སྔོན་འགྲོ་བློ་ལྡོག་རྣམ་བཞིའི་ཟིན་ཐུན་མདོར་བསྡུས།

From Khyentse Lineage - A Tsadra Foundation Project
SPCD-KABUM-01-KA-006
Wylie title sngon 'gro blo ldog rnam bzhi'i zin thun mdor bsdus SPCD-KABUM-01-KA-006.pdf
Location 'phags mchog bka' 'bum
Volume 1, Text 6, Pages 101-299 (Folios 1a1 to 100a3)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Sngon 'gro blo ldog rnam bzhi'i zin thun mdor bsdus. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 1: 101-299. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Notes - zin bris  ·  Preliminary Practices - sngon 'gro
Colophon

།།ཞེས་པའང་བཤད་བཤད་ཡམ་ཡམ་ཙམ་མ་ཡིན་པར་ཚེ་འདིའི་གོམ་ཕྱེད་ཕྱི་མའི་ལམ་ལ་སྤོ་ཚར་བ་ལྟ་བུའི་ངང་ནས་རང་གི་རྒྱུད་ཆོས་ཀྱི་མྱོང་བ་ཕྲན་ཚེགས་རེ་གཞིར་བཞག་སྟེ་མཁས་གྲུབ་དུ་མས་མཛད་པའི་སྔོན་འགྲོའི་རིམ་པ་རྣམས་ལས། བློ་ལྡོག་རྣམ་བཞིའི་ས་བཅད་ཕྲི་སབ་ཕྲན་བུས་རྒྱས་བསྡུས་འཚམས་ཚོད་གནད་ཐོག་མེ་བཙའ་བཞག་པ་ལྟ་བུའི་གོ་སླ་བ་གཅེས་པར་བཏུས་པ་འདི་ནི་རང་གཞན་ཆོས་ལ་མོས་པ་རྣམས་ཀྱིས་ཀྱང་གོ་དཀའ་བ་དང་ཉམས་སུ་ལེན་རྒྱུ་གཞན་དག་རེ་ཡོད་སྙམ་གྱིས་ཁ་ཕྱིར་བལྟས་སུ་སོང་བའམ། ཆོས་སྒྲུབ་པ་ལ་སྤོབས་པ་ཞན་པ་ལྟ་བུའི་ལེ་ལོ་ཅན་མི་ཚེ་ཁ་སུད་སྣ་སུད་དུ་ཟད་པ་ཉམ་ཆུང་རྣམས་དང་། འཆད་ཉན་ལ་ལས་ནི་འདིར་སྣང་འཁོར་བའི་ཆོས་ལ་བསྙད་པས་སྙན་ཆོས་མཛེས་ཆོས་ཁོ་ནས་མི་འོང་བཞིན་དུ་གཞན་གྱི་མགོ་འདྲེན་བྱེད་ཅིང་། མི་ཐོན་བཞིན་དུ་ཕན་ཚུན་གྱི་བར་འདུམ། མི་ཉན་བཞིན་དུ་བསླབ་སྟོན་དང་སློབ་དཔོན། མི་དགའ་བཞིན་དུ་ངོ་སྲུང་དང་ལྐོག་ལབ། མི་རྟག་ཟེར་ཞིང་རེ་དོགས་དང་བསགས་བསྲུང་། རྒྱུ་འབྲས་ཟེར་ཞིང་དགེ་སྡིག་ལ་ཧམ་ཚོད། དམ་ཚིག་ཟེར་ཞིང་གཤིས་ངན་ལ་གཞོག་དྲུད། སེར་གོས་གྱོན་ཅིང་ཆོས་བརྒྱད་ཀྱི་ཕུང་པོ་རང་ལྟ་བུ་འགའ་ལ་ཕྱི་རབས་ཅུང་ཟད་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་སྲས་མིང་བྱ་བྲལ་བ་བཛྲ་ས་མནྟས་གནས་མཆོག་ལྷ་བྲག་ཡང་མཛོད་ནས་ཡི་གེའི་གཟུགས་སུ་བཀོད་པ་ཡིན་ཞིང་དེའང་ཡོན་ཏན་ལྡན་པ་ལ་རང་གཞན་གྱི་སྐྱོན་རྣམས་ཅུང་ཟད་རེ་སྟོན་པའི་སྒོ་ནས་མ་བཤད་ན་སྙིགས་དུས་འགྱུར་བའི་ཡོ་ལང་གི་སྐབས་འདིར་རྣ་བའི་ཤེས་པ་ཙམ་གཏད་དེ་ཉན་མཁན་དཀོན་པར་འདུག་པས་དེ་ལྟར་ལས། ཆོས་ཀྱི་ཕྱོགས་ནས་ལྟ་ཞོག་ཚིག་རྩུབ་ཀྱི་རིགས་གཏན་ནས་སྤངས་ཟིན་ཁུལ་ཡིན་པས་རང་སྐྱོན་མ་རིག་སྟེ་གཞན་སྐྱོན་བརྗོད་པའམ། མཐོང་བ་ཅུང་ཟད་ཙམ་མཆིས་ན་དེས་ཀྱང་ཕྱི་མའི་སྒྲིབ་པ་མི་འགྱུར་བར་སྙིང་ནས་ཀུན་ལ་བཤགས་པ་འཚལ་ཞིང་། ལེགས་བྱས་དགེ་བའི་བདེན་དོན་ཟབ་མོས་དད་ཅན་སྐྱེ་འགྲོའི་གཙོས་གྱུར་རྣམས་དལ་འབྱོར་ཐོབ་དཀའ་བས་སྙིང་པོ་ཆོས་ལ་བསྐུལ་མ་གདབ་སྟེ། འཆི་བ་མི་རྟག་པས་ཚེ་འདིའི་བློ་སྣ་ཡོངས་སུ་བསྟུངས། རྒྱུ་འབྲས་ལ་ཡིད་ཆེས་རྙེད་ནས་སྤང་བླང་ཀུན་ཕྲ་ཞིང་ཕྲ་བར་ཞིབ། འཁོར་བའི་ཉེས་དམིགས་དྲན་ཏེ་ཐར་པའི་ལམ་ལ་དད་མོས་ཚད་མེད་ལྷག་པར་སྐྱེས་ནས་དོན་དམ་ཡེ་ཤེས་ཀྱི་གནས་ལུགས་མངོན་དུ་བྱེད་པའི་རྒྱུར་འགྱུར་བར་ཤོག་ཅིག །སརྦ་མངྒ་ལཾ། །དགེའོ།། །།

//zhes pa'ang bshad bshad yam yam tsam ma yin par tshe 'di'i gom phyed phyi ma'i lam la spo tshar ba lta bu'i ngang nas rang gi rgyud chos kyi myong ba phran tshegs re gzhir bzhag ste mkhas grub du mas mdzad pa'i sngon 'gro'i rim pa rnams las/_blo ldog rnam bzhi'i sa bcad phri sab phran bus rgyas bsdus 'tshams tshod gnad thog me btsa' bzhag pa lta bu'i go sla ba gces par btus pa 'di ni rang gzhan chos la mos pa rnams kyis kyang go dka' ba dang nyams su len rgyu gzhan dag re yod snyam gyis kha phyir bltas su song ba'am/_chos sgrub pa la spobs pa zhan pa lta bu'i le lo can mi tshe kha sud sna sud du zad pa nyam chung rnams dang /_'chad nyan la las ni 'dir snang 'khor ba'i chos la bsnyad pas snyan chos mdzes chos kho nas mi 'ong bzhin du gzhan gyi mgo 'dren byed cing /_mi thon bzhin du phan tshun gyi bar 'dum/_mi nyan bzhin du bslab ston dang slob dpon/_mi dga' bzhin du ngo srung dang lkog lab/_mi rtag zer zhing re dogs dang bsags bsrung /_rgyu 'bras zer zhing dge sdig la ham tshod/_dam tshig zer zhing gshis ngan la gzhog drud/_ser gos gyon cing chos brgyad kyi phung po rang lta bu 'ga' la phyi rabs cung zad phan sems kyis kun nas bslangs te sras ming bya bral ba badz+ra sa man+tas gnas mchog lha brag yang mdzod nas yi ge'i gzugs su bkod pa yin zhing de'ang yon tan ldan pa la rang gzhan gyi skyon rnams cung zad re ston pa'i sgo nas ma bshad na snyigs dus 'gyur ba'i yo lang gi skabs 'dir rna ba'i shes pa tsam gtad de nyan mkhan dkon par 'dug pas de ltar las/_chos kyi phyogs nas lta zhog tshig rtsub kyi rigs gtan nas spangs zin khul yin pas rang skyon ma rig ste gzhan skyon brjod pa'am/_mthong ba cung zad tsam mchis na des kyang phyi ma'i sgrib pa mi 'gyur bar snying nas kun la bshags pa 'tshal zhing /_legs byas dge ba'i bden don zab mos dad can skye 'gro'i gtsos gyur rnams dal 'byor thob dka' bas snying po chos la bskul ma gdab ste/_'chi ba mi rtag pas tshe 'di'i blo sna yongs su bstungs/_rgyu 'bras la yid ches rnyed nas spang blang kun phra zhing phra bar zhib/_'khor ba'i nyes dmigs dran te thar pa'i lam la dad mos tshad med lhag par skyes nas don dam ye shes kyi gnas lugs mngon du byed pa'i rgyur 'gyur bar shog cig_/sarba mang+ga laM/_/dge'o//_//

[edit]

༄༅། །སྔོན་འགྲོ་བློ་ལྡོག་རྣམ་བཞིའི་ཟིན་ཐུན་མདོར་བསྡུས་བཞུགས་སོ།།

༄༅། །བླ་མ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་དངོས། །དྲན་པས་སྙིང་གི་གདུང་སེལ་ཆོས་ཀྱི་རྗེ། །བཀའ་དྲིན་མཉམ་མེད་དཔལ་ལྡན་བླ་མ་ལ། །དངོས་པོ་ཀུན་གྱིས་བཏུད་དེ་ཕྱག་བགྱི་འོ། །འདི་ན་རང་བློ་གོམས་པ་བྱ་ཕྱིར་དང་། །སྙིགས་མའི་སྐྱེ་བོ་རང་འདྲའི་སྐལ་མཉམ་ལ། །ཅུང་ཟད་ཕན་པར་འགྱུར་སྙམ་སྔོན་འགྲོ་ཡི། །ཁྲིད་ཀྱི་ཟིན་ཐུན་ཉུང་ངུ་འབྲི་བར་བྱ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །དེ་ལ་ཆོས་སྟོན་མཁན་གྱི་བླ་མའང་རབ་འབྲིང་ཐ་མའི་རྣམ་དབྱེ་སྤྱི་དང་བྱེ་བྲག་མང་ཡང་། ད་སྐབས་ཤིན་ཏུ་མདོར་བསྡུས་ན་སྤྱིར་ཐོས་བསམ་གྱི་ཡོན་ཏན་ལ་མ་རྨོངས་པའི་ཤེས་རབ་ཆེན་པོས་ཆོས་དང་གདམས་པ་གང་འཆད་རུང་ཐོགས་རྡུགས་མེད་པ་དང་། རང་རྒྱུད་གདམས་ངག་ཟབ་མོ་ལ་གོམས་འདྲིས་ཐོན་པས་ཉམས་མྱོང་རྟོགས་པའི་ཐུགས་རྒྱུད་ལེགས་པར་ཕྱུག་པ་དང་། གཞན་ཕན་བཟོད་མེད་ཀྱི་སྙིང་རྗེ་ཆེན་པོ་དང་ལྡན་པས་འགྲོ་དོན་དངོས་བརྒྱུད་བར་གསུམ་ནས་བརྩམ་པ་ལ་ཐུགས་གཅིག་ཏུ་སྤྲོ་བ། མོས་གུས་ཆེན་པོས་བླ་མ་དཀོན་མཆོག་དབང་དུ་འདུ་བའི་བྱིན་རླབས་ཀྱི་ཚན་ཁ་རྡོལ་བས་གཞན་རྒྱུད་ཆོས་ཕྱོགས་སུ་བསྒྱུར་ནུས་པ་ཞིག་གིས་ཆོས་འཆད་དགོས་པ་ཡིན། འཆད་ལུགས་ལའང་སྔོན་བྱོན་སངས་རྒྱས་རྣམས་ཀྱིས་རྫུ་འཕྲུལ་གསུམ་གྱི་སྒོ་ནས་འཆད་དེ། སྐུའི་འོད་འགྱེད་པ་དང་། ཤིང་ཏ་ལའི་ལོ་མའི་སྟེང་དུ་བཞུགས་པ་དང་། ནམ་མཁར་འཕུར་བ་སོགས་ཆོ་འཕྲུལ་ཚད་མེད་སྟོན་པ་དང་། ཐུགས་ཀྱིས་གདུལ་བྱའི་རིགས་དང་། ཁམས་དང་། དབང་པོ་དང་། བསམ་པ་དང་། བག་ཉལ་མ་ལུས་པ་མཁྱེན་པ་དང་། གསུང་གིས་དབྱངས་ཡན་ལག་དྲུག་ཅུའི་གདུལ་བྱའི་བློ་དང་བསྟུན་ནས་ཆོས་འཆད་པར་མཛད་དོ། །དགྲ་བཅོམ་པ་རྣམས་ཀྱིས་དག་པ་གསུམ་གྱི་སྒོ་ནས་འཆད་དེ། གདུལ་བྱ་ཆོས་ཀྱི་སྣོད་ཡིན་མིན་མངོན་ཤེས་ཀྱིས་བརྟག་པ་དང་། ངག་དང་ཚིག་གི་དྲི་མ་མེད་པར་རྣ་བར་སྙན་པའི་མཚམས་སྦྱོར་བ་དང་། ཆོས་ཀྱི་དོན་མ་ནོར་བ་འཁྲུལ་བ་མེད་པར་ཐར་པའི་ལམ་ལ་འདྲེན་ནས་འཆད་པའོ། པཎྜི་ཏས་ཆོས་འཆད་ལུགས་ནི། དཔལ་ནཱ་ལནྡྲའི་གཙུག་ལག་ཁང་དུ་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད་དེ། གནས་འོག་མིན་གྱི་ཞིང་། སྟོན་པ་རྡོ་རྗེ་འཆང་དངོས། འཁོར་བྱང་སེམས་ཀྱི་རང་བཞིན། ཆོས་ཐེག་པ་ཆེན་པོ། དུས་རྟག་པ་རྒྱུན་གྱི་འཁོར་ལོ་ལྔའི་སྒོ་ནས་འཆད་ཅིང་། དེ་བཞིན་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་རྩིས་མགོ་ཡན་ལག་ལྔའི་སྒོ་ནས་འཆད་དེ། ཆོས་མཛད་པ་པོ་གང་ཡིན། ལུང་གང་ནས་བཏུས་པ། ཕྱོགས་གང་དུ་གཏོགས་པ། དོན་སུའི་ཆེད་དུ་མཛད་པ། དབུ་ནས་ཞབས་སུ་བསྡུ་བའི་དོན་དུ་བསྟན་པ་ལྔའི་སྒོ་ནས་འཆད་པའོ། །དེའང་རང་རེས་ཁྲིད་འཆད་ལུགས་ཀྱི་རིམ་པ་བསྡུ་ན་སྤང་བླང་གི་རིགས་གཉིས་ཏེ། ཟོག་པོའི་འུར་ཁྲིད་ཅེས་པ་ནི། རང་དོན་འགྲུབ་པ་དང་གཞན་ཕན་གྱི་བསམ་པ་རྣམ་དག་མེད་ཀྱང་ཡོད་མདོག་བྱེད་ནས་གདམས་ངག་ཚིག་ཙམ་ཞིག་འ་རེ་འུར་རེའི་བཤད་པ་དང་། འདོད་པོ་ཆེའི་དཔུང་ཁྲིད་ཅེས་པ་ནི། ཚེ་འདིའི་སྙན་གྲགས་དང་། ཐོས་རྒྱ་འདོད་པ་དང་། ཁྲིད་ལ་དོན་གྱི་ངེས་ཤེས་མེད་པའི་འཆད་པ་དང་། ཤེས་ཆུང་གི་དཔེ་ཁྲིད་ཅེས་པ་ནི་སྤྱིར་ཐོས་བསམ་གྱིས་དབུལ་བ། སྒོས་གདམས་ངག་ལ་གོམས་འདྲིས་མེད་པར་དཔེ་ཆ་ལ་བརྟེན་ཏེ་ཀློག་མཁན་གྱི་ཡི་གེ་འདོན་པ་ལྟར་རམ། ཚིག་ཙམ་བློ་ལ་ཡོད་རུང་དོན་མི་ཤེས་པ་བཙུན་པ་གསར་པས་འདོན་པ་བཤར་བ་ལྟ་བུ་དང་། སྐུ་ཆེན་གྱི་སྤོམ་ཁྲིད་ཅེས་པ་ནི་ཁྲིད་རིམ་ལྟར་ཞིབ་ཆ་མི་མཛད་པར་སྤོམ་མེ། ཡོར་རེ་བསྡུས་སེ་བ་ཞིག་གསུང་མཛད་པ་ལ་དེ་དག་རྣམས་སྤངས་ནས། པཎྜི་ཏའི་ཚིག་ཁྲིད་ཅེས་པ་ནི། ཚིག་གི་རྣམ་གྲངས་རྒྱས་ཤིང་རྒྱས་པ་ཕྲ་ཞིང་ཕྲ་བ་སྟོན་ནས་ལུང་འདྲེན་གྱིས་རྒྱབ་སྐྱོར་ཚིག་མཐའ་ཚིག་གིས་དེད་དེ་དོན་རྣམས་སྟོན་པ་དང་། སྒོམ་ཆེན་གྱི་དམར་ཁྲིད་ཅེས་པ་ནི་གདམས་ངག་གི་རིམ་པ་ཐམས་ཅད་སྒོམ་ཉམས་དང་ངེས་པར་བསྟུན་ཏེ་ལག་ལེན་དམར་ཁྲིད་སྟོན་པ་དང་། རྣལ་འབྱོར་པའི་མྱོང་ཁྲིད་ཅེས་པ་ནི་རང་གི་ཉམས་སུ་མྱོང་བའི་རིམ་པ་འགྲིབ་མེད་དུ་བཤད་པ་དང་། རྒན་མོའི་མཛུབ་ཁྲིད་ཅེས་པ་ནི་དེ་རྣམས་གོ་ལོ། ཤེས་ལོ། སྒྲུབ་ལོ་ཙམ་དུ་མི་བཞག་པར་ཞིབ་ཆ་གཅིག་ནས་གཉིས་སུ་དཀྲིག་དཀྲིག་ཀད་ཀད་ཀྱིས་སྟོན་པ་ཡིན་པས་རང་རེ་གྲུབ་པའི་ཁོངས་སུ་གཏོགས་པ་རྣམས་ཀྱིས་དེ་དག་ལྟ་བུའི་སྒོ་ནས་ཆོས་འཆད་དགོས་པ་དང་། དེའང་བསྡུ་ན་དང་པོ་མཁས་པའི་ཤེས་རབ་ནི། ཐོས་བསམ་གྱི་གོ་རྒྱ་ཆེ་བས་རྗོད་བྱེད་ཀྱི་ཚིག་ཀྱང་བརྡའ་དག་པ། གང་ནས་བཤད་ཀྱང་འབྲེལ་ཆགས་པ། ཇི་ཙམ་བཤད་ཀྱང་རན་པ། ཇི་ལྟར་བཤད་ཚད་འཐད་བཞིན་ཉན་པ་པོའི་རྣ་བར་སྙན་ཅིང་ཚིག་གིས་དོན་བློ་ལ་བསྐྱེད་ནུས་པ་དང་། གཉིས་པ་བརྩེ་བ་ནི། ཚེ་འདིའི་རང་འདོད་ཀྱི་བསམ་པས་ཀུན་ནས་བསླང་བ་སྟེ། ང་རྒྱལ་ངོམ་ཆོས་ཀྱི་མཁས་རློམས་དང་། སྙན་གྲགས་དང་རྙེད་བཀུར་རེ་བ་དང་། མི་ངོ་རྒྱུ་ངོ་ལ་བལྟ་བ་དང་། ཕོ་རིམ་མོ་མཛངས་ཐབས་ཀྱིས་བྲེད་ནས་ཆོས་སྟོན་པ་དང་། མི་མཐུན་པའི་ཕྱོགས་ལ་ཟིལ་གནོན་དང་ཕྲག་དོག་འགྲན་སེམས་ཀྱི་སྒོ་ནས་ལྟར་སྣང་དུ་ཆོས་འཆད་ཉན་ཇི་ལྟར་བྱས་རུང་གཞན་ལ་ཕན་ཐོགས་མི་འབྱུང་ཞིང་། ཆོས་ལ་བརྟེན་པའི་ཉེས་པ་ཚབ་ཆེན་བསྐྱེད་པས་བསམ་པ་དེ་དག་སྤོངས་ལ་ཆོས་སྟོན་པ་ནི་སངས་རྒྱས་བྱང་སེམས་ཀྱི་མཛད་པ་ཁྱད་པར་ཅན་ཡིན་བཞིན། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་འཆད་དགོས་པ་དང་། གསུམ་པ་སྦྱོར་བཟོད་ནི་ཆོས་སྟོན་པའི་གནས་སྐབས་མི་མཐུན་པའི་ཕྱོགས་བར་ཆད་དང་། རྐྱེན་གྱི་རྣམ་པ་དང་། ལུས་སེམས་ལ་གནོད་པའི་ཟུག་རྔུ་དང་ངལ་དུབ་ཀྱི་དཀའ་ལས་ལ་སྐྱོ་བ་མི་སྐྱེ་བ་ཐམས་ཅད་བཟོད་པར་བྱས་ནས་འཆད་དགོས་ཏེ། མདོ་ལས་ཆོས་སྟོན་པ་ནི་དམ་པའི་ཆོས་འཛིན་པའི་ཕྱིར་ཡིན་གྱི། རྙེད་དང་བཀུར་སྟིའི་ཕྱིར་མ་ཡིན། བྱམས་པ་དང་སྙིང་རྗེའི་ཕྱིར་ཡིན་གྱི། ང་རྒྱལ་ཕྱིར་དུ་མ་ཡིན། གཞན་གྱི་དོན་དུ་སྙིང་རྗེ་ཆེན་པོས་བསྟན་གྱི། བདག་ཉིད་བདེ་བ་འདོད་པའི་ཕྱིར་མ་ཡིན་ནོ། །ཞེས་གསུངས་པ་ལྟར་འཇིག་རྟེན་ཆོས་བརྒྱད་གཡོ་སྒྱུ་ཟོལ་ཟོག་གིས་མགོ་བསྐོར་ནོར་ཚོལ་སོགས་ཀྱི་རིགས་སྤངས་ཏེ་ཕར་ཕྱིན་དྲུག་ལྡན་གྱི་སྒོ་ནས་འཆད་དགོས་པ་ཡིན། དེའང་འདི་ལྟ་སྟེ། རྙེད་བསྟོད་སྙན་གྲགས་སོགས་ཀྱི་རེ་བ་མ་ཡིན་པའི་སྒོ་ནས་འཆད་པ་ནི་སྦྱིན་པ། གཞན་ལ་ཟུར་ཟ་ཁྱད་གསོད་སོགས་མིན་པའི་སྒོ་ནས་འཆད་པ་ནི་ཚུལ་ཁྲིམས། ཡང་ཡང་དྲིས་ཀྱང་ཕན་སེམས་ལྡན་བཞིན་མི་ཁྲོ་བ་ནི་བཟོད་པ། ཉིན་གྱི་རྣམ་གཡེང་དང་མཚན་གྱི་གཉིད་སྤངས་ཏེ་སེམས་མི་སྐྱོ་བར་བཤད་པ་ནི་བརྩོན་འགྲུས། ཚིག་དོན་གོང་འོག་སོགས་མ་ནོར་བ་ཐུགས་རྩེ་གཅིག་ཏུ་གཏད་ནས་འཆད་པ་ནི་བསམ་གཏན། འཁོར་གསུམ་དག་པའི་སྒོ་ནས་སློབ་མའི་རྒྱུད་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་ངེས་པར་མཛད་པས་ན་ཤེས་རབ་སྟེ་ཕར་ཕྱིན་དྲུག་ལྡན་གྱི་ངང་ནས་ཆོས་ཡང་དག་སྟོན་དགོས་ཤིང་། ཆོས་དེ་ལྟར་ཡང་དག་པ་སྟོན་པའི་ཕན་ཡོན་ཡང་ཚད་མེད་དེ་འཇིག་རྟེན་ཁམས་སུ་རྒྱལ་སྲིད་སྣ་བདུན་རིན་ཆེན་སྣ་ཚོགས་དང་། མར་མེ་སྤོས་སོགས་ཀྱིས་ཡོངས་སུ་བཀང་སྟེ་སངས་རྒྱས་རྣམས་ལ་རྟག་ཏུ་མཆོད་པ་བྱས་པ་ལས་ཀྱང་ཆེས་ཆེར་ལྷག་སྟེ། དཀོན་བརྩེགས་ལས། འཇིག་རྟེན་ཁམས་སུ་རིན་ཆེན་གྱིས་བཀང་སྟེ། །དགེ་མཆོག་སེམས་ཀྱིས་རྒྱལ་བར་ཕུལ་བ་བས། །སེམས་ཅན་གང་ལ་ཚིགས་བཅད་གཅིག་སྦྱིན་པ། །ཆར་ཡང་མི་ཕོད་གྲངས་སུ་མ་ཡིན་ནོ། །ཞེས་དང་། དེ་བཞིན་འཇིག་རྟེན་ཁམས་ཐམས་ཅད་གསེར་དངུལ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་ཉམ་ཐག་སེམས་ཅན་རྣམས་ལ་སྦྱིན་པ་གཏོང་བ་བས་ཀྱང་དམ་པའི་ཆོས་ཚིག་གཅིག་སྟོན་པ་ཕན་ཡོན་ཆེ་སྟེ། མདོ་ལས། གང་གིས་ཇི་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་གཏོང་བ་ལས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ༑ །དེ་ཡི་ཕན་ཡོན་ཅི་འདྲ་དེ་ལ་མེད། །ཅེས་དང་། མདོ་ཕལ་པོ་ཆེ་ལས། གཞན་ལ་ཕན་པའི་བསམ་པས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ཆེན་ཁུར་བ་རྣམས། །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་མཛད། །ཅེས་གསུངས་པ་ལྟར་ཕན་ཡོན་ཐམས་ཅད་ཀྱི་མཐར་ཐུག་བླ་ན་མེད་པར་ཤེས་པའི་སྒོ་ནས་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་ཁོར་མོ་ཡུག་ཏུ་སྤྱོད་པ་ཤིན་ཏུ་ཉམ་ཐག་གི་འགྲོ་བ་ནད་པ་དབུལ་ཕོངས་ཉམ་ཆུང་དང་། འོན་ལྐུགས་བླུན་རྨོངས་སྡིག་ཤས་ཆེ་བ་དང་། དམན་པའི་རིགས་ལ་ལྷག་པར་བརྩེ་བའི་ངང་ནས་ཡང་དག་པའི་ལམ་དང་ལམ་གྱི་སྟེགས་འབྲས་བུ་ལ་དངོས་སུ་སྦྱོར་བའི་ཕྱིར་ཆོས་དང་གདམས་པའི་རིམ་པ་སྐྱོ་སུན་དང་ངལ་བ་ཐམས་ཅད་སྤངས་ཏེ། ཚད་མེད་པའི་སྙིང་རྗེ་ཆེན་པོས་ཆོས་ཚིག་གཅིག་ཡིན་རུང་འཆད་པ་ལ་ཐུགས་གཅིག་ཏུ་སྤྲོ་བས་ནམ་འཆིའི་བར་དུ་བཀའ་དྲིན་སྐྱོང་བར་ཞུ། དེ་བཞིན་ཆོས་ཞུ་མི་ཐར་པ་དམ་པ་དོན་དུ་གཉེར་བའི་བློ་ཅན་རང་གཞན་རྣམས་ཀྱིས་ཐོག་མར་མདོ་རྒྱུད་རིན་པོ་ཆེ་རྣམས་ལས་ཇི་ལྟར་གསུངས་པ་བཞིན་དུ་ཀུན་སློང་རྣམ་པ་གཉིས་དང་། ཀུན་སྤྱོད་སྤང་བླང་གི་རིམ་པ་རྣམས་ལེགས་པར་གསལ་བཏབ་ནས་གསན་དགོས་པ་ཡིན་པས། དང་པོ་མི་དགེ་བའི་ཀུན་སློང་སྐྱོན་ཅན་བསལ་བྱ་ནི་འཇིགས་སྐྱོབ་དང་ལེགས་སྨོན། འགྲན་སེམས་དང་ལུང་མ་བསྟན་དང་བཞི་སྟེ། དང་པོ་འཇིགས་སྐྱོབ་ནི། ནད་ཀྱིས་འཇིགས་པ། གདོན་གྱིས་འཇིགས་པ། རྒྱལ་པོའི་ཆད་པས་འཇིགས་པ། མུ་གེའི་འཇིགས་པ་སོགས་ཀྱི་ཕྱིར་དུ་ཆོས་ཞུས་ནས་གང་ལྟར་བསྒྲུབས་ཀྱང་དེ་དག་གི་འཇིགས་པ་སྐྱོབ་ཙམ་ལས་ཡང་དག་གི་འབྲས་བུ་མེད་པ་དང་། ལེགས་སྨོན་ནི། དེ་བཞིན་དུ་རྒྱུ་ནོར་གྱི་འབྱོར་བ། ཐོབ་ཐང་། བསྟོད་པ། སྙན་གྲགས། བདེ་སྐྱིད་འབྱུང་དུ་རེ་བ་དང་། མི་འབྱུང་བའི་ཕྱིར་དུ་དོགས་པ་སྐྱེས་ཏེ་དབང་ཁྲིད་གདམས་པ་ཞུས་པའམ་མཚམས་བསྙེན་སྒྲུབ་ཇི་ལྟར་བྱས་རུང་། ཆོས་དང་འཇིག་རྟེན་གཉིས་པོ་ཟོང་དང་དམར་ཆ་བརྗེས་པ་ལྟ་བུ་སྟེ་དཔེར་ན་བོང་ཤ་ལ་རི་དྭགས་ཀྱི་རྔ་མ་སྦྱར་ནས་ཚོང་པ་དང་འདྲ་བ་དང་། འགྲན་སེམས་ནི། གོང་མའི་གཉའ་མནན་པའི་ཕྲག་དོག །འདྲ་འདྲ་ལ་འགྲན་པའི་ཕྲག་དོག །དམན་པ་དང་མཉམ་ཡོངས་ལ་ཕྲག་དོག་སྐྱེས་ཏེ་འགྲན་སེམས་ཀྱི་སྒོ་ནས་ཆོས་ཞུ་མཁན་ཀྱང་དེང་སང་མང་བ་དང་། དེ་དག་གིས་ཆོས་ལ་བརྟེན་པའི་ཀུན་སློང་ངན་པ་འཆང་བས་ན་ཕན་པར་མི་འགྱུར་བའི་སྟེང་། ཉེས་ཚབ་ཤིན་ཏུ་ལྕི་བའི་རང་བཞིན་དང་། ལུང་མ་བསྟན་ནི་དོན་དུ་གཉེར་བྱ་རབ་འབྲིང་ཐ་མ་ཅི་ཡང་མེད་པས་ཆོས་ཤིག་ཞུ་དང་སྙམ་ནས་མི་དྲེད་ཀྱི་ལད་མོ་ལྟ་བུའམ། མི་རྗེས་ཁྱི་སོང་བ་ལྟ་བུས་ཀྱང་ཐར་པའི་ས་བོན་ཙམ་མི་ཐེབས་པར་བཞེད་པས་མདོར་ན་འཇིག་རྟེན་ཚེ་འདིས་ཀུན་སློང་ངན་པ་དེ་དག་ངེས་པར་སྤངས་ཏེ། བསྒྲུབ་བྱ་དགེ་བའི་ཀུན་སློང་ལའང་རབ་འབྲིང་ཐ་མ་གསུམ་སྟེ། ཐ་མས་ངན་སོང་གསུམ་ལ་འཇིགས་ནས་མཐོ་རིས་དོན་དུ་གཉེར་བ་དེའི་སྒོ་ནས་སོ་ཐར་གྱི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་ལྡན་བཞིན་ཆོས་གོས་རྣམ་གསུམ་གྱོན་ཡང་འཇིག་རྟེན་རྒན་པོའི་བསམ་པ་ལས་མི་འཕགས་ཅིང་། དེ་བཞིན་བསྐྱེད་རིམ་ཞི་བ་བསྒོམས་ན་འདོད་ཁམས་ཀྱི་ལྷར་སྐྱེ། ཁྲོ་བོས་བདུད་དང་རུ་ཏྲར་སྐྱེ་ཞིང་། རྫོགས་རིམ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་སྒོམ་རུང་ཚོགས་བསགས་སྒྲིབ་སྦྱང་གིས་ཐེག་ན་གཟུགས་མེད་སྐྱེ་མཆེད་མུ་བཞི་དང་གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྐྱེ། མ་ཐེག་ན་བྱི་བ་དང་དྲེད་མོང་ལྟ་བུའི་གནས་ལས་འགྲོ་ས་མེད་པར་བཞེད་པ་དང་། འབྲིང་ཉན་རང་རིགས་དྲུག་གི་གནས་ལས་བློ་ལྡོག་རུང་རང་ཉིད་ཞི་བདེ་དོན་གཉེར་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་ཙམ་ལས་གཞན་དོན་གཏན་ནས་མི་འབྱུང་། བྱང་ཆུབ་སེམས་དཔའི་ས་དང་སངས་རྒྱས་ཀྱི་འབྲས་བུའི་ཡོན་ཏན་སོགས་མི་ལྡན་པས་དོན་ཆུང་བ་ཡིན་པས་དེ་གཉིས་པོ་ཡང་ངེས་པར་སྤངས་ཏེ། རང་རེ་ཐེག་པ་ཆེན་པོའི་སྒོར་ཞུགས་ནས་བཟུང་། མཐའ་གཉིས་ལ་མི་གནས་པ་དོན་གཉིས་ལྷུན་གྱིས་གྲུབ་པ་རྫོགས་པའི་སངས་རྒྱས་ཀྱི་ས་ཁོ་ན་རང་གཞན་ཐམས་ཅད་ཀྱི་ཐོབ་པའི་ཕྱིར་དུ་སེམས་ཡང་དག་པ་བསྐྱེད་པར་བྱ་སྟེ་ཕན་པ་མཆོག་ཏུ་འགྱུར། འགོད་པ་དོན་ཆེ། བྱ་བ་རླབས་ཆེ། མཛད་པ་ཡུན་རིང་བ་ཡིན་པའི་ཕྱིར་དེས་ན་ཐོག་མར་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཞེས་པ་ནི་འདི་ལྟར་འཆོས་པར་བྱ་སྟེ། ད་ལྟ་འཁོར་བ་ན་གནས་པའི་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ད་ལྟའི་སྣང་བ་ལྟར་སྐྱེ་འཕོས་རེས་མོས་གྲངས་མེད་དུ་བླངས་པས་ན་རང་ཅག་རྣམས་ཀྱི་ལན་གྲངས་ཕ་མ་མ་གྱུར་པ་ནི་གཅིག་ཙམ་མེད་དེ། མགོན་པོ་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལོང་མི་འགྱུར། །ཞེས་དང་། སློབ་སྤྲིངས་ལས། སྐྱེ་ཤི་འཕོས་པའི་ངོ་མ་ཤེས་པ་དེ་དོར་ནས། །གལ་ཏེ་བདག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་པ་ལྟར་དྲིན་ཆེ་བའི་ལས་ཀྱང་སྔ་ཕྱི་དང་ཆ་ཡོད་མེད་ཙམ་མ་གཏོགས་འབྲལ་མི་ཕོད་བཞིན་དུ་འབྲལ་བ་ཚེ་འདིའི་ཕ་མ་དྲིན་ཆེན་རྣམས་དང་ཁྱད་པར་མེད་པ་ཤ་སྟག་ཡིན་ཞིང་། དེ་རྣམས་ཀྱིས་འདོད་པ་བདེ་བ་འདོད་ཀྱང་དེའི་རྒྱུ་དགེ་བ་བཅུ་བསྒྲུབ་མ་ཤེས་ཤིང་། མི་འདོད་པ་སྡུག་བསྔལ་ཡིན་རུང་དེའི་རྒྱུ་མི་དགེ་བ་བཅུ་པོ་སྤང་མ་ནུས་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་རྟག་པར་མནར་བའི་ཉམ་ཐག་པའི་ཕ་མ་སེམས་ཅན་དེ་རྣམས་ཐམས་ཅད་ཅི་ནས་སྙིང་རེ་རྗེ། དེའི་ཕྱིར་དུ་ད་རེས་བདག་གིས་དམ་པའི་ཆོས་ཟབ་མོ་ཉན་ནས་ཉམས་སུ་བླངས་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་བསྒྲུབ་པར་བྱའོ་སྙམ་དགོས་ཏེ། ཡོན་ཏན་མཛོད་ལས། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། །བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་པ་ལྟར་དང་པོ་ཁ་ནང་དུ་བསྐོར་ཏེ་ཀུན་སློང་བཟང་ངན་ལུང་མ་བསྟན་སོགས་ཇི་ལྟ་བུར་རེད་ཀྱི་འདུག་ཞིབ་པར་དཔྱད་ནས་ཆོས་ཆེ་ཕྲ་ཅི་ལྟར་སྤྱོད་ཀྱང་མེད་ཐབས་མེད་པའི་ཀུན་སློང་དེས་རྩིས་ཟིན་པ་གལ་གནད་ཤིན་ཏུ་ཆེ་བས་ཤེས་པར་མཛད་དགོས། དེ་ནས་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ལ་ཕུན་སུམ་ཚོགས་པ་ལྔ་ལྡན་གསལ་བཏབ་དགོས་ཏེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལྟར་དེ་ཡང་ཇི་ལྟ་བུ་ཞེ་ན། སྤྱིར་ཆོས་ཐམས་ཅད་སེམས་ཀྱིས་བྱས་པའི་ཕྱིར་གསང་སྔགས་ནི་དག་སྣང་ཆེ་བས་ཁྱད་པར་དུ་མས་འཕགས་པ་ཡིན་པས། ཆོས་འཆད་པའི་སྟོན་པ་དང་གྲོགས་མཆེད་སོགས་ལ་ཐ་མལ་མ་དག་པའི་སྣང་བར་མི་འཛིན་ཏེ། ཡུལ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ། སྟོན་པ་ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་དངོས། ཆོས་ཐེག་པ་ཆེན་པོ་དེའི་ནང་ནས་