བར་གྱི་རྟོག་པ་རྒྱུན་ཆད་པ་དང་། བླ་མ་རྩ་ན་བཞུགས་ཀྱང་མིང་འབོད་མི་བྲ་བ་དང་འབྲལ་མི་བྲ་བ་ལྟ་བུ་དངོས་ཉམས་རྨི་ལམ་གྱི་རྟགས་མཚན་རྣམས་འབྱུང་ཞིང་ཐར་པའི་ལམ་མ་ནོར་བར་ཚུད་ཅིང་ས་ལམ་གྱི་བར་ཆད་རྣམས་ཞི། དངོས་གཞིའི་ཉམས་མྱོང་རྒྱུད་ལ་འབྱོར་སླ་ཞིང་གནས་ལུགས་མ་ནོར་བར་རྟོགས་པའི་རྩལ་ཆེན་རྫོགས། མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱེད་པ་སོགས་ཕན་ཡོན་ཚད་མེད་པས་ལྷག་པར་ཤེས་པར་བྱས་ལ། སླར་རྗེས་སུའང་སྣང་བ་བླ་མའི་སྐུ། གྲགས་ཚད་གསུང་། དྲན་རྟོགས་ཐུགས་ཀྱི་རང་བཞིན། སྣང་སྲིད་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་ཡོངས་སུ་ཤེས་པའི་ངང་ནས་སོ།། ༈ །།ད་ནི་དེ་དག་ཐམས་ཅད་དང་འབྲེལ་དགོས་ངེས་རྗེས་ཀྱི་བྱ་བ་བསྔོ་སྨོན་གྱི་རིམ་པ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་གསུངས་པ་ལྟར་བརྗོད་དེ་དགེ་བ་གང་འགྲུབ་བསྔོ་སྨོན་གྱིས་རྒྱས་ཡོངས་སུ་ཐེབས་པར་བྱ་དགོས་པ་ཡིན་ཏེ། རྗེ་ལྷ་རྩེ་བས། འགྲོ་དྲུག་གི་དོན་དུ་ཐུགས་བསྐྱེད་ནས། །ལས་དཀར་པོ་དགེ་བཅུས་དུས་འདའ་བར། །དེ་འཁོར་གསུམ་ཡོངས་སུ་དག་ན་རབ། །དེ་མིན་ཡང་བྱང་ཆུབ་ཡོངས་བསྔོ་འཚལ། །ཞེས་དང་། རྗེ་འབྲི་གུང་པས། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱི་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་སྨིན་པས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར་གལ་ཆེ་ཞིང་། དེའང་བསྔོ་སྨོན་ཅེས་པའི་དོན་ནི། འགྲེལ་བའི་རྣམ་པ་ཕྲའང་བཀོད་པ་དོན་ཆེ་བའི་ཕྱིར། འོག་ཏུ་འཆད་འགྱུར་ལྟར་བསྡུ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་དམ་པ་ཐོབ་ཕྱིར་དུ་དགེ་བའི་རྩ་བ་རྣམས་སྦྱིན་པ་གཏོང་བའི་བསྔོ་བར་བྱ་བ་ཡིན་པས་ན་བསྔོ་བ་ཞེས་དང་། དེའི་དོན་བྱེ་བྲག་ཏུ་རང་གཞན་དོན་གཉིས་སམ། བསྟན་དང་འགྲོ་བའམ་མདོར་ན་ཚེ་རབས་ཀུན་ཏུ་ལེགས་སྤེལ་ཉེས་སེལ་གྱི་ཕྱིར་དུ། དེ་ལྟར་འགྲུབ་པར་ཡིད་ཀྱིས་སྨོན་ནས་བདེན་པའི་ཚིག་དང་བཅས་ཀྱིས་ལམ་ཕྱིན་ཅི་མ་ལོག་པའི་རིམ་པ་ལ་སྦྱོར་བས་ན་སྨོན་ལམ་ཞེས་པའམ། ཡང་ན་རང་གཞན་འཕྲལ་ཡུན་ཀུན་ཏུ་ལེགས་སྤེལ་ཉེས་སེལ་གྱི་འདོད་པའི་དོན་ལ་སྨོན་པའི་གནས་སམ། ལམ་ཡང་དག་པས་ན་སྨོན་ལམ་ཞེས་དང་། དེ་ལྟར་འགྲུབ་པའི་ཕྱིར་དུ། བདག་གི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོས་པའི་མཐུ་ཟབ་མོ་ལ་བརྟེན་ནས་དུས་མྱུར་བ་ཉིད་དུ་དེ་དེ་བཞིན་དུ་འགྲུབ་པར་ཤོག །ཅེས་པས་ན་སྨོན་ལམ་དང་བསྔོ་བ་གསུངས་པའི་དོན་སོགས་གོ་དགོས་པ་ཡིན་པར་འདུག །དེ་ལྟར་ཚིག་དོན་ཟུང་དུ་འབྲེལ་བའི་སྒོ་ནས། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་སོགས་བསྔོ་སྨོན་གྱི་རིམ་པ་ཡང་དག་པས་མཚམས་སྦྱོར་བྱེད་པ་དེས། དགེ་འབྲས་གོང་འཕེལ་དུ་འགྱུར་ཞིང་དགེ་རྩ་གནད་ལ་ཐེབས་པའི་དགོས་གནད་སོགས་གལ་པོ་ཆེ་རུ་ཡོད་པས་ཤེས་པར་བྱེད་པ་ལས། བསྔོ་བྱ་བསྔོ་བྱེད་སོགས་དམིགས་བཅས་དམིགས་མེད་གང་གིས་རྩིས་མ་ཟིན་པ་ནི་གཏི་མུག་བཏང་སྙོམས་ལུང་མ་བསྟན་ཞེས་ཕན་གནོད་གང་ཡང་མེད་པར་དགེ་རྩ་གང་འགྲུབ་རྣམས་བར་མ་དོར་ཆུད་ཟོས་སུ་འགྲོ་ཉེན་ཡོད་པས། བསྔོ་བྱ་སོགས་རྣམ་པ་དང་ངོ་བོ་ཡང་དག་པས་རྩིས་ཟིན་པ་གལ་ཆེ་སྟེ། ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོ་རེག་གྱུར་ཅིག །ཅེས་དང་། བློ་གྲོས་རྒྱ་མཚོའི་ཞུས་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། སློབ་དཔོན་དཔའ་བོས། ཇི་ལྟར་དགེ་བའི་རྩ་བ་དེ་ཀུན་ཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་སེམས་པ་ཀུན་བྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུ་རུ་བསྔོ། །ཞེས་ཕན་ཡོན་དང་བཅས་ཏེ་གསུངས་པ་ཇི་བཞིན་བསྔོ་བར་བྱ་དགོས་ཤིང་། དེས་ན་ཇི་ལྟར་བསྔོ་སྙམ་ན། རྒྱུ་ནི་ད་ལན་རང་གི་ས་ལམ་བསྐྱེད་རྫོགས་ཀྱི་རིམ་པ་གང་ལ་བརྩོན་པའི་དགེ་བ་དེ་དག་དམིགས་རྟེན་མཚོན་བྱེད་དུ་བྱས་ནས། རྒྱལ་བ་སྲས་དང་སློབ་མར་བཅས་པས་དུས་གསུམ་ན་བསགས་པའི་རྣམ་དཀར་གྱི་དགེ་ཚོགས་གང་མཆིས་པ་ཐམས་ཅད་མཚོན་བྱར་བྱས་ལ་དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་པའི་བློ་འདུན་གྱིས་ཡོངས་སུ་འཁྱུད་བཞིན་པའི་ངང་ནས། ཡུལ་གང་དུ་བསྔོ་སྙམ་ན། ལྷ་མིའི་བདེ་བ་ཙམ་དང་། ཉན་རང་དང་། བྱང་སེམས་ཀྱི་གོ་འཕང་ཐོབ་ཕྱིར་ཙམ་དུ་མ་ཡིན་ཏེ་དགེ་འབྲས་ཆེ་ཕྲ་དང་ལམ་ཉེ་རིང་ལ་མ་ལྟོས་པར་གོལ་འགྲོ་བ་ཡིན་པའི་ཕྱིར། དེས་ན་ཡུལ་གྱི་མཆོག་མཐར་ཐུག་པ་དུས་གཏན་གྱི་བདེ་བ་བླ་ན་མེད་པའི་གནས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་ས། སྐུ་བཞི་ཡེ་ཤེས་ལྔ་ཡི་ངོ་བོ། ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་དྲི་མ་མེད་པ་ཉིད་ལ་ཚད་འཛུགས་དགོས་ཏེ། དོན་སུའི་ཆེད་དུ་བསྔོ་སྙམ་ན། རང་དོན་དང་། གཉེན་ཉེ་འབྲེལ་དང་། འབྲེལ་ཐོགས་སོགས་ཕྱོགས་རེ་བ་ཙམ་གྱི་ཕྱིར་དུ་ཡང་མ་ཡིན་པར། ནམ་མཁའི་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱི་གར་ཁྱབ་ཕ་མ་དྲིན་ཆེན་གྱིས་ཁྱབ། ཕ་མ་དྲིན་ཆེན་གྱིས་གར་ཁྱབ་བདེ་སྡུག་གི་ལས་ཀྱིས་ཁྱབ་པས་ན། དེ་དག་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་དམ་པ་དེ་རུ། དུས་མྱུར་བ་ཉིད་དུ་ཕྱམ་གཅིག་འགོད་པའི་ཆེད་དུ་བསྔོ་དགོས་པ་ཡིན། དེའང་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཟབ་མོས་རྩིས་ཟིན་ན་ཁྱད་པར་དུ་མས་འཕགས་པ་ཉིད་དུ་གསུངས་སྟེ། དཀོན་མཆོག་སྤྲིན་མདོ་ལས། གང་ལ་དགེ་བ་མི་དམིགས་པ་དང་། ཇི་ལྟར་བྱ་བ་མི་དམིགས་པ་དང་། ཡོངས་སུ་འབད་པ་མི་དམིགས་པའི་ཚུལ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པར་བྱའོ། །ཞེས་དང་། དཀོན་བརྩེགས་ལས། ཇི་ལྟར་ཕ་རོལ་ཏུ་ཕྱིན་པའི་དགེ་བ་དྲུག་གིས་བསྡུས་པའི་དགེ་བ་གང་ལའང་བྱེད་པ་པོ་བདག་ཉིད་དང་། བྱ་བའི་ཡུལ། བྱས་པའི་དགེ་བ་གསུམ་བྱེད་དུས་ནས་བདེན་ཞེན་མེད་པར་སྤྲུལ་པ་ལྟ་བུའམ། སྒྱུ་མ་ལྟ་བུས་སྤྱད་ན་མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་རོ། །ཞེས་དང་། མདོ་སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་བཟའ་བ། །དཀར་པོའི་ཆོས་ལའང་དམིགས་པ་རྒྱལ་བས་དེ་སྐད་གསུང་། །ཅི་སྟེ་མཚན་མ་ཡོད་ན་བྱང་ཆུབ་བསྔོ་བ་མིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཞེས་དང་། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །སྲིད་པར་དེ་གནས་ཐར་པ་ཐོབ་མི་འགྱུར། །གལ་ཏེ་གཉིས་པོ་སྦྱོར་བར་ནུས་པ་ཡིས། །སྲིད་པར་མི་གནས་ཞི་བར་དེ་མི་གོལ། །ཞེས་གསུངས་པ་ལྟར་ཏེ། ལམ་ཤེས་རབ་སྙིང་རྗེས་མ་ཟིན་པའི་དགེ་བཅུ་ལྟ་བུ་ནི་དམན་པ་སྟེ་དཔེར་ན་ཆུ་ཤིང་གི་འབྲས་བུ་ལན་གཅིག་སྨིན་ནས་ཡོངས་སུ་སྐམ་པ་ལྟར། གཏི་མུག་གི་ས་པས་བསྡུས་པའི་ཕྱིར་དགེ་རྩ་རྐྱེན་གྱིས་འཇོམས་པ་དང་སྐྱེད་མི་འཕེལ་བར་མངོན་མཐོ་ལྷ་མིའི་བདེ་འབྲས་བསྐྱེད་ནས་ཟད་པར་འགྱུར་བས་ན་བསོད་ནམས་ཆ་མཐུན་གྱི་དགེ་བ་ཞེས་པ་དང་། ལམ་ཤེས་རབ་ཟབ་མོས་ཟིན་ནས་བཟུང་དགེ་རྩ་རྐྱེན་གྱིས་མི་ཤིག་པ་དང་། གོང་ནས་གོང་དུ་འཕེལ་ཏེ་བྱང་ཆུབ་ཐོབ་པའི་རྒྱུ་བྱེད་པས་ན་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་སྟེ་དཔེར་ན་ལྕགས་ལ་གསེར་འགྱུར་གྱི་རྩིས་ཡོངས་སུ་ཐེབས་པ་དང་ཉེ་བར་མཚུངས་ཏེ་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་གཉིས་ཀའི་རྒྱུ་བྱེད་པས་ན་དགེ་རྩ་སོགས་བདེན་མེད་སྟོང་པའི་ཤེས་རབ་ཀྱིས་རྩིས་ཡོངས་སུ་ཟིན་ན་ནི་ཁྱད་པར་དུ་མས་འཕགས་པ་ཉིད་དུ་བཞེད་འདུག་པ་དེ་ལྟ་ལར་ནི་འབྱོང་བ་གལ་ཆེ་བའི་རང་བཞིན་དང་། འོན་ཀྱང་ད་ལྟ་རང་རེ་ལས་དང་པོ་པའི་སྐབས་སུ་འཁོར་གསུམ་བདེན་མེད་དུ་མཉམ་པར་བཞག་ཀྱང་དམིགས་བཅས་ལས་ནམ་ཡང་མི་འདའ་ཞིང་། ནམ་ཞིག་སྟོང་ཉིད་ཀྱི་ཤེས་རབ་ཟབ་མོ་རྟོགས་པའི་ཚེ་རྣམ་པ་དམིགས་བཅས་སུ་ཇི་ལྟར་བསྒོམ་རུང་ངོ་བོ་ཤེས་རབ་སྟོང་པའི་རྩིས་རང་ཤུགས་ཀྱིས་ཟིན་ནས་དུས་མཉམ་དུ་ཁྱབ་པ་ཞིག་ཡོང་རྒྱུ་ཡོད་པ་ཡིན་པས། དེ་ལྟ་བུར་མ་རྟོགས་ཀྱི་བར་དུ་རེ་ཞིག་ལྷག་བསམ་གྱི་འདུན་པ་ཁོ་ན་ལ་རག་ལས་ཤིང་དེ་སྟོབས་ཆེ་བ་ཡིན་པས་ཤེས་པར་བྱ་དགོས་སུ་ཐུག་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །རང་བཞིན་བདེན་མེད་སྒྱུ་མ་དང་། །རྨི་ལམ་ལྟ་བུར་བློ་བཞག་བྱ། །ཞེས་དང་། ལྟུང་བཤགས་ལས། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་དང་། བཟང་སྤྱོད་ལས། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་གསུངས་པ་དང་ཉེ་བར་མཚུངས་པ་གོང་དུ་བཤད་མ་ཐག་པའི་ཚུལ་ལྟར། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད། དུས་མྱུར་བ་ཉིད་དུ་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་དུ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་དེ་དེ་བཞིན་བདག་གིས་ཀྱང་རྗེས་སུ་སློབ་ནས་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པས་འདུན་པ་རྩེ་གཅིག་པའི་ངང་དུ་དོན་རྣམས་ཧྲིལ་གྱིས་འདུས་ཡོད་པས་ཚིག་རྗེས་དོན་དྲན་ཀྱི་ངང་ནས་བསྔོ་སྨོན་གྱི་བདེན་ཚིག་ཟབ་མོ་རྣམས་ཆད་ལྷག་མ་སོང་བར་དལ་ཆགས་པ་ཞིབ་ཀྱིས་འདོན་པར་བྱའོ། །དེ་ལྟར་སྔོན་འགྲོའི་ཁྲིད་ཡིག་ཕལ་ཆེར་ནི་རྒྱས་ཆེ་བའི་དབང་གིས་དཔེ་དང་ལུང་འདྲེན་ཕན་ཡོན་སོགས་ཀྱི་གསུང་ཚིག་རྣམས་གོ་བས་མ་ཆུན་ཏེ། དོན་ཉམས་སུ་སྙིང་པོར་ལེན་འདོད་རྣམས་ལ་བཤད་བདེ། ཉན་བདེ་སྒྲུབ་བདེའི་ཕྱིར་ན་སྙིང་པོ་འདི་ཙམ་དུ་ཡོངས་སུ་འདུས་པར་བྱས་ཏེ། ཡི་གེའི་གཟུགས་སུ་སྲས་མིང་པ་ཨཱརྻ་ཏིཥྛ་བཛྲས་ལྷ་བྲག་ཡང་མཛོད་ཀྱི་སྒྲུབ་གནས་དབེན་པར་གནས་པའི་སྐབས། ཐུན་གྱི་བར་བར་ལ་ལྷག་བསམ་ཤིན་ཏུ་དྭངས་པའི་ངོགས་ནས་བཀོད་པ་ཡིན་པས་དོན་ཉམས་སུ་ལེན་མཁན་དང་ལྡན་པར་ཤོག་ཅིག་བླ་མ་མཁྱེན་ནོ། །སླར་སྨྲས་པ། ད་རེས་དལ་འབྱོར་ཕུན་སུམ་ཚོགས་པའི་སྐབས། །ཐར་པ་མཆོག་གི་བཙན་ས་མ་བཟུང་ན། །ཚེ་འདི་གློ་བུར་ཕལ་ཆེར་འཆི་ནས་འགྲོ། །ངན་སོང་གནས་སུ་འཁྱམས་དུས་འགྱོད་ཀྱང་འཕྱི། །དོན་ནི་ཡོད་ལ་མེད་པའི་བྱ་བཞག་དོར། །སྙིང་པོ་ཆོས་ལ་དྲིལ་ཅིག་གྲོགས་མཆེད་རྣམས། །བདེ་གཤེགས་ཁམས་ཀྱི་མེ་ལོང་ཡེ་དྭངས་ཀྱང་། །གློ་བུར་གཡའ་ཡིས་ཚེ་རབས་ཀུན་ཏུ་བསྒྲིབས། །དེ་ཕྱིར་རྒྱལ་བ་ཐུགས་རྗེ་ཐབས་མཁས་པའི། །འཇུག་པ་འདི་ལ་སུ་ཞིག་བརྩོན་བྱས་ན། །མཆོག་གསུམ་རྗེས་བཟུང་བྱང་ཆུབ་སེམས་མཆོག་འབྱོངས། །སྒྲིབ་ཚོགས་བྱང་ཞིང་བསོད་ནམས་ཚོགས་རབ་རྫོགས། །ཁྱད་པར་བླ་མའི་རྣལ་འབྱོར་ལ་བརྟེན་ཚེ། །རང་བྱུང་གཉུག་མའི་ཡེ་ཤེས་མངོན་གྱུར་ཏེ། །སྐུ་བཞིའི་གོ་འཕང་མྱུར་དུ་རེག་པས་ན། །གཞན་དོན་ཐུགས་བསྐྱེད་ཡར་ཟླའི་དཔལ་བཞིན་རོལ། །ཕྱོགས་ཀྱི་གྲུབ་པའི་འདབ་མ་གྱེས་པར་མཛོད། །སརྦ་མངྒ་ལཾ།། །།