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་པར་གྱི་ཆོས། འཁོར་རྣམས་སེམས་དཔའ་དང་སེམས་མ་དཔའ་བོ་དང་མཁའ་འགྲོ་ལྷ་དང་ལྷ་མོའི་རང་བཞིན། དུས་ཀྱང་རྟག་པ་རྒྱུན་གྱི་འཁོར་ལོ་བསྐོར་བའི་འདུ་ཤེས་རྣམ་པར་དག་པ་ཡིན་པ་ལ་ཡིན་པར་ཤེས་པས་ངེས་ཤེས་ལེགས་པར་བསྐྱེད་དགོས་པ་ཡིན་ནོ། །དེ་ནས་ཀུན་སྤྱོད་སྤང་བླང་གི་རིམ་པ་གཉིས་ལས། དང་པོ་སྤང་བྱའི་རིམ་པ་ལ་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་ས་བཅད་སྤྱི་ཆིངས་གསུམ་དུ་ཡོད་པས་ནང་གསེས་སུ་དབྱེ་ན། སྣོད་ཀྱི་སྐྱོན་གསུམ་ནི། ཆོས་གསུང་པ་ལ་རྣ་བའི་ཤེས་པ་མ་གཏད་ན། དཔེར་ན་སྣོད་ཁ་སྦུབ་པའི་སྟེང་དུ་བཅུད་ཇི་ཙམ་བླུགས་ཀྱང་ནང་དུ་མི་འགྲོ་བ་དང་འདྲ་བས་དེ་ལྟར་མ་རེད་པར་ཐོས་བྱེད་རྣ་བའི་ཤེས་པ་ལེགས་པར་གཏད་དེ་ཉན་དགོས་པ་ཡིན། ཐོས་པའི་ཚིག་དོན་དེ་ཡང་ཡིད་ལ་མ་བཟུང་ན་དཔེར་ན། སྣོད་ཞབས་བརྡོལ་བའི་ནང་དུ་བཅུད་ཇི་ཙམ་ཞིག་བླུགས་ཀྱང་གང་བའི་དུས་མི་ཡོང་བ་དང་འདྲ་བས་དེ་ལྟར་མ་རེད་པར་འཛིན་བྱེད་ཡིད་དུ་ངེས་ངོ་མ་བཟུང་དགོས་པ་ཡིན། དེ་ཡང་བཟང་ངན་ཐམས་ཅད་ཀྱི་བྱེད་པ་པོ་ཀུན་སློང་ལ་འདིར་སྣང་ཆོས་བརྒྱད་འདྲེས་པའི་སྒོ་ནས་ཉན་ན་དཔེར་ན་དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུགས་པ་དང་འདྲ་བས་དེ་ལྟར་མ་རེད་པར་ཆོས་དང་མཐུན་པའི་བསམ་པ་རྣམ་པར་དག་པས་ཉན་དགོས་པ་ཡིན་ནོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་གསུངས་པ་ལྟར་དུ། ང་རྒྱལ་ནི། རང་རྣམས་ལ་ཆོས་དང་འཇིག་རྟེན་གང་ཐད་ནས་ཡོན་ཏན་ཕྲན་བུ་རེ་ཡོད་པའི་དབང་གི་ང་རྒྱལ་བྲེང་ངེ་བ་ཞིག་གིས་ཉན་ནས་གཞན་གྱི་ཆོས་དང་གང་ཟག་ལ་སྙེམས་ལྟ་དང་སྐུར་འདེབས་བྱེད་ན། རང་གི་སྐྱོན་རྣམས་མི་ཐུལ་བའི་ཐོག་ཏུ་གཞན་གྱི་ཡོན་ཏན་ལའང་སྐྱོན་དུ་མཐོང་སྟེ་རང་རྒྱུད་དུ་འབྱོར་ཐབས་ནམ་ཡང་མེད་པས་དུས་རྟག་ཏུ་རང་རྒྱུད་ཀྱི་སྐྱོན་ལ་རྟོག་ཤེས་དགོས་པ་ཡིན། མ་དད་པ་ནི། བླ་མ་དང་ཆོས་ལ་དད་པ་མེད་ན་འཇུག་སྒོ་རྩ་བ་ནས་འགགས་པ་ཡིན་པས་སྙིང་ཁུང་རུས་པའི་གཏིང་ནས་དད་པ་རྣམ་བཞིའི་རྩེ་གཅིག་གིས་བཏུད་དེ་བསྟེན་དགོས་པ་ཡིན། དོན་གཉེར་མེད་པ་ནི། ཆོས་ཞུ་བ་འདི་ཚེ་ཕྱི་མའི་གཏན་དོན་རང་དུ་མ་ངེས་ཏེ་ཁ་ཙམ་གྱི་ཕྱོགས་ལམ་བསྒྲུབ་མདོག་བྱས་བསྡད་ན་འཆི་བའི་དུས་སུ་རང་གིས་རང་བསླུ་ཡོང་བས་དབེན་པའི་གནས་སུ་ཉམས་ཕབས་ཏེ་སྒོ་གསུམ་ཆིག་དྲིལ་གྱིས་སྙིང་རུས་གནད་དུ་བསྣུན་དགོས་པ་ཡིན། ཕྱི་རོལ་གཡེང་བ་ནི། དབང་པོའི་སྒོ་རྣམས་ཕྱི་རོལ་ཡུལ་ལ་གཡེང་སོང་ན་སེམས་ཆོས་གྲལ་དུ་མེད་པས་ལུས་ཆོས་གྲལ་དུ་ཡོད་མེད་དང་འདྲ་བས་དྲན་ཤེས་བག་ཡོད་ལྡན་པས་ཉན་དགོས་པ་ཡིན། ནང་དུ་སྡུད་པ་ནི། ཧ་ཀྱང་གྲིམ་ཆེས་ན་ཅི་དྲན་མེད་པར་གཉིད་རྨུགས་ཀྱིས་འཐིབ་ཏུ་འགྲོ་བས་གྲིམ་ལྷོད་རན་པར་བྱ་སྟེ་ཉན་དགོས་པ་ཡིན། སྐྱོ་བ་ནི། ཆོས་ཐུན་རིང་བ་དང་། རླུང་ཆར་ཉི་མས་གདུང་བ་སོགས་ཀྱིས་སེམས་སྐྱོ་སྟེ་ཉན་མི་མོས་ན་ཆོས་སྤོང་གི་ལས་བསགས་པ་ཡིན་པས། དེས་ན་ད་རེས་ཚེ་ཕྱི་མའི་གཏན་དོན་དམ་པའི་ཆོས་ཀྱི་ཕྱིར་དུ་དཀའ་ཚེགས་དང་ཚ་གྲང་ཅི་བྱུང་ཡང་བཟོད་པར་བྱས་ནས་སླར་སྤྲོ་བ་ཡང་ཡང་བསྐྱེད་དེ་ཉན་དགོས་པ་ཡིན། མི་འཛིན་པ་ལྔ་ནི། ཚིག་གི་རྣམ་གྲངས་ཙམ་ངེས་ཀྱང་དོན་དེ་མ་གོ་ན་ཉམས་སུ་ལེན་རྒྱུ་མི་ཤེས། དོན་ཁོ་ནར་འཇུག་མདོག་བྱས་ཀྱང་ཚིག་ལ་མ་བརྟེན་པའི་དོན་ཤེས་ཐབས་མེད། ཚིག་གོང་འོག་ནོར་ནས་བཟུང་ན་ཉམས་སུ་ལེན་དུས་རྩ་རྩེ་མི་མཚུངས། བརྡ་དོན་མ་འཕྲོད་པར་འཛིན་ན་ཡང་དག་པའི་ཆོས་དང་རྒྱབ་འགལ་འགྲོ། དོན་ཡང་ལོག་པར་བཟུང་ན་ལོག་རྟོག་གིས་རྒྱུད་འབྱམས་ཉེན་གྱི་གནད་འགག་སོགས་ཡོད་པས་མདོར་ན་ཚིག་དོན་ཟུང་འཇུག་བརྡ་དོན་གོང་འོག་མ་ནོར་བར་ཞིབ་རྒྱས་ཡིད་དུ་ངེས་ངོ་མར་འཛིན་དགོས་པ་ཡིན་ནོ། །དེ་ནས་བླང་བྱའི་རིམ་པ་ལ་འདུ་ཤེས་བཞི། ཕར་ཕྱིན་དྲུག །སྤྱོད་ལམ་གཞན་བསྟན་པ་དང་གསུམ་ལས། དང་པོ་འདུ་ཤེས་བཞི་ལ་སྡོང་པོ་བཀོད་པར་གསུངས་པ་ལྟར་རང་ཅག་རྣམས་རྒྱུ་ལས་ཉོན་གཉིས་ཀྱིས་འབྲས་བུ་འཁོར་བའི་སྡུག་བསྔལ་གྱིས་ཐོག་མེད་ནས་མནར་བའི་ཡུན་རིང་གི་ནད་པ་ལྟ་བུར་ཡིན་ཞིང་། དགེ་བའི་བཤེས་གཉེན་ནི་དེ་ལ་སྐྱོབ་པའི་སྨན་པ་མཁས་པ་ལྟ་བུར་ཡིན་པས་བླ་མ་མཚན་ཉིད་དང་ལྡན་པ་ཞིག་བསྟེན་ཏེ། སྨན་ཤི་སོས་ཀྱི་བདུད་རྩི་ལྟ་བུ་དམ་པའི་ཆོས་ཟབ་མོ་ཉན་ནས་ཉམས་སུ་བླངས་ཏེ། ནད་དེ་ལས་མྱུར་བར་ཐར་འདོད་ཀྱི་སྨན་སྤྱོད་སྤང་བླང་གི་རིམ་པ་རྣམས་སྨན་པའི་ངག་བཞིན་བྱས་ན་ནད་ཉེ་བར་འཚོ་བ་ལྟར་བླ་མ་དགེ་བའི་བཤེས་གཉེན་གྱིས་དགེ་སྡིག་སྐྱོན་ཡོན་སྤང་བླང་གི་རིམ་པ་ཇི་ལྟར་བསྒོ་བ་བཞིན་དད་བརྩོན་དྲག་པོས་ཉམས་སུ་བླངས་ཏེ་རྩེ་གཅིག་ཏུ་འབད་ན། འཁོར་བའི་སྡུག་བསྔལ་མཐའ་དག་ལས་ཡོངས་སུ་གྲོལ་བའི་ཐབས་ཟབ་མོ་ཡོད་པ་ཡིན་པས་འདུ་ཤེས་ལེགས་པར་འཇོག་འཚལ། ཕར་ཕྱིན་དྲུག་ནི། མངོན་རྟོགས་རྒྱན་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །ཉན་པོ་ཡན་ལག་དྲུག་དང་ལྡན། །ཞེས་གསུངས་པ་ལྟར་བླ་མའི་ཆོས་གསུངས་པའི་དུས་སུ་མེ་ཏོག་མཎྜལ་སོགས་འབུལ་བ་ནི་སྦྱིན་པ། ཕྱོགས་དེར་ཕྱག་བདར་བྱས་ཏེ་སྤྱོད་ལམ་མ་གུས་པའི་རྣམ་པ་ཡོངས་སུ་སྡོམ་པ་ནི་ཚུལ་ཁྲིམས། གྲོགས་མཆེད་རྣམས་ཀྱི་གཙོས་སེམས་ཅན་ལ་གནོད་འཚེ་འགྲོ་དོགས་ཀྱིས་འཕྲལ་རྐྱེན་ཅི་བྱུང་ཡང་བཟོད་པ་ནི་བཟོད་པ། བླ་མ་དང་ཆོས་ལ་འཕྲད་དཀའ་བའི་འདུ་ཤེས་ཀྱིས་དད་མོས་སྤྲོ་དགའ་ལྷག་པར་བསྐྱེད་དེ་ཉན་པ་ནི་བརྩོན་འགྲུས། ཆོས་ཞུ་བ་ལས་གཞན་དུ་མི་ཡེངས་ཤིང་གྲིམ་ལྷོད་རན་པའི་ངང་ནས་ཉན་པ་ནི་བསམ་གཏན། བླ་མའི་ཞལ་སྔ་ནས་ཚིག་དོན་གྱི་སྒྲོ་འདོགས་ཡང་ཡང་བཅད་ནས་ཡིད་དུ་ངེས་ངོ་མར་འཛིན་པ་ནི་ཤེས་རབ་བཅས་ཡིན་པས་ཕར་ཕྱིན་དྲུག་དང་ལྡན་པའི་སྒོ་ནས་ཉན་དགོས་པ་ཡིན། སྤྱོད་ལམ་གཞན་ལྟར་བསྟེན་པ་ལ། འདུལ་བ་ལུང་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་ཏུ་མགོ་གཡོགས་དང་། །གདུགས་དང་འཁར་བ་མཚོན་ཐོགས་དང་། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་གསུངས་པ་ལྟར་མདོར་ན་ཆོས་ཞུ་མི་རྣམས་གདན་མཐོན་པོའི་སྟེང་དུ་མི་འདུག །གདུགས་མི་ཕུབ། ཞྭ་མི་གྱོན། སྐྲ་ལོ་ཕབས། སྟ་ཟུར་མི་སྟོན། གཞོགས་སྔས་མི་བྱ། རྐང་པ་མི་བརྐྱང་། ལུད་པ་དང་གླལ་བ་མི་བྱེད། གཉིད་ཡོལ་བ་དང་སྐད་ཆ་ལབ་ལབ་མི་བྱ། གནམ་ལ་བལྟ་བ་དང་ས་ལ་རི་མོ་བྲི་མི་བྱ། ལྷམ་མི་གྱོན་ཞིང་སྐེད་རགས་ཤུབ་བུར་བཅིངས། ལག་ཏུ་མཚོན་ཆ་སོགས་ཐོགས་མི་རུང་སྟེ། སྐྱེས་རབས་ལས། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་སྒྲིམ་སྟེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། མདོར་ན་གུས་འདུན་ཆེན་པོའི་ཚུལ་དུ་ཆོས་ལ་འཇུག་དགོས་པ་ཡིན་ཏེ་རྒྱ་གར་ན་སྟོན་པ་བཅོམ་ལྡན་འདས། བོད་འདིར་ཨོ་རྒྱན་པདྨ་འབྱུང་གནས་དང་རང་རེའི་རྩ་བའི་བླ་མའི་བར་དུ་ཆོས་འཆད་ཉན་གང་གི་སྐབས་སུ་གཞི་ནས་རྣམ་པར་དག་པའི་ཕྱིར་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་འདི་དག་གལ་ཆེ་བར་མཛད་ན། རང་རེའི་གལ་ཆུང་སྙམ་ནས་ཡན་ལ་བོར་མི་ཉན་མ་གཏོགས། ཆོས་ལ་བརྟེན་ནས་མ་གུས་པའི་རྣམ་པ་ཅུང་ཟད་ཤོར་ནའང་། གཞན་དག་ལས་ཉེས་པ་འབུམ་འགྱུར་གྱི་ལྕི་བས་ལྷག་པར་གཟབ་ཤེས་དགོས་པས་ཐུགས་ལ་ལེགས་པར་འཇོག་འཚལ། དེ་དག་ནི་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་ད་སྐབས་མདོར་བསྡུས་ཙམ་བསྟན་ཟིན་ཁུལ་ཡིན་ནོ།། ༈ །།ད་ནི་བཤད་བྱ་ཆོས་ཀྱི་རིམ་པ་ལ་ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དོན་གཉེར་མཛད་མི་རང་རེ་རྣམས་ཀྱིས་བསྒྲུབ་བྱའི་སྙིང་པོ་མདོར་བསྡུ་ན་འཁོར་བ་སྡུག་བསྔལ་གྱི་རྩ་བ་ཉོན་མོངས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཀུན་བྱེད་བདག་ཏུ་འཛིན་པ་འདི་ཉིད་ཀྱི་གནས་གཞི་རྩ་བ་ནས་སྟོང་ཐུབ་དགོས་པ་ཡིན་ནོ། །དེ་སྟོང་པར་བྱེད་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཟབ་མོ་མ་གཏོགས་ཐབས་གཞན་མདོ་རྒྱུད་བསྟན་བཅོས་ལུང་རིགས་མན་ངག་སོགས་དུས་གསུམ་རྒྱལ་བའི་ཞལ་སྒོ་ལས་ཀྱང་མདོར་བསྡུ་ན་གསུངས་པ་མེད་དེ། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་པར། །ཐམས་ཅད་སྒོམ་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་སྒོམ་པ་ཡིས། །དེ་དག་ཐམས་ཅད་སྒོམ་པར་འགྱུར། །ཞེས་དང་། ཐོས་གྲོལ་རིག་པ་གཅེར་མཐོང་ལས། མ་མཐོང་རྒྱང་གི་གཏམ་རྒྱུན་ཉན་པ་བཞིན། །སངས་རྒྱས་ས་ལ་ཕྱོགས་ཙམ་ཉེ་མ་སོང་། །དུས་གསུམ་རྒྱལ་བའི་ཆོས་སྒོ་བརྒྱད་ཁྲི་དང་། །བཞི་སྟོང་ལ་སོགས་བསམ་གྱིས་མི་ཁྱབ་པར། །གསུངས་པ་ཐམས་ཅད་འདི་ཉིད་རྟོགས་ཕྱིར་ལས། །གཞན་དུ་རྒྱལ་བའི་གསུང་པ་ཅི་ཡང་མེད། །ཅེས་པ་ལྟར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་སྟོང་གི་ཡང་སྙིང་ཚེ་ལུས་གཅིག་གི་ཐོག་ནས་སངས་རྒྱས་པའི་གདམས་ངག་ཟབ་མོ་སྟོང་པ་ཉིད་ཀྱི་ཤེས་རབ་དེ་ལྟ་བུ་རྟོགས་པར་བྱེད་པ་ལ་རང་ཅག་རྣམས་ཀྱི་ཀུན་གཞི་ལ་འཁྲུལ་གཞི་རྣམ་པ་གསུམ་དང་འཁྲུལ་རྐྱེན་རྣམ་པ་བཞི་སོགས་མ་རིག་པའི་སྐྱོན་གྱིས་གོས་ནས་བཟུང་སྟེ་ཐོག་མ་མེད་པ་ནས་འཁོར་བ་འདིར་འཁྱམས་བསྡད་པའི་ངན་གོམས་ཆེན་པོའི་ཤུགས་ཀྱིས་ཆོས་ལམ་དུ་སློང་བ་ནི་ཤིན་ཏུ་ནས་ཀྱང་དཀའ་བ་ཡིན་ཏེ། ལས་དང་པོའི་སྐབས་སུ་ཆོས་ལ་མོས་པ་ཙམ་སྐྱེ་དཀའ་ཞིང་། སྐྱེས་ཀྱང་དེ་ཐོག་ཏུ་ལག་ལེན་འགྲུབ་དཀའ། བར་དུ་ཅུང་ཟད་འགྲུབ་ཀྱང་དེའི་ངང་ནས་མཐའ་རུ་ཕྱིན་པ་ནི་ཤིན་ཏུ་ནས་ཀྱང་དཀའ་ཞིང་། འདི་ལྟ་བུ་འགའ་ལ་འགྱུར་འགྲོ་བ་ནི་སྔར་བྱུང་བ་དང་། ཕྱིས་འབྱུང་བ་ལ་ཉེ་བ་ཡོད་པ་ཡིན་ཏེ། ཆོས་ཀྱི་དབང་པོའི་ཞལ་ནས། ཐར་པའི་གྲོང་དུ་ཐུབ་པའི་རྗེས་འབྲང་སྟེ། །འགྲོ་བའི་མགོན་དུ་གྱུར་ལ་དགའ་མིན་པ། །འཁོར་བའི་གྲོང་ན་ཁྱིམ་པའི་གཡོག་རྒྱུག་པ། །དམར་སེར་ཅན་དེ་བདུད་ཀྱིས་བསླུས་སམ་ལགས། །ཞེས་དང་། རྗེ་མི་ལས། རྒྱལ་བས་ཚུལ་ཁྲིམས་གསུངས་པ་དེ། །འཇིག་རྟེན་བྱ་བ་སྤང་ཕྱིར་གསུངས། །དེང་སང་ཁྲིམས་ལྡན་བཙུན་པ་རྣམས། །བྱ་བཞག་མང་དུ་མ་སོང་ངམ། །ཞེས་དང་། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། སངས་རྒྱས་བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པ་མི་དགེའི་ལས་ནི་འབའ་ཞིག་སྤྱད། །ནོར་དང་འབྲུ་ཡི་སྙིང་པོ་འདུ་ཤེས་ཤིང་། །བཞོན་པ་བ་གླང་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅི་ཕྱིར་མགོ་སྤུ་བྲེག །ཅེས་དང་། ཨོ་རྒྱན་རིན་པོ་ཆེས། མི་ཆོས་བྱས་པའི་ལྷ་ཆོས་མི་འབྱུང་བས། །འཇིག་རྟེན་བྱ་བ་སྤོངས་ཤིག་རྗེ་འབངས་རྣམས། །ཞེས་དང་། ཆོས་སྟེར་ཅན་ལ་ནོར་སྟེར་སྐལ་པ་མེད། །རྟོག་གཉིས་ཟུང་དུ་ཆུད་རེ་ན་ར་སྐན། །ཞེས་དང་། ཡོན་ཏན་མཛོད་ལས། རྐང་པ་གཉིས་པོ་འཁྱོགས་ལ་རབ་བརྟེན་ཀྱང་། །དེ་ཡི་འདུ་ཤེས་བསོད་ནམས་མ་ཡིན་ནོ། །ཞེས་དང་། ངལ་གསོ་ལས། ད་ལྟའི་སྡུག་བསྔལ་ཅུང་ཟད་མི་བཟོད་ན། །སྲིད་པའི་སྡུག་བསྔལ་མི་བཟད་ཇི་ལྟར་བཟོད། །དེ་ལྟར་བཤད་ཀྱང་ཅུང་ཟད་མི་སྐྱོ་བར། །བདག་སྙིང་ལྕགས་ཀྱི་གོང་བུ་ཆེན་པོ་འམ། །རྡོ་བའི་ཁམས་བཞིན་སེམས་པ་མེད་དམ་ལགས། །ཞེས་གསུངས་པ་ལྟར་ཚེ་གཞུག་ཆོས་པ་སད་ཀྱིས་ཁྱེར་སོང་ན་ཡང་བླ་མ་དང་ཆོས་ལ་དད་པ་དང་དག་སྣང་འགྲིབ་ཅིང་། མར་མཆེད་གྲོགས་དང་སེམས་ཅན་ལ་བརྩེ་གདུང་བོར་ནས་མི་བྱེད་དགུར་བྱེད་གཅིག་གི་སྟེང་དུ་འཆོལ་ནས་སྐྱེ་བོ་ཕལ་པ་ལས་ཀྱང་ཐ་ཆད་དེ། ཤེས་བློ་མནོ་མྱུར་དྲག་པོས་ལས་ཚབ་ཅི་ཆེ། གཏིང་ཇེ་ཟབ་བསགས་པ་འགའ་ལ་འགྱུར་འགྲོ་བ་ནི་མངོན་སུམ་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་ཡིན་ཞིང་། ལར་ནི་འཁོར་བ་པ་རྣམས་ཀྱིས་རྟག་བརྟན་ཡོད་ཆག་བྱེད་ནས་ཚེ་འདིའི་དོན་ཤ་སྟག་སྒྲུབ་ཀྱིན་ཡོད་ལེ་རེད། ཆོས་བྱེད་རྣམས་ཀྱིས་ཚེ་འདི་གལ་ཆུང་གིས་ཕྱི་མའི་གཏན་དོན་སྒྲུབ་དགོས་ཤག་རེད་པས་ངེས་པར་ཅན་གྱི་གོ་བ་ལོན་དགོས་པ་ཡིན་འདུག །དེས་ན་དམ་པའི་ཆོས་ཡང་དག་ཅིག་ཨེ་འགྲུབ་ཀྱི་རེ་བ་ཁྱེད་རྣམས་ནས་ངེས་པར་ཅན་གྱི་ཡོད་དར་ན་ནི་འདིར་སྣང་འཁོར་བའི་བྱ་བཞག་ཐམས་ཅད་རྩ་མེད་ཀྱི་རྒྱབ་ཕྱོགས་སུ་ཕར་དོར་ཏེ་དམ་པའི་ཆོས་ཟབ་མོ་ལ་སྙིང་ནས་དོན་གཉེར་ཚུར་བསྐྱེད་དེ་སེམས་རྒྱུད་ཆོས་ལ་འདྲེས་ངོ་མ་རེ་བྱ་དགོས་པ་ཡིན་མ་གཏོགས། དགའ་དུས་དང་བདེ་དུས་ལ་ཆོས་བསྒྲུབ་མདོག་དང་ཡོད་མདོག་སོགས་ཅི་ལྟར་བྱེད་བསྡད་ཀྱང་ནམ་ཞིག་ཟས་གོས་ཀྱི་དབུལ་བའམ་ན་ཚའི་གདུང་བའམ། གཏམ་མི་སྙན་པ་ལ་སོགས་ཅུང་ཟད་བྱུང་ཡོང་བའི་ཚེ་དགེ་སྦྱོར་བྱེད་རྒྱུ་དེ་གནམ་ལ་ཡལ་ནས་རྐྱེན་དབང་དུ་འཆོར་འགྲོ་བར་ཨེ་མི་འདུག་ན་དེ་ཙམ་གྱི་དགེ་སྦྱོར་ལ་བོགས་ཐོན་པ་དང་ཉོན་མོངས་པའི་གཉེན་པོར་འགྲོ་བ་དང་ཚེ་ཕྱི་མའི་འཇིགས་སྐྲག་དང་སྡུག་བསྔལ་སེལ་བ་ནི་ལྟ་རྒྱུ་ཙམ་ཡང་བཞག་དགོས་ཐུག་སྟེ། ཀླུ་སྒྲུབ་ཀྱིས། འཇིག་རྟེན་མཁྱེན་པ་རྙེད་དང་མི་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ལ་སོགས་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པས་མགོ་སྙོམས་མཛོད། །ཅེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། ལྟོ་འབྲང་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབ་ན་ཐ་མལ་པ། །རང་སེམས་ཆོས་དང་འདྲེས་པར་མི་གདའ་བས། །བློ་འདི་ལས་སུ་རུང་བར་བྱིན་གྱིས་རློབས། །ཞེས་དང་། བཟའ་བཏུང་ཟས་གོས་འཛོམ་པའི་དུས། །བདག་འཛིན་མེད་མེད་འདྲ་ན་ཡང་། །གནད་ཐོག་མེ་བཙས་གདུང་བའི་ཚེ། །ཐ་མལ་པ་དང་ཁྱད་མི་གདའ། །ཞེས་དང་། མདོ་ཟ་མ་ཏོག་གི་གཏམ་ལས། སྲིད་པའི་སྡུག་བསྔལ་ཐོས་ཀྱང་མི་སྐྱོ་བར། །གང་ལགས་དེ་ནི་ཤིན་ཏུ་བླུན་པ་སྟེ། །རྡོ་ཡི་ཁམས་སམ་ལྕགས་ཀྱི་གོང་བུ་བཞིན། །བདག་ལ་སེམས་པ་མེད་ཅེས་གསལ་བར་མངོན། །ཞེས་དང་། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བར་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་སོགས་གསུངས་པ་ལྟར་སྐྱེ་བོ་ཐ་མའི་གྲལ་ལས་ཅུང་ཟད་ཙམ་ནམ་ཡང་མི་འཕགས་པས་ན། དེའི་ཕྱིར་དུ་ངེས་འབྱུང་དྲག་པོས་བློ་སྣ་ཡོངས་སུ་མ་ལྡོག་ན་འབེན་དང་མདའ་ནོར་བའམ། བྲོས་ཀྱང་འཇིགས་པའི་གནས་སུ་ཕྱིན་པ་ལྟ་བུ་ལས་མི་ཡོང་བར་སྔ་མའི་གཞུང་ལམ་ཆེན་མོ་ཉིད་ལ་འཇུག་འགྲོ་ཉེན་ཡོད་ཅིང་། འཇུག་ཚར་ནས་བཟུང་ཚེ་འདིའི་དབང་ཁོ་ནར་སོང་སྟེ་ཁེ་དྲག་དང་། ཆགས་སྡང་དང་། གསོག་འཇོག་དང་། ལེ་ལོ་དང་། རྣམ་གཡེང་ཁོ་ནའི་ངང་དུ་འབྱམས་ཀླས་པར་གྱུར་ནས་རྒྱུ་ནོར་སྙན་གྲགས་ཀྱི་འབྱོར་བ་ཕྲན་བུ་དང་སངས་རྒྱས་ཐོབ་པ་གཉིས་འདམ་ཀ་ནོར་བ་ལྟ་བུར་སོང་སྟེ། དམ་པའི་ཆོས་གཏན་ནས་མི་བསྒྲུབ་པར་དམ་བཅའ་དྲག་པོ་བྱས་པ་ལས། བཙུན་ཆེ་བ་ཕལ་ཆེར་ལ་ཡོང་འདུག་པ་དེ་ཚོ་དལ་འབྱོར་རྙེད་དཀའ་བ་དང་འཆི་བ་མི་རྟག་པ་སོགས་གོ་མྱོང་རྒྱུད་ལ་མ་འབྱོར་བས་ལན་པ་རང་ཡིན་ཏེ། སྤྱིར་མི་ལུས་ནི་དུད་འགྲོའི་རིགས་འདྲ་མིན་དུང་ཕྱུར་ལས་ཁྱད་པར་འཕགས་ཏེ་སེམས་སྤྱང་གྲུང་རྣམ་དཔྱོད་དང་ལྡན་པ། ངག་གིས་ཚིག་དོན་དཔག་ཏུ་མེད་པ་སྟོན་ནུས་པ། ལག་གིས་དགེ་སྡིག་ཆེ་ཕྲ་ཐམས་ཅད་བླང་དོར་བྱ་ནུས་པས་ན་ཁྱད་པར་འཕགས་པ་དང་། དེའང་སྐྱེ་བོ་ཕལ་པ་འབུམ་ལས་ཀྱང་དལ་འབྱོར་ལྡན་པའི་མི་དེ་ཁྱད་པར་དུ་མས་འཕགས་ཏེ། ཅི་ཕྱིར་སྙམ་ན་དགེ་བའི་ཕན་ཡོན་གྱི་ཁྱད་པར་དུ་མས་འཕགས། སྡིག་པའི་ཉེས་དམིགས་ལས་ཁྱད་པར་དུ་མས་འཕགས་པ་ཡིན། དེ་ལྟར་ཡིན་ཀྱང་རང་རེ་ཕལ་ཆེས་ངོ་མ་ཤེས་ཏེ་སྤྱིར་འཁོར་བའི་བྱ་བ་དགྲ་འདུལ་གཉེན་སྐྱོང་། ཟས་གོས་དོན་གཉེར་འདུ་འཛི་རྣམ་གཡེང་གི་དབང་དུ་འཁྱལ་བ་དང་། བྱེ་བྲག་མི་ལུས་ཁྱད་འཕགས་དེ་ལྟར་ཐོབ་རུང་འཆི་ཉིན་པ་ཆོས་འདི་འགྲུབ་མེད་པ་དུད་འགྲོ་ཤི་བ་ལྟར་དུ་གྱུར་པས་སྐལ་པ་དམན་པ་དང་། དེ་བཞིན་ཡང་སྒོས་འགྲོ་ས་དམྱལ་བ་ལས་མེད་པ་དེ་ཚོ་དལ་འབྱོར་ཁྱད་འཕགས་ཐོབ་པ་ལ་ངེས་ཤེས་མ་སྐྱེས་ནས་སྙིང་པོ་དམ་པའི་ཆོས་མ་བསྒྲུབས་པས་ལན་པ་དང་གཅིག །ཐོག་མ་མེད་པ་ནས་བསྐལ་པ་འདི་ཆགས་ནས་བཟུང་སྟེ་སྐྱེས་ནས་མ་ཤི་བ་སྡོད་པ་གཅིག་ཙམ་དུས་གསུམ་ན་མཐོང་ཐོས་རེག་པར་བྱ་རྒྱུ་མེད་བཞིན་ད་ལྟ་ཤི་བ་ཐོས། ཤི་བ་མཐོང་། ཉེ་འབྲེལ་ཤི་བས་སྡུག་བསྔལ་སེམས་ཐོག་ཏུ་རེག་ཀྱང་རང་ཤི་དགོས་མེད་སྙམ་དང་། གཞན་དག་ལས་ཤི་མི་དགོས་པའི་ཡོན་ཏན་རང་ལ་ཅུང་ཟད་ཙམ་མེད་ཀྱང་རེ་ཞིག་མི་འཆི་སྙམ་པ་དང་། རང་ཉིད་རྒས་ནས་འཆི་རན་པའི་རྟགས་མཚན་ཐམས་ཅད་མངོན་དུ་གྱུར་ཀྱང་ད་དུང་ཡང་འཆི་དགོས་མེད་སྙམ་པ་དང་། མ་ཟད་འཆི་ནད་དྲག་པོས་ཐེབས་ཏེ་དབུགས་ཆད་ལ་ཉེ་བའི་སྐབས་སུ་ཐུག་ཀྱང་འཆི་དགོས་མེད་པར་རློམ་པ་དང་། ནད་པ་དབུགས་ཆད་ཚར་ཀྱང་མིག་གི་ལྟ་བྱུང་སྣང་། ཁ་གྲགས་བྱུང་སྣང་། ལུས་འགུལ་སྣང་ཤར་ནས་གསོན་པོ་རྣམས་ཀྱིས་དྲག་རེ་བྱེད་ཀྱང་ག་ལ་དྲག་སྟེ་དགྲ་འདུལ་འཕྲོ། གཉེན་སྐྱོང་འཕྲོ། ཟས་ཟ་འཕྲོ། གཏམ་བཤད་འཕྲོ། ལས་ལས་འཕྲོ་ཐམས་ཅད་ལུས་ནས་ཤི་འགྲོ། མ་ཟད་ལར་ནི་སྐྱེ་བ་མང་པོ་དང་མི་ཚེ་རིང་པོའི་ཡུན་སོང་ཡང་ཕྱི་མའི་གཏན་དོན་དམ་པའི་ཆོས་ཅུང་ཟད་ཙམ་ཡང་སྒྲུབ་ལོང་མེད་པ་ལྟ་བུ་ཡང་ནས་ཡང་དུ་ཐ་མལ་དུ་འཆི་དགོས་པ་དེ་ཚོ་འཆི་བ་མི་རྟག་པའི་རང་བཞིན་རྒྱུད་ལ་ངེས་ཤེས་མ་སྐྱེས་ཏེ་ཚེ་འདིའི་བློ་སྣ་བསྟུང་མ་ཐུབ་པས་ལན་པ་དང་གཉིས། དེ་བཞིན་ལས་རྒྱུ་འབྲས་ཀྱི་རང་བཞིན་འདིས་སྲིད་དང་ཞི་བའི་ཁམས་ན་བདེ་སྡུག་བཟང་ངན་བར་མ་དོ་ཆེ་ཕྲ་ཐམས་ཅད་བསླུ་མེད་དུ་བྱེད་པ་མངོན་སུམ་མཐོང་ཆོས་མྱོང་གྱུར་དུ་ཡོད་རུང་རང་རེས་ཡིད་མ་ཆེས་ཏེ་གནས་སྐབས་དང་མཐར་ཐུག་ཀུན་ཏུ་བདེ་བའི་རིགས་ཐམས་ཅད་འདོད་ཀྱང་བདེ་བའི་རྒྱུ་དཀར་པོ་དགེ་བ་མི་བསྒྲུབ། གནས་སྐབས་དང་མཐར་ཐུག་ཀུན་ཏུ་སྡུག་བསྔལ་གྱི་རིགས་ཐམས་ཅད་མི་འདོད་ཀྱང་དེའི་རྒྱུ་མི་དགེ་བ་སྤངས་མ་ནུས་ཏེ་དགེ་སྡིག་འཆོལ་ཉོག་གི་ལས་ཁོ་ན་ལ་ལོངས་སྤྱོད་དེ་བླ་མས་སྐབས་རེ་མི་དཔོན་མཛད། གྲྭ་པས་ཚོང་དཔོན་བྱེད། ཆོས་པས་ཁྱིམ་ལས་བྱེད། བྱ་བྲལ་འདོད་ཀྱང་གསོག་འཇོག་བྱེད། ཡར་དཀོན་མཆོག་མཆོད་ཀྱང་སྡིག་དང་འདྲེས། སྦྱིན་པ་གཏོང་རུང་སེར་སྣ་འདྲེས། དམ་ཚིག་དང་དཔག་སྲག་བརྗེ། སྡོམ་པ་ངོས་ལྐོག་བྱེད་ནས་བསྲུང་། ཆོས་པར་རློམས་ཀྱང་ཁ་དང་དོན་འཛོལ། འདོད་པ་དང་ལག་ལེན་འཛོལ། ཕྱི་དང་ནང་འགལ། ཁ་ནས་ཆོས་བཤད་ལག་གིས་སྡིག་པ་བྱེད། རང་རྒྱུད་དང་ཆོས་གཉིས་ཁ་དང་ལྟག་ཁུང་འཛོལ་བ་ལྟ་བུ་སོང་སྟེ་མདོར་ན། དགེ་བ་བསྒྲུབས་ཀྱང་འཇིག་རྟེན་ཆོས་བརྒྱད། སྡིག་པ་སྤངས་རུང་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་ནས་ཚེ་འདིའི་དོན་གཉེར་ཁོ་ནར་བྱེད་ཅིང་ད་ལྟའི་སྣང་བ་ལྟར་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་རྣམས་ཡོད་ཆག་མི་བྱེད། ད་ལྟ་དགེ་སྡིག་གི་ལས་གང་ལ་ལོངས་སྤྱོད་ཀྱིན་ཡོད་རང་གིས་རང་ལའང་ཆ་མི་གཏོགས། དེ་ལྟར་བསླད་ནས་རྒྱུ་དུས་གསུམ་དང་ལས་མི་དགེ་བའི་འབྲས་བུ་ངན་སོང་རང་དུ་སྐྱེ་དགོས་པ་ཧ་ཕྱོགས་ཙམ་མི་གོ་བ་དེ་ཚོ་ལས་རྒྱུ་འབྲས་ཀྱི་རིམ་པ་ལ་ཡིད་མ་ཆེས་ཏེ་ཚེ་འདི་སྣང་ཆོས་བརྒྱད་ཀྱི་དབང་དུ་སོང་བས་ལན་པ་དང་གསུམ། འཁོར་བའི་ཉེས་དམིགས་ནི་རང་རྒྱུད་ཀྱི་ལུས་སེམས་འདི་ཐོག་ཚ་བའི་རེག་བྱ་མེ་བཙའ་བཞག་པའམ། མེ་ཕུང་ལ་ཕྱོགས་ཉེ་བའམ། མེ་སྟག་གཅིག་ཕོག་རུང་། ཆུང་བས་ན་མིག་ཐིབས་ཙམ། ཡུན་ནི་སྐད་ཅིག་ཙམ་ཡིན་རུང་བཟོད་མི་ནུས་པ་དང་། གྲང་བའི་རེག་བྱ་ནི་དགུན་གཅེར་བུ་བྱེད་ནས་ཞག་གཅིག་གམ་སྔ་དྲོ་ཕྱི་འཕྲེད་དམ། སྐད་ཅིག་ཙམ་མམ། ཐ་ན་ལུས་ཀྱི་ཡན་ལག་རྣ་བ་དང་སོར་རྩེ་ཅུང་ཟད་འཁྱག་རུང་བཟོད་མི་ནུས་པ་དང་། བཀྲེས་སྐོམ་གྱི་རེག་བྱ་ནི་ཟས་སྐོམ་གཉིས་ལ་ལོངས་མ་སྤྱོད་དེ་ཟླ་བ་ཞིག་གམ། ཞག་བཅུ་འམ། ཞག་གཅིག་གམ། བཟའ་བཏུང་བྱེདཔའི་དུས་ཚོད་ཅུང་ཟད་ཡོལ་ཀྱང་བཟོད་མི་ནུས་པ་དང་། བཀོལ་སྤྱོད་ཀྱི་རེག་བྱ་ནི་ཁལ་འགེལ་བ་དང་ཞོན་ནས་འགྲོ་བ་དང་། རྡོ་དང་ལྕག་གིས་བྲབས་པ་སོགས་བཟོད་ནུས་པ་ལྟ་ཞོག །རང་རེས་ཐ་ན་དོས་རྒྱབ་ཡ་གཅིག་པང་དུ་ཅུང་ཟད་ལེན་དགོས་བྱུང་བའམ། སྒ་སྟན་ཞིག་ཁུར་དགོས་བྱུང་བའམ། མཐའ་ན་གོས་སླག་གི་ཡང་ལྗིད་དམ། ལ་མཐུར་དང་ཆུ་ཆེན་འཇིགས་སུ་རུང་བ་སོགས་བརྒལ་ནས་འགྲོ་རྒྱུ་ལྟ་ཞོག །ཞག་གཅིག་གམ། ཉིན་གཅིག་གམ། སྔ་དྲོ་ཕྱི་འཕྲེད་ཙམ་ལ་འགྲོ་དགོས་བྱུང་རུང་དཀའ་སྣང་རི་ཙམ་སྐྱེས་ནས་བཟོད་ནུས་ལ་མི་ནུས་ལ་བྱེད་ན་སྤྱིར་ངན་སོང་ན་སྡུག་བསྔལ་མེད་ཆག །སྒོས་ད་ལྟ་གཞན་དག་གིས་མྱོང་རུང་སྡུག་བསྔལ་མེད་ཆག །རང་གི་སྡུག་བསྔལ་སྐྲ་རྩེ་ཙམ་བཟོད་མི་ནུས་བཞིན་གཞན་གྱི་སྲོག་དམར་པོ་བཅད་ཀྱང་སྡུག་བསྔལ་མེད་ཆག་དང་། བྱེ་བྲག་སྡུག་བསྔལ་ཕྲན་བུ་བཟོད་མི་ནུས་བཞིན་རང་གི་དེ་འདྲ་བ་རྣམས་མྱང་དགོས་ཆག་མི་བྱེད་པར་ཤེས་པ་གདོང་དེད་ཁོ་ན་ལ་སོང་བ་དེ་ཚོ་རང་དང་གཞན་ལ་དཔེར་དཔེ་ལན་དང་། སྔར་ཆག་ཕྱི་འདེང་མ་ཕོག་སྟེ་འཁོར་བའི་ཉེས་དམིགས་དྲན་ཙམ་མ་ནུས་པས་ལེན་པ་རང་ཡིན་འདུག་ཅིང་། མདོར་ན་སྐྱེ་བ་ཚེ་རབས་ནས་ད་ལྟའི་སྣང་བ་ལྟར་ཆུང་བྱིས་པ་གོམ་པ་འདོར་ཤེས་ཙམ་ནས་སོང་ཡང་སླེབས་དུས་མེད་པ་དེ་བཞིན་ཆུང་ཁ་འབུས་ཙམ་ནས་བཤད་ཀྱང་རྫོགས་དུས་མེད་པ། ཆུང་ངུ་ནས་བཟུང་ལས་བྱ་བ་ཁོ་ན་ལ་གཡེང་ཡང་ཟིན་དུས་མེད་པ་དང་། མི་ཚེ་རིང་པོའི་ཕྱེད་ཆ་ལ་གཉིད་ཀྱང་སངས་དུས་མེད་པ། དེ་བཞིན་ཚེ་ཕྱེད་ལ་ཟོས་ཀྱང་འཚིམ་དུས་མེད་པ། ཉིན་མཚན་མེད་པར་མི་ཚེ་ཧྲིལ་པོར་གྱོན་རུང་ངོམས་དུས་མེད་པ་དང་། དེ་བཞིན་ཉལ་ལངས་བྱེད་པ་ཡང་ཞག་གཅིག་བཞིན་རྗེས་ཟློས་བྱེད་པ་ལྟ་བུ་དང་། ཉིན་གྱི་སྣང་བ་དང་མཚན་གྱི་གཉིད་དང་རྨི་ལམ་ཡང་རྗེས་ཟློས་བྱེད་པ་ལྟ་བུ། ཟ་གྱོན་དང་འགྲོ་འདུག་ཡང་རྗེས་ཟློས་བྱེད་པ་ལྟ་བུ་དང་། ཚིག་ཉན་བཤད་དང་ལས་བྱ་བ་ཐམས་ཅད་ཀྱང་རྗེས་ཟློས་བྱེད་པ་ལྟ་བུ་དེ་འདྲའི་ངང་ནས་ཞག་དང་ཟླ་བ་དང་ལོ་གྲངས་ཀྱིས་མི་ཚེ་གར་སོང་དང་ནམ་སོང་ཆ་མེད་དུ་རྫོགས་པ་དང་མ་ཟད་སླད་ཀྱང་ཚེ་རབས་ཀུན་ཏུ་མི་འཁྲུལ་བའི་ངེས་པ་ག་ལ་ཡོད་ཅིང་། དེའང་ཡེངས་འཁྲུལ་གྱི་བྱ་བ་ཁོ་ན་ཙམ་ཡིན་ན་དྲག་དགོས་བྱུང་མོད་ཀྱང་། རྒྱུ་དུག་གསུམ་གྱིས་ཀུན་ནས་སློང་བའི་ལས་མི་དགེ་བ་རྒྱུན་ཆད་མེད་པར་བསགས་པའི་སྡིག་སྒྲིབ་ནི་རི་བོ་ལྟ་བུས་ནོན་ཏེ་རྣམ་སྨིན་ངན་པ་ཕ་མཐའ་ཡས་པ་ཞིག་སྦྱངས་དགོས་ཤག་རེད་པས། དེས་ན་ལམ་བསྐྱེད་རྫོགས་ཀྱི་རིམ་པ་ལ་གང་མྱུར་གྱིས་མཐོ་སྙབ་འགའ་མི་བྱ་བར་མདའ་འཕེན་པ་ལ་འབེན་ངོས་ཟིན་དགོས་པ་ལྟར་དང་པོ་ནས་ཆོས་དང་འཇིག་རྟེན་གྱི་རྣམ་དབྱེ་དགེ་སྡིག་གི་སྐྱོན་ཡོན་དང་རྒྱུ་མཚན་རྣམས་མ་འདྲེས་པར་ཡང་དག་པ་སོ་སོར་ཕྱེད་ནས་ཉམས་སུ་ལེགས་པར་བླང་ཤེས་དགོས་པ་ཡིན་ནོ། །དེ་ལྟར་ཕྱེ་བའི་ཐབས་ཟབ་མོ་ཡིན་ལུགས་ནི་མདོ་སྔགས་ཀྱི་ཆོས་ཇི་ལྟ་ཇི་སྙེད་ཅིག་ཞལ་བསྡུར་བའི་སྙིང་པོ་བླ་མ་དམ་པའི་མན་ངག་ཟབ་མོ་ལྟར་བློ་ལྡོག་རྣམ་པ་བཞིའི་བློ་སྦྱོང་ཡང་ཡང་སྔོན་དུ་འགྲོ་བས་ཁ་ཙམ་མ་ཡིན་པར་ངེས་འབྱུང་གི་བློ་ཁྱད་པར་ཅན་རང་རྒྱུད་ལ་སྐྱེས་པ་ཞིག་ཅི་ནས་གལ་ཆེ་བའི་རང་བཞིན་འདི་ལྟར་ལགས་ཏེ། དང་པོ་དལ་འབྱོར་རྙེད་དཀའ་བ་ནི་དམ་པའི་ཆོས་ཟབ་མོ་སྒྲུབ་པ་ལ་སྤྱིར་མི་ཁོམ་པའི་གནས་བརྒྱད་པོ་དང་བྲལ་ཅིང་དེའི་སྟེང་དུ་ལག་ལེན་དངོས་སུ་བཏབ་པའི་སྐབས་འདིར་ཁྱད་པར་གྱི་ཆོས་འབྱོར་བ་བཅུ་ངེས་པར་ཅན་གྱིས་ཚང་དགོས་པ་ཡིན། འོ་ན་མི་ཁོམ་པའི་གནས་བརྒྱད་པོ་སོགས་གང་ཡིན་ཞེ་ན། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པ་ལྟར་དམྱལ་བར་སྐྱེ་སོང་ན་ཚ་གྲང་གི་སྡུག་བསྔལ་ཁོ་ནའི་དུས་འདའ་བས་ན་ཆོས་བྱེད་དུ་ཁོམ་པ་མ་ཡིན། ཡི་དྭགས་ནི་བཀྲེས་སྐོམ་གྱིས་གདུང་བས་ན་ཆོས་བྱེད་དུ་ཁོམ་པ་མ་ཡིན། དུད་འགྲོ་ནི་བླུན་རྨོངས་དང་བཀོལ་སྤྱོད་དབང་གིས་ཆོས་བྱེད་དུ་ཁོམ་པ་མ་ཡིན། ཀླ་ཀློ་ནི་ཆོས་མིན་ལ་ཆོས་སུ་བརྩི་ཞིང་སྡིག་པའི་དབང་གིས་ཆོས་བྱེད་དུ་ཁོམ་པ་མ་ཡིན། ལྷ་ཚེ་རིང་ནི་དགེ་སྡིག་གི་འདུ་ཤེས་མེད་ཅིང་ལོངས་སྤྱོད་དང་བསམ་གཏན་གྱི་རོ་ལ་གཡེང་བས་ན་ཆོས་བྱེད་དུ་ཁོམ་པ་མ་ཡིན། ལོག་ལྟ་ནི་བླ་མ་དང་ཆོས་ལ་དད་པ་མེད་ཅིང་ལོག་ལྟའི་སྤྱང་གྲུང་རྒོད་པའི་དབང་གིས་ཆོས་བྱེད་དུ་ཁོམ་པ་མ་ཡིན། སངས་རྒྱས་ཀྱིས་སྟོངས་པ་ནི་མུན་བསྐལ་རྣམས་སུ་སྐྱེ་ན་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་པས་ཆོས་བྱེད་དུ་མི་ཁོམ། ལྐུགས་པ་ནི་ཆོས་ཀྱི་གོ་བརྡ་སོགས་གཏན་ནས་མི་འཕྲོད་པས་ཆོད་བྱེད་དུ་མི་ཁོམ་པ་ཡིན་ཞིང་དེ་བརྒྱད་པོར་སྔོན་བསགས་དགེ་བ་རླབས་པོ་ཆེ་སྤྱད་ཅིང་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བའི་བདེན་མཐུ་ཟབ་མོ་རང་ལ་བརྟེན་པས་ད་རེས་མ་སྐྱེས་པའམ་མ་ཡིན་པས་ན་དལ་བ་ཕུན་སུམ་ཚོགས་པ་བརྒྱད་དང་ལྡན་པ་ཡིན་པས་ལྷག་པར་དུ་ཤེས་དགོས་ལ། དེའི་སྟེང་དུ་ཁྱད་པར་གྱི་ཆོས་འབྱོར་བ་བཅུ་ནི། ཀླུ་སྒྲུབ་ཀྱིས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་གསུངས་པ་ལྟར། མདོར་ན་ས་ཚིགས་དང་ཆོས་ཚིགས་ཀྱི་ཡུལ་དབུས་སྔ་མ་རྒྱ་གར་རྡོ་རྗེ་གདན་ཡིན་རུང་ཕྱིས་མུ་སྟེགས་པའི་བསྟན་པ་བཟུང་ཡོད་པས་ན་ད་ལྟ་ཆོས་ཚིགས་ཀྱི་ཡུལ་དབུས་བོད་གངས་ཅན་གྱི་ལྗོངས་འདིར་སྤྱི་བྱེར་གོ་དགོས་པས་ཡུལ་གྱི་འབྱོར་བ་དང་གཅིག །ཡུལ་དབུས་སྐྱེས་ཀྱང་གཞན་དུད་འགྲོའི་རིགས་ཀྱི་ལུས་ངན་བླངས་བསྡད་ཡོད་ན་མི་ཕན་ཏེ་ཆོས་སྒྲུབ་པའི་རྟེན་ཁྱད་པར་དུ་མས་འཕགས་པ་མིའི་ལུས་རྟེན་གྱི་འབྱོར་བ་དང་གཉིས། མི་ཡིན་ཡང་དབང་པོའི་སྒོ་རྣམས་མ་ཚང་ན་ཐོས་བསམ་གྱི་རྟེན་དུ་མི་རུང་བས་ན་དབང་པོ་ཡོན་ཏན་གྱི་འབྱོར་བ་དང་གསུམ། དབང་པོ་ཚང་ཡང་ཡུལ་དཀོན་མཆོག་ལ་དད་འདུན་གྱི་མོས་གུས་མ་སྐྱེས་ན་ཆོས་ལ་མི་ཞུགས་པས་ད་ལན་ཡུལ་ལ་དད་པའི་འབྱོར་བ་དང་བཞི། དད་པ་ཡོད་ཀྱང་སྔོན་ལས་ངན་ཚབ་ཆེན་གྱིས་སྡིག་པ་བསྐོས་པ་ཡིན་ན་ཆོས་ལས་ཉམས་འགྲོ་བས་ད་ལན་དགེ་བ་ལ་མོས་པ་ལམ་དུ་བསླངས་ནས་དེ་སྔ་ཕན་ཆོད་ལས་ཀྱི་མཐའ་མ་ལོག་པ་འདི་སྐལ་པ་ཁྱད་པར་ཅན་གྱི་འབྱོར་བ་དང་བཅས་རང་ངོ་ལ་ལྟོས་པའི་འབྱོར་བ་ལྔ་ཡིན་ཞིང་། དེ་ལས་ཀྱང་ལས་ཀྱི་མཐའ་ལོག་པ་ནི་བྱུང་དང་འབྱུང་བ་ཉེ་བར་འདུག་པས་ཤིན་ཏུ་ནས་ཀྱང་གཟབ་དགོས་གསུངས་པ་ལྟར་ཤེས་པར་བྱ་དགོས་ཤིང་། གཞན་འབྱོར་ལྔ་ལ། ཀླུ་སྒྲུབ་ཀྱིས། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེར་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་གསུངས་པ་ལྟར་སངས་རྒྱས་འཇིག་རྟེན་དུ་མ་བྱོན་ན་ཐར་པའི་ལམ་སྟོན་མཁན་མེད་པས་ན། ད་ལན་སངས་རྒྱས་ཤཱཀྱ་ཐུབ་པ་སོགས་བྱོན་པས་སྟོན་པ་ཁྱད་པར་ཅན་གྱི་འབྱོར་བ་དང་གཅིག །སངས་རྒྱས་བྱོན་ཡང་ཆོས་མ་གསུང་བར་མཉམ་གཞག་བཞུགས་པའི་སྐབས་སོགས་ཁེལ་ན་མི་ཕན་པས། ད་ལན་ཆོས་ཀྱི་འཁོར་ལོ་རིམ་པར་བསྐོར་བས་ན་ཆོས་ཀྱི་འབྱོར་བ་དང་གཉིས། བསྐོར་ཀྱང་བསྟན་པའི་གནས་ཚད་རྫོགས་ཏེ་ཕྱི་མའི་བསྟན་པ་མ་བྱུང་གི་བར་དུ་བསྟན་པ་ནུབ་པ་ཞེས་ཡུན་རིང་པོར་འབྱུང་སྟེ། ད་ལྟ་ལུང་རྟོགས་ཀྱི་བསྟན་པ་མ་ནུབ་ཙམ་ཡོད་པ་འདི་དུས་ཀྱི་འབྱོར་བ་དང་གསུམ། བསྟན་པ་གནས་ཀྱང་རང་ཅག་དེར་མ་ཞུགས་ན་མི་ཕན་ཏེ་དཔེར་ན་རྒྱ་མཚོ་ཆེན་པོ་འགྲམ་དུ་ཡོད་ཀྱང་མ་བཏུང་ན་སྐོམ་པ་མི་སེལ་བ་དང་འདྲ་བས། ད་ལན་རང་གཞན་ཆོས་སྒོར་ཉེ་བར་ཞུགས་ཤིང་མཐུན་རྐྱེན་སྣ་ཚོགས་པའི་འབྱོར་བ་དང་བཞི། ཞུགས་ཀྱང་གཙོ་ཆེར་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་མ་བཟུང་ན་མི་ཕན་ཏེ་ད་ལན་བརྩེ་བའི་རྗེས་སུ་བཟུང་སླ་བ་ནི་ལྷག་པར་ཐུགས་རྗེ་ཉེ་བའི་འབྱོར་བ་དང་བཅས་པའི་གཞན་རྐྱེན་ལ་ལྟོས་པའི་འབྱོར་བ་ལྔ་ཡིན་ཏེ་བསྟན་པའི་སྒོར་ཞུགས་ཀྱང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཡིད་ཆེས་པའི་དད་པ་དང་ལམ་དང་ལམ་མིན་གྱི་དབྱེ་བ་ཕྱོགས་ཙམ་ཡང་མི་ཤེས་པར་དག་སྟོན་པ་བྱེད་ལོ་དང་སེར་གོས་གྱོན་ལོ་ཙམ་གྱི་བསྟན་པའི་སྒོར་ཞུགས་པའི་གོ་ག་ལ་ཆོད་པས། དེས་ན་ཀུན་སློང་དང་ངེས་འབྱུང་། དད་པ་དང་དོན་གཉེར་གཞན་ལས་བརྒྱ་ཕྲག་གིས་ཁྱད་འཕགས་རྒྱུད་ལ་སྐྱེས་པ་ཞིག་མེད་ན་ཐབས་མེད་ཡིན་པ་དང་། གལ་སྲིད་རང་གི་རྒྱུད་ལ་དལ་འབྱོར་བཅོ་བརྒྱད་ལྡན་པའི་མི་ལུས་རིན་པོ་ཆེ་དེ་ལྟ་བུར་ལྡན་འདུག་ཕྱིན་དབུལ་པོའི་ནོར་གཏེར་རྙེད་པ་ལྟ་བུ་དགའ་སྤྲོ་ཚད་མེད་ལྷག་པར་བསྒོམ་དགོས་སོ། །སྔོན་ཚེ་རབས་ཐོག་མེད་ནས་ལུས་རྟེན་འདྲ་མིན་གྲངས་མེད་ཅིག་བླངས་ཀྱང་དལ་འབྱོར་བཅོ་བརྒྱད་ལྡན་པའི་མི་ལུས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཐོབ་པ་ནི་ད་རེས་ཙམ་གྱི་བར་སྐབས་འདིར། འཁོར་འདས་གཉིས་ཀྱི་ས་མཚམས། འདི་ཕྱི་གཉིས་ཀྱི་བརྗེ་ལེན། འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་ས་མཚམས་ཡར་འགྲོ་མར་འགྲོ་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུ་དེ་དུས་ད་ལྟ་རང་ཡིན་ཏེ། ཇི་སྐད་དུ། ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན། །ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །དགེ་སྡིག་ཀུན་གྱི་གཡོག་པོ་ལུས་འདི་ཡིན། །ཞེས་དང་། རྗེ་མི་བསྐྱོད་རྡོ་རྗེས། སྔོན་ཡང་འཁོར་བའི་སྡུག་བསྔལ་མྱངས། །ད་ཡང་སྡུག་བསྔལ་གྱི་སྔ་གྲབས་བྱེད། །ད་ལྟ་མི་ལུས་ཐོབ་འདུག་སྟེ། །མཚམས་འདི་ན་ནོར་ས་ཆེན་པོ་ཡོད། །ཅེས་དང་། ཇི་སྐད་དུ་ཚེ་འདི་ལས་ཕྱི་མ་སྡུག་བསྔལ་ཆེ། །ལམ་འདི་ལས་ཕྱི་མ་ཤུལ་ཐག་རིང་། །དུས་ད་ལྟ་བས་ཕྱི་མ་གཏན་དོན་ཆེ། །ཞེས་གསུངས་པ་ལྟར་དུ་མི་ཚེ་ལུག་མཇུག་ལྟ་བུའི་བར་སྐབས་འདིར་ཕྱུག་པོ་རྣམས་ཀྱི་ཕུའི་འབྲོག་པ་དང་། མདའི་ས་ཞིང་དང་། ཚོང་ཁེ་སྤོག་སོགས་དངུལ་རྡིལ་ཚད་མང་པོས་ཉམ་ཉེས་རེད་པ་དང་ཕྱོགས་ཙམ་མི་འདྲ་ཞིང་། མེད་པ་སྤྲང་པོ་རྣམས་འཁྱག་ལྟོགས་ཀྱིས་འཆི་བ་དང་མི་འདྲ་བར་དུས་གཏན་གྱི་འདུན་མ་ཤོར་ཆེས་རེད་པས་ཨེ་གོ། ད་ལན་ཁྱེད་རྣམས་ཀྱིས་གཏན་གྱི་དོན་ཆེན་ཆོས་ཡང་དག་ཞིག་ངེས་པར་ཅན་གྱིས་མ་འགྲུབ་ན་ཕྱིས་ནས་དལ་འབྱོར་ཐོབ་པ་ལྟ་ཞོག །རང་དབང་ཅུང་ཟད་ཙམ་མེད་པའི་ལུས་ངན་བལྟས་ན་སྡུག་པ་ཅི་འདྲ་འགའ་ལེན་འགྲོ་ཆ་ཙམ་ཡང་མི་གཏོགས་ཏེ། ད་ལན་དལ་འབྱོར་རྨི་ལམ་གྱི་གཉིད་ཁུང་ལྟར་ཡུད་ཙམ་ཐོབ་ཀྱང་། མི་རྟག་པ་ཆུ་བུར་དང་འདྲ་བའི་སྐབས་སུ་མྱུར་བར་ལམ་སྣ་མ་ཟིན་ན་དེ་ནས་ལས་འབྲས་ངན་པའི་མཐའ་མ་རྫོགས་བར་དུ་རེ་ཞིག་མི་ཟིན་པའི་ཕྱིར་ཏེ། རྒྱུ་དགེ་བ་མ་བསྒྲུབས་པའི་འབྲས་བུ་དལ་རྟེན་སླད་ནས་ག་ལ་ཐོབ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་བྱེད་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་དང་། ཇི་སྐད་དུ། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་རྣམས་ནི་གཉིད་མ་ལོག །ཅེས་དང་། མི་ལུས་ཐོབ་པ་ཉིན་མོའི་སྐར་མ་ཙམ། །ད་རེས་ལན་གཅིག་སྟོང་ཟད་བྱེད་ན་ཕངས། །ཕྱིས་ནས་གར་སྐྱེ་རང་དབང་ཅི་ཆ་ཡོད། །དེ་བས་སྙིང་པོ་དུས་འདིར་བླང་ན་ལེགས། །ཞེས་དང་། སྐྱེས་རབས་ལས། དལ་འབྱོར་སྣོད་ནི་རྙེད་གྱུར་ཀྱང་། །ཆོས་ཀྱི་ཐིགས་པ་མ་བླངས་ན༑ །ད་ནི་དམྱལ་མེ་བཟོད་དཀས་བསྲེགས། །ཡུན་རིང་ལས་ཀྱང་རབ་ཏུ་མནར། །ཞེས་གསུངས་པ་ལྟར་གོང་དུ་ལམ་ཙམ་བཤད་མ་ཐག་པའི་ཚུལ་བཞིན་མུན་པའི་བསྐལ་ཆེན་རྣམས་སུ་སྐྱེས་སོང་ན་བསྐལ་པ་བྱེ་བ་མང་པོར་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་པ་དང་། དེ་ལྟར་མུན་བསྐལ་རང་མིན་ཡང་སངས་རྒྱས་ཀྱི་བསྟན་པ་སྔ་མ་ཕར་རྫོགས་ཕྱི་མའི་བསྟན་པ་ཚུར་མ་ཚེས་པའི་བར་དུ་བསྟན་པ་སྟོང་ཞེ་བྱ་བ་ལོ་བརྒྱ་སྟོང་ཁྲི་འབུམ་དུ་འབྱུང་བར་ཡོད་པས། དེ་འདྲའི་གནས་སུ་རང་རེ་རྣམས་མི་ལུས་གྲངས་མེད་ཐོབ་རུང་ཆོས་སྒྲུབ་པའི་སྐལ་པ་དང་ཡོངས་སུ་བྲལ་བས་ན་ཚེ་འདིའི་བྱ་བ་ཐུན་མོང་ཙམ་ལས། གཏན་དོན་གང་ཡང་མི་འགྲུབ་པར་ཐ་མལ་དུ་འཆི་བ་ལས་མ་འདས་པས་ན། ཚེ་འདིར་དུད་འགྲོ་སྤྱི་དང་སྐལ་པ་མཉམ་ནས་མཐར་ལས་འབྲས་ངན་སོང་ལས་འགྲོ་ས་མེད་པས་མི་ལུས་ཐོབ་ཀྱང་ཤིན་ཏུ་ཐབས་རྡུགས་པའི་དུས་ཁོ་ན་ཡིན། ད་ལན་ནི་མུན་བསྐལ་མ་ཡིན་པར་སྒྲོན་མེའི་བསྐལ་པ་འདིར་སངས་རྒྱས་སྟོང་གི་བསྟན་པ་ཚེས་ནས་བཟུང་། བར་བསྐལ་ཡང་མ་གྱུར་པར་ད་ལྟ་ལུང་རྟོགས་ཀྱི་བསྟན་པ་དར་ཞིང་གནས་བསྡད་ཡོད་པ་འདི་ནི་དུས་ཀྱི་བསྐལ་པ་ཁྱད་པར་དུ་མས་འཕགས་པ་ཅན་ཡིན་པ་ལ་ཡིན་པར་ཤེས་པས་བླ་མ་གྲྭ་པ་ཆོས་བྱེད་རྣམས་ཀྱིས་ནི་བསམ་རྒྱུ་བླ་མ། སྒྲུབ་རྒྱུ་ཆོས་ལས་གཞན་ཅི་ཡང་མེད་བཞིན་དུ་བརྩོན་འགྲུས་ལྷག་པར་བསྐྱེད་དགོས་པར་འདུག་གོ། །དེ་བཞིན་དུ་གནས་ཡུལ་སྤྱི་དང་བྱེ་བྲག་ལ་དཔྱད་པ་ཞིག་བྱས་རུང་ཤར་དང་བྱང་དང་ནུབ་ཀྱི་གླིང་གསུམ་དང་གླིང་གཡོག་དྲུག་བཅས་ལ་ཆོས་ཀྱི་སྒྲ་ཙམ་ཡང་ཆེར་མི་གྲགས་པས་སྐྱེ་འགྲོ་རྣམས་ཤི་མ་ཐག་པར་ངན་སོང་ལས་འགྲོ་ས་མེད་པས་སྐལ་པ་དམན་པ་ཡིན། དེ་ལས་ལྷོ་འཛམ་གླིང་འདིར་ཆོས་ཀྱི་བསྟན་པ་དར་བའི་གནས་ཁྱད་པར་དུ་མས་སྤྱིར་འཕགས་པ་དང་། སྒོས་སུ་འཛམ་གླིང་འདིར་ཡང་ཆོས་མི་དར་བའི་གནས་མཐའ་འཁོབ་བརྒྱ་དང་རྩ་བརྒྱད། ཡང་འཁོབ་སྟོང་དང་རྩ་གཉིས་སོགས་ཡོད་པས། ད་ལན་དེ་འདྲའི་གནས་ངན་དུའང་སྐྱེ་མ་སོང་བ་འདི་སྐལ་པ་ཤིན་ཏུ་བཟང་བ་དང་། བྱེ་བྲག་ཏུ་ཆོས་དར་བའི་གནས་ཀྱི་གཙོ་བོ་སྔོན་རྒྱ་གར་རྡོ་རྗེ་གདན་སོགས་ཡིན་པའི་སྐབས་དེར་བོད་ཀྱི་ཆོས་པ་མཆོག་དམན་ཕལ་ཆེར་ཐམས་ཅད་ལུས་སྲོག་འབེན་དུ་བཙུགས་ནས་དཀའ་བ་དུ་མར་སྤྱད་དེ་རྒྱ་གར་རང་དུ་ཕྱིན་ནས་གསེར་དངུལ་རིན་པོ་ཆེ་དར་ཟབ་ལ་སོགས་པའི་མཎྜལ་གཅལ་དུ་བཀྲམ་ནས་མདོ་སྔགས་ཀྱི་ཆོས་རྣམས་བསྒྱུར་ཞུས་དཔྱད་གསུམ་གྱིས་གཏན་ལ་ཕབ་པའི་འབྱུང་གནས་ཆེན་པོར་ཡིན་རུང་། དེང་སང་བསྟན་པའི་རྟགས་ཙམ་ཡང་ཕལ་ཆེར་ནུབ་པ་དང་། བོད་འདིར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དང་། མཁན་སློབ་ཆོས་གསུམ་སོགས་ཀྱི་བཀའ་དྲིན་ལ་རྟེན་པའི་སྔ་མོ་ནས་བཤད་སྒྲུབ་ཀྱི་བསྟན་པ་ཉིན་བཞིན་གསལ་བ་དང་། དེའང་དུས་སྙིགས་ལྔའི་དབང་གིས་དེང་སང་སྤྱིར་རྒྱལ་བའི་བསྟན་པ་རིམ་པར་འགྲིབས་པ་དང་། ལྷག་པར་ངེས་པ་དོན་གྱི་བསྟན་པ་རིན་པོ་ཆེ་ནི་སེམས་ཅན་གྱི་བསོད་ནམས་དམན་པས་མ་ཆུན་ཏེ་མི་རིང་རེ་རེས་ཀྱང་བསྟན་པ་ཆེས་ཆེར་འགྲིབས་ནས་དེང་སང་བཤད་སྒྲུབ་ཀྱི་བསྟན་པ་དར་བའི་གནས་ཀྱི་གཙོ་བོ་ནི་མདོ་སྨད་སྡེ་དགེའི་ཕྱོགས་སུ་ཡིན་རུང་། དེའང་ཐོས་བསམ་གྱི་བཤད་པ་གཙོ་བོར་འདོན་པ་ལས། སྒོམ་པའི་ཉམས་མྱོང་སྐྱེས་མཁན་ཅན་སྤྱིར་དཀོན་པ་དང་། སྒྲུབ་པའི་བསྟན་པ་འཛིན་སྐྱོང་སྤེལ་མཁན་ཁ་ཤས་རེ་ཡོད་རུང་། དེས་ཀྱང་ཐོས་བསམ་སོགས་རྣམ་རྟོག་གི་བྲེ་ཁ་གསབ་པ་ཅན་ལས་ཉམས་མྱོང་ཟང་མའི་བརྟན་པ་ཁོ་ན་ཐོབ་མཁན་ཅན་ནི་བོད་ལྗོངས་ཀུན་ཏུ་དཀོན་པར་མཆིས་པའི་རང་བཞིན་ནི་མངོན་སུམ་མཐོང་ཐོས་མྱོང་གྱུར་དུ་གྲུབ་འདུག་མོད། དེས་ན་བསྟན་འགྲོ་ཀུན་གྱི་འཕྲལ་ཡུན་བདེ་སྐྱིད་ཀྱི་འབྱུང་གནས་ཆེན་པོ་ངེས་པ་དོན་གྱི་བསྟན་པ་ཡང་དག་པར་འཛིན་པའི་སྐྱེས་བུ་ཞིག་ནི་རང་རེའི་མཐོང་ཐོས་རེག་བྱའི་ཡུལ་དུ་འདུག་ཕྱིན་ཆད། ལྷག་པར་དུའང་གནས་དང་། དུས་དང་། ཆོས་དང་། སྒྲུབ་པའི་ཐབས་རྟེན་སོགས་ཀུན་གྱི་སྙིང་པོའི་སྙིང་པོ་ཡང་ཟབ་མཆོག་རབ་རྩེ་མོ་གཅིག་ཏུ་ཡིན་པར་ཤེས་པའི་ངང་ནས། ཆོས་སྒོར་མ་ཞུགས་པ་རྣམས་དུས་མྱུར་བ་ཉིད་དུ་ཞུགས་པར་བྱོས། འཇུག་བཞིན་པ་རྣམས་ཆོས་དྲེད་དུ་མ་ལྷག་པར་སྡིག་སྤོང་དགེ་སྒྲུབ་ལ་གོང་ནས་གོང་འཕེལ་དུ་བརྩོན་འགྲུས་སྐྱོད། བརྩོན་འགྲུས་ཁྱད་པར་ཅན་དང་ལྡན་པ་རྣམས་ཀྱིས་ཉམས་རྟོགས་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་བྱ་བ་ཅི་ནས་གལ་ཆེ་བའི་རང་བཞིན་ནོ། །མ་ཟད་དལ་རྟེན་དེ་ལྟ་བུ་ནི་གྲངས་ཀྱིས་སྒོ་ནས་དཔྱད་ཀྱང་ཤིན་ཏུ་རྙེད་པར་དཀའ་བའི་རང་བཞིན་ཏེ་ངན་སོང་གསུམ་དུ་སྐྱེས་པ་ལ་ལྟོས་ན་མི་ལུས་ཐོབ་པ་ནི་སྲིད་མཐའ་ཙམ་ཡིན་ཏེ། མདོ་ལས། དམྱལ་བ་ནི་ས་ཆེན་པོའི་རྡུལ་ཙམ། ཡི་དྭགས་ནི་གང་གཱའི་ཀླུང་གི་བྱེ་མ་ཙམ། དུད་འགྲོ་ནི་ཁ་བ་བུ་ཡུག་འཚུབས་པ་ཙམ། ལྷ་མ་ཡིན་ནི་ཆང་འགགས་ཀྱི་སྦང་མ་ཙམ། ལྷ་དང་མི་ནི་སེན་མོའི་སྟེང་གི་རྡུལ་ཙམ་ལས་མེད་པར་གསུངས་པ་ལྟར་ད་ལྟ་དམྱལ་བ་སོགས་མིག་གི་མ་མཐོང་བས་བཤད་བསྡད་ཀྱང་བདེན་རྟོགས་དཀའ་ཡང་མི་དང་དུད་འགྲོའི་མང་ཉུང་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་ལ་བརྟག་དཔྱད་རེ་བྱས་ན་འབུ་གྲོག་ཚང་རེའི་གྲོག་སྦུར་གྱི་གྲངས་ཀ་ཙམ་ཡུལ་རྒྱལ་ཁབ་ཆེན་པོ་ཞིག་གི་མི་ལའང་ཨེ་ཡོད་ན། མི་ལའང་མཐའ་འཁོབ་ཀྱི་སྐྱེ་འགྲོའི་གྲངས་དང་རིམ་པ་ལ་ལྟོས་ན་དམ་པའི་ཆོས་དར་སར་སྐྱེས་པ་ནི་ཆེས་ཆེར་ཉུང་ཞིང་། དེ་ལས་དགོན་གྱི་གྲྭ་པ་རྣམས་ཉུང་། དེ་ལས་རི་ཁྲོད་དུ་ཆོས་བྱེད་རྣམས་ཉུང་། དེ་ལས་ཀྱང་དལ་འབྱོར་བཅོ་བརྒྱད་ལྡན་པའི་ཆོས་པ་ཡང་དག་པ་ནི་ཐ་ཐོར་ཙམ་ལས་མེད་པ་ལ་བསམ་སྟེ་ཐོབ་དཀའ་བ་དོན་ཆེ་བའི་ངེས་ཤེས་ཁྱད་པར་འཕགས་པ་སྙིང་ནས་རྙེད་པ་གལ་ཆེ་སྟེ། མདོ་ལས། ས་རྡོ་རི་ལུང་དུད་འགྲོའི་ཁེངས་གྱུར་ན། །ངན་འགྲོ་གཞན་གྱི་ཚད་ནི་སུ་ཡིས་ཤེས། །ཞེས་དང་། རྗེ་ཕག་མོ་གྲུ་པས། ཐམས་ཅད་མི་ཁོམ་རང་བཞིན་ལ། །དལ་འབྱོར་འཛོམ་པ་ཆེས་ཀྱང་དཀོན། །དེ་བས་ཆོས་ལ་འདུན་པ་དཀོན། །བུ་སྐལ་ལྡན་ཀུན་དོན་མེད་མ་སོང་མཛོད། །ཅེས་སོགས་གསུངས་པ་ལྟར་མ་ཟད་དཔེ་ཡི་སྒོ་ནས་དཔྱད་ཀྱང་ཤིན་ཏུ་རྙེད་པར་དཀའ་བའི་རང་བཞིན་ཏེ། ཞི་བ་ལྷས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་པར་དཀའ། །ཞེས་པ་ལྟར་སྟོང་གསུམ་འདི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་པའི་ཁར་གཉའ་ཤིང་བུ་ག་གཅིག་པ་ཞིག་ཤར་ལྷོ་ནུབ་བྱང་ཀུན་ཏུ་རླུང་གིས་དེད་ཅིང་སྐད་ཅིག་ཙམ་ཡང་མི་སྡོད་པ་འགྲོ་བ། མཚོ་དེའི་གཏིང་དུ་རུས་སྦལ་ལོང་བ་ཞིག་ཡོད་པས་ལོ་བརྒྱ་རེ་ནས་མཚོ་ཁར་མགོ་ལྡོག་ཙམ་ཐོན་པའི་སྐབས་སྟེས་དབང་གིས་གཉའ་ཤིང་གི་བུ་གར་རུས་སྦལ་མགྲིན་པ་ཆུད་པ་ནི་སྲིད་ཅིང་། དེ་ལས་ཀྱང་དལ་འབྱོར་གྱི་མི་ལུས་རྙེད་པར་དཀའ་བའི་ཆོས་ཅན་ཏེ་སྟེས་དབང་དང་སྟབས་ལེགས་ལྟ་བུའི་ཐོབ་པ་མིན་ཞིང་། རྒྱལ་བློན་དང་ཕོ་རྒོད། དཔའ་རྩལ་དང་སྤྱང་གྲུང་། དགྲ་བཏུལ་དང་གཉེན་སྐྱོང་སོགས་སྡིག་བྱས་ཀྱིས་མི་ལུས་ཐོབ་པ་ག་ལ་ཡིན་ཏེ། མདོར་བསྡུ་ན་འཇིག་རྟེན་དུ་སྲིད་དཀའ་བ་ཀུན་ལས་ཀྱང་དལ་འབྱོར་གྱི་ལུས་རྟེན་འདི་ཉིད་ཐོབ་དཀའ་ཚུལ་སོགས་མདོ་སྔགས་དུ་མ་ནས་རྒྱས་ཤིང་རྒྱས་པར་ཕྲ་ཞིང་ཕྲ་བར་གསུངས་པ་ལྟར་མི་ལུས་དགོས་འདོད་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་རང་གི་རྒྱུད་ལ་ཡོད་ཅིང་རང་དབང་ཐོབ་པའི་དུས་འདིར་དོན་གྱི་སྙིང་པོ་ཆོས་ཡང་དག་པ་ཞིག་མ་བསྒྲུབས་ཏེ་མི་ཚེ་དོན་མེད་དུ་ཟད་སོང་ན་རང་གིས་རང་ཆེད་དུ་ངེས་པར་ཅན་གྱིས་བསླུས་བཞག་པ་ཡིན་ཏེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །དེ་ལས་བསླུས་པ་གཞན་མེད་དེ། །དེ་ལས་རྨོངས་པའང་གཞན་མེད་དོ། །ཞེས་དང་། འགྲོ་མགོན་གཙང་པ་རྒྱ་རས་ཀྱིས། མི་ལུས་ཐོབ་ནས་ཆོས་མེད་པོ། །གསེར་གླིང་དུ་ཕྱིན་ནས་སྟོང་ལོག་མཁན། །རང་ངན་སོང་དུ་ལྷུང་ན་མི་འགྱོད་དམ། །མི་དད་མེད་རྣམས་ལ་ཕྲིན་དེ་བཅོལ། །ཞེས་སོགས་གསུངས་པ་ལྟར་དུ་རྒྱུ་སྦྱིན་པ་དང་ཚུལ་ཁྲིམས་བསྲུང་བའི་དགེ་བ་སོགས་དང་། ངོ་བོ་དལ་བ་བརྒྱད་རྐྱེན་འབྱོར་བ་བཅུ་དང་དཔེར་དཔེ་དང་དོན་གྲངས་སོགས་གང་གི་སྒོ་ནས་ཀྱང་ཤིན་ཏུ་ཐོབ་དཀའ་བའི་དལ་འབྱོར་འདིའི་སྟེང་ནས་སྙིང་པོ་ནི་དམ་པའི་ཆོས་ཟབ་མོ་མྱུར་དུ་མ་བསྒྲུབས་ཅིང་ཉམས་སུ་མ་ལོན་ན་ཚེ་ནི་ཉིན་རེ་བཞིན་དུ་ཟད་ནས་འཆི་འགྲོ་རྒྱུ་ལས་ནམ་ཡང་མ་འདས་ཤིང་། འཆི་ཚར་ནས་བཟུང་སྟེ་ཡང་འདུག་བྱེད་ནས་ཆོས་སྒྲུབ་དབང་ཡོད་པ་ནི་གཅིག་ཙམ་ཡང་མི་སྲིད། གལ་སྲིད་རོ་ལངས་ཞེས་ཐར་ཐོར་འབྱུང་བ་ཡིན་ཏེ། དེས་ཀྱང་ཆོས་སྒྲུབ་པའི་རེ་བ་ཕྱོགས་ཙམ་བྲལ་བས་ན་ཀུན་བྱེད་སེམས་འདིའི་རྗེས་སུ་སྙེགས་མ་བསྡད་པ་ཅི་ནས་གལ་ཆེ་བའི་རང་བཞིན་ཏེ། ཉི་མ་དྲོ་གྲང་། དབྱར་དགུན་འགྱུར་ལྡོག །ལས་བྱ་བ་ཁོམ་མི་ཁོམ། དགའ་སྡུག་དང་ཟས་གོས་སོགས་འབྱོར་ཞན་ཙམ་གྱིས་ཆོས་བསྒྲུབ་པ་ལ་འཕོ་འགྱུར་ནམ་ཡང་རེད་ཤོར་མི་ཉེན་པ་དང་། མ་ཟད་ང་ལོ་ན་ཆུང་བས་རེ་ཞིག་མི་འཆི་སྙམ་པ་དང་། ང་ལོ་ན་ཆེ་བཞིན་དེ་སྔོན་ཡང་འཆི་མ་སོང་བས་ད་དུང་རེ་ཞིག་མི་འཆི་སོགས་སྙམ་ན་ཧ་བོ་དེ་དག་ནི་ཕྱི་འགྱོད་རྟས་རྗེས་མི་ཟིན་པའི་བློ་ངན་སྐྱེ་བའི་རྒྱུ་རང་ཡིན་པས་ངེས་པར་སྤོངས་ལ་ལོ་ན་ཆུང་ན་ཆུང་བཞིན་ཆོས་ཡང་དག་ཞིག་ཉམས་སུ་ལོན་པའི་ཚེ་ཡི་ཡུན་འདུག་སྙམ་ནས་དགའ་སྤྲོ་དང་བཅས་བརྩོན་འགྲུས་ལྷག་པར་བྱེད་དགོས་པ་དང་། ལོ་ན་ཆེ་ན་ཆེ་བ་བཞིན་དུ་འཆི་རན་ནས་ལས་འབྲས་སྨིན་རྒྱུ་ལས་ཅང་ལྷག་མི་འདུག་སྙམ་ནས་སྡུག་བསྔལ་གྱི་ཁུར་པོ་ལྕི་བཞིན་པའི་ངང་ནས་ད་ནི་མི་ངོ་མ་ཟིན་ཀྱང་རུང་རྗེས་མ་སླེབས་ཀྱང་རུང་གྲལ་དུ་མ་ཚུད་ཀྱང་རུང་། དགོས་ངེས་དམ་ཆོས་དང་། ཡོང་ངེས་འཆི་བ་གནས་ངན་ངན་སོང་གི་སྐྱེ་སྒོ་ཁེགས་དགོས་པའི་ཕྱིར། དེའི་སྐབས་སུ་རང་གིས་རང་མི་བསླུ་བའི་ཕྱིར་དུ་སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར་རམ། སྡར་མའི་པང་དུ་སྦྲུལ་འཇུག་པ་ལྟར་རམ། ཐང་ལྷོད་མེད་པ་གཞུ་བདུང་བ་ལྟར་རམ། ཤུགས་དྲག་ལ་རྒྱུན་རིང་བ་ཆུ་བོ་ཆེན་པོའི་གཞུང་ལྟར་དུ། ཆོས་ལ་ཉིན་མཚན་དུས་འདའ་བའི་བརྩོན་འགྲུས་ལྷག་པར་བསྐྱེད་དགོས་ཏེ། ཕ་དམ་པ་རིན་པོ་ཆེས། སྐྱེས་པའི་ནངས་པར་འཆི་བའི་བྱ་བྱུང་བས། །ལོང་མེད་རྒྱུད་ལ་ཁོལ་ཅིག་དིང་རི་བ། །ཡེངས་མ་ལམ་ནས་འཆི་བདག་བདུད་ཀྱིས་ཟིན། །ད་ལྟ་ཉིད་དུ་སྒྲུབས་ཤིག་དིང་རེ་བ། །བྲེལ་དོར་ཚར་ནས་ཆོས་ལ་ཕྱིན་པ་མེད། །དྲན་པའི་ཚེ་ན་རྒྱུག་ཅིག་དིང་རི་བ། །ཞེས་དང་། མན་ངག་མཛོད་ལས། དལ་འབྱོར་ཐོབ་དུས་ཆོས་ལ་མ་ཞུགས་ན། །ཡེངས་པའི་ལམ་ལ་མི་ཚེ་ཟད་པ་དང་། །འཆི་བ་ངེས་མེད་ཐོག་རྫིས་འོང་བ་དང་། །ཤི་ནས་འཁོར་བ་ངན་སོང་ལྷུང་བ་དང་། །སྡུག་བསྔལ་དྲག་པོས་ལུས་སེམས་གདུང་བ་དང་། །འགྱོད་པ་སྐྱེས་ཀྱང་ཤིན་ཏུ་མནར་བ་དང་། །ཐར་བའི་དུས་མེད་ཡུན་རིང་གནས་དགོས་སོ། །ཞེས་དང་། ཟླ་དགའ་གྲོགས་ཀྱི་དབང་དུ་མ་ཤོར་དང་། །ངོ་བསྟོད་ཟས་ཀྱི་དབང་དུ་མ་ཤོར་དང་། །འབྲེལ་འདྲིས་རྣམ་གཡེང་དབང་དུ་མ་ཤོར་དང་། །བརྩེ་གདུང་གཉེན་གྱི་དབང་དུ་མ་ཤོར་དང་། །བཟོ་རིགས་བཤེས་གཉེན་དབང་དུ་མ་ཤོར་དང་། །གསོག་སྒྲུབ་ནོར་རྫས་དབང་དུ་མ་ཤོར་དང་། །དེ་ལྟར་དྲུག་ལྡན་ཆོས་ལམ་མཐར་ཕྱིན་འགྱུར། །ཞེས་དང་། འཇིགས་མེད་གླིང་པས། གྱོང་ལྟོ་གོས་གཏམ་ལ་མ་བཀུར་ན། །ངས་བྱ་འོ་སྙམ་པའི་འོག་གྲབས་ཀྱིས། །ཡིད་སྨོན་པའི་ངང་ནས་མི་ཚེ་ཟད། །དགྲ་འཆི་བདག་བཙན་ཐབས་འོང་ཉེན་གདའ། །ཞེས་སོགས་ཚིག་དོན་དང་ལོ་རྒྱུས་ལུང་འདྲེན་གྱི་རིམ་པ་མཐའ་ཡས་པ་ཞིག་གསུངས་འདུག་པ་ལྟར། ངེས་ཤེས་ལྷག་ཏུ་བསྐྱེད་དགོས་ཏེ། མ་ཤི་བར་དུ་འཁོར་བའི་བྱ་བ་ཁོ་ནས་གཡེང་། འཆི་ནས་ངན་སོང་གི་གནས་སུ་འཁྱམས། ནམ་ཞིག་ངན་སོང་ལས་ཐར་ནས་མི་ལུས་ཐོབ་རུང་འཁོར་བ་ལ་སྔར་བཞིན་གོམས་འདྲིས་ཐོན་པའི་དབང་གིས་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་རྟག་ཏུ་འཁོར་ནས་ལོངས་སྤྱོད་པ་རྣམས་ཅི་ནས་སྙིང་རེ་རྗེ། ད་ལྟ་རང་རེ་ཆོས་པ་རྣམས་རྒྱལ་བློན་གྱི་བྲན་གཡོག་དང་། བསྒྲིགས་ཁྲིམས་སྲུང་བ་དང་། ཁྲལ་འུར་འཇལ་བ་སོགས་མི་དགོས་པ་དང་། ཟས་གོས་དང་འབྱོར་བས་མ་དབུལ་པར་ཆོས་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྐབས་འདིར་དམ་པའི་ཆོས་སྒྲུབ་པ་ཁོ་ན་ལ་གཅིག་ཏུ་སྤྲོ་དགོས་ཏེ། འདི་ཕྱི་འཕྲལ་ཡུན་ཀུན་ཏུ་ཕན་བདེའི་རྒྱུ་བླ་ན་མེད་པ་ཡིན་པའི་ཕྱིར། དཔེར་ན་མགོན་དང་སྐྱབས་གླིང་དང་དཔུང་གཉེན་སྣང་བ་དང་སྒྲོན་མེ་ལྟ་བུ་དང་། བཀྲེས་པ་ལ་ཟས། སྐོམ་པ་ལ་ཆུ། འཁྱག་པ་ལ་མེ། ཚ་བ་ལ་རླུང་། ནད་ལ་སྨན་ཤིན་ཏུ་འཕྲོད་པའམ་དགོས་པ་ལྟར་ཡིན་པས་དཔེ་དོན་གོ་བར་བྱ་དགོས། ཕལ་པ་རྣམས་ཀྱི་མི་ཚེ་མགྲོན་པོ་ལྟ་བུ་སྡོད་ཡུན་ཐུང་བ་འདི་ལའང་སྙན་གྲགས་བྲག་ཆ་ལྟ་བུ་ཐོབ་པའི་ཕྱིར་དུ་རྒྱུ་ནོར་ལོངས་སྤྱོད་གང་ཡོད་སྦྱིན་གཏོང་སྐྱི་གཡར་ནུས་མཁན་ཀྱང་མང་། དེ་བཞིན་དུ་རྒྱུ་ནོར་རྣམས་རང་ལ་ཚུར་ཐོབ་པའི་ཕྱིར་དུའང་ཁེ་སྤོག་དང་བསགས་སྲུང་ཁོ་ནའི་མི་ཚེ་དུས་ཀྱིས་འདའ་སྟེ་ལ་ལུང་དང་ཆུ་ཆེན་འཇིགས་སུ་རུང་བ་དུ་མ་བརྒལ་ནས། རྟ་རྨིག་ལྕགས་ཀྱིས་ཤན་ཏེ་དཀའ་ལས། ན་ཚ། ལྟོགས་སྐོམ། ངལ་དུབ་ཅི་བྱུང་ཡང་བཟོད་པར་ནུས་མཁན་མང་བ་དང་། དེ་བཞིན་དུ་ང་རྒྱལ་དང་ཕྲག་དོག་གི་ཕྱིར་དུ་ལུས་སྲོག་ལ་མི་ལྟོས་པར་ཤི་ག་ལྕེབ་ནུས་མཁན་སོགས་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་ཤིན་ཏུ་མང་བས་ན། རང་རེས་དུས་གཏན་གྱི་བདེ་བ་བླ་ན་མེད་པ་ཐོབ་པའི་ཕྱིར་དམ་པའི་ཆོས་སྒོར་ཞུགས་ནས་བདེ་བའི་སྟན་ལ་བག་ཕེབས་ཏེ་འདུག་ཅིའི་ཕྱིར་མི་སྤྲོ་བ་ལགས། དེར་མ་ཟད་ད་ལྟ་དལ་འབྱོར་ཕུན་སུམ་ཚོགས་པའི་དུས་ཁྱད་པར་འཕགས་པའི་སྐབས་འདིར་ཆོས་མ་ཞུས་ན་སྲོག་མ་ཆད་ཀྱང་རོ་འདྲ་བ་དང་ཆོས་ཐོས་ནས་གཏན་དོན་མ་བསྒྲུབས་ན། དབུགས་ཡོད་ཀྱང་ས་རྡོ་བེམ་པོར་འདྲ་བ་དང་། སྐྱོན་ཡོན་ཤེས་ནས་བཟུང་སྡིག་པ་བསགས་ན་རང་ཕུང་རང་གིས་སྒྲུབ་པ་ཡིན་པས་འདྲེས་མ་ཁྱེར་ཀྱང་སྨྱོན་པ་དང་འདྲ་བ་དང་། རང་དབང་ཡོད་དུས་འདིར་ཆོས་མ་བསྒྲུབས་ན་བླུན་རྨོངས་དུད་འགྲོ་འདྲ་ཞིང་སྐལ་པ་མཉམ་པར་གསུངས་པས་ན། དེ་ལྟར་མ་ཡིན་པར་དལ་བའི་རྟེན་བཟང་ཐོབ་པའི་སྐབས་འདིར་སྙིང་པོ་དམ་པའི་ཆོས་ཁོ་ནར་བསྒྲུབ་དགོས་པའི་རང་བཞིན་ཏེ། དཔེར་ན་གྲུ་དང་མཉན་པ་ཡོད་དུས་ཆུ་ལས་སྒྲོལ་དགོས་པ་ལྟར་ཐབས་ལུས་རྟེན་ཁྱད་འཕགས་དང་ལྡན་དུས་འདིར་འཁོར་བ་ལས་ཐར་བའི་ཐབས་ལ་ཅི་ནས་འབད་དགོས་པ་དང་། དཔུང་ཚོགས་ཡོད་དུས་དགྲ་བཏུལ་དགོས་པ་ལྟར་ཆོས་ཕུན་སུམ་ཚོགས་པའི་དུས་ཉོན་མོངས་པའི་དགྲ་རྣམས་ཅི་ཐུལ་བྱ་དགོས་པ་དང་། ནམ་ཟླ་དྲོས་དུས་ས་བོན་ཅི་ཐེབ་བྱེད་དགོས་པ་ལྟར་ཚེ་རབས་གཏན་དུ་བདེ་བའི་ཆོས་ཀྱི་སོ་ནམ་ཅི་ཐེབ་བྱེད་དགོས་པ་ཡིན། དེའང་རིན་པོ་ཆེའི་གླིང་དུ་ཕྱིན་སྐབས་ཡིད་བཞིན་གྱི་ནོར་བུ་རང་ལེན་དགོས་པ་ལྟར་ཚེ་རབས་ནས་དེང་ཕན་ཆད་བསགས་པའི་སྡིག་སྒྲིབ་རྣམས་བྱང་དགོས་པ་དང་། ད་ཚེ་ཡི་ཡུན་ཕལ་ཆེར་ཟད་ནས་སྒྲུབ་ལོང་མེད་པ་དང་། འདུས་བྱས་ཀྱི་དགེ་བའི་ཕན་གནོད་ཆུང་བ་དང་། ཕྱི་མ་ངན་སོང་གི་སྐྱེ་སྒོ་ཁེག་དགོས་པ་དང་། ཚེ་རབས་ཀུན་ཏུ་བདེ་བའི་རྒྱུ་ལུས་རྟེན་བཟང་པོ་འདིའི་ཐོག་ནས་ཡོངས་སུ་འགྲུབ་དགོས་པའི་ཕྱིར་རིང་ལམ་ཉེ་ལམ་མྱུར་ལམ་གསུམ་ལས་མྱུར་ལམ་རང་བློ་ཁེལ་ངེས་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ། གདམས་ངག་ཟབ་མོ་ཉམས་སུ་བླང་དགོས་པ་འདུག་སྟེ། ད་ལན་ནི་རང་རེ་རྣམས་སྤྱིར་མི་ཡིན་པ། སྒོས་སེར་གཟུགས་འཆང་མཁན་སེམས་སྤྱང་གྲུང་རྣམ་དཔྱོད་དུ་མ་དང་ལྡན་པ། ངག་གིས་ཚིག་དོན་དཔག་ཏུ་མེད་པ་སྟོན་ནུས་པ། ལུས་ཀྱིས་བཟང་ངན་ཆེ་ཕྲ་ཀུན་བླང་དོར་བགྱིད་ནུས་པ། མ་ཟད་ཆོས་དང་བླ་མ་ལ་འཕྲད་ནས་རང་དབང་ཡོད་པ་ལུས་ནད་ཀྱིས་མ་མནར་སེམས་སྡུག་བསྔལ་གྱིས་མ་གོས་པར་བསམ་པའི་ཤེས་རབ་དང་ཐབས་ཀྱི་ལུས་རྟེན་གཉིས་པོ་སོ་སོར་ཡ་མ་བྲལ་ཞིང་། འཆི་ནས་ངན་སོང་དུ་འཁྱམས་མ་ཚར་བས་ན་ཐབས་ཤེས་འབྱོར་བ་ཕུན་སུམ་ཚོགས་པའི་བར་སྐབས་འདིར་དམ་པའི་ཆོས་ཀྱི་ཕྱིར་དུ་འཁྱག་ལྟོགས་དང་དཀའ་སྤྱད་སྙིང་རུས་ཀྱི་འཆི་གྲབས་ལན་གྲངས་མྱངས་བའམ། འཆི་ངེས་ལས་མ་འདས་ཀྱང་ད་ལན་ལྷག་པར་དགའ་བ་བསྒོམས་ཏེ་བཟོད་པར་བྱ་དགོས་པ་ཡིན་མ་གཏོགས། རིང་མིན་འཆི་ནད་དྲག་པོས་མནར་ལ་འཆི་བ་བཟློག་མེད་ཡོང་ནས་ཚེ་ཕྱི་མའི་ཡུལ་ལ་འཕང་བའི་ཚེ་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ། བར་མེད་པ་ཡུན་རིང་བ་ཤུགས་དྲག་པ་ཅི་རིགས་མྱངས་ནས། བདེ་བའི་མིང་མི་གྲགས་པར། རང་དབང་ཅུང་ཟད་ཙམ་མེད་པ། ཐབས་དང་རྣམ་པ་ཐམས་ཅད་དང་ཡོངས་སུ་བྲལ་བའི་ཚེ་བླ་མ་མཇལ་བ་དང་ཆོས་སྒྲུབ་ཁོམ་པ་ལ་སོགས་ལྟ་ཞོག །ཆོས་ཀྱི་ཕྱོགས་སུ་བློ་སྐད་ཅིག་ཙམ་ཡང་སྐྱེ་དབང་མེད་པར་གཞན་དབང་ཁོ་ནའི་དུས་འདའ་ནས་མནར་ཡོང་བའི་ཚེ་ཅི་ལྟ་བུ་བྱེད་སྙམ་ནས་ཚེ་འདིའི་བཟང་ངན་གྱི་གཏམ་སོགས་ལ་དགག་སྒྲུབ་རེ་དོགས་མི་བྱ་བར་སྨྱོན་པ་འུར་ལང་བའི་གཏམ་ལྟར་རམ། མི་ཤི་བའི་ཤུལ་གྱི་གཏམ་ལྟར་ཅི་ལབ་ལབ་ཏུ་བཅུག །ཕྱི་མ་ཚ་གྲང་ལྟོགས་སྐོམ་སོགས་ངན་སོང་གི་སྡུག་བསྔལ་ཕ་མཐའ་ཡས་པ་དང་། ད་ལྟ་ཁྱིམ་པ་རྣམས་ཁྲལ་ཁྲིམས་བཀོལ་སྤྱོད་དྲག་པོས་མནར་ལུགས་དང་ནད་གདོན་དང་དགྲ་རྐུན་གྱིས་འཚེ་བ་བཀའ་བཀྱོན་དང་ཁྲིམས་ཕོག །གཏམ་མ་ཉེས་ཁ་ཡོག་ཕོག་པ་སོགས་ལ་གཞིག་ནས་འཁོར་བའི་རྒྱུ་འབྲས་གང་ལའང་སྐྱུག་བྲོ་བ་མཁྲིས་ནད་ཅན་གྱིས་རྩམ་ཟན་མཐོང་བ་ལྟར་རམ། རི་དྭགས་རྒྱ་ནས་ཐོན་པ་ལྟ་བུ་འཁོར་བ་ལ་རྒྱབ་རིང་དུ་བསྟན་པའི་ངང་ནས་ལྷག་པར་བསམ་སྦྱོར་ཆོས་ལ་རྩེ་གཅིག་ཏུ་དྲིལ་ཤེས་དགོས་པ་ཡིན་ནོ། །དེ་བཞིན་དུ་མདུན་སྤྱོད་ཐམས་ཅད་ཆོས་ལ་རྩེ་གཅིག་ཏུ་མ་དྲིལ་ན་ཕལ་ཆེར་སྐྱེས་པ་དང་ཚར་ལོང་མེད་པ། རྒས་པ་དང་ན་ལོང་མེད་པར། དགྲ་འདུལ་འཕྲོ། གཉེན་བསྐྱང་འཕྲོ། ལས་ལས་འཕྲོ། གཏམ་བཤད་འཕྲོ། ཟས་ཟ་འཕྲོ་ལུས་ནས་ཤི་འགྲོ་དགོས་པར་ཨེ་མི་འདུག་ན་རང་རེ་དམ་པའི་ཆོས་སྒྲུབ་པའི་ལོང་ཁོམ་ག་ལ་ཡོང་བས་དེ་ཡི་ཕྱིར་དུ་མི་རྟག་མི་བརྟན་པའི་རང་བཞིན་ལས་ནམ་ཡང་མ་འདས་པའི་ཚུལ་ཡིན་ལུགས་ཅུང་ཟད་བཤད་ན་ཕྱི་སྣོད་ཀྱི་ཆགས་འཇིག་དང་། ནང་བཅུད་ཀྱི་སྐྱེ་འཆི། དཔེ་དོན་སྣ་ཚོགས་སོགས་གང་ལ་བསམ་ནའང་མི་རྟག་པའི་རང་བཞིན་ལས་མ་འདས་པ་འདི་ལྟ་སྟེ། དང་པོ་ཕྱི་སྣོད་མི་རྟག་པ་བཤད་པ་ལ། བཤེས་སྤྲིངས་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བའི་བསྲེགས་པས་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་རྟག་སྨོས་ཅི་འཚལ། །ཞེས་དང་། རྒྱ་ཆེ་རོལ་མདོ་ལས། འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ། །མཁའ་ལ་གློག་འགྱུ་རིང་དུ་མི་གནས་བཞིན། །ཁྱོད་ཀྱི་དུས་འདིར་ཉེ་བར་གནས་འགྱུར་ཕྱིར། །བརྟུལ་ཞུགས་བཟང་པོའི་མངོན་བྱུང་དུས་ལ་བབས། །ཞེས་སོགས་གསུངས་པ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་རི་རབ་དང་གསེར་གྱི་རི་བདུན་འཁོར་ཡུག་ལྕགས་རི་དང་གླིང་བཞི་གླིང་ཕྲན་དང་བཅས་པ་སྟོང་གསུམ་འཇིག་རྟེན་གྱི་ཞིང་ཁམས་སྲ་ཞིང་འཐས་པ་འདི་དག་ཐམས་ཅད་ཀྱང་མཐར་བསྐལ་པ་འཇིག་པའི་དུས་སུ་ཉི་མ་འདི་ཉིད་བདུན་འགྱུར་གྱིས་ཇེ་ཚ་རུ་སོང་ནས། ལན་གཅིག་གིས་རྩི་ཤིང་ནགས་ཚལ་ཐམས་ཅད་བསྲེགས། གཉིས་པས་ལྡིང་ཀ་དང་ཆུ་བྲན་དུ་བབ་པ་མ་ལུས་པར་སྐེམ། གསུམ་པས་ཆུ་ཀླུང་ཆེ་ཆུང་མ་ལུས་པ་སྐེམ། བཞི་པས་མཚོ་ཆེན་མ་དྲོས་ཀྱང་སྐེམ། ལྔ་པས་མཐའི་རྒྱ་མཚོ་ཆེན་པོའི་ཟབས་སུ་དཔག་ཚད་བརྒྱ་ནས་བརྒྱད་ཁྲིའི་བར་དུ་རིམ་པར་སྐེམ་སྟེ་མཐར་དཔག་ཚད་དང་རྒྱང་གྲགས་ཕྱེད་ནས་རྨིག་རྗེས་ཙམ་ཡང་མ་ལུས་པར་ཡོངས་སུ་སྐེམ། དྲུག་པས་ས་ཆེན་པོ་གངས་རི་དང་བཅས་པ་བསྲེགས། བདུན་པས་རི་རབ་ལ་རི་བདུན་གྱིས་བསྐོར་བའི་ལྕགས་རི་དང་གསེར་གྱི་ས་གཞི་དང་བཅས་པ་ཡོངས་སུ་བསྲེགས་ཤིང་མཐུར་དུ་འཁྱིལ་བས་དམྱལ་གནས་ས་གཞི་དང་བཅས་པ་ཡོངས་སུ་བསྲེགས་ནས་གྱེན་དུ་གཡོས་པས་ཚངས་གནས་རྣམས་བསྲེགས་ཤིང་རབ་ཏུ་འབར་བས་སྟོང་གསུམ་འདི་མེ་ལྕེ་གཅིག་ཏུ་གྱུར་ནས་ཡོངས་སུ་བསྲེགས་ཤིང་ཐལ་ཕུང་གཅིག་ཏུ་གྱུར་པའི་རྗེས་སུ་བསམ་གཏན་གཉིས་པའི་ལྷ་གནས་སུ་སྤྲིན་ཆུ་ཡི་སྙིང་པོ་ཅན་འཁྲིགས་ཏེ་ཆར་གྱི་རྒྱུན་གཉའ་ཤིང་དང་བཤོལ་མདའ་ཙམ་བབས་པས་བསམ་གཏན་གཉིས་པའི་ལྷ་གནས་ཕྱིན་ཆོད་ལན་ཚྭ་ཆུ་ལ་བསྐྱུར་བ་ལྟར་ཡོངས་སུ་འཇིག་པའི་རྗེས་སུ་འོག་གཞི་རླུང་གི་རྡོ་རྗེ་རྒྱ་གྲམ་གྱེན་དུ་གཡོས་ཏེ་བསམ་གཏན་གསུམ་པའི་ལྷ་གནས་མན་ཆད་ཐལ་བ་རླུང་གིས་གཏོར་བ་ལྟར་རྡུལ་ཕྲན་ཆ་མེད་དུ་སོང་ནས་མཐར་འཇིག་རྟེན་གྱི་ཁམས་ཐམས་ཅད་ནམ་མཁའ་སྟོང་པ་གཅིག་ཏུ་གྱུར་པའི་རང་བཞིན་དེ་ལྟ་བུར་འབྱུང་རྒྱུ་ཡོད་པ་དང་། སྤྱིར་བསྐལ་པའི་འཕེལ་འགྲིབ་ལའང་སྔོན་བསྐལ་པ་དང་པོའི་དུས་སུ་མི་རྣམས་རང་གི་འོད་ཀྱིས་གསལ་བ་ལས། མཁའ་ལ་ཉི་ཟླ་མེད། རྫུ་འཕྲུལ་གྱིས་ནམ་མཁར་འཕུར། ཚེ་ལོ་དཔག་མེད་ཐོབ། བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ཀྱང་མི་དགེ་བའི་ལས་ཀྱི་དབང་གིས་དུས་ངན་འདི་ལྟ་བུར་ཚེས་པ་ཡིན། ད་དུང་ཡང་མི་རྣམས་ཉོན་མོངས་ཇེ་ཧྲག་མི་དགེ་བའི་ལས་ཚབ་ཇེ་ཆེ་སོང་། དགེ་བའི་ལས་ལ་སྤྱོད་མི་ཇེ་ཉུང་དུ་སོང་བའི་དབང་གིས་ཚེ་དང་བསོད་ནམས་རིམ་གྱིས་ཕྱིར་འགྲིབ་སྟེ་ཚེ་ལོ་བཅུ་པའི་དུས་སུ་ནད་མཚོན་མུ་གེའི་བསྐལ་པ་གསུམ་དར་ནས་སེམས་ཅན་ཕལ་ཆེར་ཤི་འགྲོ། ལྷག་མ་ལུས་པ་རྣམས་ལ་མགོན་པོ་བྱམས་པའི་སྤྲུལ་པ་ཞིག་གིས་དགེ་བ་བཅུའི་ཆོས་སྟོན་པས་ཚེ་དང་བསོད་ནམས་རིམ་གྱི་རིམ་གྱིས་འཕེལ་ཏེ་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་དུས་སུ། མགོན་པོ་བྱམས་པ་དངོས་སུ་བྱོན་ནས་སངས་རྒྱས་པའི་ཚུལ་བསྟན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་མདོར་ན་དེ་ལྟར་འཕེལ་འགྲིབ་ཀྱི་ཁུག་པ་བཅོ་བརྒྱད་རྫོགས་མཚམས་མཐར་སངས་རྒྱས་མོས་པ་བྱོན་ཏེ་སངས་རྒྱས་སྟོང་གི་སྐུ་ཚེ་དང་མཛད་ཕྲིན་ཇི་སྙེད་བསྡོམས་པ་ཙམ་འགྲོ་དོན་དཔག་ཏུ་མེད་པ་མཛད་ནས་གོང་དུ་བཤད་པ་ལྟར་བསྐལ་པ་འདི་ཉིད་ཡོངས་སུ་ཟད་ཅིང་སྟོང་པར་འགྱུར་བ་དང་། དེ་བཞིན་དུ་ད་ལྟ་རང་རེ་རྣམས་ཀྱིས་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་ལོ་གཅིག་ལའང་དབྱར་གྱི་དུས་སུ་སྤང་ཐམས་ཅད་སྔོ་ལྗང་ལྟེམ་མེར་འགྲོ། ཆར་ཐམས་ཅད་བདུད་རྩི་ལྟ་བུར་འབེབ། སྐྱེ་དགུ་ཀུན་ཀྱང་བདེ་སྐྱིད་ཀྱི་ངལ་འཚོ། མེ་ཏོག་གི་རིགས་དཀར་སེར་སྔོ་དམར་དཔག་ཏུ་མེད་པ་སྐྱེ། དེའང་མི་རྟག་སྟེ་སྟོན་གྱི་དུས་སུ་སྤང་ལྗོངས་ཀྱི་མདོག་འགྱུར། བསིལ་བུའི་ངད་ལངས། རྩི་སྡུམ་ཐམས་ཅད་རྙིང་སྟེ་གྲུག །འབྲུ་བཅུད་ཀྱི་རྩལ་རྫོགས། དེའང་མི་རྟག་སྟེ་དགུན་གྱི་དུས་སུ་ས་ཐམས་ཅད་འཁེང་སྟེ་གས། ཆུ་ཕལ་ཆེར་རྡོ་ལྟར་གྱུར། ལ་ལུང་མེད་པར་ཁ་བས་གཡོགས། སྐྱེ་འགྲོ་རྣམས་ཀྱང་གྲང་ལྷགས་ཀྱིས་བཅུམ། དེའང་མི་རྟག་སྟེ་དཔྱིད་ཀྱི་དུས་སུ་ཐལ་རླུང་ཚུབས་སེ། ས་དྲོས། འཁྱག་ཞུ། སྨུག་རླངས་འཁྲིགས། བྱ་དང་འབྲུག་གྲགས། ས་བརྐོ་རྨོ་བའི་ལས་ཚུགས་པ་སོགས་ཁར་སང་དང་དེ་རིང་། དོ་ནུབ་དང་སང་ཉིན། ད་ལོ་དང་སང་ཕོད་སོགས་སྐད་ཅིག་སྐད་ཅིག་གིས་མི་རྟག་མི་བརྟན་པའི་རང་བཞིན་ཁོ་ན་ལས་མ་འདས་ཤིང་། ནང་བཅུད་ཀྱི་སྐྱེ་འགྲོའང་དེ་བཞིན་དུ་ལྷག་པར་མི་རྟག་པའི་ཆོས་ཅན་སྟེ། འདུལ་བ་ལུང་ལས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་ན་ཡོད་མ་ཡིན། །ནམ་མཁའ་ན་མེད་རྒྱ་མཚོའི་གཏིང་ན་མེད། །རི་བོ་ཀུན་གྱི་ཕུགས་ནའང་ཡོད་མ་ཡིན། །ཞེས་དང་། མན་ངག་མཛོད་ལས། རྒྱུ་རྐྱེན་འདུས་ཕྱིར་འཇིག་པ་ཉིད་དང་ནི། །སྔར་སྐྱེས་མ་ལུས་ཤི་བས་འཇིག་ངེས་དང་། །སྣོད་བཅུད་མི་རྟག་འགྱུར་བས་འཇིག་ངེས་དང་། །ཚེ་ལ་ངེས་མེད་འཆི་བས་འཇིག་པ་དང་། །ཉིན་མཚན་སྐད་ཅིག་འགྲོ་བས་འཇིག་པ་དང་། །སྐྱེས་མཐའ་འཆི་བ་ངེས་ཕྱིར་འཇིག་པར་སོམས། །ཞེས་གསུངས་པ་ལྟར་དམ་པའི་སྐྱེས་བུ་རྣམས་ཀྱིས་ཀྱང་མི་རྟག་པའི་ཚུལ་བསྟན་མཛད་པ་ཕལ་ཆེར་ཡིན་ཏེ། སྔོན་རྒྱ་གར་རྡོ་རྗེ་གདན་དུ་བསྟན་པ་ཐམས་ཅད་ཀྱི་མངའ་བདག་མཉམ་མེད་རྫོགས་པའི་སངས་རྒྱས་ཐུབ་པའི་དབང་པོ་དང་འཁོར་ཉན་ཐོས་རེ་ལ་དགྲ་བཅོམ་ལྔ་བརྒྱའི་ཚོགས་དང་། རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་ལ་སོགས་དང་། བོད་གངས་ཅན་གྱི་ལྗོངས་འདིར་ཡང་སངས་རྒྱས་གཉིས་པ་ཨོ་རྒྱན་པདྨ་འབྱུང་གནས་དང་འཁོར་རྗེ་འབངས་ཉེར་ལྔ་ལ་སོགས་པ་རྙིང་མའི་སོ་ཟུར་གནུབས་གསུམ་གསར་མའི་མར་འགོས་འབྲོག་གསུམ་སོགས་ས་དགའ་ལྡན་རྙིང་མ་ཀར་འབྲུག་གི་ཕྱོགས་ནས་མཁས་ཤིང་གྲུབ་པ་བརྙེས་པ་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པ་གཅིག་ལས་གཅིག་ལྷག་དུ་མར་བྱོན་ནས་ཆོས་ཀྱི་འཁོར་ལོ་ཇི་ལྟ་ཇི་སྙེད་ཅིག་བསྐོར་ཏེ་གདུལ་བྱའི་སྐྱེ་བོ་དཔག་ཏུ་མེད་པའི་དོན་མཛད་ཅིང་། རང་ངོས་ལ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་ཡོངས་སུ་གྲུབ་ཀྱང་གཞན་ངོར་མི་རྟག་པའི་ཚུལ་བསྟན་པ་ཕལ་ཆེར་ཡིན་ཏེ། མྱ་ངན་འདས་མདོ་ལས། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་འདི་དག་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར་ད་ལྟའི་སྐབས་སུ་བཞུགས་མལ་གྱི་གནས་ཆེན་རྣམས་དང་བྱིན་རླབས་ཀྱི་རྫས། ལོ་རྒྱུས་རྣམ་ཐར་ཕྱོགས་རེ་ཙམ་ལས་མི་བཞུགས་པ་དང་། དེ་བཞིན་དུ་སྐྱེ་འགྲོ་རྣམས་ཀྱང་ག་ལ་རྟག་སྟེ། སྤྱོད་འཇུག་ལས། ཡིད་བརྟན་མི་རུང་འཆི་བདག་ནི། །བྱས་དང་མ་བྱས་མི་འདུག་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་དང་། ཇི་སྐད་དུ། སྐྱེས་པ་བུད་མེད་མང་པོ་དག །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་བྲོད་ཅི་ཞིག་ཡོད། །རིམ་གྱིས་ཡོལ་བར་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྷུང་བ་བཞིན། །ཞེས་དང་། སེམས་ཉིད་ངལ་གསོ་ལས། འབྱུང་བཞི་འདུས་པའི་ལྡིང་ཁང་སེམས་པ་ཅན། །གཡོ་བའི་ཀུན་རྟོག་སྐྱེ་བོས་བརྒྱན་པ་ཡང་། །རྐྱེན་ལས་སྐྱེས་ཕྱིར་འདུལ་བྱས་འཇིག་པའི་ཆོས། །གྲོང་ཁྱེར་རྙིང་པ་བཞིན་དུ་མི་རྟག་གི། །མྱུར་བ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར་རྒྱ་དཀར་ནག་བལ་བོད་ལ་སོགས་སུ་ཡང་ཚེ་དང་བསོད་ནམས། སྟོབས་དང་སྙན་གྲགས། འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་རྒྱལ་པོ་དང་རྒྱལ་ཕྲན། བློན་པོ་དང་བཙན་པོ་ཡུལ་རྒྱལ་ཁམས་ཐམས་ཅད་མི་གཅིག་གིས་དབང་དུ་བསྒྱུར་ནུས་པ། མཐོན་པོ་གནམ་ལྟ་བུ། བཙན་པོ་ཐོག་ལྟ་བུ། ཕྱུག་པོ་ཀླུ་ལྟ་བུ། འཕྱོར་པོ་འཇའ་ཚོན་ལྟ་བུ་ལྟ་བ་མིག་གིས་མི་བཟོད་པ། བསམ་པ་སེམས་ཀྱིས་མི་ཁྱབ་པ་མང་པོ་སྔ་ཕྱི་མེད་པར་ཕེབས་པ་ཡིན་ཡང་། སྔ་རབས་ཀྱི་སྡེ་ཤུལ་ཁ་དཔེ་དང་གཏམ་རྒྱུད་རྣམས་ད་ལྟའི་སྐབས་འདིར་བཤད་ན་བདེན་རྟོགས་དཀའ་བ་ཙམ་ལས་མི་འདུག་བཞིན་དུ་ཡར་སྲིད་རྩེ་ནས་མར་མནར་མེད་ཡན་ཆོད་སེམས་ཅན་ཡོད་དོ་ཅོག་ཀུན་སྐྱེས་ནས་མ་ཤི་བ་སྡོད་པ་གཅིག་ཙམ་ཡང་མེད་དེ། སྔ་རབས་ཀྱི་ཕ་མེས་སོགས་མིང་གི་ལྷག་མ་ཙམ་དུ་ཟད་ནས་ད་ལྟའི་ཕ་མ་སྤུན་སྲིང་ཡུལ་མི་གྲོགས་མཆེད་རྣམས་དང་ཐ་ན་སྒོ་ཁྱི་དང་སྒོ་ཟོག་སོགས་སྔར་ཡོད་པ་ལས་ཇི་ཙམ་ཞིག་ཤི་སོང་འདུག་ཐུགས་ཉམས་ཕབས་ནས་ཞིབ་པར་དཔྱོད་དང་དེ་བཞིན་དུ་རང་དང་ན་མཉམ་པའམ། ཆེ་བ་དང་ཆུང་བ། བདེ་བ་དང་སྡུག་བསྔལ། དགེ་བ་དང་མི་དགེ་བ། འབྱོར་པ་དང་རྒུད་པ། མཐོ་བ་དང་དམའ་བ་ལ་སོགས་ད་ལྟ་ས་ཡི་སྟེང་ན་ཡོད་ཚད་ལོ་བརྒྱའི་ནང་ཚུན་ཆོད་གཅིག་ཙམ་མ་ལུས་པར་ཡོངས་སུ་འཆི་དགོས་ཤིང་། ཁྱད་པར་འཛམ་བུ་གླིང་པ་སྙིགས་མ་ལྔ་ཆེས་བདོ་ཞིང་ཚེ་ཡང་སུམ་ཅུའི་ཁ་རལ་ལ་ཆེས་ཆེར་ཐུག་པ་ཡིན་པས་རང་ཅག་རྣམས་དེ་སྔོན་ཤི་ནས་ངན་སོང་དུ་འཁྱམས་མ་ཚར་བ་འདི་ཁ་རྗེ་ཆེན་པོ་རེ་ཡིན་འདུག་པས་ལྷག་པར་དུ་ཤེས་དགོས་ཏེ། ཚེ་ཕྱེད་ནི་འཁྲུལ་བའི་ཡུལ་ཙམ་མེད་པར་དོན་མེད་གཉིད་ཀྱི་དབང་དུ་འབྱམས་ཀླས་བསྡད་པ་ཡིན། ཚེ་ཕྱེད་ནི་དོན་ཡོད་ལ་མེད་ལས་སྣ་ཚོགས་སྒྱུ་མ་ལྟ་བུས་མི་ཚེ་གར་སོང་ཆ་མེད་དུ་ཟད་མོད། ད་ལྟ་ལས་བྱ་བ་ལ་མ་ཡེངས་པའི་སྒོ་ནས་ཉམས་དཔྱད་བཞག་ན་ཆུ་ཚོད་རེའི་ཉི་མའང་འགྲོ་བའི་ཡུན་ཅི་ནས་རིང་། དེ་བཞིན་ད་ནངས་ཤར་ནས་ཤར་ཏེ་གནམ་རྒྱ་ཡངས་པོ་འདི་རིམ་གྱིས་བརྒལ་ནས་དོ་ནུབ་ནུབ་ཏུ་འགྲིབ། དེའི་ཡུན་ཇི་བཞིན་མཚན་ཡུག་སོང་བ་ལ་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་རྩིས་པའི་དེ་སྔོན་ལོ་ཡི་གྲངས་ཀ་དང་། ཚེ་ཡི་ཡུན་ལུས་ཀྱི་ཉམས་ཉེས་ཇི་ཙམ་ཟད་སོང་འདུག་ཤེས་པས་དཔྱོད་དང་། མི་ལ་སྐྱེ་རྒ་ན་འཆི་བཞི་ཡོང་རྒྱུ་ཡོད་པ་ལས། སྔར་ཤི་ཚར་བ་རྣམས་ཀྱང་དེ་ལས་མ་འདས་པ་དང་། ད་ལྟ་ཡོད་པ་རང་རེ་རྣམས་ཀྱང་སྐྱེས་ནས་ཚར་ཚར། རྒས་ནས་འཆི་བ་ལ་ཉེ་བ་ཤ་སྟག་དང་ལར་ཚར་ཚེ་རྒས་ཚེ་གཉིས་པོ་འདི་མྱོང་ཤེས་མཁན་ཞིག་ཡིན་ན་ཅུང་ཡུན་རིང་བ་ཡིན། ན་བ་དང་འཆི་བ་ནི་གློ་བུར་ཐོག་བབ་ཏུ་འབྱུང་གི་ཡོད་པས། དེ་ལྟར་ད་ལྟའི་ཕ་མ་གཉིས་འཆི་ཚར་བའམ། རྒས་ནས་འཆི་རན་པའི་རྟགས་མཚན་མངོན་སུམ་དུ་གྲུབ་བསྡད་ཡོད་ནའང་འདྲ། རང་ཉིད་སྐྱེད་བྱེད་ཕ་མ་མི་རྟག་པའི་རང་བཞིན་ལས་ཅུང་ཟད་ཙམ་ཡང་མ་འདས་ན། བུ་དང་བུ་མོ་རྣམས་རྟག་བརྟན་ཡོད་ཆག་གི་ངང་དུ་གཡེང་བའི་དབང་དུ་རྒྱ་འབྱམས་བཞིན་བསྡད་ན་ནི་འཇིག་རྟེན་གྱི་ཁམས་འདི་དེ་ལས་བློ་ལྐུགས་ཆེ་བ་ཅི་ཡོད་པས་ངེས་པར་ཤེས་དགོས་ཤིང་། དུས་ད་ནི་དཔེར་ན་སེམས་ཅན་ལུག་བརྒྱ་སྟོང་གི་ནང་ནས་གློ་བུར་དུ་ཤན་པས་ཞགས་དེ་སུའི་སྐེ་ལ་ཐེབས་ཡོང་ཆ་མི་གཏོགས་པ་ལྟར་རམ། མར་མེ་བརྒྱ་མཆོད་ཀྱི་ནང་ནས་གཡས་གཡོན་མདུན་རྒྱབ་མཐའ་དབུས་སོགས་གང་ནས་མར་ཁུ་ཟད་དེ་དས་ཡོང་ཆ་མི་གཏོགས་པ་ལྟར་རམ། རླུང་གསེབ་ཀྱི་མར་མེ་ལྟར་རམ། ཉི་རྒས་ཀྱི་གྲིབ་མ་ལྟར་རམ། ཤིང་འབྲས་སྨིན་ནས་ལྷུང་ལ་ཉེ་བ་ལྟ་བུའི་ཚེ་གཞུག་རྣམས་ནི་ནམ་འཆི་ངེས་པ་ལྷག་པར་མ་མཆིས་ཏེ། ཚེ་ཟད་ནས་འཆི་ལ་ཉེ་བའི་དུས་དེར་སངས་རྒྱས་སྨན་ལྷས་སྨན། ཚེ་དཔག་མེད་ཀྱིས་དབང་། འཇམ་དབྱངས་ཀྱིས་དཔྱད། ཐུགས་རྗེ་ཆེན་པོས་འདུལ། ཕྱག་ན་རྡོ་རྗེས་སྲུང་བར་མཛད་ཀྱང་བཟློག་ཏུ་མི་བཏུབ་སྟེ། ལོ་ན་ཆུང་ཡང་མི་འཆིའི་གདེང་མེད། ཟས་གོས་རྒྱུ་ནོར་ཕྱུག་ཀྱང་མི་འཆིའི་གདེང་མེད། ནད་མེད་ཀྱང་མི་འཆིའི་གདེང་མེད། མི་འཆི་སྙམ་ན་ཡང་ན་སྟོན་པས་ཚེ་ཚད་བསྟན་པའམ། ཡང་ན་རང་ལ་ཟག་མེད་ཀྱི་མངོན་ཤེས་ཡོད་དགོས། ཡང་ན་གཤིན་རྗེ་ཆོས་རྒྱལ་དང་འཕྲད་ནས་རེ་ཞིག་མི་ཁྲིད་པའི་དམ་བཅའ་བླང་བ་འདྲ་ཡོད་ན་མ་གཏོགས་ངེས་ངེས་ཅིར་ཡང་མེད་དེ། ཨོ་རྒྱན་ཆེན་པོས། ཡུན་ཐུང་ཚེ་ཡི་ཕྱེད་ཆ་གཏི་མུག་གཉིད། །ཕྱེད་ཆ་སུམ་གཉིས་རྣམ་གཡེང་འདུ་འཛིའི་ལས། །ཕྱེད་ཆ་གཅིག་ལ་བར་ཆད་རྐྱེན་དབང་མང་། །དེ་ཕྱིར་འདུ་བྱེད་མི་རྟག་སྤྲིན་ལྟར་གཡོ། །ཞེས་དང་། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་དང་། སེམས་ཉིད་ངལ་གསོ་ལས། འཚེ་བ་མེད་ཀྱང་སྐྱེས་བུའི་ཚེ་འགྲོ་སྟེ། །ཉིན་མཚན་སྐད་ཅིག་ཐང་གཅིག་འགྱུར་བས་ཀྱང་། །འབབ་ཆུའི་ཚོགས་རྣམས་རྒྱ་མཚོར་སྙེགས་པ་འམ། །ཉི་མའི་དཀྱིལ་འཁོར་ནུབ་རིར་ལྷུང་བ་བཞིན། །ཞེས་དང་། ཀུན་མཁྱེན་པད་དཀར་གྱིས། ཕྱི་དུས་བཞི་མི་རྟག་འགྱུར་ལྡོག་སྟོན། །ཚེ་ལོང་མེད་ཕལ་ཆེར་གློ་བུར་འཆི། །རང་རྟག་པར་འཛིན་ནམ་པདྨ་དཀར། །ཚེ་ཕྱི་མ་བསམ་ན་རན་ནས་གདའ། །ཞེས་སོགས་གསུངས་པ་ལྟར་འཆི་བའི་དུས་ཀྱང་ངེས་ངེས་འགའ་ཡང་མེད་དེ། གློ་བུར་དུ་གཟའ་དང་ཐོག །མེ་ཆུ་དང་དུག་མཚོན། རྦབ་དང་། གཡང་ས། ནང་འབྱུང་འདུས་ཀྱི་ནད་རིགས་བཞི་བརྒྱ་རྩ་བཞི་དང་། ཕྱི་དགྲ་བགེགས་ཀྱི་གདོན་རིགས་སུམ་བརྒྱ་དྲུག་ཅུ་སོགས་དང་། ལྷག་པར་སྙིགས་མའི་དུས་ངན་འདིར་སྨན་དང་རིམ་གྲོ་གང་གིས་ཀྱང་བཟློག་ཐབས་མེད་པ་ནད་ངན་ཤིན་ཏུ་ངོས་ཟིན་དཀའ་བ་སྣ་ཚོགས་ཀྱིས་ནམ་བཟུང་ཡོང་ཆ་ཙམ་ཡང་མི་གཏོགས་ཤིང་། དེའི་ཚེ་རང་དབང་མི་འདུས་པར་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་ས་ཡུལ་ཁང་ཁྱིམ་རྒྱུ་ནོར་རྫས། གཉེན་ཉེ་འབྲེལ། བཟའ་བཏུང་ལོངས་སྤྱོད་ཇི་ཙམ་ཞིག་ཡོད་ཀྱང་འབྲལ་མི་བྲ་བཞིན་དུ་ལྷག་པར་མ་ཟད། ཐ་ན་གཅེས་པར་བསྐྱངས་པའི་ལུས་འདིའང་ཉལ་མལ་དུ་དམར་ཧྲེང་ངེ་ལྷག་སྟེ་འགྲོ་དགོས་ཤིང་། གསོན་པའི་དུས་སུ་ལུས་དར་ཟབ་ཀྱིས་གཡོགས་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང་ཁ་ཅི་ཞིམ་དང་ལྟོ་ཅི་རྒྱགས། འགྲོ་རྟ་ཐོག་དང་འདུག་གདན་ཐོག་བྱས་ཏེ་ན་ཚ་དང་ཚ་གྲང་། ལྟོགས་སྐོམ་དང་བཀོལ་སྤྱོད་ཕྲན་བུའང་བཟོད་མི་ནུས་པའི་ལུས་རྟེན་ཤིན་ཏུ་གཅེས་པོ་ཆེ་འདི་དག་ནམ་ཞིག་རོ་ཞེས་བྱ་བ་སྐྱུག་བྲོ་བ་འགུལ་སྣང་དང་ཟེར་སྣང་ཤར་ཡོང་བ་ཡ་ང་བའི་རང་བཞིན་ཞིག་ཏུ་གྱུར་ནས་གོས་ཧྲུལ་པོ་ཞིག་གིས་སྡོང་ཐུར་བཞིན་དུ་འགོ་སྒབ་མེད་པར་དཀྲིས་ལ་ཐག་པས་བསྡམ། ཡོལ་བས་བསྒྲིབས། རྡོ་ཡིས་བརྟེན་ལྗིད་ཡོ་རེ། ནག་ངམ་མེར། ལྷུ་ཚིགས་རྣམས་ཤིང་། ཁ་སྣ་ནས་ཁྲག་ཆུ་འབབ། རུལ་བམ་གྱི་དྲི་ངད་འཐུལ་བ་ལྟ་བུ་ལས་མ་འདས་ཏེ། སྤྱོད་འཇུག་ལས། དཀའ་བ་མང་པོས་བསྒྲུབས་པ་ཡི། །ཟས་དང་གོས་ཀྱིས་བསྐྱངས་པའི་ལུས། །ཁྱོད་དང་མི་འགྲོགས་བྱ་ཁྱིས་ཟ། །ཡང་ན་འབར་བའི་མེ་ཡིས་བསྲེག །ཡང་ན་ཆུ་ཡི་ནང་དུ་འདྲུལ། །ཡང་ན་ས་ཡི་འོག་ཏུ་སྦ། །ཞེས་དང་། རྗེ་མི་ལས། མི་ཀུན་གྱིས་མི་ལུས་མི་ལུས་ཟེར། །མི་ལུས་ཀུན་རྩྭ་ཁའི་ཟིལ་པ་འདྲ། །སྔ་དྲོ་ཆགས་ཀྱང་ཕྱི་དྲོ་འཇིག །མི་ཀུན་གྱིས་མི་ཚེ་མི་ཚེ་ཟེར། །མི་ཚེ་ནི་བྲག་ལ་ཆུ་བབས་འདྲ། །དེ་དར་གཅིག་མི་སྡོད་འབབ་ནས་འགྲོ། །ཞེས་དང་། རོ་ཞེས་བྱ་འཇིགས་སུ་རུང་བ་དེ། །དུས་ད་ལྟ་སྐྱེས་བུའི་རྩར་ན་གདའ། །མི་ཁྱོད་ནི་རོ་དང་ལྷན་ཅིག་འགྲོགས། །རོ་ཕལ་པ་མ་རེད་རོ་ལངས་རེད། །ཅེས་གསུངས་པ་ལྟར་དུ་རྟག་བརྟན་སྙིང་པོ་ཅུང་ཟད་ཙམ་ཡང་མེད་པའི་རང་བཞིན་དང་། མ་ཚད་གསོན་པའི་དུས་དེ་ཉིད་མེད་ན་ཡུལ་གྲུ་དང་ཁྱིམ་དེའི་ཟ་གྱོན་དང་འགྲོ་འདུག་མི་ཤེས་པ་ཞིག་ཡིན་རུང་དུས་དེ་ཉིན་ནས་བཟུང་སྟེ་ཤུལ་མི་ཚོས་རྩ་མེད་ཀྱིས་རྒྱུ་ནོར་རྫས་སྙིང་དམར་ཆུང་བ་མཁོ་མེད་པ་འགའ་རེའི་དགེ་རྩ་སྒྲུབ་ཁུལ་གྱིས་མདོས་གླུད་བརྫང་བ་བཞིན་མི་ཁ་ཅི་ཆོད་བྱེད་པ་ལས། ཚེ་འདི་དང་ཕྱི་མའི་རྒྱུ་འབྲས་སྡུག་བསྔལ་ལ་ཁོག་ཕུབ་ནས་ལྷག་པར་བསམ་སྦྱོར་ལྡན་པའི་དགེ་རྩ་རྒྱ་ཆེ་རྒྱུན་རིང་གནད་སྨིན་སྒྲུབ་མི་ནི་ཕལ་ཆེར་དཀོན་པར་མཆིས་ཤིང་། དེ་བཞིན་དུ་རོ་གོག་དེ་ཡང་ཕྱི་རོལ་དུ་བཏོན་སྔ་ཕྱི་ལྟ་བུར་བྱེད་ནས་མེ་ལ་བསྲེག་གམ། ཆུ་ལ་བསྐྱུར་རམ། ཡང་ན་དུར་ཁྲོད་འཇིགས་སུ་རུང་བ་ཞིག་ཏུ་དོར་ཏེ་བྱ་རྒོད་དང་ཁྱི་སྤྱང་། འབུ་སྦྲང་སོགས་ཀྱིས་ཁམ་ཟས་སུ་བྱས་ནས་ཤ་ཁྲག་དམར་ཐར་རེ་སོང་། རུས་པ་སྐྱ་སང་ངེ་། སྐྲ་ནག་ཐོར་རེ་རླུང་གིས་ཁྱེར་ནས་བཟང་ངན་བདེ་སྡུག་ཐམས་ཅད་ཀྱི་བྱེད་པ་པོ་རང་ཉིད་གཅིག་པུར་འདུ་ཤེས་གྲུང་པོ་འདི་དང་ལྡན་བཞིན་པའི་ངང་ནས་བར་དོ་ཡ་ང་བའི་གནས་སུ་འཁྱམས་དགོས་པའི་རང་བཞིན་ནི་ཤེས་མི་མི་འདུག །བསམ་པའི་སེམས་དང་། ལྟ་བའི་མིག །ཉན་པའི་རྣ་བ་ཡོད་ན་ནི་ཀུན་གྱིས་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་འདི་དག་ལ་ཐུགས་བསམ་རེ་ངེས་པར་བསྐོར་ཏེ། ད་ལྟ་རྒྱུ་ནོར་གྱི་འབྱོར་ཚོགས་རྒྱས་པ། ཐོབ་ཐང་དང་རྣམ་དཔྱོད་ལྡན་པ། དཔའ་རྩལ་དང་སྤྱང་གྲུང་འཛོམས་པ། རིགས་རུས་དང་ལང་ཚོ་དར་བ། ཐོས་བསམ་གྱི་མཁྱེན་རྒྱ་ཆེ་བ། འཆད་རྩོད་རྩོམ་ལ་མཁས་པ། མཛད་ཕྲིན་རྒྱས་པ་དང་། བྱ་བ་ལམ་དུ་སློང་བ་སོགས་ཀྱང་ཁ་ཕྱིར་བལྟས་ང་རྒྱལ་གྱི་དབང་དུ་འདྲ་ཆག་མདོག་བྱས་ནས་ནམ་ཡང་མ་ལྡིང་ཞིག །འཆི་ནད་དྲག་པོ་བཟློག་ཏུ་མི་བཏུབ་པ་ནི་ལུས་ཀྱི་ནང་ཁྲོལ་ལས་ཚུར་ངེས་པར་སྨིན་ནས་མི་རྟག་པའི་རང་བཞིན་གཅིག་ཏུ་སྟོན་ཡོང་བས་ན། དེང་ཕན་ཆོད་ཚེ་ཅི་ཆོད་འཆི་སྒུག་བྱས་པ་ལྟ་བུའི་ངང་དུ་སྡོད་ཐབས་ག་ལ་ཡོད། དེ་སྔོན་ཚེ་དོན་ཡོད་ལ་མེད་དུ་ཟད་སོང་བ་ལའང་གནོང་འགྱོད་དྲག་པོ་སྐྱེས་པའི་སྒོ་ནས་དགེ་སྦྱོར་ལ་འཕེལ་སྐྱེད་ལྷག་ཏུ་ཐོན་པར་བྱ་དགོས་པ་ཡིན་པས། ད་ནི་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སྐད་ཅིག་ཙམ་ཡང་མི་བཏང་བར་སྙིང་པོ་དམ་པའི་ཆོས་མཐར་ཕྱིན་པ་ཞིག་ཅི་ནས་སྒྲུབ་པ་གལ་ཆེ་བར་མཛོད་ལགས། དེ་བཞིན་དུ་དཔེ་དོན་སྣ་ཚོགས་ལ་བསམས་ཀྱང་རྟག་བརྟན་མེད་པའི་རང་བཞིན་ཏེ། ས་ཡུལ་ཁང་ཁྱིམ་སོགས་ལ་དཔྱད་པ་རེ་བཏང་ནའང་འདི་ལྟ་སྟེ། ཕ་དམ་པས། ས་ཡུལ་རིགས་དྲུག་སེམས་ཅན་སྤྱི་མཐུན་ལ། །ང་དང་བདག་གིར་མ་འཛིན་དིང་རི་བ། །མེ་ཏོག་སྔར་ལོ་ལེགས་ཀྱང་ཕྱི་ལོ་སྐམ། །ཡུལ་ལ་བློ་གཏད་མེད་དོ་དིང་རི་བ༑ །ཞེས་དང་། རྗེ་མི་ལས། ཚང་མང་ཀ་བཞི་གདུང་བརྒྱད་དེ། །དུས་དེང་སང་སེང་གེའི་ཡ་མགལ་འདྲ། །མཁར་ཟུར་བཞི་ལོགས་བརྒྱད་རྩེ་དང་དགུ། །དུས་དེང་སང་བོང་བུའི་རྣ་བ་འདྲ། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་དེས་ཀྱང་རྣལ་འབྱོར་ཆོས་གཅིག་བྱེད། །ཅེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོས། དབྱར་དྲོད་གཤེར་ལུད་གསུམ་འཛོམས་པའི་དུས། །ལོ་ཡག་གི་སྙེ་མ་གཡུ་ཡི་མདོག །སྟོན་ཐ་མར་ཞིང་སྟོང་སྐྱ་བོར་སོང་། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང་། །ཤིང་ལྗོན་པ་འདབ་རྒྱས་ལོ་མ་རེར། །སྨིན་ལེགས་ཀྱི་འབྲས་བུ་ཕང་ཕུང་ཆགས། །མཐར་གཅིག་ཙམ་མི་སྡོད་ས་ལ་བྲུལ། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང་། །དབྱར་ས་ལ་དྲོད་འབེབ་རྩི་ཐོག་རྒྱས། །གློ་བག་ཕེབ་དུས་ཀྱང་དེ་མ་ཐག །དགུན་ཐལ་རླུང་ཚུབས་སེ་གྲང་བས་བཅོམ། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང་། །སྟེང་སྒྲ་དབྱངས་སྒྲོགས་པའི་གཡུ་འབྲུག་དང་། །བར་གསུང་སྙན་འཇེབས་པའི་ཁུ་བྱུག་སོགས། །དུས་ཡལ་ཡོལ་གར་སོང་ཆ་མེད་ཐལ། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང་། །ཤར་རི་བོ་སྤོ་མཐོའི་རྩེ་མོ་ནས། །ཁྲི་གདུགས་ཀྱི་ཉི་མ་དགུང་ལ་ཤར། །དེ་མི་སྡོད་ནུབ་རིའི་རྩེ་མོར་འགྲིབ། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང་། །ཞེས་གསུངས་པ་ལྟར་སྔོན་དར་ཞིང་རྒྱས་པའི་དགོན་སྡེ་ཆེན་པོ་རྣམས་ཀྱི་ཤུལ་ད་ལྟའི་སྐབས་འདིར་ས་རོ་རྡོ་མལ་བྱ་དང་བྱེའུའི་ཚང་དུ་སོང་བ་འདི་དག་ལ་དཔྱད་ན། རང་རེ་དགོན་སྡེ་རི་ཁྲོད་སྦྲ་ཁྱིམ་འབུ་སྲིན་གྱི་ཚང་ལྟ་བུ་རྣམས་ལ་སྙིང་པོ་བྱེད་པས་ཅི་ཞིག་ཡོང་། དཔེར་ན་ཚེ་འདི་མགྲོན་པོའི་ཞག་ཚུགས་དང་འདྲ་བས་ངལ་གསོ་སར་མཁར་ལས་བྱེད་པའི་དོན་སྒོ་ཅི་ཡོད་པས། དེ་ལས་རྒྱལ་བ་གོང་མའི་རྣམ་ཐར་བཞིན་ཕ་ཡུལ་རྒྱབ་ཏུ་དོར། མི་ཡུལ་དང་དུ་བླངས། གནས་དབེན་པ་རུ་བཅའ། གྲོགས་རི་དྭགས་དང་འགྲོགས། གྱོང་ལྟོ་གོས་གཏམ་གསུམ་ལ་བཀུར་ནས་ཤིན་ཏུ་ནས་ཀྱང་འདོད་ཆུང་ཆོག་ཤེས་རང་ལ་བསླབ་ཤེས་དགོས་པ་ཡིན། དེ་བཞིན་འདུས་པ་ཐམས་ཅད་ཀྱང་མི་རྟག་པ་ཁོ་ན་སྟེ། རྗེ་མི་ལས། ཁྱོད་གཞོན་པ་དབང་པོ་དར་ཙ་ན། །རྒས་པ་འོང་སྙམ་མི་གདའ་སྟེ། །རྒས་འོག་འགྱུའི་ཚུལ་དུ་འོང་གི་གདའ། །འབྱུང་བ་རྣམ་ལྔ་དར་ཙ་ན། །ན་བ་འོང་སྙམ་མི་གདའ་སྟེ། །ནད་ནང་ཁྲོལ་རྣམས་ལས་ལྡང་གི་གདའ། །ཚེ་འདི་ལ་སྣང་བ་འཐས་ཙ་ན། །འཆི་བ་འོང་སྙམ་མི་གདའ་སྟེ། །འཆི་བ་ཐོག་བབ་ཀྱི་ཚུལ་དུ་འོང་གི་གདའ། །ཞེས་དང་། ཕ་དམ་པས། ཤི་བའི་ནངས་པར་སུས་ཀྱང་མི་ཕན་པས། །རང་མགོ་རང་གིས་ཐོན་ཅིག་དིང་རི་བ། །ཚོང་དུས་མགྲོན་པོ་ཚོང་ཟིན་ནངས་པར་གྱེས། །གྲོགས་ཀྱིས་བོར་བར་ངེས་སོ་དིང་རི་བ། །གཉེན་ཚན་སྒྱུ་མ་ལྟ་བུའི་བསླུ་བྲིད་ལ༑ །གདུང་སེམས་འཁྲི་བ་མ་ཆེ་དིང་རི་བ། །གཟའ་ཚང་མི་རྟག་ཚོང་དུས་མགྲོན་པོ་འདྲ། །ངན་ཤགས་འཐབ་མོ་མ་བྱེད་དིང་རི་བ། །ཞེས་གསུངས་པ་ལྟར་བླ་སློབ་དང་རྒྱལ་བློན། བཟའ་ཚང་དང་གྲོགས་མཆེད་བརྩེ་བས་འགྲོགས་པ་ཇི་ཙམ་ཡོད་ཀྱང་འབྲལ་བའི་རང་བཞིན་ལས་ནམ་ཡང་མ་འདས་ཏེ། བུས་ཕ་མི་སྒུག །མས་བུ་མོ་སྒུག་དབང་མེད་པར་སོ་སོར་ཁྲོམ་ཆོས་ར་ཚོགས་ནས་གྱེས་པ་ལྟར་རམ། ཚོང་དུས་མགྲོན་པོ་ལྟ་བུ་རིམ་གྱིས་སྟོང་འགྲོ་བས་ན་འཕྲལ་སྣང་གཉིད་འོག་གི་རྨི་ལམ་ལྟ་བུའི་སྐབས་འདིར་བདེ་ཞེན་རེ་དོགས་ཀྱིས་ངན་ཤགས་འཐབ་རྩོད་སོགས་མི་བྱ་བར་བརྩེ་བས་འགྲོགས་ཤིང་ཀུན་ལ་འཐད་བསྟུན་ནས་དམ་ཚིག་གི་རིམ་པ་རྣམ་པར་དག་པ་སྲུང་ཤེས་དགོས་པ་ཡིན། དེ་བཞིན་དུ་དགྲ་གཉེན་གང་ལའང་ཡིད་བརྟན་ཕེར་བ་ཅང་མེད་དེ། སྤྱོད་འཇུག་ལས། བྱིས་པ་བསྟེན་པས་ཅི་ཞིག་བྱ། །སྐད་ཅིག་གཅིག་གིས་མཛའ་འགྱུར་ལ༑ །ཡུད་ཙམ་གྱིས་ནི་དགྲར་ཡང་འགྱུར། །དགའ་བའི་གནས་ལ་ཁྲོ་བྱེད་པས། །སོ་སོའི་སྐྱེ་བོ་མགུ་བར་དཀའ། །ཞེས་དང་། རྗེ་མི་ལས། ཤ་ལས་ཆད་པའི་བུ་ཚ་ཀུན། །ཇག་པ་གོ་གསོས་བྱས་པ་འདྲ། །རྒྱུ་རྫས་སྦྱིན་ཡང་ཚུར་ལ་རྩོད། །ཕན་པའི་ལན་དུ་གནོད་པ་བསྐྱེལ། །ད་དེ་འདྲའི་ཉེ་དུ་ངས་མི་འདོད། །ཅེས་དང་། གཉེན་དང་པོ་འཕྲད་དགའ་མཐོང་སྡུག་པོ། །ཨ་རྒུ་དང་ངོ་བྲོད་ཀྱི་ལུང་པ་འགེངས། །བར་དུ་ཤ་ཆང་གི་ཟས་ལན་ཅན། །ཕར་གཅིག་སྦྱིན་དང་ཚུར་གཅིག་སྟེར། །ཐ་མ་ཆགས་སྡང་གི་གྱོད་གཞི་ཅན། །ཞེས་དང་། གྲོགས་དང་པོ་ལྷ་མོ་བཞད་ཁ་མ། །ཕར་བལྟ་བའི་གདོང་ལ་ཆོག་རྒྱུ་མེད། །བར་དུ་སྲིན་མོ་རུ་མིག་མ། །ཕར་གཅིག་ལབ་ན་ཚུར་གཉིས་ལབ། །སྐྲ་ལ་འཇུས་ན་སྒྱིད་པར་འཕྱངས། །དབྱུག་པ་རྒྱབ་ན་གཟར་བུ་ཁུར། །ཞེས་དང་། བུ་དང་པོ་ལྷ་བུ་ཆུང་ཆུང་པོ། །སྙིང་བརྩེ་བའི་སེམས་ལ་བཟོད་གླགས་མེད། །བར་དུ་བུ་ལོན་དེད་དྲག་པོ། །ཡོད་ཚད་སྦྱིན་ཀྱང་མགུ་དུས་མེད། །མི་ཡི་བུ་མོ་ཁྱིམ་དུ་འཇུག །དྲིན་ཅན་ཕ་མ་རྒྱབ་ཏུ་ཕུད། །ཕ་ཡིས་བོས་ཀྱང་ལན་མི་སྦྱིན། །མ་ཡིས་བོས་ཀྱང་ཨང་མི་འཇུག །ཅེས་དང་། བུ་མོ་དང་པོ་ལྷ་ཕྲུག་འཛུམ་ཁ་མ། །ནོར་གང་དམར་ཁྱེར་བའི་དབང་མོ་ཆེ། །བར་དུ་ལན་ཆགས་འཁོར་མང་མ། །ཕ་ལ་དངོས་སུ་སློང་ཞིང་ཁྱེར། །མ་ལ་ལྐོག་ནས་རྐུ་ཞིང་ཁྱེར། །ཡག་ན་མི་ཡི་དཔལ་བསྐྱེད་མ། །ཉེས་ན་ཕ་མའི་གོ་ཁར་ལྷུང་། །ཞེས་སོགས་གསུངས་པ་ལྟར་ཚེ་སྟོད་དགྲ་རུ་འཛིན་པ་རྣམས་ཀྱང་ཚེ་སྨད་མཛའ་མཐུན་གཞན་ལས་ལྷག་པའང་ཡོད། ཕ་མ་སྤུན་ཟླ་མཆེད་གྲོགས་སྙིང་ལྟ་བུར་ཡིན་རུང་རྒྱུ་ནོར་རྫས་སམ། འཕྲལ་རྐྱེན་ཕྲན་བུ་རེས་འཁོན་ཞེ་བཟུང་ནས་གཅིག་གིས་གཅིག་ལ་ཅི་གནོད་བྱེད་པའང་ཡོད་པ་ཡིན་པས་དེས་ན་དགྲ་གཉེན་གང་ལའང་ངེས་པ་ཅིར་ཡང་མེད་པས་ན། ཉེ་རིང་དུ་སྣང་བ་རྣམས་བབ་ཀྱིས་འཚོ་བའམ་བཏང་སྙོམས་སུ་བློས་ཐོངས་པ་གལ་གནད་ཆེ་ཤོས་ཤིག་ཡིན། དེ་བཞིན་དུ་རྒྱུ་ནོར་གྱི་འབྱོར་ཚོགས་ལའང་རྟག་བརྟན་གང་ཡང་མེད་དེ། མདོ་ལས། འཆི་བའི་དུས་ལ་བབ་པ་ན། །ཕ་མ་མ་ཡིན་གཉེན་འདུན་མིན། །བུ་སོགས་སྐྱབས་སུ་མི་འགྱུར་ཞིང་། །ལང་ཚོ་མ་ཡིན་སྟོབས་ཀྱང་མིན། །ཞེས་དང་། ལྗོན་ཤིང་རྡིབ་པར་གྱུར་པའི་ཚེ། །ཡལ་ག་ལོ་མའི་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་བཟུང་བས་ཅི་ཞིག་བྱ། །ཞེས་དང་། རྗེ་མི་ལས། སྡུག་བསྔལ་བསགས་པའི་ནོར་རྫས་རྣམས། །བུང་བའི་སྦྲང་རྩི་བསགས་པ་འདྲ། །རང་གིས་བསགས་ཚད་གཞན་གྱིས་སྤྱོད། །འཆི་དུས་མི་ཕན་ཅི་ཞིག་བྱ། །ཞེས་དང་། ནོར་དང་པོ་བདག་སྐྱིད་གཞན་སྨོན་པོ། །ཅི་ཙམ་ཡོད་ཀྱང་ཆོག་མི་ཤེས། །བར་དུ་སེར་སྣའི་མདུད་པས་བསྡམས། །དམ་པའི་ཆོས་ལ་གཏོང་མི་ཕོད། །ཉམ་ཐག་སྤྲང་ལ་སྦྱིན་མི་ནུས། །དགྲ་འདྲེ་གཉིས་ཀྱི་གཡབ་མོ་ཡིན། །ཐ་མ་རང་སྲོག་ཕུང་བའི་རྒྱུ། །འཇིག་རྟེན་པའི་འབྱོར་ཚོགས་ངས་མི་འདོད། །ཅེས་དང་། ཕ་དམ་པས། ནོར་རྫས་སྒྱུ་མ་ལྟ་བུའི་གཡར་པོ་ལ། །སེར་སྣའི་མདུད་པས་མ་འཆིང་དིང་རི་བ། །གང་ལ་ནོར་ཡོད་དེ་ལ་སེར་སྣ་ཡོད། །སྦྱིན་པ་ཕྱོགས་མེད་ཐོངས་ཤིག་དིང་རི་བ། །ཞེས་པ་ལྟར་སྔོན་བཙན་ཕྱུག་འཛོམ་པ་ཡིད་སྨོན་བྱ་དགོས་པ་རྣམས་ད་ལྟ་སྤྲང་རྒན་སེར་ནག་ཁ་བོར་སོང་བའང་ཡོད། སྔོན་དབུལ་པོ་དང་ཉམ་ཆུང་ཐ་ཆད་རྣམས་ཀྱང་ད་ལྟ་སྟོབས་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་པའང་ཡོད་ཅིང་། ད་དུང་ཚེ་སྨད་རང་ཡིད་ཆེས་དཀའ་བ་སྤྲང་པོ་འགྱུར་མི་འགྲོ་བའི་ངེས་པ་འགའ་སུ་ལའང་མེད་པ་མ་ཟད། ལར་རྟ་ནོར་དང་ཟས་གོས་ཉེར་ཆས་རྣམས་དཀའ་ལས་དང་སྡུག་བསྔལ་མང་པོའི་སྒོ་ནས་བསགས་བསྲུང་བྱས་ཏེ་མཆོད་སྦྱིན་དང་མཐའ་ན་རང་གིས་ཀྱང་ལོངས་སྤྱོད་མི་བྲ་བར་གསོག་འཇོག་ཁོ་ན་བྱེད་པ་རྣམས་ཀྱིས་ཅི་ཞིག་ཡོང་། ལུས་རྟེན་འདི་ལ་ཟས་གོས་རྣམས་ལོངས་སྤྱོད་ཚོད་ཙམ་ལས། རློམ་སེམས་ཇི་ལྟར་སྐྱེས་བསྡད་ཀྱང་དགོས་པའི་དོན་འགའ་མ་མཆིས་ན་གསོག་འཇོག་རང་ལ་དགའ་བ་འདི་དག་ནི་ནམ་ཞིག་སྐྱེ་བ་རྗེས་མ་བདག་པོ་སྤྲོད་རྒྱུ་ཡོད་ཆགས་སམ། ཡང་ན་ཤུལ་མི་དགྲ་གཉེན་རྣམས་ལ་ངོ་ཡོད་དོན་ལྡན་གྱིས་བཞག་པའམ། ཡང་ན་རང་ཉིད་འཆི་དུས་ཁྱེར་དབང་ཡོད་ཆག་སོགས་ཅི་བྱེད་ཁུལ་ཡིན། དེའང་བསམ་བློ་ཞིབ་ཀྱིས་ཁ་བསྐོར་དང་ཤེས་ཡོང་ཞིང་། ད་ནི་དེ་ལས་མི་སྔོན་དུ་སོང་ནས་རྒྱུ་ནོར་རྫས་རྣམས་རྗེས་སུ་ལྷག་མ་བསྡད་པར་ད་ལྟ་མི་རྒྱུ་ཁ་མ་བྲལ་བའི་སྐབས་རང་རང་སོ་སོ་གསོན་པའི་ཚེ་འདིར་ཀུན་སློང་བཟང་པོ་རེ་བསྐྱེད་ནས་རྒྱུ་ནོར་རྫས་གང་ཡོད་ཚེ་ཕྱི་མའི་གཏན་ནོར་ཡར་མཆོད་མར་སྦྱིན་དང་རྟེན་གསུམ་གསར་བཞེངས་ཉམས་གསོ་སོགས་ཀྱི་ཕྱིར་དུ་དགེ་རྩར་ཅི་འགྲོ་བྱེད་དགོས་པ་ཡིན། དེ་བཞིན་དུ་སྙན་གྲགས་སོགས་ལའང་ཡིད་བརྟན་ཕེར་བ་ཅང་མེད་དེ། སྤྱོད་འཇུག་ལས། གྲགས་པའི་དོན་དུ་ནོར་གཏོང་ཞིང་། །བདག་ཉིད་ཀྱང་ནི་གསོད་བྱེད་ན། །ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤི་ན་དེས་ཀོ་སུ་ལ་བདེ། །བྱེ་མའི་ཁང་བུ་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ་། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །ཞེས་དང་། རྒྱལ་བ་ཀློང་ཆེན་པས། ཁྱད་པར་བསྟོད་སྨད་སྙན་དང་མི་སྙན་ཀུན། །གྲགས་པས་སྟོང་ལ་ངོ་བོ་ངོས་བཟུང་མེད། །དེ་ལ་སེམས་ཀྱིས་དགག་སྒྲུབ་དོན་མེད་པས། །སྒྲ་རྣམས་བྲག་ཆ་འདྲ་བར་རྟོགས་པར་གྱིས། །ཞེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད། །རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང་། །སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར། གཞན་གྱི་སྙན་གྲགས་རྣམས་ད་ལྟ་རང་གསོན་པའི་སྐབས་འདིར་རྣ་བས་ཐོས་པ་ན་དེའི་རྗེས་སུ་ཡི་རངས་སྐྱེས་ཏེ་རང་གིས་ཀྱང་སྙན་གྲགས་དེ་ལྟ་བུ་རེ་ཐོན་སྙམ་ནས་ཆོས་དང་འཇིག་རྟེན་ཅི་དྲག་གང་དྲག་གིས་སྒྲུབ་མཁན་མང་ཡང་རང་རེ་ཤི་ཚར་ནས་རྣ་བས་ཅུང་ཟད་ཙམ་ཡང་མི་ཐོས་པའི་སྟེང་དུ་སྙན་གྲགས་ཡོད་མེད་དང་སྤྱིར་འདྲ་ཞིང་། བྱེ་བྲག་ཏུ་དགྲ་བོ་རྣམས་ཀྱིས་ནི་མཚང་འབྲུ་དང་ཡི་རངས་སྐྱེད་བྱེད་དུ་འགྱུར་བ་དང་། ཉེ་དུ་མཛའ་བཤེས་རྣམས་ནི་ལྷག་པར་སེམས་འགྱོད་དང་ཡིད་སྐྱོ་བའི་བསྐུལ་མ་གདབ་པའི་རྐྱེན་དུ་འབྱུང་བ་དང་། མ་ཟད་སྙན་གྲགས་སྒྲུབ་བྱེད་ལས་མི་དགེ་བ་སྣ་ཚོགས་བསགས་པའི་འབྲས་བུ་རང་ཐོག་ཏུ་མྱང་དགོས་ཤག་རེད་པས། དེ་འདྲ་ཚེ་འདིར་འགྲུབ་དཀའ་བཞིན་དོན་ཆུང་བ་ཡུན་ཐུང་ཞིང་ཕྱི་མ་དགོས་ངེས་ཉམ་ཐག་པའི་དུས་དེར་ཕན་པའི་མིང་ཙམ་ཐོས་རྒྱུ་མེད་ཐོག་སྡུག་བསྔལ་གྱི་ཁུར་རྡོ་ལྕི་བའི་ལས། བསམ་མེད་བྱིས་པས་རྩེ་མོ་ལ་དོན་གཉེར་བྱས་པ་ལྟ་བུ་རྣམས་ལ་དཔྱད་པ་རེ་བཏང་ནས་སྙན་གྲགས་རྣམས་ཀྱང་དོན་མེད་བྲག་ཆ་ལྟ་བུ་རྟོགས་པར་བྱ་དགོས། དེ་བཞིན་དུ་ཐོབ་ཐང་དང་རྣམ་དཔྱོད་སོགས་ལའང་སྙིང་པོ་ཅི་ཡང་མེད་དེ། མན་ངག་མཛོད་ལས། འཇིག་རྟེན་བྱ་བས་ཕན་པ་འདུག་གམ་ལྟོས། །བསགས་པའི་ནོར་རྫས་བཞག་ནས་སོང་ལ་ལྟོས། །ཕན་བཏགས་ལན་དུ་གནོད་པ་སྐྱེལ་ལ་ལྟོས། །མང་པོའི་ནང་ནས་གཅིག་པུར་སོང་ལ་ལྟོས། །ཆེ་བཙན་སྙན་གྲགས་བོར་ནས་སོང་ལ་ལྟོས། །ཞེས་དང་། རྗེ་མི་ལས། འཆི་བའི་དུས་ལ་བབ་པ་ན། །ཕྱུག་པོའི་ནོར་གྱིས་བསླུ་ས་མེད། །དཔའ་བོའི་གོམ་གསུམ་བཏུད་ས་མེད། །སྡར་མས་ཝ་བྲོས་བྱེད་ས་མེད། །མཛངས་པས་ལོ་རྒྱུས་བཀྲོལ་ས་མེད། །ཕུང་པོ་རི་བོས་ནོན་པ་འདྲ། །ཡན་ལག་རྩ་རྣམས་མཐའ་ནས་སྡུད། །དྲོད་མེ་སྟག་ཙམ་དེ་མར་གྱིས་ཡལ། །ལ་ལས་གཟའ་དང་སྐར་མ་བརྩི། །ལ་ལས་སྡུག་བསྔལ་འོ་དོད་འབོད། །ལ་ལས་ཟས་གོས་ནོར་རྣམས་བསྒོ། །གཅེས་པའི་ལུས་ཀྱང་རོ་རུ་དོར། །དེ་བཟོད་པར་འདུག་གམ་སྐལ་ལྡན་ཀུན། །དབུགས་རྒྱུ་བ་ཆད་པའི་ནངས་པར་དེ། །རྒྱུ་འབྱོར་ཚོགས་ཡོད་ཀྱང་ཅི་ཕན་ཨང་། །སེར་སྣ་ཅན་བཟོད་པའི་བློ་འདུག་གམ། །གཉེན་ཉེ་འབྲེལ་རྣམས་ཀྱིས་མཐའ་བསྐོར་ཡང་། །ཕན་པ་སྐད་ཅིག་སྒྲུབ་ཐབས་མེད། །ཐམས་ཅད་འབྲལ་བར་མཐོང་ཙ་ན། །གདུང་སེམས་ཅན་ཚོས་ཅི་བྱེད་ཨང་། །ད་དེ་འདྲའི་དུས་ཤིག་བྱུང་ཙ་ན། །དམ་པའི་ལྷ་ཆོས་མ་གཏོགས་པར། །གང་གིས་ཕན་པ་ཡོད་མ་ཡིན། །རྒས་དུས་མི་འགྱོད་ཙམ་རེ་མཛོད། །ན་དུས་མི་འགྱོད་ཙམ་རེ་མཛོད། །འཆི་དུས་མི་འགྱོད་ཙམ་རེ་མཛོད། །ཕྱི་མར་མི་འགྱོད་ཙམ་རེ་མཛོད། །ཅེས་སོགས་གསུངས་པ་ལྟར་ཐོབ་ཐང་དང་བསོད་ནམས་ལྡན་པ་ཕོ་མཛེས་པ། མོ་འཕྱོར་མོ་དང་། ཁེ་གྲགས་དང་གཏམ་བཤད། ཤེས་རྒྱ་དང་ཕེར་ཡོད། དཔའ་རྩལ་དང་སྤྱང་གྲུང་འཛོམ་པ་བྱ་བ་ལམ་དུ་སློང་བ་ཕོ་སུ་དང་སུ་ལྟ་བུ་ཞིག་ཡིན་རུང་བསོད་ནམས་ཟད་དེ་རྒུད་པའི་དུས་ལ་བབ་པ་ན་བསམ་མནོ་ཕྱིན་ཅི་ལོག་ཏུ་སྐྱེ། བྱ་བ་ལམ་དུ་མི་འགྲོ། མིས་འཕྱ་རང་སྡུག་དོན་ཡོད་ལ་མེད་ཀྱིས་བརྙས་བཅོས་སྣ་ཚོགས་བྱེད་ཡོང་ཞིང་། ལར་ཆགས་ཞེན་ཀུན་གྱི་གཏད་སོ་བྱེད་པའི་ལུས་རྟེན་འདི་ཉིད་ལའང་ཤ་ཁྲག་དང་རུས་པ། ནང་ཁྲོལ་དང་གཅིན་རྟུག་སོགས་མི་གཙང་བའི་ཕུང་པོ་དང་། དབུགས་འབྱིན་འཇུག་རྩ་འཕར་ལྡང་། ཡན་ལག་ལྷུ་ཚིགས་དང་ཕྱིའི་ལྤགས་མདོག་བཅས་ལ་རང་གིས་རང་ལ་ཉམས་ཕབ་ནས་ཞིབ་ཀྱིས་དཔྱོད་དེ་ལྟོས་དང་། དགོད་ཤོར་བ། ངོ་ཚ་བ། འཇིགས་སྐྲག་སྐྱེ་ཡོང་བའི་རང་བཞིན་དང་། མདོར་ན་དབུགས་འབྱིན་འཇུག་སྦུད་པའི་གསོབ་ལྟ་བུ་འདི་ཉིད་སུད་སོང་ཚེ་རོ་ཞེས་པ་ཡ་ང་བ་དེ་ལས་ཅི་ཡོད་ཀྱང་། ད་དུང་ཡང་ང་དང་ཁྱོད། མཛེས་མི་མཛེས། ཕོ་རྒོད་ཞན། རྒྱུ་ནོར་དང་བདག་ཉམས་ཆེ་ཆུང་ཟེར་ནས་རྟག་འཛིན་གྱིས་རེ་དོགས་འབད་རྩོལ་ཁོ་ནའི་ཁ་ཕྱི་བལྟས་སུ་མི་ཚེ་ནི་ཉིན་རེ་བཞིན་དུ་ཕར་ཟད་དེ་གཏན་དུ་འདུག་ཆས་ནི་ཉིན་རེ་བཞིན་དུ་ཚུར་བསྒྲུབས་ནས་ཇི་ལྟར་འགྲུབ་ཀྱང་མི་སེམས་སྟོང་པ་ལ་གང་བའི་དུས་ད་དུང་ཅུང་ཟད་ཙམ་ཡང་ཡོང་རྒྱུ་མེད་ཐོག་དཀའ་ལས་དང་སྡིག་པ། ཁྲེལ་དང་ངོ་ཚ། སྡོམ་པ་དང་དམ་ཚིག་རྣམས་ཁྱད་དུ་དུ་བསད་ནས་སྒྲུབ་པའི་རྒྱུ་ནོར་རྫས་ཀྱི་འབྱོར་བའམ་འདུག་ཆས་མི་སྐྱོན་ཙམ་རེ་འགྲུབ་ཚེ་རང་རྒྱུད་ཀྱི་ཚེ་དེ་བཞིན་དུ་ཕར་ཟད་ནས་མར་གྱི་དཀྱིལ་ནས་སྤུ་ཉག་བཏོན་པ་བཞིན་དུ་འགྲོ་དགོས་པ་རང་གཞན་རྣམས་ལ་ལྷག་པར་སྙིང་རྗེ་བའི་གནས་སུ་གྱུར་ཅིང་། སྔོན་དུ་རྟག་རྟག་པ་འདྲ་བ་རྣམས། དོན་དུ་རང་རེའི་བདག་ཏུ་འཛིན་ནས་མཐུན་པའི་ཕྱོགས་ལ་ཞེན་ཅིང་ཆགས་ནས་བསྒྲུབ། མི་མཐུན་པའི་ཕྱོགས་ལ་འཐབ་རྩོད་ཀྱིས་རྒོལ་ཏེ་དགག་སྒྲུབ་ཀྱི་ལས་སྣ་ཚོགས་ཆེད་དུ་བྱས་པ་རྣམས་དོན་དུ་དགྲ་གཉེན་གང་ལའང་ངེས་པ་ཅང་མེད་དེ། ད་ལྟ་ལ་ལ་ནི་ཤི། ལ་ལ་ནི་སོང་། ལ་ལ་ནི་མཐོ་དམན་འབྱོར་རྒུད་འགྱུར་ལྡོག་སྣ་ཚོགས་པའི་རང་བཞིན་གཏད་སོ་གང་ཡང་མེད་པར་གྱུར་པ་དག་ལ་བསམ་བློ་རེ་ཐོངས་དང་མདང་གི་རྨི་ལམ་ལྟ་བུ་ལས་སྙིང་པོ་མེད་པ་ཅན། དེའང་ཡིད་ཀྱིས་རྗེས་སུ་ཕར་དཔྱད་པ་ཙམ་དུ་ཟད་འདུག་གོ། །ད་ནི་དེ་དག་གི་དོན་བསྡུས་ཏེ་བཤད་ན་འཕྲལ་སྣང་ཡད་ཡུད་རྨི་ལམ་ལྟ་བུའི་སྐབས་འདིར་བདེན་ཞེན་རེ་དོགས་ཀྱིས་མི་བཅིང་བར་རྟག་ཏུ་མི་རྟག་པ་སྒོམས། རང་རྒྱུད་ཀྱི་སྐྱོན་ལ་རྟོག །དམན་པའི་ས་ཟུང་། ཞི་དུལ་དང་བག་ཡོད་ལ་སློབས། འཇིག་རྟེན་གྱི་ཕྱོགས་གང་ལའང་ཡིད་བརྟན་མེད་བཞིན་ནམ་འཆི་ཆ་མེད་གར་སྐྱེ་ངེས་མེད་ཀྱིས་བློ་སྣ་རྦད་ཀྱིས་ཡོངས་སུ་བསྟུང་དགོས་ཏེ། སྤྱོད་འཇུག་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་འབྱུང་ངེས་པ་འགའ་མེད་པས། །དེ་རིང་ཉིད་ནས་དམ་པའི་ཆོས་སྒྲུབས་ཤིག །ཅེས་དང་། རྒས་ཤིང་འཁོག་པའི་སྡུག་བསྔལ་མི་འདོད་ཀྱང་། །མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་འོང་། །ན་བའི་སྡུག་བསྔལ་དྲག་པོ་མི་འདོད་ཀྱང་། །ཉ་མོ་བྱེ་ཚན་ནང་དུ་འགྲིལ་བཞིན་འོང་། །འཆི་བའི་སྡུག་བསྔལ་དྲག་པོ་མི་འདོད་ཀྱང་། །མར་མེ་རླུང་གིས་བཏབ་པ་བཞིན་དུ་འོང་། །ཞེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོས། ཕོ་རྒོད་པོ་ཕྱིས་ཀྱིས་སོ་ཆོས་ཅན། །ལོ་ཟླ་བ་རྟིང་མའི་གྲབ་ཤོམ་བྱེད། །ལས་འཕྲོ་ལུས་རང་ཉིད་གར་སོང་མེད། །རྐྱེན་དེས་ཀྱང་མི་རྟག་དྲན་ནས་བྱུང་། །ཞེས་དང་། ཀུན་མཁྱེན་གྱིས། འཇིག་རྟེན་བྱ་བ་ཤི་ཤིར་ཟིན་དུས་མེད། །ནམ་བཞག་དུས་ན་ཟིན་པ་ཆོས་ཉིད་ཡིན། །བྱ་བྱེད་བྱིས་པའི་རྩེ་མོ་འདྲ། །སྤྱད་ན་མི་ཟིན་བཞག་ན་ཟིན། །ཞེས་དང་། མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ལས། འཆི་བ་མི་རྟག་ལྕག་གིས་མ་བྲབས་ན། །བརྩོན་འགྲུས་རྟ་ཡིས་བགྲོད་པ་ཤིན་ཏུ་བུལ། །འདིར་སྣང་འབྲོག་དགོན་ལམ་ལས་མི་ཐར་བར། །འཆི་བདག་བཙན་པོས་བཅོམ་སྟེ་ངན་འགྲོར་འཁྲིད། །དེ་ཕྱིར་བློ་སྣ་མྱུར་བསྟུང་དམ་ཆོས་སྒྲུབས། །ཞེས་གསུངས་པ་ལྟར་དུ་མི་རྟག་པ་དེ་ལྟ་བུ་བསྒོམ་ཞིང་རྒྱུད་ལ་སྐྱེས་པའི་དོན་ནི་ཆོས་ཐམས་ཅད་ཀྱི་རྩ་བའམ། སྡོང་པོའམ། རྩིག་པའི་རྨང་ལྟ་བུར་ཡོད་ན་དེས་ཆོག་མེད་ན་ཐབས་ཆགས་པ་ཤིན་ཏུ་ནས་གལ་ཆེ་བ་གཅིག་ཏུ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེས། མི་རྟག་པ་གཤའ་མ་ཞིག་དྲན་ན། ཅིས་ཀྱང་དགོས་མེད་ཀྱི་བློ་སྐྱེ། ཐར་ལམ་ལ་བརྩོན་པས་འཇུག །ཡང་དག་གི་བླ་མ་ཚོལ། མི་དགེ་བ་ངང་གིས་བྱོལ། ཡོ་བྱད་ལ་འཛིན་ཆགས་མེད། འདུ་འཛི་ལ་དུག་བཞིན་དུ་བལྟ། དེ་ཙ་ན་ཡོན་ཏན་ཐམས་ཅད་རང་རྒྱུད་དུ་དཔུང་བ་བཞིན་དུ་འོང་སྟེ་བོད་ཀྱི་ཆོས་པ་ཚོ་འཆི་བ་མི་རྟག་པ་སྒོམ་མི་མི་འདུག་གསུངས། ཞེས་དང་། ཕ་དམ་པས། འཆི་བ་མི་རྟག་པ་རྒྱུད་ལ་སྐྱེས་ན་དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་ལྕག་བྱེད། མཐར་འོད་གསལ་ཆོས་སྐུ་མངོན་དུ་ཐོབ་པར་བྱེད་དོ། །ཞེས་སོགས་གསུངས་པ་ལྟར་མདོར་ན་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་རུང་ཁྱིའི་རྩྭ་བཞིན་དོར་ནས་རྟ་ཕོ་ལྕག་གིས་བྲབས་པ་ལས་ཆེས་མྱུར་བ་སྔོན་ནས་ཁྲིད་རྒྱབ་ནས་དེད་མཁན་བརྒྱ་སྟོང་ཁྲི་འབུམ་དུ་མར་ཡོད་པ་ལས་ལྷག་ཙམ་དུ་ཆོས་ལ་བརྩོན་འགྲུས་ཤུགས་དྲག་ལ་རྒྱུན་རིང་བ་ཉིན་མཚན་བར་མེད་དུས་འདའ་བར་སྤྱོད་འགྲོ་མི་རྣམས་ནི་མི་རྟག་པ་སོགས་རྒྱུད་ལ་འབྱོར་བའི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཡིན་འདུག་པས། དེ་ལྟ་བུ་ཞིག་རང་རེའི་རྒྱུད་ལ་ངེས་པར་མ་སྐྱེས་ཀྱི་བར་དུ་མ་བསྒོམས་ན་ཆོས་ཞུ་ལོ་དང་ཐོས་ལོ་སྒྲུབ་ལོ་སྟེ་འདྲ་ཆག་པོ་སོགས་ཇི་ཙམ་བྱས་བསྡད་ཀྱང་ཚེ་འདིའི་ལད་མོ་ལྟ་བུའི་མཐར་ཆོས་དྲེད་ངན་པའི་རྒྱུར་འགྱུར་བ་ལས་མ་འདས་ཏེ། སྡིག་ཅན་ཆོས་ཀྱིས་ཐུལ་ཀྱང་། །ཆོས་དྲེད་ཆོས་ཀྱིས་མི་ཐུལ། །གྱོང་པོ་སྣུམ་གྱིས་ཐུལ་ཀྱང་། །མར་སྐོགས་མར་གྱིས་མི་ཐུལ། །ཞེས་གསུངས་པའི་དཔེ་ལྟར་དང་། ཕ་དམ་པ་རིན་པོ་ཆེས། བོད་ཀྱི་ཆོས་པ་ཚོ་ཤི་སྙམ་པ་ནི་གཅིག་ཀྱང་མི་སྣང་། ལུས་པ་ནི་གཅིག་ཀྱང་མ་མཐོང་། ལར་སེར་གོས་གྱོན་ནས་ནོར་བསགས་པ་ལ་དགའ་བ་འདི་ཚོས་གཤིན་རྗེ་ཆོས་རྒྱལ་ལ་ནོར་བསྐྱེལ་བ་ཨེ་ཡིན་སྙམ། ནོར་བཟང་བཟང་ཐམས་ཅད་ཚགས་བྱེད་ལུགས་ལ་དམྱལ་བ་ལ་ལྐོག་འདུན་པ་སྐྱེལ་བ་ཨེ་ཡིན་སྙམ། ལར་བོད་ཀྱི་ཆོས་པ་ཚོ་མཐོང་ན་དགོད་རེ་བྲོ། ཧ་ཧ། ཐོས་པ་སུ་ཆེ་ང་རྒྱལ་ཆེ། །སྒོམ་པ་སུ་བཟང་ཟས་ནོར་གསོག །དབེན་པ་སུས་བསྟེན་འདུ་འཛི་མང་། །ཕ་ཡུལ་གང་སྤང་ངོ་ཚ་མེད། །དེ་ཚོ་ཆོས་ལ་དྲེད་པ་ཡིན། །ཕ་རོལ་པོ་ཤི་བ་མཐོང་ཡང་རང་ཤི་དགོས་མེད་སྙམ་གྱི་ལེ་ལན་དང་པོ་དེ་ལ་ཐུག །ཅེས་གསུངས་པ་ལྟར་སྐབས་རེ་ལོས་བདེན་སྙམ་ཡོང་གི་འདུག །ད་ལྟ་རང་ཅག་རྣམས་སྐྲ་བྲེག་མིང་བརྗེ་བསམ་པ་བརྗེ། སྦྱོར་བ་བརྗེ། རྟགས་བརྗེ་སྟེ་ལུས་ཤམ་ཤམ་གྱིས་དབེན་པའི་རི་ལ་ནི་འདུག་ཀྱང་། ཟ་རྒྱུ་དང་གྱོན་རྒྱུ་སོགས་འཕྲལ་རྐྱེན་ཕྲན་བུ་རེའི་སྐབས་སུ་སྤང་བྱ་མི་དགེ་བའི་ལས་རྣམས་ནི་ངོས་ཙམ་ཡང་ཟིན་དཀའ་ཞིང་། སྒོ་གསུམ་དགེ་བའི་ཕྱོགས་སུ་སྐབས་རེ་ཧུར་བསྐྱེད་དེ་འབད་ཁུལ་བྱས་ཀྱང་དེ་ཡང་འཇིག་རྟེན་ཆོས་བརྒྱད་སོགས་ཀྱི་དབང་དུ་ལྡིང་ནས་ཆུད་ཟོས་སུ་ཟད་པའམ། ཕལ་ཆེར་ནི་ཆོས་དང་གང་ཟག་ཡ་བྲལ་དུ་སོང་ནས་འཁོར་བ་པའི་ལས་འབའ་ཞིག་ལ་སྤྱོད་དེ་རི་ཁྲོད་དུ་འདུག་པའི་དོན་སྒོ་ཅི་ཡིན་ཙམ་ཆ་མ་གཏོགས་ཏེ་མི་ཚོར་བཞིན་དུ་མི་ཚེ་འུབ་ཀྱིས་ཟད་འགྲོ་བ་རང་ཅག་རྣམས་ནི་མི་རྟག་པ་རྒྱུད་ལ་མ་སྐྱེས་པའི་ལེ་ལན་སྐྱོན་གནད་གལ་པོ་ཆེ་འདི་ཉིད་རང་ལ་ཐུག་ཡོད་ཚོད་ཨེ་མི་འདྲ་བས། དེས་ན་གོང་དུ་བཤད་མ་ཐག་པའི་ཚུལ་བཞིན་ཞག་ལྔ་བདུན་རེ་ལ་ཤིན་ཏུ་དབེན་པའི་གནས་སུ་བག་ཕེབས་པའི་ངང་ནས་དཔྱད་སྒོམ་ཡང་ཡང་བྱས་ཏེ་ངེས་ཤེས་བརྟན་པོ་རེ་རྙེད་པའི་ངང་ནས་སྦྱོར་ཆོས་མི་ལྷོད་པ་ཆོས་པ་རབ་རྣམས་ཀྱིས་ཞག་མ་རེ་བཞིན་སྐྱེད་ཐོན་པ་དང་། འབྲིང་རྣམས་ཀྱིས་ཟླ་སྐྱེད་ཐོན་པ་དང་། ཐ་མ་རྣམས་ཀྱིས་ལོ་སྐྱེད་ཐོན་པའི་ཁྲིད་རིམ་ལྟར་ཉམས་རྟོགས་ཡོན་ཏན་ཐམས་ཅད་གོང་ནས་གོང་འཕེལ་གྱི་མཐའ་རུ་ཕྱིན་པ་ཞིག་ནི་ཅི་ནས་གལ་ཆེ་བར་མཛད་དགོས་པ་ཡིན་ནོ་ལགས། དེ་ལྟར་ཤི་ནས་མེ་དས་པའམ། ཆུ་སྐམ་པའམ། འཇའ་ཡལ་བ་ལྟར་རམ། རྒྱང་འཕེན་པའི་ལྟ་བ་ལྟ་བུ་ཅང་མེད་དུ་མི་འགྲོ་བར། ད་ལྟའི་ཕུང་པོ་བྱ་ཁྱིས་ཟོས་ནས་རྡུལ་ཕྲན་དུ་བརླགས་ཀྱང་སྔར་བཞིན་རྣམ་ཤེས་འཁོར་བ་ལས་འདའ་ས་མེད་པས་ན། སླར་ལུས་བླངས་ནས། ལས་དང་རྣམ་སྨིན་ཐམས་ཅད་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་ཇི་བཞིན་མྱང་དགོས་པའི་ཚུལ་ལས་རྒྱུ་འབྲས་ཀྱི་རིམ་པ་ནི་འདི་ལྟ་སྟེ། ནག་པོ་མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་དང་། དཀར་པོ་དགེ་བའི་ལས་ཀྱིས་མཐོ་རིས་གསུམ་དུ་སྐྱེ་བ་ཡིན་ཞིང་། ད་ལྟ་ལ་ལར་བདེ་བ་ཤ་སྟག །ལ་ལར་སྡུག་བསྔལ་ཤ་སྟག །ལ་ལར་བདེ་སྡུག་འདྲེས་མ་སྣ་ཚོགས་ཡོང་བ་རྣམས་ད་ལྟའི་ལས་ཡག་ཉེས། ལམ་འགྲོ་ཆེ་ཆུང་། ཕོ་རྒོད་ཞན་ཡིན་སྙམ་པ་ནི་མི་ཕལ་ཆེས་བྱེད་ཀྱིན་འདུག་སྟེ་དེ་ནི་ཕྱོགས་ཙམ་ཉེ་བ་མ་ཡིན་ནོ། །ཚེ་སྔོན་དགེ་སྡིག་གི་ལས་གང་བསགས་ཀྱི་འབྲས་བུ་ཁོ་ན་ལ་རག་ལས་པ་ཡིན་ཏེ། ལས་རྣམ་འབྱེད་ལས། ཁྱིམ་བདག་ཏོའུ་ཏེའི་བུ་བྲམ་ཟེ་ཁྱིའུ་ནེ་ཙོས་གསོལ་བ། ཀྱེ་གཽ་ཏ་མ། རྒྱུ་རྐྱེན་གང་གིས་སེམས་ཅན་རྣམས་ཆེ་བ་དང་ཆུང་བ། ནད་མང་བ་དང་ཉུང་བ། མདོག་སྡུག་པ་དང་མི་སྡུག་པ། དབང་ཆེ་བ་དང་ཆུང་བ། རིགས་བཙུན་པ་དང་མི་བཙུན་པ། ལོངས་སྤྱོད་ཆེ་བ་དང་ཆུང་བ། ཤེས་རབ་ཆེ་བ་དང་ཆུང་བ་འདི་དག་ཇི་ལགས། བཀའ་སྩལ་པ། བྲམ་ཟེ་ཁྱེའུ་སེམས་ཅན་རྣམས་ནི་ལས་ལས་གྱུར་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེས་གནས་ཅན། ལས་ལ་བརྟེན་པ་སྟེ་དམན་པ་དང་མཆོག་དང་། འབྲིང་པོ་དང་མཆོག་དང་། དམའ་བ་དང་ངན་པ་དང་། བཟང་པོ་རྣམས་སུ་རྣམ་པར་ཕྱེའོ། སེམས་ཅན་རྣམས་ཀྱིས་ལས་སྣ་ཚོགས་དང་། ལྟ་བ་སྣ་ཚོགས་དང་། སྤྱོད་པ་སྣ་ཚོགས་དང་། ལས་ནག་པོས་ནི་སེམས་ཅན་དམྱལ་བ་དང་། ཡི་དྭགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེའོ། །ལས་དཀར་པོས་ནི་ལྷ་དང་མི་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེས་དང་། ཕལ་པོ་ཆེ་ལས། ཇི་ལྟར་ས་བོན་ཁྱད་པར་གྱིས། །འབྲས་བུ་སྣ་ཚོགས་སྣང་བ་ལྟར། །དེ་བཞིན་ལས་ཀྱི་ཁྱད་པར་གྱིས། །སེམས་ཅན་རྣམས་དང་ཞིང་འབྱུང་ངོ་། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དང་། །མི་དགེ་བ་ལས་ངན་སོང་དང་། །དེ་བཞིན་སྡུག་བསྔལ་ཐམས་ཅད་དོ། །ཞེས་སོགས་གསུངས་པ་ལྟར་ལས་འབྲས་ཆེ་ཕྲ་ཐམས་ཅད་ནམ་ཡང་བསླུ་བ་མེད་པའི་རང་བཞིན་ཁོ་ན་ཡིན་པས་ལྷག་ཏུ་ཤེས་པར་བྱ་དགོས། དེས་ན་དང་པོ་སྤང་བྱ་མི་དགེ་བ་བཅུ་ངོས་བཟུང་བ་ནི་རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བ་དང་། ལས་འབྲས་ལ་མ་རིག་པ་གསུམ་གྱིས་ཀུན་ནས་བསླང་བའི་ལས་རྣམས་ནི་དཔེར་ན་རྩ་བ་དུག་ལས་བྱུང་བའི་ལོ་མ་མེ་ཏོག་འབྲས་བུ་བྱེད་ལས་དང་བཅས་པ་དུག་གི་རང་བཞིན་ལྟར། དེ་གསུམ་གྱིས་ཀུན་ནས་བསླང་བའི་ལས་ནི་མི་དགེ་བའི་རིགས་ཏེ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་གསུངས་པ་ལྟར། ལུས་ཀྱི་སྒོ་ནས་དགྲ་བོ་རྣམས་འགྲན་སེམས་སམ་ཞེ་སྡང་གི་སྒོ་ནས་སྲོག་གཅོད་པ་དང་། རི་དྭགས་དང་སྒོ་ཟོག་ནི་ཤ་ལྤགས་རྩི་རྭ་སོགས་ཀྱི་ཆེད་དུ་འདོད་ཆགས་ཀྱི་སྒོ་ནས་སྲོག་གཅོད་དང་། དགེ་སྡིག་ངོ་མི་ཤེས་ཏེ་གཏི་མུག་གི་སྒོ་ནས་འགྲོ་ཞོར་འདུག་ཞོར་སྲོག་གཅོད་པ་རྣམས་ཡིན་ཞིང་། མདོར་ན་རང་གཞན་སེམས་ཅན་གྱི་རིགས་འདྲ་མིན་ཆེ་ཕྲ་སུ་དང་སུ་ལྟ་བུར་ཡིན་རུང་སྲོག་དམར་པོ་འདི་ལས་གཅེས་ཆེ་བ་ནི་ལྷོ་འཛམ་གླིང་གི་རྒྱུ་ནོར་རྫས་སོགས་ལ་མངའ་དབང་འབྱོར་རུང་མེད་བཞིན་དུ་དེ་ཉིད་བཅད་པས་ནི་སྲོག་ལན་ལྔ་བརྒྱ་རེ་འཇལ་ཞིང་བར་བསྐལ་གཅིག་ཏུ་དམྱལ་བའི་སྡུག་བསྔལ་མྱང་དགོས་པ་སོགས་ཉེས་པ་ཤིན་ཏུ་ནས་ཀྱང་ཚབས་ཆེ་བའི་རང་བཞིན་ཏེ། ཇི་སྐད་དུ། སྲོག་གཅོད་གོང་ན་སྡིག་གཞན་མེད། །ཅེས་གསུངས་པ་ལྟར་ལོས་བདེན་ཤིན་ཏུ་གཅེས་པའི་ལུས་རྟེན་འདི་ཉིད་དང་གསོན་ཕྲལ་བྱེད་ཅིང་མ་ཟད་རྣམ་ཤེས་ཐར་མེད་ངན་སོང་གི་གནས་རིས་སུ་བཤམས་བཞག་པ་དེ་ལས་ཉེས་ཚབ་ཆེ་བ་ཅི་ཡོད་པས་ལྷག་པར་རང་རྒྱུད་ཁོ་ན་ལ་དཔེ་བླངས་ནས་ཤེས་དགོས་ཤིང་། དུད་འགྲོ་སོགས་ད་ལྟ་རང་གིས་སྲོག་གཅོད་པ་དང་རྡུང་རྡེག་བཀོལ་སྤྱོད་སོགས་ཅི་ལྟར་བྱས་བསྡད་ནའང་ཆོག་པ་དེ་དག་ནི་སྔོན་གཞན་ལ་ཁོ་རང་ཚོས་དེ་ལྟར་བྱས་པའི་ལན་པ་རང་ཡིན་པས། དེས་ན་རང་རེས་ཀྱང་བསམ་བློ་ཁ་བསྐོར་ཏེ་འབྲས་བུ་མ་སྨིན་པའི་གོང་ནས་རྒྱུ་ལ་ཞིབ་པར་གཟབ་དགོས་པའི་ཕྱིར་གཞན་དག་ལ་ལྷག་པར་བྱམས་སྐྱོང་ཁོ་ནར་བྱ་དགོས་པར་འདུག །མ་བྱིན་ལེན་པ་ནི་རྒྱལ་པོ་དང་བློན་པོས་འབངས་རྣམས་ལ་བཙན་ཁག་དཀྲིས་པ་དང་དགྲ་ཇག་དཔུང་བཙན་གྱི་སྟོབས་ཀྱིས་འཕྲོག་པ་སོགས་ནི་དབང་གིས་ལེན་པ་དང་། རྒྱུ་ནོར་རྫས་ཀྱི་རིགས་ཆེ་ཕྲ་དང་ཐ་ན་ས་རྡོ་ཚུན་ཆོད་བདག་པོའི་མི་མཐོང་བ་བླངས་ན་འཇབ་བུའི་ལེན་པའི་གྲལ་དུ་འགྲོ་བ་དང་། ཚོང་གི་དུས་བྲེ་ལོག་སྲང་ལོག་འཛུག་ཅིང་གཡོ་རྫུན་ཁྲམ་གསུམ་གྱིས་གཞན་ནོར་ཆེ་ཕྲ་ཅི་ལོན་མཛད་མི་རྣམས་ནི་གཡོ་སྒྱུས་ལེན་པ་ཞེས་བྱ་སྟེ། དེའང་དཀོན་མཆོག་གསུམ་གྱི་དཀོར་ལ་འབགས་ན་ཉེས་པ་ལྷག་པར་ལྕི་བར་གསུངས་འདུག་པ་དང་། ལོག་གཡེམ་ནི་རབ་ཏུ་བྱུང་བ་རྣམས་ནི་གཏན་ཁྲིམས་ཡིན་ཞིང་སྐྱེ་བོ་ཕོ་མོ་ཡིན་ཡང་གཞན་གྱི་བུད་མེད་དང་། གནས་དང་དུས་དང་རིགས་རུས་ཀྱིས་སྲུང་བ་རྣམས་ལ་སྤྱོད་ན་ནི་ཉེས་པའི་ཁུར་ལྕི་བར་གསུངས་འདུག་པས་དེ་དག་རྣམས་ལ་ཁ་ཙམ་མ་ཡིན་པའི་དོགས་གཟབ་རེ་སྙིང་ནས་བྱ་དགོས་པ་ཡིན། ངག་གི་སྒོ་ནས་དོན་ཡོད་ལ་མེད་གཞན་བསླུ་བྱེད་ཀྱི་ཚིག་བདེན་མེད་དུ་སྨྲ་བ་རྣམས་རྫུན་ཕལ་པ་དང་། དགེ་སྡིག་དང་བདེ་སྡུག་མི་བདེན་ཟེར་བ་རྣམས་རྫུན་ཆེན་པོ་དང་། རང་ལ་ཅི་ཡོད་མི་ཤེས་བཞིན་དུ་མངོན་ཤེས་དང་གྲུབ་རྟགས་ཡོན་ཏན་ཡོད་མདོག་སོགས་བྱེད་མི་རྣམས་ནི་མི་ཆོས་བླ་མའི་རྫུན་ཞེས་ལྷག་པར་ཉེས་ཚབ་ཆེ་བའི་དོན་ནི་བདེན་པའི་ཚིག་གིས་ཐར་པའི་ལམ་སྟོན་མཁན་ནི་བླ་མ་གྲྭ་པ་རྣམས་ཡིན་པས་གལ་སྲིད་རྫུན་གྱི་རིགས་གསུང་ན་ཡར་སྐྱབས་ཡུལ་གྱི་ལྷ་ཚོགས་བསླུས་ཤིང་མར་སྙིང་རྗེའི་ཡུལ་སེམས་ཅན་ལ་མགོ་བསྐོར་བཏང་བ་ཡིན་པའི་ཕྱིར། དེས་ན་དེང་དུས་ཟོག་པོ་བསླུ་བྲིད་མཁས་རྣམས་ལ་བློ་གཏད་མི་བྱ་བར་རྒྱུས་ཡོད་ཀྱི་ཆོས་པ་ཕྱི་ནང་མཐུན་ངེས་ཉམ་ཆུང་ལ་འདི་ཕྱིའི་བློ་གཏད་འཆའ་བ་གལ་ཆེ་བ་ཡིན། ཕྲ་མ་ལའང་ཕན་ཚུན་གཉིས་ཀ་ཡོད་སར་མི་བཙན་པོ་དབང་ཆེ་གྱིས་དངོས་སུ་དབྱེན་བྱེད་ན་མངོན་ཕྲ་དང་། གཅིག་མེད་སར་དེས་ཁྱོད་ལ་བསམ་སྦྱོར་ངན་པ་འདི་འདྲ་བྱེད་ཀྱི་འདུག་ཟེར་བ་ནི་ལྐོག་ཕྲ་ཞེས་བྱ་ཞིང་། དེ་གཉིས་མིན་ཀྱང་དེང་དུས་ཁོང་ནས་གཡོ་འཇབ་མཁས་པ་ལ་ལས་ཤིན་ཏུ་ཞི་ཚུལ་དང་ལྡན་པའི་ངང་ནས་མི་དགའ་བ་ལ་དགའ་མདོག །དགའ་བ་རྣམས་ལ་སྨད་མདོག་གིས་ཕྲ་མའི་དོན་མཐུས་པ་ཞིག་ཤུགས་ཀྱིས་བྱེད་རྒྱུའང་ཡོད་པར་འདྲ་བས། དེས་ན་བླ་སློབ་དང་དགེ་འདུན་གྱི་བར་དུ་དབྱེན་བྱེད་ན་མཚམས་མེད་ལྔའི་གྲལ་དུ་འགྲོ་བས་ཉེས་པ་ལྷག་པར་ལྕི་བར་གསུངས་འདུག་པ་དང་། ཚིག་རྩུབ་ལ་གཞན་གྱིས་ཕྱི་ནང་གསང་གསུམ་གྱི་སྐྱོན་གང་ཡོད་དེ་དངོས་སུ་སྨོད་པའམ། མིན་ཀྱང་འཇམ་པོས་ཚིག་ངན་པ་སྐྱེལ་བ་སོགས་ཡིན་ཞིང་། ལྷག་པར་བླ་མའམ་དབེན་པར་སྒྲུབ་ལ་གཞོལ་བའི་སྐབས་སུ་མི་སྙན་པ་དང་མ་གུས་པར་བྱས་ན་ཉེས་པ་ལྕི་བར་མཐོང་སྟེ། ཚིག་ལ་མདའ་མཚོན་མེད་ཀྱང་མི་སེམས་ཚལ་བར་གཏོར། །ཞེས་པ་ལྟར་ལྷག་པར་ངེས་དགོས་པ་དང་། ངག་འཁྱལ་ལ་གླུ་བྲོ་དང་སྒྲུང་ཀློག་པ། ཚོང་ཁེ་སྤོག་དང་དགྲ་ཇག་གི་ལོ་རྒྱུས་དོན་ཡོད་ལ་མེད་བཤད་པ་སོགས་ཡིན་ཞིང་། ལྷག་པར་ཚོགས་བསྒྲིགས་དང་བཟླས་སྒོམ་གྱི་སྐབས་སུ་དོན་མེད་མིག་བརྡའ་ལག་རིས་དང་ངག་འཁྱལ་ཤོར་ན་དགེ་བའི་ཚོགས་བཅག་ཅིང་ཤི་གསོན་གང་ལའང་དགེ་འབྲས་མི་འབྱུང་བས་ཉེས་ཚབ་ལྕི་བར་གསུངས་འདུག་པས་དེ་དག་རྣམས་ལ་དོགས་གཟབ་རེ་ངེས་པར་བྱ་དགོས་པ་ཡིན། ཡིད་ཀྱི་སྒོ་ནས་བརྣབ་སེམས་ལ་ཕ་རོལ་པོའི་རྒྱུ་རྫས་སོགས་ཡིད་དུ་འོང་བ་དེ་ང་ལ་ཡོད་ན་ཅི་མ་རུང་སྙམ་ནས་ཡང་ཡང་ཡིད་ཀྱིས་བདག་འཛིན་སྤྲད་དེ་ལོན་ཐབས་སྣ་ཚོགས་ཀྱི་མནོ་བསམ་འདོན་པ་དེ་ཡིན་པས་དཀོན་མཆོག་གི་དཀོར་ལ་ལྷག་པར་ཉེས་པ་ལྕི་བར་གསུངས་འདུག་པ་དང་། གནོད་སེམས་ལ་གཞན་གྱི་དཔལ་འབྱོར་བདེ་སྐྱིད་ཡོན་ཏན་ལྡན་པ་དང་། ཤེས་རབ་ཆེ་བ་དང་། བྱ་བ་ལམ་དུ་སློང་བ་སོགས་མཐོང་བ་དང་ཐོས་པའི་ཚེ་ཤུགས་ཀྱིས་མི་དགའ་ཞིང་དེ་ལ་གནོད་ཐབས་སྣ་ཚོགས་བསམ་སྟེ་མི་འདོད་པ་ཞིག་བྱུང་ན་སྙིང་ནས་ཁྲེལ་དགོད་ཤིག་ཤིག་ཤོར་ནས་སེམས་ཀྱིས་དགའ་བ་སྒོམ་པ་སོགས་ཡིན་པས་དུས་རྒྱུན་ངོས་ཅི་ཟིན་བྱེད་ནས་སྤངས་ཐུབ་དགོས་པ་དང་། ལོག་ལྟ་ལ་སྤྱིར་དཀོན་མཆོག་གསུམ་ལ་དད་པ་མེད་ཅིང་དགེ་སྡིག་གི་ལས་འབྲས་བདེ་སྡུག་མི་བདེན་པར་འཛིན་མི་རྣམས་དང་། དེང་དུས་ཡང་སྒོས་ནང་པ་སངས་རྒྱས་པའི་བསྟན་པའི་གོ་རིམ་ཙམ་ལའང་གྲུབ་མཐའི་ཕྱོགས་རིས་ཀྱི་ཁུར་ཞེན་ཆེ་བའི་རྟོག་གེ་བ་ང་རྒྱལ་གྱིས་རྒྱུད་སྦོས་ནས་ཕྲག་དོག་གིས་ཟུར་ཚིག་འདོན་པ་འདྲ་འཇིག་རྟེན་གྱི་ཁམས་འདིར་རེ་རེ་ཙམ་ཡོད་སྲིད་ན་དེ་དག་ལ་ནི་ངེས་པར་གོ་ལོས་དགོས་ཏེ། ཇི་སྐད་དུ། མེད་པར་ལྟ་བ་གང་ཞིག་གིས། །ཆོས་ནི་ཆོས་མིན་ལོག་སྟོན་ཅིང་། །སྐྱེས་བུ་དམ་པ་དག་ལ་སྡང་། །དེ་ནི་རབ་ཏུ་ཚ་བས་བསྲེགས། །ཞེས་གསུངས་པ་ལྟར་མི་དགེ་བ་རྣམས་ལས་ལོག་ལྟ་ནི་ཉེས་ཚབ་ལྕི་ཤོས་ཡིན་ཏེ་བཤགས་པའི་ཡུལ་དམ་པ་དཀོན་མཆོག་གསུམ་ཞེས་པ་དེ་ཡང་སྤང་འགྲོ་བ་ཡིན་པས་ཉེ་ལྟུང་དེ་ནི་ཕ་མཐའ་མི་མངོན་པའི་ཕྱིར་རོ། །དེ་དག་རྣམས་སྤང་ཅི་ནུས་མི་བྱེད་པར་དེང་དུས་འདིར་དགའ་ཞིང་སྤྲོ་བཞིན་དུ་སྤྱོད་མི་རྣམས་ནི་སྨྱོ་བ་ལས་ཆེས་སྨྱོ་བ་ཡིན་གྱི་འཁྲུལ་བ་ལས་ཆེས་འཁྲུལ་བ་ཡིན། རང་ཕུང་བྱེད་རང་གིས་བསྒྲུབ་བསྡད་པ་འདི་ཚོ་དེ་སྔོན་ངོ་ཙམ་ཡང་མ་ཤེས་པ་འདི་འགྱོད་རེ་ཆེ། ད་ནི་དེ་རྣམས་ཡོངས་སུ་སྤང་བར་བྱ་དགོས་པ་ཡིན་པས་ངེས་ཤེས་བརྟན་པོ་རེ་དུས་དེ་རིང་ནས་བཟུང་བ་གལ་ཆེ་སྟེ། སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ལ་བདེ་བ་འདོད། སྡུག་བསྔལ་དང་བྲལ་བར་འདོད་པ་ནི་ཀུན་གྱི་མཉམ་ན། ད་ལྟ་དེའི་རྒྱུ་དགེ་སྡིག་ལ་བླང་དོར་བྱེད་ནས་ཞིབ་དགོས་པ་ཡིན་མ་གཏོགས་འབྲས་བུ་སྨིན་ཚར་ནས་བཟུང་བཟློག་བསྒྱུར་གང་ཡང་མི་ནུས་པར་དུས་ལ་བབ་པ་ཡིན་པའི་ཕྱིར་ཤེས་དགོས་པ། དེ་བཞིན་དུ་མི་དགེ་བའི་ལས་དེ་དག་གི་འབྲས་བུ་ནི་སྤྱིར་ཕ་མཐའ་ཡས་པར་གསུངས་ཤིང་མདོར་སྡུ་ན་བཞི་རེར་འདུས་ཏེ། དང་པོ་རྣམ་སྨིན་གྱི་འབྲས་བུ་ལ་ལས་མི་དགེ་བ་བཅུ་པོ་གང་ཡིན་ཡང་རུང་ཀུན་སློང་ཞེ་སྡང་གིས་སྤྱད་ན་དམྱལ་བར་སྐྱེ། འདོད་ཆགས་ཀྱི་དབང་གིས་སྤྱད་ན་ཡི་དྭགས་སུ་སྐྱེ། གཏི་མུག་གི་དབང་གིས་སྤྱད་ན་དུད་འགྲོར་སྐྱེ་བ་ཡིན་སོགས་གསུངས་པ་ལྟར་སྔར་བྱས་བག་མེད་ཀྱི་ལས་རྣམས་དུག་ཧ་ལ་ནག་པོ་ཁོང་དུ་སོང་བ་ལྟར་གནོང་འགྱོད་དྲག་པོས་ཆོས་ལ་འབད་དགོས་ཏེ། སྤྱོད་འཇུག་ལས། དམྱལ་བ་ཡི་ནི་ལས་བྱས་ནས། །ཇི་ལྟར་བདག་ཉིད་བདེ་བར་འདུག །ཅེས་གསུངས་པ་ལྟར་ད་ལྟ་རང་དབང་ཡོད་པའི་དུས་སྐབས་འདིར་བཤགས་སྦྱང་གི་རིམ་པ་ལ་ཅི་ནས་འབད་པ་གལ་ཆེ་ཞིང་། ནང་གསེས་བླ་མ་གྲྭ་པ་ཞིག་ཡིན་ནས་བཟུང་སྟེ་ཆོས་སྐད་དང་གཞན་དོན་བྱེད་ཤག་ཤག་གནང་མི་ཉན་ཏེ་ཉོན་མོངས་པ་ལ་དཀར་ནག་ཞིག་ནི་མི་མངའ་བཞིན་དེ་རྣམས་ཡེ་ཤེས་ཀྱི་གནས་སུ་འགྱུར་བ་ནི་ཕར་ཚད་ཡིན་ཚོད་འདྲ་བས་དེས་ན་རྐུན་པོ་ནང་དུ་བཅུག་སྟེ་སྒོ་ལྕགས་ཕྱི་ལ་བྱེད་ཟེར་བའི་དཔེ་ལྟར་མ་སོང་བར་དང་པོ་ནས་ཁ་ནང་དུ་བསྐོར་ཏེ་ཐོས་བསམ་སྒོམ་པས་ཐུགས་རྒྱུད་ཡང་བསྐྱར་ནན་ཏན་རེ་མཛད་ནས་གཞན་དོན་དངོས་བརྒྱུད་བར་གསུམ་དུ་འབད་ན་རང་གཞན་གཉིས་ཀའི་དོན་འབྲས་ལོས་ལེགས་སྙམ་པ་ནི་རང་སྐྱོན་ཟིན་པའི་གཏམ་བབ་བཅོལ་དུ་སྨྲས་པ་ཡིན་པས་དེ་ལྟར་ཐུགས་ལ་འདོག་འོས་པ་འདྲ་བྱུང་ན་དང་། གཞན་ཡང་ལམ་བསྐྱེད་རྫོགས་ཀྱི་ཡོན་ཏན་ཚུལ་བཞིན་མི་ལྡན་ཀྱང་ཤི་གསོན་གྱི་སྐོར་ལ་ཟ་སྤྱོད་དགོས་པ་རྣམས་ནས་འདི་ལྟར་ངེས་དགོས་ཏེ། ད་ལྟ་མིས་མི་ལ་དགེ་སྡིག་སྤང་བླང་གི་རིམ་པ་ཤིན་ཏུ་སྟོན་དཀའ་བས་ན་འདི་ཕྱི་འབྲལ་ནས་ཤི་གསོན་བར་དགེ་བ་རྣམས་བསྔོ་བ་ལ་སྙིང་རྗེ་ཚད་མེད་པ་ཤུགས་དྲག་པོས་དགེ་བའི་རམ་མདའ་སྦྲན་པར་ནུས་མཁན་ཞིག་ཡོད་ན་མ་གཏོགས་ཅི་ཡང་མི་ཕན་བཞིན་ཕན་སེམས་བསླད་མེད་ཀྱི་ཀུན་སློང་དང་འབྲེལ། སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་མཐུ་བསླུ་བ་མེད་ལ་ཡིད་ཁྱེད་ཤེས་ཀྱིས་དད་འདུན་དྲག་པོའི་སྒོ་ནས་ཞལ་འདོན་གང་ཡིན་པ་རྣམས་ཆད་ལྷག་མ་སོང་བར་སྒྲ་དག་སྒྲོས་གཙང་གིས་ལེགས་པར་སྒྲུབ་མཛད་ན་དེ་དག་ལ་བརྟེན་པས་ཤི་གསོན་གང་ལའང་ཕན་ཐོགས་འབྱུང་ཞིང་། རང་རྒྱུད་ལའང་དཀོར་གྱི་ཉེས་སྒྲིབ་ཅུང་ལོས་སྲབ་པས་མིའི་སྟན་ཐོག་ནས་རང་གི་སྒྲིབ་པ་སྦྱང་ཟེར་བའི་དཔེ་ལྟར་བརྩོན་འགྲུས་ལྷག་པར་བསྐྱེད་མཛོད་དང་ཆོས་བྱེད་རྣམས་ལ་ཞར་བྱུང་གལ་གནད་ཆེ་བ་གཅིག་ཏུ་ཡོད་པས་ཐུགས་ལ་ཞོག་མཛོད། དེ་ནས་བཤད་བྱ་དངོས་ནམ་ཞིག་ངན་སོང་ལས་ཐར་ཏེ་མི་ལུས་ཐོབ་པའི་དུས། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ལ། ཇི་སྐད་དུ། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་ལྟོས། །ཞེས་གསུངས་པ་ལྟར་སྔར་སྲོག་གཅོད་སོགས་གང་བྱས་ཀྱི་ལས་ལ་ད་ལྟ་དེ་རང་དགའ་ཞིང་སྤྱོད་འགྲོ་བ་ཡིན་ཏེ་འདོད་པའི་བདེ་བ་མེ་འབར་བའི་སྟེང་དུ་ཤིང་བསྣན་པ་ལྟར་ད་དུང་འཁོར་བ་གཏན་འཁྱམས་བྱ་དགོས་པ་འདི་དག་གཞན་གྱིས་བྱས་པ་ཅན་མ་ཡིན་པར་རང་གིས་རང་བསླུས་རང་མགོ་རང་གིས་བསྐོར་རང་སྡུག་རང་གིས་ཆེད་དུ་སྒྲུབ་པ་སྟེ་ན་ཤི་ཕོངས་གསུམ། དགྲ་གནོད་རྐྱེན་གསུམ་སོགས་མི་འདོད་ཀྱང་རྒྱུ་མི་དགེ་བ་མི་སྤང་ཞིང་དེ་རང་བསྒྲུབ། ནད་མེད་ཚེ་རིང་བསོད་ནམས་དང་། དགྲ་མེད་སྟོབས་དང་མངའ་ཐང་ཡོང་རེ་ཆེ་ཡང་དེའི་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་མི་ཤེས་ཤིང་སྒྲུབ་མི་ནུས་ཤིང་བསླུ་མེད་དཀོན་མཆོག་གསུམ་ལ་ཡིད་མ་ཆེས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཟད་དུ་རེ་ནས་བདེ་བར་རློམ། རྟག་བརྟན་མེད་ཀྱང་རྟག་པར་རེ་བས་ལས་ཆུའི་གཉེར་མ་ལྟ་བུས་གཡེང་ནས་རྫོགས་རེ་བྱས། འདོད་ཡོན་བདུད་ཀྱི་བསླུ་བྲིད་ལ་སྙིང་པོ་མེད་ཀྱང་ཞེན་ཅིང་ཆགས། སྐྱེ་འཆི་སྡུག་བསྔལ་གྱི་འཁྲུལ་འཁོར་ལ་སྐྱོ་བ་མ་སྐྱེས་པ་སོགས་ཀྱིས་ལེན་པ་རང་ཡིན་འདུག་པས་ཤེས་དགོས་སོ། །མྱོང་བ་རྒྱུ་མཐུན་ལ་སྔར་སྲོག་གཅོད་པའི་འབྲས་བུས་ད་ལྟ་ཚེ་ཐུང་བ་དང་ནད་མང་བ་དང་། མ་བྱིན་བླང་བས་དབུལ་ཞིང་ཕོངས་པ་དང་ལོངས་སྤྱོད་ཕྲན་བུ་ཡོད་ཀྱང་དབང་དཀའ་བ་དང་། ལོག་གཡེམ་བྱས་པས་ཁྱིམ་ཐབས་མི་མཛེས་ཤིང་རྒྱུན་དུ་འཁོན་འཛིང་བྱེད་པ་དང་། རྫུན་སྨྲས་པས་རང་ལ་སྐུར་འདེབས་དང་བསླུ་མི་མང་། ཕྲ་མས་འཁོར་གཡོག་ནང་མི་མཐུན་ཞིང་བདག་ཉིད་ལ་རྒོལ་ཡོང་། ཚིག་རྩུབ་ཀྱིས་རྟག་པར་མི་སྙན་པ་ཐོས་ཤིང་འཇམ་པོར་སྨྲས་ཀྱང་འཐབ་འཛིང་གི་རྒྱུ་འགྱུར་ཞིང་། ལྷག་པར་འཕགས་པའི་གང་ཟག་རྣམས་གར་བཞུགས་ངེས་པ་མེད་པས་ཀུན་ལ་ཚིག་འཇམ་པོ་སྨྲ་དགོས་ཏེ། ཇི་སྐད་དུ། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །ཞེས་གསུངས་པ་ལྟར། དེང་དུས་ཡོན་བདག་རྣམས་མཐོའི་དགའ་དམའ་དོགས་ཆེ་བའི་དབང་གིས་གཞན་ཕྱོགས་ཀྱི་བླ་མ་སྒྲུབ་པ་བཟང་ཤོས་ཉམ་ཆུང་རྣམས་ལའང་གཤེ་སྐུར་ངན་པ་འདེབས་པར་ནི་དོན་ཅུང་ཟད་ཙམ་མེད་ཐོག་ཤིན་ཏུ་ཉེས་ཚབ་ཆེ་བའི་རང་བཞིན་དེ་ལྟར་ངེས་པར་བྱ་དགོས་པ་ཡིན་ནོ། །ངག་འཁྱལ་གྱིས་དྲང་པོར་སྨྲས་ཀྱང་བདེན་རྟོགས་དཀའ། བརྣབ་སེམས་ཀྱིས་བསམ་དོན་འགྲུབ་དཀའ་ཞིང་མི་འདོད་པ་ཐོག་ཏུ་བབ། གནོད་སེམས་ཀྱིས་འཚེ་མི་མང་ཞིང་འཇིགས་སྐྲག་གིས་མནར། ལོག་ལྟས་ལྟ་བ་ཕྱིན་ཅི་ལོག་ཏུ་སྐྱེ་ཞིང་གཡོ་སྒྱུས་སེམས་འཁྲུགས་པ་ཡིན། དབང་འབྲས་ནི། ཡུལ་ལ་སྨིན་ཏེ་སྲོག་གཅོད་ཀྱིས་ས་ཕྱོགས་ཉམས་མི་དགའ་བར་རྦབ་དང་གཡང་ས་སོགས་ཀྱིས་སྲོག་ལ་གནོད་པར་སྐྱེ། མ་བྱིན་བླངས་པས་ལོ་ཐོག་ལ་སད་སེར་ལྡང་ཞིང་མུ་གེ་ཆེ་བའི་ཡུལ་ལ་སྐྱེ། ལོག་གཡེམ་ཀྱིས་བཤང་གཅི་འདམ་རྫབ་སོགས་ཡིད་དུ་མི་འོང་བའི་གནས་སུ་སྐྱེ། རྫུན་གྱིས་འབྱོར་བ་མེད་ཅིང་ཤེས་པ་སྐྲག་པའི་ཡུལ་དང་འཕྲད། ཕྲ་མས་ཡུལ་ངམ་གྲོག་དང་གཅོང་རོང་བགྲོད་དཀའ་བའི་གནས་སུ་སྐྱེ། ཚིག་རྩུབ་ཀྱིས་རྡོ་སྲེག་དང་ཚེར་མ་ཅན་དུ་སྐྱེ། ངག་འཁྱལ་གྱིས་སོ་ནམ་ཇི་ལྟར་བྱས་ཀྱང་འབྲས་བུ་འབྱུང་དཀའ། བརྣབ་སེམས་ཀྱིས་ལོ་ཐོག་སོགས་བྱ་བ་གང་བྱས་ཀྱང་ཉེས། གནོད་སེམས་ཀྱིས་དུས་རྟག་ཏུ་འཇིགས་འཚེ་མང་པོའི་དྲྭ་བར་ཚུད། ལོག་ལྟས་སྐྱབས་དང་དཔུང་གཉེན་ཐབས་དང་རྣམ་པ་ཡོངས་སུ་བྲལ་བའི་གནས་སུ་སྐྱེ་བ་ཡིན། སྐྱེས་བུ་བྱེད་འབྲས་ནི། ཚེ་འདིར་ཡང་མི་འདོད་པ་དང་མི་བདེ་བ། མི་འཚམ་པར་སྡུག་བསྔལ་སྣ་ཚོགས་འབྱུང་ཡོང་སྟེ། སྐྱེ་བོ་ངན་པའི་གྲལ་དུ་ཚུད་ནས་སྨོད། ཕུག་ལྷ་དང་སྲུང་མ་རྣམས་འཁོན་ཅིང་འཁྲེན། གདོན་བགེགས་ཀྱིས་བར་ཆད་བྱེད། བྱུར་དང་ཆགས་སྒོ་མང་བ་འཕྲལ་འཕྲལ་སྡང་། འགོ་བའི་ལྷ་རྣམས་སྡིག་སྒྲིབ་ཀྱིས་ཉམས་པས་མི་ལ་ན་ཚ། ཕྱུགས་ལ་གོད་ཁ་དང་། ཚེ་དང་བསོད་ནམས་ཁར་རྗེ་དབང་ཐང་རླུང་རྟ་ཐམས་ཅད་ལྟག་ཆུ་ཆད་པ་བཞིན་འགྲིབ། ཡུལ་ལྷ་གཞི་བདག་དང་འགྲས་པས་རྐྱེན་ངན་སྣ་ཚོགས་པ་ཅི་རིགས་འབྱུང་། དཀོན་མཆོག་གསུམ་གྱིས་ཐུགས་ཁྲེལ་ནས་སྐྱབས་འོག་ཏུ་མི་ཚུད་ཅིང་འཆི་ཁ་ནས་གནད་གཅོད་ཀྱི་སྡུག་བསྔལ་བཟོད་དཀའ་བ་དུ་མར་མྱངས། ད་ལྟ་སྡིག་ལ་མི་འཛེམ་པར་ཆེད་དུ་ལོངས་སྤྱོད་མི་རྣམས་འཆི་ངེས་པའི་ཟུག་གཟེར་བཟློག་མེད་ཀྱི་ཁུག་ལ་ཚུད་པའི་ཚེ་བསམ་བློ་སྔ་བས་རྙེད་ནས་ཕན་པའི་ཆོས་མེད་པར་དྲན་ནས་འགྱོད། གནོད་པའི་སྡིག་པ་བྱས་པ་ལ་འགྱོད། འགྱོད་པའི་སྟེང་ལ་འགྱོད་པ་དྲག་པོ་རྟས་རྗེས་མི་སླེབ་པར་སྐྱེ། ཇི་ལྟར་སྐྱེས་ཀྱང་བསམ་པ་དང་བྱ་བའི་ཐབས་ཡོངས་སུ་བྲལ་ཞིང་ཕྱི་བས་ན་བར་དོ་རུ་རྣམ་ཤེས་གཅིག་པུར་འཁྱམས་ཚེ་འཇིགས་སྐྲག་སྡུག་བསྔལ་ནི་མཐའ་ཡས་ཤིང་། དེ་ནས་ལས་འབྲས་ངོ་མ་ངན་སོང་གསུམ་དུ་སྐྱེས་ནས་བཟུང་དམྱལ་བ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་དང་དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་སོགས་བཟོད་དཀའ་བ། བར་མེད་པ། ཤུགས་དྲག་པ། བདེ་བའི་མིང་མི་གྲགས་པར་དུ་མ་མྱོང་བཞིན་དུ་འཁོར་བའི་གནས་རིས་གང་དུའང་སྐྱེས་ཀྱང་། གང་ནས་འཕོས་ཀྱང་། གང་དུ་གནས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། མདོར་ན་སྡིག་པའི་ལས་གང་བྱས་དེ་མང་པོ་འཕེལ་ནས་ཚེ་རབས་ཀུན་ཏུ་སྡུག་བསྔལ་མུ་མཐའ་མེད་པར་མྱང་དགོས་པ་ཡིན་ནོ། །དེ་དག་ཀྱང་རང་རེ་རྣམས་ནས་བཤད་བཤད་དང་ཐོས་ཐོས་ཙམ་མ་ཡིན་མོད། བདེ་བ་ཕྲ་མོ་ཚུན་ཆོད་ལྡན་འདོད་དང་། སྡུག་བསྔལ་ཕྲ་མོ་ཙམ་ཡང་བྱུང་བའི་རེ་དོགས་ཀྱིས་ཐབས་དང་རྣམ་པ་ཁོ་ནའི་ཉིན་མཚན་བར་མེད་ལྟ་བུའི་དུས་འདའ་བ་འཁོར་བ་པ་རྣམས་ཀྱིས་གཙོར་གྱུར་ལ་མི་འདོད་པ་དང་མི་སྙན་པ་ཅུང་ཟད་རེ་བྱུང་ཆིས་ཙམ་གྱིས་སྣང་བ་ཐམས་ཅད་དོགས་མེར་རེ་གྱུར་ནས་མཚན་མོའི་རིང་ལ་གཉིད་མི་ཁུག་ཅིང་མནོ་བསམ་གློག་བཞིན་དུ་འཁྱུགས། ཁ་གྲགས་སྙིང་མི་འདོད། ཟས་ཟ་སྙིང་མི་འདོད། ལུས་ངག་ཡིད་གསུམ་ཀར་སྡུག་བསྔལ་རི་བོ་ལྟ་བུའི་ནོན་ནས་ས་ཡི་སྟེང་ན་ང་ལས་སྡུག་པ་སུའང་མེད་དོ་སྙམ་པ་རྣམས་ཀྱིས་རྒྱུ་དང་འབྲས་བུའི་གནད་དོན་འདི་དག་རང་ལ་གཞིག་ཤེས་ནས་ཕྱིན་ཆོད་སྤང་བླང་གི་གནད་འགག་རྣམས་ལག་ལེན་འཛོལ་མེད་རེར་བྱ་དགོས་པ་ཡིན་མ་གཏོགས་སྔོན་ཚེ་རབས་ཐོག་མེད་ནས་ད་ལྟའི་སྣང་བ་ལྟར་ལས་མི་དགེ་བ་བསགས་པའི་སྡིག་སྒྲིབ་རྣམས་ཡོངས་སུ་འཛད་ནུས་པ་ལྟ་ཅི། ཁ་ཙམ་བྲི་བའང་དཀའ་ཞིང་། མ་ཟད་ཐ་ནའང་ཉིན་རེའི་ཟས་གོས་སོགས་ལ་ལོངས་སྤྱོད་པའི་སྡིག་པའང་ཉིན་རེའི་དགེ་བ་སྒྲུབ་པ་དེས་འདག་ནུས་ཀྱིན་ཨེ་ཡོད་ཅི་ཤེས། དེའང་དམ་པའི་ཆོས་ཀྱི་ནུས་སྟོབས་ཆུང་བ་ནི་ག་ལ་ཡིན་རུང་། དམ་པའི་ཆོས་ལ་གང་ཟག་གིས་དོན་གཉེར་ཤུགས་ཆེ་ཆུང་གི་བསམ་སྦྱོར་ལ་རག་ལས་པའི་ཕྱིར། ཆོས་དང་གང་ཟག་ལ་སྐུར་འདེབས་སོགས་ཀྱིས་ཞུ་བ་ནི་ག་ལ་ཡིན་རུང་དོན་གལ་ཆེན་ལ་ཉམས་ཕེབས་པའི་བསྐུལ་མ་ཡིན་ལ། དེའང་ཟས་གོས་དང་ཆོས་ལ་དོན་གཉེར་ཆེ་ཆུང་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་ལྟར་རང་རྒྱུད་ལ་ཞུ་དག་ཕེར་བ་རེ་གྱིས་དང་གོ་སླ་ཞིང་། དེ་བཞིན་དུ་དམ་པའི་ཆོས་ལ་ཐུན་མོང་མ་ཡིན་པར་བརྩོན་འགྲུས་རིམ་གྱིས་སྤར་ནུས་པ་ཅི་ནས་གལ་ཆེ་བར་སྣང་ངོ་།། །།ད་ནི་བསྒྲུབ་བྱ་དགེ་བའི་ལས་བཅུ་ངོས་བཟུང་བ་ནི། རང་ཕྱོགས་ལ་མི་ཆགས་པ་དང་། གཞན་ཕྱོགས་ལ་ཞེ་སྡང་མེད་པ་དང་། ལས་འབྲས་ལ་རྨོངས་པ་མེད་པའི་ཤེས་རབ་གསུམ་གྱིས་ཀུན་ནས་བསླང་བའི་ལས་ནི། དཔེར་ན་རྩ་བ་སྨན་ལས་བྱུང་ན། ལོ་མ། མེ་ཏོག །འབྲས་བུ། བྱེད་ལས་དང་བཅས་པ་སྨན་གྱི་རང་བཞིན་ལྟར་དེ་གསུམ་གྱིས་ཀུན་ནས་བསླང་བའི་ལས་ཐམས་ཅད་དཀར་པོ་དགེ་བའི་རིགས་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས་པ་ལྟར། ལུས་ཀྱི་སྒོ་ནས་སྲོག་བཅད་སྤངས་ཏེ་སྲོག་སྐྱབས་ཆེ་ཕྲ་མང་ཉུང་མ་ལྟོས་པར་ཅི་འགྲུབ་བྱ། མ་བྱིན་ལེན་སྤངས་ཏེ་མཆོད་སྦྱིན་གྱི་རིགས་ལ་འབད། འདོད་ལོག་སྤངས་ཏེ་ཚུལ་ཁྲིམས་མིག་འབྲས་བཞིན་དུ་རྣམ་པར་དག་པ་སྲུངས། ངག་གི་རྫུན་སྤངས་ཏེ་བདེན་པའི་ཚིག་ཤ་སྟག་བརྗོད། ངོས་ལྐོག་གི་ཕྲ་མ་སྤངས་ཏེ་འཁོན་པ་ཟླུམ་ཅི་ཐུབ་གྱིས། ཚིག་རྩུབ་ཀྱི་རིགས་སྤངས་ཏེ་སྙན་པའི་དབྱངས་དང་བཅས་འཇམ་པོར་སྨྲ། ངག་འཁྱལ་སྤངས་ཏེ་འདོན་བཟླས་ཁོ་ན་ལ་བརྩོན། ཡིད་ཀྱིས་བརྣབ་སེམས་སྤངས་ཏེ་གཏོང་སེམས་འཆང་ནས་དགའ་བ་སྒོམས། གནོད་སེམས་སྤངས་ཏེ་ཕན་སེམས་སྣ་ཚོགས་ལ་སློབས། ལོག་ལྟ་སྤངས་ཏེ་རིས་མེད་པའི་གྲུབ་མཐའ་ཀུན་ལ་དད་པ་དང་དག་སྣང་གི་བློ་རྒྱ་རབ་ཏུ་ཡངས་པར་བསྐྱེད་དགོས་པ་ཡིན། དེ་དག་རྣམས་ཚིག་དང་ཚུལ་འཆོས་ཙམ་མ་ཡིན་པ་ཞིབ་པར་སྒྲུབ་པའི་རྣམ་སྨིན་གྱི་འབྲས་བུ་ནི་མཐོ་རིས་གསུམ་གང་རུང་དུ་སྐྱེ་བ་ཡིན། བྱེད་པ་རྒྱུ་མཐུན་ནི། ཚེ་རབས་ཀུན་ཏུ་དགེ་བ་རང་ལ་མོས་ཤིང་དགེ་བ་གོང་འཕེལ་ལ་སྤྱོད་འགྲོ་བ་ཡིན། མྱོང་བ་རྒྱུ་མཐུན་གྱིས། སྲོག་གཅོད་སྤངས་བས་ཚེ་རིང་ཞིང་ནད་གདོན་ཉུང་། མ་བྱིན་ལེན་སྤངས་པས་འབྱོར་བ་རྒྱས་ཤིང་དགྲ་རྐུན་གྱི་འཚེ་བ་མེད། འདོད་ལོག་སྤངས་པས་ཁྱིམ་ཐབས་མཛེས་ཤིང་དགྲ་ཟླ་མེད། རྫུན་སྤངས་པས་ཀུན་གྱིས་བསྟོད་ཅིང་བྱམས། ཕྲ་མ་སྤངས་པས་འཁོར་གཡོག་སོགས་ནང་མཐུན་ཅིང་གུས་འདུད་ཆེ། ཚིག་རྩུབ་སྤངས་པས་རྟག་ཏུ་སྙན་པར་ཐོས། ངག་འཁྱལ་སྤངས་པས་ཚིག་གང་སྨྲས་བཙུན། བརྣབ་སེམས་སྤངས་པས་བསམ་དོན་ལྷུན་གྱིས་གྲུབ། གནོད་སེམས་སྤངས་པས་འཚེ་བ་ཀུན་དང་བྲལ། ལོག་ལྟ་སྤངས་པས་དགེ་བ་གང་བྱས་ལམ་དུ་སློང་ནས་ཡང་དག་པའི་ལྟ་བ་མངོན་དུ་གྱུར་པ་ཡིན། དབང་འབྲས་སྨིན་པ་ནི། མདོར་བསྡུ་ན་མི་དགེ་བའི་འབྲས་བུ་དེ་དག་ལས་ལྡོག་སྟེ་ཕུན་སུམ་ཚོགས་པའི་ཡོན་ཏན་གང་བསམ་ཐམས་ཅད་ཀྱི་འབྱོར་བ་དང་ལྡན་པ་ཡིན། སྐྱེས་བུ་བྱེད་འབྲས་ནི། དགེ་བ་བསྒྲུབས་པའི་དབང་གིས་ཚེ་རབས་སྔོན་གྱི་སྡིག་སྒྲིབ་རྣམས་བྱང་བ་དང་། ཚེ་འདིའི་སྡུག་བསྔལ་མི་འདོད་པ་ཐམས་ཅད་ཞི་ཞིང་། བསོད་ནམས་བདེ་སྐྱིད་ཀྱི་འབྱོར་ཚོགས་གོང་ནས་གོང་དུ་འཕེལ། སངས་རྒྱས་བྱང་སེམས་ཀྱིས་བརྩེ་བས་གཟིགས་ཤིང་བྱིན་གྱིས་བརླབས། ཅི་བསམ་འགྲུབ། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་སྲུང་སྐྱོབས་བྱེད་པས་བར་ཆད་ཉུང་། ཡུལ་ཁམས་ཐམས་ཅད་བཀྲ་ཤིས་བདེ་ལེགས་སུ་འབྱུང་། འཆི་དུས་ལུས་ལ་གནད་གཅོད་ཀྱི་སྡུག་བསྔལ་མི་མྱང་། སེམས་ལ་འཇིགས་སྐྲག་དང་འགྱོད་པ་མི་སྐྱེ། བར་དོ་ལ་འཇིགས་སྐྲག་མི་སྣང་བར་ལྷ་དང་བླ་མའི་མདུན་བསུ། ཕྱི་མ་འཁོར་བ་ངན་སོང་གི་གནས་སུ་མི་སྐྱེ་བར་ལྷ་མིའི་བདེ་བ་ཐོབ། མ་ཟད་རབ་ཏུ་དགའ་བའི་ཞིང་ཁམས་རྣམས་སུ་སྐྱེ། དེ་ལྟར་ཚེ་རབས་གང་དུ་སྐྱེས། གང་ནས་འཕོས། གང་དུ་གནས་ཀྱང་དགེ་བ་ལ་གོམས་ཤིང་འདྲིས་པས་བདེ་བའི་རྒྱུར་གྱུར་ནས་རང་དོན་འཁོར་བ་ལས་ཕྱིར་བཟློག་སྟེ་བདེ་བ་ཆེན་པོའི་འབྲས་བུ་ཐོབ་ནས། གཞན་དོན་སྐྱེ་བོ་རྣམས་འདྲེན་པར་ནུས་པ་སོགས་ཚད་མེད་པའི་ཡོན་ཏན་དང་ལེགས་ཚོགས་མཐའ་ཡས་ཤིང་། མདོར་བསྡུ་ན་དགེ་བའི་ལས་གང་བྱས་དེ་མངོན་དུ་འཕེལ་ནས་རྣམ་དཀར་གྱི་བསོད་ནམས་རྒྱ་ཆེ་བ་རྒྱུན་མི་ཆད་པ་ཚེ་རབས་ཀུན་ཏུ་འབྱུང་བ་ཡིན་ཞིང་། དེ་དག་ཐམས་ཅད་ཀྱང་ལས་ཀྱི་རང་བཞིན་ཁོ་ནར་ཡིན་ཞིང་མཐོ་རིས་ལྷ་མིའི་བདེ་བ་དང་། ངན་སོང་དུ་སྐྱེས་པ་རྣམས་ཀྱི་སྡུག་བསྔལ་སོགས་ནི་སྨོས་ཀྱིས་མི་ལང་ཞིང་། མཐོང་ཐོས་མྱོང་གྱུར་དུ་ཡོད་པ་མི་གཅིག་པུ་ལའང་ལ་ལ་ནི་མི་ཚེ་ལ་རྒྱགས་ཏེ་ལྟོགས་མ་མྱོང་བ་དང་། གོས་རྒྱན་ནོར་བང་མཛོད་མང་པོ་དང་ལྡན་ཞིང་བདེ་སྐྱིད་དཔལ་འབྱོར་ཁོ་ནས་འཚོ་བ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་ནི་རྒྱུ་ནོར་གང་ཡོད་ཡར་མཆོད་མར་སྦྱིན་ཁོ་ནར་བྱེད་ཀྱང་། རྒྱུ་ནོར་ལ་ཤེས་པ་ཡོད་ལེ་མ་རེད་དེ་གང་ཟག་དེ་ཚུལ་བློས་མི་གཏོང་བ་ལྟ་བུ་ཆར་བཞིན་དུ་འབེབ་པའང་ཡོད། སྤྲང་པོ་སོགས་ལ་ལ་ནི་མི་ཚེ་ལ་ལྟོགས་ཏེ་རྒྱགས་མ་མྱངས་བ་ཡོད་ཅིང་ཉིན་མཚན་མེད་པར་གོས་སམ་སླག་གུ་གཅིག་ལས་གྱོན་རྒྱུ་མེད་པ་དང་། དེའང་སྟོད་སྨད་མེད་པར་རལ་བུག་ཡོངས་སུ་ཟད་པས་རྒྱུ་ཡོད་པ་རྣམས་ཀྱིས་མཐོང་བ་ཙམ་གྱིས་སྐྱུག་བྲོ་སྣང་བྱེད་དགོས་པའང་དེས་རེད། དེ་བཞིན་དུ་ཟས་གོས་དོན་གཉེར་ཁོ་ནའི་ཕྱིར་དུ་སྒོ་གསུམ་ཅུང་ཟད་ཙམ་ཡང་དལ་ཁོམ་མེད་པར་མི་སྒོ་ཁྱི་ཁ་ཁོ་ནར་འགྲིམ་ཀྱང་དེ་ལས་ཐབས་རྡུགས་ཆེ་བ་ཙམ་ལས་ཡོང་རྒྱུ་མེད་ཅིང་གཞན་གྱི་ལག་བརྒྱུད་ནས་ཅུང་ཟད་ཅི་རག་ལས། རང་ལ་རང་དབང་ཡོད་པ་ནི་ཁབ་རྩེ་ཙམ་ཡང་མེད་ཐོག་གཟུགས་བྱད་ངན་པ་དང་ན་ཚ་འཇིགས་སྐྲག་དབུལ་ཕོངས་ཁོ་ནའི་ངང་དུ་མི་ཚེ་རིང་པོ་སྤྱོད་དགོས་པ་དེ་དག་ནི་དང་པོ་སྐྱེ་ཡོང་བའི་སྐབས་སུ་རྒྱུ་ནོར་རྣམས་ཁྱེར་ནས་ཡོང་བ་ཅན་སུ་ཡང་མེད། བར་དུ་སོ་སོའི་ཕ་མས་བསམ་པས་ཁྱད་ཕྱེས་པའང་མ་ཡིན། ཐ་མ་རང་ཉིད་བདེ་བ་ལ་དགའ་མ་ཤེས་ཏེ་སྡུག་བསྔལ་འདོད་པའང་མིན། ཐབས་དང་རྣམ་པ་སོགས་ཀྱིས་མི་འབྱོངས་པ་མིན་ཀྱང་། ལས་འབྲས་བསླུ་མེད་ཅེས་པ་དེ་ཁྱེད་རྣམས་ཀྱི་རྣ་བའི་དབང་པོས་ཐོས་མྱོང་ངམ། ཐོས་པ་མཁན་རྣམས་ཀྱིས་བདེན་རྟོགས་སམ། རྟོགས་མཁན་རྣམས་ཀྱིས་བླང་དོར་གྱི་གནད་ལ་ཞིབ་ཀྱིན་ཡོད་དམ། དཔེར་ན་དཔྱིད་ཀྱི་དུས་སུ་ས་བོན་ཕར་ཅི་བཏབ་བཞག་ན། དེ་ལྟར་སྟོན་གྱི་དུས་སུ་འབྲས་བུ་ཡོངས་སུ་སྨིན་པ་དང་ཉེ་བར་མཚུངས་ཏེ། ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཡིན་པའི་ཕྱིར། ཚེ་སྔོན་དགེ་སྡིག་གི་ས་བོན་ཕར་ཅི་བཏབ་བཞག་ན། ད་ལྟ་རང་ཐོག་ཏུ་འབྲས་བུ་ཡོངས་སུ་ཚུར་སྨིན་པ་དང་། མ་ཟད་ད་ལྟ་དགེ་སྡིག་གི་ལས་གང་བྱས་ཐམས་ཅད་ཀྱི་འབྲས་བུ་སླད་ནས་ཚེ་ཕྱི་མར་སོ་སོར་འཚེ་མེད་ཕྲ་ཞིང་ཕྲ་བ་རང་ཐོག་ཏུ་ཚུར་སྨིན་པ་ལས་ནམ་ཡང་མ་འདས་པས་དེ་ལྟར་རྒྱུ་འབྲས་བསླུ་བ་མེད་པའི་རིམ་པ་ཤེས་དགོས་ཤིང་། མདོར་ན་ཡར་སྲིད་རྩེ་ནས་མར་མནར་མེད་ཡན་ཆོད་བདེ་སྡུག་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལང་བ་ཆེ་ཞིང་ཆེ་ཐོག་ཕྲ་ཞིང་ཕྲ་བ་སོ་སོར་མྱང་དགོས་པ་འདི་དག་ཐམས་ཅད་སྔོན་བསགས་དགེ་སྡིག་གི་ལས་འབྲས་འབའ་ཞིག་མངོན་སུམ་དུ་སྨིན་ཡོང་བ་རང་ཡིན་ཏེ། ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱི་ནི་སྣ་ཚོགས་ཀྱིས། །དེ་ཡི་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམས་ལ་འཁྱམས་ཤིང་རྒྱུགས། །ལས་ཀྱི་དྲྭ་བ་འདི་ཆེའོ། །ཞེས་གསུངས་པ་ལྟར་དགེ་སྡིག་གི་ལས་གང་བྱས་ཀྱི་འབྲས་བུ་ད་ལྟ་འཕྲལ་འཕྲལ་ཚུར་མི་མངོན་ལྟར་སྣང་ཡང་དོན་དུ་ནམ་ཡང་ཆུད་མི་ཟ་ཞིང་ལྷག་པར་ཕྱི་མའི་གནས་དུས་སུ་རང་ཐོག་ཏུ་ཚུར་སྨིན་ཅིང་མྱང་དགོས་པའི་རྒྱུ་མཚན་དང་གནས་སྐབས་ཀྱི་རང་བཞིན་དུ་གྲུབ་སྟེ། མདོ་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་དང་། ཡོན་ཏན་མཛོད་ལས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་ཡང་། །རེ་ཞིག་གྲིབ་མ་ལྟ་བར་མི་མངོན་ཀྱང་། །ལུས་ཅན་དག་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་དང་། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་སོགས་གསུངས་པ་ལྟར་དུ། ལས་གང་བྱས་དེ་ཡང་ན་འབྲས་བུ་མྱངས་ནས་འཛད། ཡང་ན་བཤགས་པས་སོར་ཆུད་དེ་འཛད་ན་མ་གཏོགས་ས་ལ་མི་སྨིན། རྡོ་ལ་མི་སྨིན། མི་བམ། མི་རུལ། མི་སྐམ། མི་ཟད་ཅིང་དུས་ནམ་ཡང་རང་ཐོག་ཏུ་སྨིན་ངེས་ལས་མི་ལྡོག །ཤུལ་དུ་མི་སྡོད། གཞན་གྱི་རྗེས་སུ་མི་འབྲངས། མེད་པར་ཡང་མི་འགྱུར་ཞིང་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཞིབ་ཅིང་ཕྲ་བ་མྱང་དགོས་པའི་ལོ་རྒྱུས་དུ་མ་ཞིག་འདུག་ན། རང་རེ་རྣམས་ནས་དགེ་སྒྲུབ་སྡིག་སྤོང་གི་རིགས་ཕྲ་ཞིང་ཕྲ་བ་ནས་ཞིབཔ་ཅི་ནས་ཀྱང་གལ་ཆེ་དགོས་བྱུང་སྟེ། རྒྱལ་སྲས་ཞི་བ་ལྷས། སྐད་ཅིག་གཅིག་གིས་སྡིག་བྱས་ཀྱིས། །བསྐལ་པར་མནར་མེད་གནས་གྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་འདིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་དང་། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་དང་། ཡོན་ཏན་མཛོད་ལས། ཇི་ལྟར་ས་བོན་ཡུངས་འབྲུ་ཙམ་པའི་ཤིང་། །ཨ་ཤོ་ཀ་ཡི་འབྲས་བུས་ལོ་དུས་སུ། །ཡལ་ག་རེ་ལ་དཔག་ཚད་ཙམ་འཕེལ་བས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་དཔེ་མི་ཕོད། །ཅེས་དང་། མཛངས་བླུན་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་བསམ་སྟེ་བརྙས་མི་བྱ། །མེ་སྟག་ཆུང་ངུ་གཅིག་གིས་ནི། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་བསམ་སྟེ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས་པ་ལྟར་མདོ་དོན་ཚུར་ཡོངས་སུ་བསྡུ་ན་ད་ལྟ་རང་གི་ལུས་ཐོག་འདི་རུ་བདེ་སྡུག་གི་རྣམ་དབྱེ་ཕྲ་ཞིང་ཕྲ་བ་ནས་ཕྱེས་ཤིང་ངེས་པར་མྱང་དགོས་པ་ལྟར་ལས་འབྲས་ལ་དོགས་ཟོན་གྱིས་དེ་བཞིན་ཤིན་ཏུ་ནས་ཀྱང་ཞིབ་པ་གལ་ཆེ་བར་མཛོད་ཅིག་གུ། ལར་ནི་ཆོས་དང་འཇིག་རྟེན་ཟུང་འཇུག་ཆོག་པ་ཞིག་ཡིན་ན་ཀུན་ལ་མཛེས་ཤིང་སྟབས་བདེ་བར་སྣང་སྟེ་དེ་འདྲ་བྱས་པའི་དོན་མི་ཡོང་སྟེ། དཔེར་ན་སྣོད་གཅིག་ཏུ་མེ་ཆུ་གཉིས་མཉམ་དུ་མི་མཐུན་པ་ལྟར་རྒྱུ་འཁོར་བའི་བྱ་བ་མ་སྤངས་པར་འབྲས་བུ་ངན་སོང་ལས་ནམ་ཡང་ཐར་ཐབས་མེད། སྤངས་པ་ཙམ་གྱིས་ཀྱང་མི་འོང་སྟེ་སྔོན་ཚེ་རབས་ཐོག་མེད་ནས་བསག་པའི་སྡིག་སྒྲིབ་རྣམས་སྦྱང་བའི་གཉེན་པོ་རུ་ད་ལྟ་དམ་པའི་ཆོས་སྒྲུབ་ཁོམ་ཞིང་དགེ་བ་ཡང་དག་ལམ་དུ་སློང་ནས་སྡིག་པ་མ་ལུས་ཡོངས་སུ་འཛད་དགོས་པའི་ཕྱིར་རོ། །དེ་ལྟར་དགེ་བ་བསྒྲུབས་ནས་སྡིག་པ་ཡོངས་སུ་མ་སྤངས་ན། རྒྱུ་དེས་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་། མེའི་འོབས་ལྟ་བུ། སྲིན་པོའི་གླིང་། དུག་སྦྲུལ་གྱི་ཚང་། མཚོན་གྱི་རྩེ། མི་གཙང་བའི་འདམ་ལྟ་བུ་སྡུག་བསྔལ་གྱི་རང་བཞིན་ལས་ནམ་ཡང་འདའ་ས་མེད་པའི་ཚུལ་འཁོར་བའི་ཉེས་དམིགས་ནི་འདི་ལྟ་སྟེ། དཔལ་མགོན་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡིས། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་གདུང་བ་ཡིས། །ཡི་དྭགས་རྣམས་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བས། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམས་སྤང་བདེ་རུ་སྤྱད། །ཅེས་གསུངས་པ་ལྟར་དང་པོ་ཚ་དམྱལ་བརྒྱད་ནི་སྟོད་གངས་ཏི་སེའི་ས་འོག་དཔག་ཚད་བཞིའི་མཚམས་ན་ཡང་སོས་ནས་འོག་ནས་འོག་ཏུ་ཁང་པའི་ཐོག་སོ་བཞིན་དུ་བརྩེགས་མར་ཡོད་ཅིང་། ས་གཞི་འཁོར་ཡུག་ཐམས་ཅད་མགར་གྱི་ལྕགས་སྲེག་ལྟ་བུར་མེ་ལྕེ་པུས་ནུབ་ཙམ་འབར་བ་ཟི་ར་ཚུབས་སེ་བའི་དབུས་ན་དམྱལ་བའི་སེམས་ཅན་གྲངས་མེད་འདུས་ཏེ་འཕེན་བྱེད་ཞེ་སྡང་ཡིན་པའི་དབང་གིས་ཕན་ཚུན་མཐོང་མ་ཐག་ཁོང་ཁྲོ་དྲག་པོའི་སེམས་བསྐྱེད་ནས་ལས་ཀྱི་འཁྲུལ་འཁོར་མཚོན་ཆ་སྣ་ཚོགས་པ་ལག་ཏུ་ལོན་ཏེ་འཐབ་པས་གནད་གཅོད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པའི་ངང་དུ་ཤི་ཞིང་ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་གྲགས་པས་ཡང་སོས་ཡང་སྔར་བཞིན་འཐབ་པས་བདེ་བའི་དུས་མེད་པ་སྡུག་བསྔལ་གྱི་རྒྱུན་ཆད་མེད་ཚེ་ཚད་ནི་མི་ལོ་ལྔ་བཅུ་ལ་ལྷ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག་དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བརྩིས་པའི་ལྷ་ཡི་ལོ་ལྔ་བརྒྱ་ལ་དམྱལ་བ་ཡང་སོས་ཀྱི་ཞག་གཅིག་གོང་ལྟར་བརྩིས་པའི་རང་ལོ་ལྔ་བརྒྱའི་བར་དུ་ཤི་སོས་རེས་མོས་ཀྱི་སྡུག་བསྔལ་མྱོང་བཞིན་དུ་གནས་དགོས་པ་ཡིན། ཐིག་ནག་ནི་ལས་མཁན་རྣམས་ཀྱིས་དམྱལ་བའི་སེམས་ཅན་གྱི་ལུས་གན་རྐྱལ་དུ་བཀྲམ་སྟེ་ཐིག་ནག་པོ་བཞི་དང་བརྒྱད་བཅུ་དྲུག་དང་སུམ་ཅུ་སོ་གཉིས་སོགས་གྲངས་མེད་བཏབ་སྟེ་དེའི་སྟེང་ནས་ལྕགས་ཀྱི་སོག་ལེ་མེ་འབར་བས་གཤོག་ཅིང་། སྟ་རེས་གཏུབ་རལ་གྲིས་བྲེགས་པ་རྣམས་ཡང་སོས་ཡང་སྔར་བཞིན་སྡུག་བསྔལ་བའི་ཚེ་ཚད་ནི་ཡང་སོས་ལས་ཉིས་འགྱུར་གྱིས་མང་བར་གནས་དགོས་པ་ཡིན། བསྡུས་འཇོམས་ནི་ལྕགས་ཀྱི་གཏུན་ཆེན་པོ་ཡུལ་ལྗོངས་ཙམ་གྱི་ནང་དུ་སེམས་ཅན་གྲངས་མེད་བླུགས་ཏེ་ཐོ་བ་རི་རབ་ཙམ་གྱིས་གྲོ་སོག་བཞིན་དུ་བརྡུང་བ་དང་། ཕན་ཚུན་གྱི་རི་རྣམས་སྔར་རང་གིས་བསད་པའི་ཤ་བ་དགོ་བ་ར་ལུག་སོགས་ཀྱི་མགོ་བརྙན་དུ་གྱུར་ཏེ་རྭ་རྩེ་མེ་འབར་བས་བརྡུང་ཁ་བཀྱེ་བའི་བར་དུ་ཚུད་པས་འཇིགས་སྐྲག་སྡུག་བསྔལ་བསམ་གྱིས་མི་ཁྱབ་པའི་ངང་དུ་ཤི་ནས་སླར་ཡང་སྔར་བཞིན་སྡུག་བསྔལ་བའི་ཚེ་ཚད་ནི་ཐིག་ནག་ལས་ཉིས་འགྱུར་གྱིས་མང་བར་གནས་དགོས་པ་ཡིན། ངུ་འབོད་ནི་ལྕགས་ཀྱི་ཁང་པ་མེ་འུར་འུར་འབར་བ་སྒོ་མེད་པའི་ནང་དུ་བཅུག་སྟེ་ལས་ཀྱི་སྤྲུལ་པ་བྱ་ཁྱི་སྲིན་པོ་འཇིགས་སུ་རུང་བས་གནོད་འཚེ་དུ་མར་སྐྱེལ་བས། འདི་ནས་ཐར་བའི་དུས་ནམ་ཡང་མི་ཡོང་སྙམ་ནས་ངུ་འབོད་ལྷང་ལྷང་འདེབས་ཤིང་སྡུག་བསྔལ་བའི་ཚེ་ཚད་ནི་བསྡུས་འཇོམས་ལས་ཉིས་འགྱུར་གྱིས་མང་བར་གནས་དགོས་པ་ཡིན། ངུ་འབོད་ཆེན་པོ་ནི་ལྕགས་ཁང་མེ་འབར་བ་གཉིས་རིམ་གྱི་ནང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བཅུག་སྟེ་མཚོན་ཆ་སྣ་ཚོགས་པས་རྡུང་རྡེག་བྱེད་ཅིང་སྒོ་ཕྱི་ནང་གཉིས་ཀར་ལྕགས་ཞུན་གྱིས་ཞལ་བ་བྱས་པས་འདི་ནས་ཐར་པའི་དུས་ནམ་ཡང་མི་ཡོང་སྙམ་ནས་ཤིན་ཏུ་འོ་དོད་ཆེན་པོ་དི་རི་རི་སྒྲོགས་ཤིང་སྡུག་བསྔལ་བའི་ཚེ་ཚད་ནི་ངུ་འབོད་ལས་ཉིས་འགྱུར་གྱིས་ཆེ་བར་གནས་གོས་པ་ཡིན། ཚ་བ་ནི་ལྕགས་ཀྱི་སྣོད་ཆེན་པོ་ཁྲོ་ཆུ་ཁོལ་མའི་ནང་དུ་སེམས་ཅན་གྲངས་མེད་པ་ཆོ་ལེ་བཙོ་བ་བཞིན་དུ་བཙོས་པས་སྡུག་བསྔལ་ཤིན་ཏུ་མི་བཟོད་དེ་ཐོན་པར་རེ་བས་ན། ལས་མཁན་རྣམས་ཀྱིས་མགོ་ལ་ཐོ་ལུམ་བསྣུན་པས་དྲན་པ་བརྒྱལ་འགྲོ་བའི་ཚེ་བདེ་སྣང་ཤར་དགོས་པ་ཤིན་ཏུ་སྡུག་བསྔལ་བའི་ཚེ་ཚད་ནི་མི་ལོ་སྟོང་ཕྲག་དྲུག་དང་གཅིག་བརྒྱ་ལ་ལྷ་གཞན་འཕྲུལ་དབང་བྱེད་ཀྱི་ཞག་གཅིག་དེ་ལྟར་བརྩིས་པའི་ལྷའི་ལོ་དྲུག་སྟོང་ལ་ཚ་བའི་ཞག་གཅིག །དེ་ལྟར་བརྩིས་པའི་རང་ལོ་ཁྲི་ཕྲག་གཅིག་དང་སྟོང་ཚོ་དྲུག་ཐུབ་དགོས་པ་ཡིན། རབ་ཏུ་ཚ་བ་ནི་ལྕགས་ཁྱིམ་མེ་འབར་བའི་ནང་དུ་ལས་མཁན་རྣམས་ཀྱིས་ལྕགས་སྲེག་གི་གསོར་མེ་ལྷབ་ལྷབ་འབར་བས། སེམས་ཅན་རྣམས་ཀྱི་འོག་སྒོ་དང་རྐང་མཐིལ་གཉིས་ནས་ཕུག་པས་ཁ་སྣ་ནས་ཁྲག་ཆུ་འབབ་ཅིང་མེ་ལྷབ་ཀྱི་དུ་བ་ཕྱུར་རེ་སྤྱི་བོར་དང་ཕྲག་པ་གཉིས་ནས་ཐལ་མར་འབིག་པ་དང་། ལྕགས་སྲེག་སྣམ་བུ་ལྟ་བུས་ཕྱི་ནས་དཀྲིས་པས་སྡུག་བསྔལ་བའི་ཚེ་ཚད་ནི་བར་བསྐལ་གཅིག་གི་ཕྱེད་ཐུབ་དགོས་ཏེ་མི་ལོའི་གྲངས་ཀྱིས་གཞལ་མི་ནུས་པ་ཡིན། དེ་ནས་རྡོ་རྗེ་མནར་མེད་ནི་ཉེ་འཁོར་ལྷག་མ་བཅུ་དྲུག་གིས་བསྐོར་བའི་དབུས་སུ་ལས་མཁན་རྣམས་ཀྱིས་ལྕགས་སྲེག་དུམ་བུ་སོལ་བ་ལྟ་བུ་རི་རབ་ཙམ་སྤུངས་པའི་དབུས་སུ་དམྱལ་གནས་ཀྱི་སེམས་ཅན་གྲངས་མེད་པ་བཅུག་སྟེ་སྟག་གཟིག་གི་སྦུད་པ་ཕྱོགས་མཚམས་ཀུན་ནས་སྦུད་པས་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུས་ལུས་དང་མེ་གཉིས་མེད་དུ་བསྲེགས་པས་སྡུག་བསྔལ་གྱི་ཚོར་བ་ཤིན་ཏུ་ཧྲག་པས་འོ་དོད་ལྷང་ལྷང་འབོད་པ་ལས། ལུས་དངོས་སུ་མི་མཐོང་ཞིང་ཐར་འདོད་ཀྱི་བློ་རྒྱུན་ཆད་མེད་པར་སྐྱེས་ཀྱང་ཐར་བའི་དུས་ནི་མི་ཡོང་། སྐབས་རེ་བྲོས་པར་རློམ་པ་ན་ལས་མཁན་རྣམས་ཀྱིས་མདའ་དང་དབྱུགས་པ་བསྣུན་ཏེ་ཁ་ལ་ཁྲོ་ཆུ་ཁོལ་མ་བླུགས་པ་དང་། ཡན་ལག་བཞི་ལ་ལྕགས་ཕུར་བཏབ་སྟེ་བརྒྱངས་པ་སོགས་དམྱལ་བ་སྔ་མ་བདུན་པོའི་སྡུག་བསྔལ་ཡང་ཡོངས་སུ་ཚང་བར་ཉམས་སུ་མྱང་དགོས་ཤིང་། དེ་ལས་མནར་རྒྱུ་མེད་པས་ན་མནར་མེད་ཅེས་བྱ་སྟེ། ཚེ་ཚད་ནི་བར་བསྐལ་གཅིག་ངེས་པར་ཐོབ་དགོས་པ་ཡིན་ཞིང་། དེ་དག་ཏུ་སྐྱེ་བའི་ལས་ཀྱི་གཙོ་བོ་ནི་གོང་དུ་བཤད་མ་ཐག་པའི་ཚུལ་བཞིན་སྤྱིར་མི་དགེ་བ་བཅུ་ལ་སོགས་པ་དང་ལྷག་པར་རྡོ་རྗེ་མནར་མེད་དུ་སྐྱེ་བའི་ལས་ནི་མཚམས་མེད་ལྔའི་ལས་བསགས་པའི་སེམས་ཅན་རྣམས་དང་། སྔགས་སུ་ཞུགས་ནས་རྡོ་རྗེ་སློབ་དཔོན་ལ་ལོག་ལྟ་སྐྱེས་ནས་སྐུར་འདེབས་བྱས་པ་དང་། རྡོ་རྗེའི་མཆེད་ལྕམ་རྣམས་ལ་དམ་ཚིག་འགལ་ཉམས་དང་འདས་རལ་དུ་གྱུར་པ་རྣམས་ལས་གཞན་གྱིས་སྐྱེ་མི་ནུས་པས་ལྷག་པར་གཟབ་ཤེས་དགོས་པ་ཡིན། དེའི་ཕྱོགས་བཞི་ན་ཉེ་འཁོར་གྱི་དམྱལ་གནས་རྣམས་ནི་གཉིས་རིམ་གྱི་ཚུལ་དུ་ཡོད་ཅིང་། དང་པོ་མེ་མུར་འོབས་ནི་མནར་མེད་ཀྱི་ལས་སྲབ་སྟེ་ཕྱིར་ཐོན་པའི་ཚེ་རྒྱངས་ནས་གྲིབ་སིལ་ཡིད་འོང་ཞིག་མཐོང་སྣང་གིས་རྒྱུག་སྟེ་ཕྱིན་པས་འདག་མེ་འབར་བའི་འོབས་སུ་ཚུད་དེ། ལ་ཆ་ཕྱེ་མ་མེ་མུར་ནང་དུ་བཏབ་པ་བཞིན་ཤ་ཞུན་ཁོལ་ཏེ་རུས་པ་ཚིག་པས་སྡུག་བསྔལ་ཡུན་རིང་དུ་མྱང་དགོས་པ་ཡིན། དེ་ནས་ཕྱིར་ཐོན་ཏེ་རོ་མྱག་གི་འདམ་ནི་རྒྱང་ནས་ཆུ་རླུང་སྔོན་པོ་ཡིད་འོང་ཞིག་མཐོང་སྟེ་རྒྱུག་གིན་ཕྱིན་པས་མི་རྟ་ཁྱི་སོགས་ཀྱི་རོ་རུལ་བམ་གྱི་འདམ་དུ་ཚུད་དེ་སྲིན་འབུ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་ཕར་ཚུར་འབིགས་ཤིང་ཟ་བས་སྡུག་བསྔལ་ཡུན་རིང་དུ་མྱང་དགོས་པ་ཡིན། དེ་ནས་ཕྱིར་ཐོན་པའི་ཚེ། སྤུ་གྲིའི་ཐང་ནི་རྒྱང་ནས་ཐང་སྔོན་པོ་ཡིད་འོང་ཞིག་མཐོང་སྟེ་རྒྱུག་གིན་ཕྱིན་པས་ལྕགས་སྲེག་གི་སྤུ་གྲི་རྣོན་པོ་རྩྭ་ལྟར་སྐྱེས་པའི་རྐང་པ་འབིགས་པས་སྡུག་བསྔལ་ཡུན་རིང་དུ་མྱང་དགོས་པ་ཡིན། དེ་ནས་ཕྱིར་ཐོན་པའི་ཚེ། རལ་གྲིའི་ཚལ་ནི་ནགས་ཚལ་ཉམས་དགའ་བ་ཞིག་མཐོང་སྟེ་རྒྱུག་གིན་ཕྱིན་པས་ལྕགས་ཀྱི་སྡོང་པོ་ལ་ལོ་མ་རལ་གྲི་འདྲ་བ་མང་པོ་རླུང་གིས་བསྐྱོད་པས་ལུས་དུམ་བུར་བརྒྱ་སྟོང་གཅོད་པས་སྡུག་བསྔལ་ཡུན་རིང་དུ་མྱང་དགོས་པ་ཡིན། དེ་ནས་ཕྱིར་ཐོན་པའི་ཚེ། ཤལ་མ་རིའི་སྡོང་པོ་ནི་ལྕགས་ཀྱི་སྡོང་པོ་འཇིགས་སུ་རུང་བའི་དྲུང་དུ་སླེབ་ཚེ་རྩེ་མོ་ནས་སྔར་གྱི་རྩེ་གྲོགས་རྣམས་ཀྱིས་འབོད་པར་ཐོས་ཏེ་དགའ་བཞིན་འཛེགས་འགྲོ་བའི་ཚེ་ལྕགས་ཚེར་སོར་བཅུ་གཉིས་དང་། བཅུ་དྲུག་ཅན་གྱིས་ལུས་སྟེང་འོག་མེད་པར་འབིགས་ཤིང་རྩེ་མོར་སླེབ་ཚེ་ཁ་ཏྭ་དང་བྱ་རྒོད་སོགས་ཀྱིས་མིག་ཚིལ་བྲུས་པས་སྡུག་བསྔལ་བཞིན་སླར་ཐུར་དུ་བབ་པའི་ཚེ་ཡང་ལྕགས་ཚེར་རྣམས་གྱེན་དུ་གཟིང་བ་དང་། ལྕགས་ཀྱི་སྐྱེས་པ་དང་བུད་མེད་ཁྱི་སྲེ་བོ་འཇིགས་སུ་རུང་བ་རྣམས་ཀྱིས་མགོ་ཁར་བཅུག་སྟེ་བལྡད་པས་འགྲམ་ཁུག་ནས་ཀླད་པ་སྐྱ་ཛར་གྱིས་བབ་པ་ལ་སོགས་དཔེར་ན་ད་ལྟ་མེས་ཚིག །ཆུས་ཁྱེར། གྲང་བས་བསྡམ། ན་བ་ཤི་བ་བརྡུང་བ་བཀྱིག་པ་གསོད་པ་སོགས་གྲི་མཚོན་གྱིས་རྨས་པའི་སྡུག་བསྔལ་བརྒྱ་སྟོང་ཁྲི་འབུམ་ལས་འགྱུར་ཆེ་སྟེ་ཤི་ཤི་འདྲ་ཡང་ལས་དབང་གིས་འཆི་རྒྱུ་མེད་པར་སོས། རྡུལ་ཕྲན་དུ་བརླག་བརླག་འདྲ་ཡང་ཐང་གཅིག་བརླག་སྟེ་ཐར་རྒྱུ་མེད་པར་སྡུག་བསྔལ་རྒྱུན་མི་ཆད་པ་བཟོད་དཀའ་བ་དུ་མར་མྱང་དགོས་པ་ཡིན་ཏེ། བཤེས་སྤྲིངས་ལས། དམྱལ་བ་བྲིས་དང་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་དང་། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་དང་། ཞི་བ་ལྷས། གཡང་ས་ཐ་མལ་ཆུང་ངུ་ལའང་། །བག་ཡོད་གནས་པར་བྱ་དགོས་ན། །དཔག་ཚད་སྟོང་དུ་ལྷུང་བ་ཡི། །ཡུན་རིང་གཡང་ས་སྨོས་ཅི་དགོས། །ཞེས་དང་། སེམས་ཉིད་ངལ་གསོ་ལས། གལ་སྟེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་བདེ་འགྲོའི་སྒྲ་ཡང་མི་ཐོས་ཤིང་། །ངན་འགྲོ་རྒྱུན་རིང་ཡང་དང་ཡང་ནས་འཁོར། །སྤང་བླང་མི་ཤེས་ལོག་པའི་ལམ་འགྲོ་ཞིང་། །ཐོག་མཐའ་དུས་མེད་འཁོར་བ་འཁྱམས་འཚལ་ལོ། །ཞེས་གསུངས་པ་ལྟར་གལ་སྲིད་མི་ལ་ལས་སྡུག་བསྔལ་དེ་འདྲ་ནི་བདེན་མིན་སྙམ་ན་ཐག་རིང་ལ་དཔྱད་པ་འགའ་བྱ་མི་དགོས་ཏེ་ད་ལྟ་རང་ཅག་རྣམས་ཐབས་དང་རྣམ་པ་མི་ཤེས་དགུ་ཤེས་མིའི་ལུས་རྟེན་འདི་ཐོག་ཏུ་ཉི་མ་དང་མེ་སྟག་ཆུང་ངུ་ཞིག་གམ། གྲང་བ་དགུན་གྱི་དུས་ཁང་ཁྱིམ་གྱི་ནང་དུ་གོས་སློག་མང་པོས་བཏུམས་ཀྱང་ད་དུང་འཁྱག་སྣང་གིས་སེམས་འཁུམ་སྟེ་བཟོད་ནུས་པའི་ཐབས་ཤིན་ཏུ་ནས་ཀྱང་དཀའ་བར་ཨི་མི་འདུག་ན། ཐབས་དང་རྣམ་པ་ཡོངས་སུ་ཕྲལ་ཏེ་གཞན་དབང་ཁོ་ནའི་དུས་འདའ་བའི་ཚེ་ཅི་ལྟ་བུར་བྱེད་རྒྱུ་ཡིན། ཤེས་ཡོད་རྣམས་ནི་རང་གཅེས་ཆེ་བཞིན་སྔར་ཆགས་ཕྱི་འདེང་གི་ཁོག་ཕུབ་པ་ཅི་ནས་གལ་ཆེ་བར་མཛོད་ཅིག །དེ་ནས་གྲང་དམྱལ་བརྒྱད་ནི་ཚ་དམྱལ་གྱི་བྱང་ཕྱོགས་དཔག་ཚད་ཉི་ཤུའི་མཚམས་ཀྱི་སྟེང་ནས་དཔག་ཚད་སུམ་ཁྲིའི་འོག་ན་ས་གཞི་འཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ་གྱི་ཁྲོད། བུ་ཡུག་འབའ་ཞིག་འཚུབ་པ་ཡ་ང་བའི་གནས་སུ་སྐྱེས་པ་རྣམས་ལུས་གཅེར་བུ་གྲང་བའི་ཤུགས་ཀྱི་གདུང་བས་ཆུ་བུར་ཐོལ་ཐོལ་དུ་རྡོལ་བ་དང་། དེ་ལས་གྲང་ཞིང་ཡུན་རིང་བའི་སྟོབས་ཀྱིས་ཆུ་བུར་རྣམས་བརྡོལ་ནས་རྨར་སོང་བ་དང་། དེ་ལས་གྲང་ཞིང་ཡུན་རིང་བའི་ཤུགས་ཀྱིས་ཁྲག་རྣག་གི་རྒྱུན་ཆེར་འབབ་ཅིང་གྲང་བ་བསྲན་མ་བཟོད་དེ་ཨ་ཆུ་ཞེས་སྨྲེ་སྔགས་རྒྱུན་ཆད་མེད་པར་བཏོན་པ་དང་། དེ་ལས་གྲང་ཞིང་ཡུན་རིང་བའི་ཤུགས་ཀྱིས་སྐད་གདངས་ཆགས་ནས་གྲེ་གདིང་ནས་ཀྱི་ཧུད་འདོན་པ་དང་། དེ་ལས་གྲང་ཞིང་ཡུན་རིང་བའི་ཤུགས་ཀྱིས་ཤིན་ཏུ་འུ་ཐུག་སྟེ་ཁ་སོ་ཡོངས་སུ་འགྲིགས་པའི་སོ་ཐམ་པ་དང་། དེ་ལས་ཀྱང་གྲང་ཞིང་ཡུན་རིང་བའི་ཤུགས་ཀྱིས་ཕྱིའི་པགས་མདོག་སྔོ་ནག་ཏུ་སོང་སྟེ་བཞི་ཚལ་དུ་ཨུཏྤལ་ལྟར་གས་པ་དང་། དེ་ལས་གྲང་ཞིང་ཡུན་རིང་བའི་སྟོབས་ཤུགས་ཀྱིས་ནང་གི་ཤ་དམར་པོ་ཕྱིར་མངོན་ཏེ་བརྒྱད་ཚལ་དུ་པད་མ་ལྟར་ཆེར་གས་པ་དང་། དེ་ལས་ཀྱང་ལྷག་པར་བརྒྱ་འགྱུར་གྱི་གྲང་བའི་སྟོབས་ཤུགས་ཀྱིས་ཤ་མདོག་ཀྱང་དམར་ནག་ཏུ་སོང་སྟེ་བཅུ་དྲུག་དང་སུམ་ཅུ་སོ་གཉིས་ནས་གྲངས་མེད་དུ་པདྨ་ལྟར་གས་པ་ཞེས་བྱ་སྟེ་རྨ་ནང་དུ་སྲིན་འབུ་ལྕགས་ཀྱི་མཆུ་ཅན་མང་པོས་ཟ་ཞིང་ཁྲག་རྣག་གི་རྒྱུན་ཆུ་བོ་ལྟར་འབབ་པས་ནང་ཁྲོལ་རྣམས་མཐོང་ལ་ཉེ་བའི་ཟུག་རྔུ་མི་བཟད་པ་སོགས་སྡུག་བསྔལ་མི་འདྲ་བ་བརྒྱད་པོ་དེ་ལ་གྲང་དམྱལ་བརྒྱད་བྱ་སྟེ། དེ་དག་གི་ཚེ་ཚད་ནི་རྒྱ་གར་གྱི་གྲོང་ཁྱེར་ཀོ་ས་ལའི་བྲེ་ལ་གཞལ་བའི་བཅུ་ཚད་ཉི་ཤུ་ཤོང་བའི་གཞོང་པ་ཏིལ་གྱིས་གང་བ་ནས་ལོ་བརྒྱ་རེ་སོང་དུས་ཏིལ་རེ་ཕྱུང་བས་ཡོངས་སུ་རྫོགས་པའི་ཚེ་ཆུ་བུར་ཅན་གྱི་ཚེ་ཚད་རྫོགས་པ་ཡིན་ཞིང་གཞན་རྣམས་ནི་དེ་ལས་ཀྱང་སྡུག་བསྔལ་ཇེ་ཆེ་དང་ཚེ་ཚད་ལོག་འགྱུར་གྱིས་མྱང་དགོས་པ་ཤ་སྟག་ཡིན་ཏེ། བཤེས་སྤྲིངས་ལས། དེ་ལྟར་ཤིན་ཏུ་སྡུག་བསྔལ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱ་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བར། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་དང་། རུ་ཏྲའི་སྨྲེ་བཤགས་ལས། ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ཆུ་ཀླུང་གྱེན་དུ་བཟློག་པ་ག་ལ་གྱུར། །རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་། །ཞེས་གསུངས་པ་ལྟར། ལས་མི་དགེ་བའི་འགྱུར་སྐྱེད་དང་རྣམ་སྨིན་མ་ཟད་བར་ཚེ་མི་འཕོ། སྡུག་བསྔལ་མི་ཟད། ཐབས་དང་རྣམ་པ་ཐམས་ཅད་ཡོངས་སུ་བྲལ་བ་ནི་དམྱལ་བའི་རྒྱུ་མཚན་ཉིད་དུ་གྲུབ་ཅིང་དེས་ན་དེར་སྐྱེ་བའི་ལས་ཀྱི་གཙོ་བོ་ནི་ད་ལྟ་རང་ཅག་རྣམས་ཀྱིས་རྟེན་གསུམ་དང་ལྷ་ཁང་བཤིགས་པ་དང་། བླ་མ་དང་དགེ་འདུན་གྱི་ན་བཟའ་སྙན་དར་འཕྲོག་པ་དང་། སེམས་ཅན་གྲང་རིགས་ཀྱི་སྒོ་ནས་བསད་པ་དང་། འཕགས་པ་དང་ཆོས་ལ་སྨད་པ་སོགས་དེར་སྐྱེ་བའི་ལུས་ངན་བླང་དགོས་པ་ཡིན། དེ་ནས་ཉེ་ཚེ་བ་ནི་གནས་དང་སྡུག་བསྔལ་ཚེ་ཚད་སོགས་ངེས་པ་མེད་པ་རྣམས་ཡིན་ཏེ། རྡོ་དང་འཁྱམ་རོམ་ནང་དུ་འཐུམ་པ་དང་། ཆུ་ཚན་དང་མེ་ནང་དུ་བསྲེག་པ་དང་། གཏུན། ཕྱགས་མ། ཕྲུ་བ། སྒོ། ཀ་བ། ཐབ་ལ་སོགས་པ་ལ་རྣམ་ཤེས་འཁོར་བ་ལྟ་བུས་སྡུག་བསྔལ་ཇི་བཞིན་པ་སྣ་ཚོགས་མྱང་དགོས་པ་རང་ཡིན་ཞིང་། དེ་ལྟར་ཚ་དམྱལ་བརྒྱད་དང་། གྲང་དམྱལ་བརྒྱད། ཉེ་ཚེ། ཉེ་འཁོར་གཉིས་དང་བཅོ་བརྒྱད་པོ་ཡིད་ལ་ཕྱོགས་ལམ་ངེས་ཕྱིར་བཤད་པ་ཙམ་ལས། དམྱལ་བའི་སྡུག་བསྔལ་ནི་ཚིག་གིས་མཚོན་པ་དང་བློ་ཡིས་གཞལ་བ་ག་ལ་ནུས་ཤིང་། དེས་ན་རང་གིས་མ་མཐོང་བ་ཙམ་གྱིས་མེད་འགྲོ་བ་མིན་ཏེ། དཔེར་ན་ད་ལྟ་གཉིད་དུ་ཡོལ་བ་ལས། སང་ཉིན་ཟས་གོས་དང་བདེ་སྡུག་གི་རིམ་པ་མྱང་མི་དགོས་པར་མི་ཡོང་བའམ། བཙོན་ཁང་དུ་ཉེ་འབྲེལ་སོགས་ཚུད་ནས་སྡུག་བསྔལ་མྱང་ན་རང་གིས་མ་མཐོང་བས་ན་མེད་པ་མིན། སྡུག་བསྔལ་མྱོང་གིན་ཡོད་པ་ཡིན། འདི་ནས་ལ་ལུང་བརྒལ་ཏེ་ཐག་རིང་དུ་མི་ཞིག་སོང་ན་བདེ་སྡུག་གི་རྣམ་པ་ཇི་བཞིན་མྱང་དགོས་པ་ལས། རང་གི་མ་མཐོང་བ་ཙམ་གྱིས་མེད་འགྲོ་བ་སོགས་མིན་ཞིང་། དེ་ལྟར་འདི་ཕྱིའི་སྣང་བ་སོ་སོར་གྱུར་པ་ཙམ་ལས། རང་རེའི་སྡུག་བསྔལ་མ་མྱངས་པའམ། མ་མཐོང་བས་ན་གཞན་དག་གི་སྡུག་བསྔལ་མེད་ཆགས་དེ་ནམ་ཡང་མ་བྱེད་ཅིག །སྲིད་པ་གསུམ་མམ་ཁམས་གསུམ་འདི་ཁང་པའི་ཐོག་བཞིན་བརྩེགས་མར་ཡོད་དེ། སྟེང་ལྷ་ཡུལ་གྱི་བདེ་བ་ཤ་སྟག་བདེན་ན། བར་མི་ཡུལ་གྱི་བདེ་སྡུག་འདྲེས་མ་བདེན་དེ་བདེན་པར་སྣང་ན། འོག་དམྱལ་ཁམས་ཀྱི་སྡུག་བསྔལ་ཡང་དེ་ཁོ་ན་བཞིན་བདེན་པར་གྲུབ་སྟེ་མདོར་ན་སྣང་བའི་ཡུལ་ཨེ་བདེན། མྱོང་མཁན་ལུས་ཨེ་བདེན། འཛིན་མཁན་སེམས་ཨེ་བདེན་ད་ལྟ་རང་དཔྱད་པ་གཏོང་ན་ཤེས་ཤིང་། དེ་བཞིན་ཚེ་རབས་ནས་བསགས་པའི་ལས་མི་དགེ་བའི་རྣམ་སྨིན་ཡོངས་སུ་མྱང་དགོས་པའི་ཕྱིར། དེས་ན་དེ་དག་ཏུ་ཡུལ་འདི་ཕྱོགས་ནས་ཕ་མ་ཉེ་འབྲེལ་སྙིང་དང་འདྲ་བ་སྔར་སྐྱེས་པའང་གྲངས་མེད་ཡོད་ཤག་རེད་པས་ནམ་ཡང་བརྗེད་ཤོར་མི་ཉན་པར་སྙིང་རྗེ་བསྐྱེད་དེ་དགེ་བ་བསྔོ་དགོས་པ་མ་ཟད་ད་དུང་དེར་སྐྱེ་བའི་ལས་མི་དགེ་བའི་དབང་དུ་ད་ལྟ་རང་ཅག་རྣམས་ཚེ་ཕལ་ཆེར་ཟད་འགྲོ་བར་ཨེ་མི་འདུག་ན་སྔར་བྱས་ཀྱི་ལས་ལ་གནོང་འགྱོད་དྲག་པོས་བཤགས་ཤིང་ཕྱིན་ཆད་སྡོམ་སེམས་བརྟན་པོའི་སྒོ་ནས་ཆོས་ལ་དོན་གཉེར་སྙིང་ནས་མྱུར་བར་བསྐྱེད་པར་གལ་ཆེ་བ་ཡིན་ལགས།། །།དེ་ནས་ཡི་དྭགས་ཀྱི་རིགས་མང་ཡང་གཉིས་སུ་འདུས་ཏེ། དང་པོ་རྩ་བའི་གནས་ནི་རྒྱ་གར་གྱི་ཡུལ་ཡངས་པ་ཅན་གྱི་ས་འོག་དཔག་ཚད་ལྔ་བརྒྱའི་མཚམས་སུ་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་སོགས་ཡོད་དེ། ཡུལ་དེ་དག་ལ་ནི་ས་རྡོ་གསེག་མ། ཉིན་རེ་ལ་བྱེ་ཚན་གྱི་ཆར་ལན་བདུན་རེ་འབེབས་ཤིང་སོས་ཀའི་དུས་སུ་ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་བའི་གནས་ཡ་ང་བ་དེར་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། སྒོས་སྒྲིབ་ཅན་དང་རྣམ་པ་གསུམ་ཡོད་དེ། དང་པོ་ཕྱི་སྒྲིབ་ལ་ལོ་བརྒྱ་སྟོང་མང་པོར་སོང་ཡང་ཆུའི་མིང་ཙམ་ཐོས་མ་མྱོང་ཞིང་བཀྲེས་སྐོམ་གྱིས་ཤིན་ཏུ་གདུང་སྟེ་ཕྱོགས་ཀུན་ཏུ་ཉུལ་ཡང་ཅུང་ཟད་ཙམ་ཡང་མི་རྙེད་ཅིང་། སྐབས་རེ་རྒྱངས་རིང་པོ་ནས་ཆུ་ཀླུང་འབབ་པ་དང་ཤིང་སྡོང་པོ་འབྲས་བུ་ཅན་དང་། བཟའ་བཏུང་གི་རིགས་མཐོང་སྟེ་ཐང་ཆད་ཆད་དུ་ཕྱིན་འགྲོ་བའི་ཚེ་ཉེ་བར་སླེབ་པ་ན་ཆུ་ཤིང་རྣམས་སྐེམ། བཟའ་བཏུང་གི་རིགས་མཐོང་བཞིན་དུ་ཡོད་སྲིད་ཀྱང་སྐྱེས་བུ་གོ་མཚོན་ཐོགས་པས་བསྲུང་སྟེ་མཚོན་ཆ་སྣ་ཚོགས་པས་རྡུང་རྡེག་བྱེད་པའི་སྡུག་བསྔལ་དུ་མར་མྱང་དགོས་པ་ཡིན། ནང་སྒྲིབ་ལ་ཁ་ཁབ་མིག་ཙམ་དང་མིད་པ་རྟ་རྔ་ཙམ་གྱི་ནང་ནས་ཟས་སྐོམ་མི་ཆུད། ནམ་ཞིག་ཕྲན་བུ་སོང་ཡང་ལྟོ་བ་ཡུལ་ལྗོངས་ཙམ་མི་གང་ཞིང་། དེའི་ལྟོགས་ངབ་ཀྱིས་ནང་ཁྲོལ་ཐམས་ཅད་ལ་མེ་འབར་བ་ལྟ་བུ་དང་། འགྲོ་བའི་ཚེ་ཡན་ལག་འཇག་སྐྱ་ཙམ་གྱིས་ཁུར་མི་ཐེག་པ་ལ་སོགས་ཀྱིས་སྡུག་བསྔལ་དུ་མ་མྱོང་དགོས་པ་ཡིན། སྒོས་སྒྲིབ་ལ་ཡི་དྭགས་རེ་རེའི་ལུས་ལ་མང་པོས་ཚང་བཅས་ཏེ་ཟ་བ་དང་། ཐ་ན་མི་གཙང་བའི་གཅིན་རྟུག་ལ་སོགས་ཀྱང་བསྔོས་ན་མ་གཏོགས་ལོངས་སྤྱོད་དབང་མེད་ཅིང་། སྔོན་གྲོ་བཞིན་སྐྱེས་ཀྱིས་ཡི་དྭགས་རྣམས་ལ་གཟིགས་པ་ལྟར་ཟས་རྙེད་པའང་རང་གི་རྣག་ཁྲག་དང་ཕུབ་མ་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་སོགས་ལ་འགྱུར་འགྲོ་བས་མི་ཕན་པའི་སྟེང་དུ་གནོད་པའི་སྡུག་བསྔལ་ངེས་མེད་དུ་མར་མྱོང་ནས་ཚེ་ཚད་ནི་མིའི་ཟླ་བ་རེ་ལ་ཡི་དྭགས་ཀྱི་ཞག་རེར་བརྩིས་པའི་རང་ལོ་ལྔ་བརྒྱ་སྟེ་མི་ལོ་ནི་ཁྲི་ལྔ་དང་སྟོང་གཅིག་ཏུ་གནས་དགོས་པ་ཡིན། མཁའ་ལ་རྒྱུ་བ་ནི་བཙན་དང་རྒྱལ་པོ། ཤི་འདྲེ་འབྱུང་པོ། མ་མོ་ཐེའུ་རང་སོགས་ཡིན་ཞིང་དེ་དག་ནི་དུས་རྟག་ཏུ་འཇིགས་སྐྲག་དང་འཁྲུལ་སྣང་། ལྟོགས་སྐོམ་དང་གཟུགས་མི་སྡུག་པ་དབང་པོ་མ་ཚང་བ་སོགས་འཚེ་བ་འབའ་ཞིག་གིས་མནར་ཏེ་ཁྱད་པར་ཞག་བདུན་ཕྲག་རེའི་མཚམས་ནས་སྔར་གྱི་ཤི་རྐྱེན་དེའི་སྡུག་བསྔལ་མྱོང་བས་གཞན་ལ་སྤོ་འདོད་ཀྱིས་ཕྱིན་པས་དེར་གནོད་པ་དང་སྔར་གྱི་མཛའ་བཤེས་དང་ཉེ་དུ་རྣམས་ལ་ཞེ་ཆགས་ཏེ་ཕྱིན་པའི་ཚེ་དེ་རྣམས་ལ་ནད་གདོན་འགོས་པའི་ཚེ། སྔགས་པ་ནུས་ལྡན་རེ་གདན་དྲངས་ནས་ས་འོག་མུན་པའི་གླིང་དུ་བསྐལ་པར་མནན་པ་དང་སྦྱིན་སྲེག་གི་མེ་ལ་བསྲེགས་པ་དང་། རྡོ་ཕྱེ་དང་ཡུངས་ཐུན་གྱིས་བྲབས་པས་ལུས་ཐལ་བར་འབིགས་ཤིང་རྣག་ཟོང་ཁོལ་བ་དང་། ཁ་ཅིག་སྒོ་ཁྱི་སྒོ་ཟོག་སོགས་གཟུགས་དང་བྱ་བ་ཡིད་དུ་མི་འོང་བས་རྡུང་རྡེག་སྣ་ཚོགས་ཀུན་གྱིས་བྱེད་དགོས་པ་རྣམས་ཡིན་ཞིང་། དེ་དག་ཏུ་སྐྱེ་བའི་ལས་ཀྱི་གཙོ་བོ་ནི་ད་ལྟ་རང་རེ་རྣམས་ནས་ཡར་བླ་མ་དཀོན་མཆོག་ལ་མཆོད་པའི་རིགས་དང་མར་ངན་སློང་ལ་སྦྱིན་པའི་རིགས་གཏོང་མ་ནུས་ཏེ་རྒྱུ་ནོར་རྫས་རྣམས་ཆགས་ཞེན་དམ་པོས་བསགས་སྲུང་ཁོ་ནའི་དུས་འདའ་བ་རྣམས་ཀྱི་སྐྱེ་གནས་ཡིན་པར་གསུངས། དེས་ན་ཟ་གྱོན་ལས་ལྷག་ཙམ་བསགས་སྲུང་བྱས། བསགས་སྲུང་ལས་ལྷག་ཙམ་སྡུག་བསྔལ་དཀའ་ལས་ཀྱིས་སྒྲུབ། དེ་ལས་ལྷག་ཙམ་ཕྱི་མ་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་དཔག་མེད་མྱོང་དགོས་ཤག་རེད་པས་འཁོར་བ་གཏིང་ཅི་ཟབ་ཀྱི་ལས་སྣ་ཚོགས་དཀའ་བ་དུ་མས་སྤྱད་དེ་སྒྲུབ་མི་རྣམས་ལ་སྙིང་རེ་རྗེ་སྙམ་ནས་སྔར་བྱས་ཀྱི་ལས་ལ་གནོང་འགྱོད་དྲག་པོས་བཤགས་ཤིང་ཕྱིན་ཆད་མཆོད་སྦྱིན་གྱི་རིགས་སྤྱི་དང་ཁྱད་པར་གནས་ངན་དེ་དག་ལ་སྐྱེས་པ་རྣམས་ལ་ཆབ་གཏོར་དང་ལུས་སྦྱིན། དཀར་དམར་གྱི་གསུར་བསྔོས་ཤིང་སྨོན་ལམ་བཟང་པོ་རེ་རྒྱུན་ཆགས་སུ་བཏབ་པ་བཅས་ཅི་ནས་གལ་ཆེ་བར་མཛོད་ཅིག །དུད་འགྲོའི་རིགས་མང་ཡང་གཉིས་སུ་འདུས་ཏེ། བྱིང་ན་གནས་པ་ནི་མཐའི་རྒྱ་མཚོ་ཆེན་པོའི་ནང་དུ་ཆུ་སྲིན། དུང་། སྦྲུལ། སྦལ་པ་ལ་སོགས་གྲངས་མེད་ཡོད་ཅིང་ཆེ་བ་རྣམས་ཀྱིས་ནི་རི་རབ་ལ་ལན་འགར་འཁྱུད་དེ་རང་གི་མཇུག་མ་རང་གིས་མི་ཚོར་བཞིན་དུ་ཟ་བའང་ཡོད། ཆུང་བ་རྡུལ་ཕྲན་ལྟ་བུ་གྲངས་མེད་པས་ཆེན་པོའི་ལུས་ལ་ཚང་བཅས་ཏེ་ཐལ་མར་འབིགས་ཤིང་ཟ་བའང་ཡོད། ཆེ་བས་ཆུང་བ་གྲངས་མེད་ཁྱུར་མིད་བྱེད་དེ་ཟ་ཞིང་། ཆེ་བས་བསྐལ་པ་དང་ལོ་སྟོང་ཕྲག་ཐུབ་པའང་ཡོད། ཆུང་བ་རྣམས་ནི་རྐྱེན་ཕྲན་བུའང་མི་ཆགས་པར་ཤི་བའང་མཐོང་ཆོས་སུ་ཡོད། ལ་ལ་གླིང་བར་གྱི་ཉི་མ་མི་མཐོང་བའི་གནས་སུ་སྐྱེས་ནས་ཡན་ལག་དང་ཉིང་ལག་བརྐྱང་བསྐུམ་མི་མཐོང་བའི་གནས་དང་། བཟའ་བཏུང་འཇིགས་སྐྲག་ངེས་མེད་ཀྱིས་མནར་བ་ཤ་སྟག་ཡོད་པ་ཡིན། ཁ་འཐོར་བ་ནི་མིའི་ཡུལ་ན་ཡོད་པ་བྱ་དང་རི་དྭགས་རྣམས་ནི་གཅན་གཟན་དང་རྔོན་པས་ཤ་དང་པགས་པ་རྩི་དང་རྭ་ཅོ་སོགས་ཀྱི་ཆེད་དུ་གསོད་པ་པོ་གྲངས་མང་ཞིང་དེ་བཞིན་དུ་ཆེ་ཆུང་དང་བཙན་ཉམ། སྤྱང་གྲུང་ཁོ་ནས་གཅིག་གིས་གཅིག་ལ་གནོད་འཚེ་སྐྱེལ་ཞིང་གསོན་ཟ་བྱེད་པ་སོགས་དུས་རྟག་ཏུ་འཇིགས་སྐྲག་འཁྲུལ་སྣང་འབའ་ཞིག་ལ་ཚེ་སྤྱད་པ་དང་། མ་ཟད་མཐོང་ཆོས་མྱོང་གྱུར་ཡོད་པ་སྒོ་ཟོག་ལའང་གཤེད་མ་མཚོན་ཆ་ཐོགས་པ་འཇིགས་སུ་རུང་བས་སྲོག་བཅད་ཤོམ་བྱས་ཀྱང་བླུན་རྨོངས་དབང་གིས་བྲོས་གབ་ཙམ་ཡང་མི་ཤེས་བཞིན་དུ་འོ་མ་བཞོ་བ་དང་། ཁྲག་གཏར་སྤུ་བྲེག །བྱ་གཅོད་སྣ་འབིགས། རྨོས་རྨོ་ཁལ་འགེལ་བ་དང་ཞོན་ནས་འགྲོ་བ་སོགས་རང་དབང་མེད་པར་བཀོལ་སྤྱོད་ཀྱི་རྣམ་གྲངས་འདི་མ་མྱོང་བ་མེད་ཅིང་། རྒྱབ་ཆ་ཡང་ལྗིད་དང་ལ་མཐུར། ཚ་གྲང་དང་ལྟོགས་སྐོམ། ས་ཐག་རིང་ཐུང་སོགས་ལ་མི་ལྟོས་ཤིང་། རྒལ་གཞུང་རྣག་ཟོང་ཁོལ། རུས་ཚིགས་འཐོར་ལ་ཉེ། རྐང་ལག་གི་མཐིལ་བུག །གློ་དང་རྨེད་ལམ་ཆད་དེ་འགྲོ་མི་ནུས་པར་འཆི་ལ་ཉེ་ནས་ཤིན་ཏུ་འུ་ཐུག་ཀྱང་ད་དུང་ཡང་ངན་ཤེད་དང་གཡོ་བྱེད་པ་རེད་ཟེར་ནས་མཛོ་དང་ཁལ་མ་ཡིན་ན་རྡོ་ཡིས་བརྡེག་ཅིང་སྣ་བསྐོར་འཐེན་བྱེད། རྟ་དྲེལ་ཡིན་ན་ཁ་སྤྲུགས་དང་ཡོབ་བརྡུང་བྱེད་ནས་ལྕག་གིས་བྲབས་ཤིང་དེ་རྣམས་ལ་རང་ལྟ་བུའི་གོས་སླག་ཡང་ལྗིད་ཀྱི་དཀའ་ལས་དང་ན་ཚ་ལྟོགས་སྐོམ་མྱང་རྒྱུ་ཡོད་སྙམ་པ་ནི་མི་ཕལ་ཆེའི་མི་བྱེད་པ་དང་། ལྷག་པར་ལོ་རེ་བཞིན་ཟོག་ལུག་མང་པོ་རང་འདོད་ཁོ་ནས་ཟ་གྱོན་ཙམ་གྱི་ཕྱིར་དུའང་སྤྱང་གྲུང་དང་ཕོ་རྒོད་ཞན་དབང་གིས་ལག་ལེན་བཏབ་སྟེ་ཚེ་སྲོག་ཧུར་ཐུམ་དུ་རྒོལ་ནས་སྐེ་དང་ཡན་ལག་ཐམས་ཅད་ནི་བྲེགས། རྩ་རྒྱུད་ཀྱི་ཁྲག་ཐམས་ཅད་སྣོད་གཅིག་ཏུ་ཟླུམ། གཟུགས་བཞི་སོ་སོར་ཕྱེས་བཅད་གཏུབ་ཚལ་པ་སྟོང་དུ་བྱས་ཏེ་ནང་ཁྲོལ་རྣམས་ཕྱིར་ལེན་ཕྱི་ཤས་ནང་རྒྱུ་གཡོས་ནས་སྲིན་པོ་དང་སྲིན་མོ་ལྟ་བུས་ཤ་ཁྲག་དྲོན་མོ་ལ་ལྷག་པར་ཞིམ་ཚོར་གྱིས་ཧབ་ཐོབ་བྱེད་དེ་ཟ་བ་ལས། རང་དབང་གི་འཆིར་བཅུག་པ་ནི་རེ་རེ་ཙམ་ལས་མཐོང་ཐོས་དཀོན་པས་ན་སྙིང་རེ་རྗེ་ཞིང་རང་རྣམས་སྡིག་སྒྲིབ་ཆེ་བའི་དབང་གིས་དེ་རྣམས་ཕ་མའི་སྐྱེ་བའི་ལུས་ངན་རེད་པ་ནི་ངོ་མ་ཤེས་པ་མ་ཟད་ཟ་རྒྱུ་དང་གྱོན་རྒྱུ་སོགས་སྒོ་ཟོག་གི་དྲིན་རང་ལ་མ་བརྟེན་ན་མི་ཕལ་ཆེར་འཁྱག་ལྟོགས་ཀྱིས་འཆི་རྒྱུ་ལས་མ་འདས་པའི་རང་བཞིན་ལ་བསམ་སྟེ་དེ་ལྟར་དྲིན་དྲན་ཤེས་དང་ངོ་ཚ་ཁྲེལ་ཡོད་ཀྱི་སྒོ་ནས་བྱམས་སྐྱོང་སྙིང་ནས་བསྐྱེད་དེ་རང་སྲོག་ལ་ཐུག་པ་ལྟ་བུས་རབ་ཚེ་ཐར་དུ་གཏོང་གང་འགྲུབ་དང་། མ་མཐའ་འཆི་ངེས་རྣམས་ལ་དམ་རྫས་སྟེར་རྒྱུ་དང་དགེ་རྩ་མ་ཎི་འདོན་སྒྲུབ་བྱེད་པ་སོགས་རང་གཞན་སྔ་ཕྱི་མ་ལྟོས་གཉིས་དོན་གཅེས་པས་ལོས་ཤེས་དགོས་ཤིང་། ལྷག་པར་བླ་མ་གྲྭ་པ་རྣམས་ནི་བྱམས་སྙིང་རྗེའི་མངའ་བདག་ཁོ་ན་ཡིན་བཞིན་རང་ལྟོས་ཀྱི་དུད་འགྲོ་ཡོད་པ་རྣམས་ལ་མ་བུ་ལྟ་བུའི་བྱམས་སྐྱོང་བསྐྱེད་པ་དང་། ཕུགས་སུ་ལུས་ངན་དེ་དག་ལས་ཐར་བའི་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱོར་ཡང་ཡང་རྒྱུན་བསྲིང་མཛད་པ་ནི་གལ་ཆེ་བ་ཡིན་ནོ།། །།དེ་བཞིན་ངན་སོང་གསུམ་ནི་སྡུག་བསྔལ་གྱི་རང་བཞིན་མ་ཟད་མཐོ་རིས་གསུམ་གྱི་བདེ་བའང་རྟག་མི་ཐུབ་སྟེ་འཕོ་འགྱུར་སྡུག་བསྔལ་གྱི་གནས་ལས་མ་འདས་ཏེ། བཤེས་སྤྲིངས་ལས། བརྒྱ་སྦྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ནི། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་དང་། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པར་བསྟེན་འཚལ་ལོ། །ཞེས་དང་། ཚངས་རིས་ལ་སོགས་བསམ་གཏན་རྣམས་གྲུབ་ཀུན། །འོད་དང་ཁ་དོག་གཟི་བརྗིད་མཐའ་ཡས་ཀྱང་། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་དང་། ངེས་པ་འདོད་པས་ཕངས་དང་འཆི་བ་དང་། །ན་དང་རྒས་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང་། །དེ་ཡི་ཉེས་པ་ཤས་ཀྱང་གསན་པར་མཛོད། །ཅེས་དང་། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲ་གྱུར་པ་ཡང་བཤེས་ཉིད་དུ། །བཟློག་པ་ཉིད་དུ་ལགས་པས་དེ་སླད་དུ། །འཁོར་བ་འདི་ན་ངེས་པ་འགའ་མ་མཆིས། །ཞེས་དང་། སེམས་ཉིད་ངལ་གསོ་ལས། བདེ་ཐོབ་སྡུག་བསྔལ་བྲལ་འདོད་བློ་ཡོད་ཀྱང་། །སྡུག་བསྔལ་རྒྱུ་འབྲས་ཉིད་ལ་མངོན་པར་རྒྱུག །མར་མེའི་འོད་ལ་ཕྱེ་ལེབ་བསླུས་པ་བཞིན། །རི་དྭགས་བུང་བ་ཉ་དང་གླང་ཆེན་སོགས། །གཟུགས་སྒྲ་དྲི་རོ་རེག་གིས་འགྲོ་ཀུན་བསླུས། །ནམ་ཡང་བདེ་མེད་སྡུག་བསྔལ་གྱུར་པར་ལྟོས། །ཞེས་གསུངས་པ་ལྟར། དང་པོ་མི་ལའང་རྩ་བའི་སྡུག་བསྔལ་སོགས་ཡོད་པ་ལས། དང་པོ་འགྱུར་བའི་སྡུག་བསྔལ་ནི་ད་ལྟ་བདེ་བ་ཡོད་འཕྲོ་ལ་གློ་བུར་དུ་མི་འདོད་པ་རྐྱེན་ངན་སྣ་ཚོགས་འབྱུང་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ནི། སྡུག་བསྔལ་སྔ་མ་མ་སངས་པའི་ཐོག་ཏུ་སྡུག་བསྔལ་ཕྱི་མས་གནོན་པ་རྣམས་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་ཟག་བཅས་ཀྱི་བདེ་བ་ཕྲན་ཚེགས་རྣམས་ཀྱང་དོན་དུ་སྡུག་བསྔལ་གྱི་རྒྱུ་ཁོ་ན་ལས་མ་འདས་ཤིང་དགྲ་འཕྲད་དོགས་དང་གཉེན་འབྲལ་དོགས། འདོད་པ་མི་འགྲུབ་པ་དང་མི་འདོད་པ་འབྱུང་དོགས་ཀྱི་སྡུག་བསྔལ་སོགས་མཐའ་ཡས་ཤིང་། དེ་བཞིན་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཆེན་པོ་བཞི་ལའང་། དང་པོ་ཕ་མའི་ཁུ་ཁྲག་གི་གཟེབ་ཏུ་རྣམ་ཤེས་ཞུགས་ནས་ཞག་རེ་སོང་བཞིན་དུ་མེར་མེར་དང་ནུར་ནུར། མཁྲང་གྱུར་དང་གོར་མོ་ལ་སོགས་གྱུར་ཏེ་ཡན་ལག་དང་ཉིང་ལག་གི་རྩལ་རིམ་གྱིས་རྫོགས་པའི་ཚེ་མངལ་གུ་དོག་ཅིང་དྲི་ང་བ་མུན་ནག་གི་ནང་དུ་ཡན་ལག་བརྐྱང་བསྐུམ་ཙམ་མི་ནུས་པར་དབུགས་འཐུམ་ལ་ཁད་དུ། མས་ཁ་ཟས་ཚ་མོ་ཟ་དུས་མེ་འོབས་སུ་བསྐྱུར་བ་ལྟ་བུའི་སྡུག་བསྔལ་དང་། གྲང་མོ་འཐུང་དུས་ཆུ་ནང་དུ་བསྐྱུར་བ་ལྟ་བུ་དང་། ཉལ་དུས་རིའི་ནོན་པ་ལྟ་བུ་དང་། འགྲང་དུས་བྲག་གི་བར་དུ་བཅིར་བ་ལྟ་བུ་དང་། ལྟོགས་དུས་གཡང་ནས་ལྷུང་བ་ལྟ་བུ་དང་། འགྲོ་བའི་ཚེ་རླུང་གིས་ཁྱེར་བ་ལྟ་བུས་སྡུག་བསྔལ་ཆེས་ཆེར་མྱོང་ནས་ཟླ་གྲངས་རྫོགས་མཚམས་སྲིད་པ་ལས་ཀྱི་རླུང་གིས་མགོ་མཇུག་བསྒྱུར་ཏེ་མངལ་སྒོ་ནས་དྲངས་པའི་ཚེ། ལྕགས་ཀྱི་འདྲེན་མིག་ནས་དྲངས་པ་ལྟ་བུས་མ་བུ་གཉིས་ཀར་འཆི་བའམ་འཆི་ལ་ཉེ་བའི་སྡུག་བསྔལ་ཆེས་ཆེར་མྱོང་དགོས་པ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེས། མ་བུ་གཉིས་ཀ་གཤིན་ཡུལ་གོམ་ཕྱེད་དོར། །མ་ཡི་ཁ་རུས་མ་གཏོགས་རུས་མཚམས་བྱེ། །ཞེས་གསུངས་པ་ལྟར་དང་སྟན་ཐོག་ཏུ་ལྷུང་དུས་ཚེར་དོང་དུ་ལྷུང་བ་ལྟ་བུ་དང་། པང་ལ་ལེན་དུས་ཁྲས་བྱེའུ་ཁྱེར་བ་ལྟ་བུ་དང་། ཕྲུ་མ་བཤུ་དུས་པགས་པ་བཤུས་པ་ལྟ་བུ་དང་། ལྟེ་བ་བྲེག་པའི་ཚེ་སྙིང་ལ་ཚེར་མ་ཟུག་པ་ལྟ་བུ་དང་། མི་གཙང་བ་ཕྱི་དུས་ཚེར་མས་བྲབས་པ་ལྟ་བུ་དང་དེ་བཞིན་བསྙལ་ནས་བཞག་པའི་སྐབས་སུའང་མི་གཙང་བའི་འདམ་དུ་ཚུད་དེ་ན་ཚ་དང་འཇིགས་སྐྲག་བཀྲེས་སྐོམ་ཅི་བྱུང་ཡང་ངུ་ཞིང་གཡོབ་གཡོབ་བྱེད་པ་ལས་འཁོས་ཤེས་མེད་པའི་ངང་ནས་རེ་ཞིག་ལང་ཚོ་འཕེལ་བ་ལྟར་སྣང་ཡང་ཚེ་ནི་ཉིན་རེ་བཞིན་དུ་འགྲིབ་ནས་བྱ་བཞག་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཟིན་པའི་དུས་ཆེར་མེད་བཞིན་དཀའ་ཚེགས་དང་སྡིག་པ་འབའ་ཞིག་གིས་ངན་སོང་གི་རྒྱུར་སྒྲུབ་པ་ལས་མ་མཆིས་པས་སྡུག་བསྔལ་བའི་རང་བཞིན་དང་། རྒས་པའི་སྡུག་བསྔལ་ནི་མི་ཚོར་བཞིན་དུ་རྒས་ཡོང་བའི་ཚེ་བསམ་ཐོག་ཏུ་དབང་པོའི་འགྲུབ་དཀའ་ཞིང་ལངས་འདུག་མི་ཕེར། ལུས་ཀྱི་སྟོབས་ཤོར་བས་གཞུ་ལྟར་རྒུར་ཞིང་འཁྱོགས། ངོ་སྔོ་སྐྱ་ཐལ་ལེ་བ་སྐོམ་འབུར་དང་གཉེར་མ་འདུས། སྐྲ་དཀར་ལ་ལི། ཁ་ཡིས་ཟས་མི་ཆོད་ཅིང་ཕོ་བས་མི་ཞུ། མིག་གིས་མི་མཐོང་རྣ་བས་མི་ཐོས་དྲན་པ་རྨོངས་ཤིང་འཐིབ། ལུས་ལ་དྲོད་མི་ཁུག །འབྱུང་ལུས་འཁྲུགས་ཤིང་རྒུད་པས་ནད་གདོན་གྱིས་བདེ་བའི་གོ་སྐབས་མེད་པར་མནར་ཞིང་སྔར་རང་གིས་དྲིན་གྱིས་བསྐྱང་བའི་བུ་རྒྱུད་དང་ཉེ་འབྲེལ་རྣམས་ཀྱིས་ཀྱང་མིག་སྔར་མི་བབ་ཅིང་དྲིས་ཀྱང་ལན་མི་སྟེར་བཤད་ཀྱང་ཆགས་མི་འཇོག །ཚིག་ངན་དང་བརྙས་བཅོས་ཁོ་ནར་བྱེད་ཡོང་བ་སོགས་ཀྱིས་ལུས་སེམས་གཉིས་ཀར་སྡུག་བསྔལ་རི་བོ་ལྟ་བུས་ནོན་ཏེ་འཆི་བ་ལ་ཡིད་སྨོན་ཡང་ཡང་བྱེད་དགོས་པ་རེད་ཡོང་བ་ཡིན། ན་བའི་སྡུག་བསྔལ་ནི་ལུས་སྟོབས་དར་ལ་བབ་པ་ཕོ་རྒོད་པོ་མོ་མཛངས་མ་སུ་དང་སུ་ལྟ་བུ་ཞིག་ཡིན་རུང་ལུས་ཤ་ཁྲག་གི་ཕུང་པོ་ནད་རླུང་མཁྲིས་བད་ཀན་གསུམ་གྱི་རང་བཞིན་འདི་དག་འཕེལ་ཟད་འཁྲུགས་གསུམ་གྱི་ན་ཚས་བཏབ་མ་ཐག་ལུས་ཀྱི་མདངས་ཉམས་ནས་རྡུལ་ཆགས་གཡས་གཡོན་མདུན་རྒྱབ་གང་ནས་བརྟེན་ཀྱང་མི་བདེ་ཞིང་ལུས་འགུལ་ཙམ་མི་ནུས་པ་དང་། སྐད་ཀྱི་གདངས་ཆག་ཟས་སྐོམ་ལ་ཞེན་པ་ལོག །ཉིན་ཉི་མ་མི་འགྲོ། མཚན་གཉིད་མི་ཁུག །སྨན་ཁ་ཚྭ་སྐྱུར་གསུམ་གཏར་སྲེག་ཕུག་གསུམ་ལ་བརྟེན། ནད་ཀྱིས་མནར་བཞིན་དུ་འཆི་བ་ཡོང་སྙམ་སྟེ་འཇིགས་སྐྲག་ལྷང་ལྷང་སྙིང་ནས་སྐྱེས་ཤིང་ལྷག་པར་མཛེ་དང་གཟའ་ལ་སོགས་དུས་ནད་ངན་པས་ཟིན་ན་མི་ཡི་ཁྱུ་ནས་བུད་དེ་རང་ངོ་རང་གིས་མཐོང་། སྟེང་སྐམ། འོག་རུལ། གློ་བུག །རྒྱུ་མ་རྒལ་པ་ལ་འབྱར། རུས་མགོ་པགས་ཀྱིས་གཏུམ་ཞིང་ནང་དབུགས་མ་ཆད་ཙམ་དུ་ལོ་ཟླ་མང་པོར་ནད་ཀྱིས་ཤིན་ཏུ་ཉམ་ཐག་པ་མནར་བས་ཕ་རོལ་དགྲ་བོའི་མཐོང་ཡང་སེམས་སྐྱོ་དགོས་པ་ཕལ་ཆེར་ལ་རེད་ཡོང་གི་ཡིན། འཆི་བའི་སྡུག་བསྔལ་ནི་སྨན་དང་རིམ་གྲོས་བཟློག་ཐབས་མེད་པ་ཐག་ཆོད་དེ་འཆི་ལྟས་སྣ་ཚོགས་ཤར། འཁྲུལ་སྣང་གི་སུན་མ་སླེབས། བཟའ་ཚང་གིས་མཐའ་ནས་བསྐོར་ཡང་བཤོལ་ཐབས་ནི་ཟད། ཉེ་འབྲེལ་རྣམས་ལ་ཞེ་ཆགས་ནས་མིག་ཧྲིག་གེར་བལྟ་ཞིང་གནད་གཅོད་ཀྱི་སྡུག་བསྔལ་རང་གཅིག་པུའི་མྱོང་། ཡིད་སྡོད་པར་འདོད་ཀྱང་སྡོད་དབང་མེད། འཆི་ཁར་ཕན་པའི་ཆོས་ཤིག་མ་འགྲུབ་སྙམ་ནས་ཕྱི་འགྱོད་རྟས་མི་ཟིན་པ་ལྟ་བུ་ལྷག་པར་སྐྱེས་ཤིང་ཤི་གསོན་གཉིས་ཀྱི་བསམ་མནོ་མི་དྲན་དགུ་དྲན་ཀྱང་ཐབས་ཡོངས་སུ་ཟད་དེ་ལབ་ཙམ་མི་ནུས། ཉེ་འབྲེལ་ཡུལ་ཁང་དང་རྒྱུ་ནོར་རྣམས་ཀྱང་བློ་ཡིས་ནི་མི་ཐོངས་ཏེ་ཁྱེར་རེ་དང་བྲལ་ནས་གསོན་པའི་སྣང་བ་ཐམས་ཅད་རིམ་གྱིས་འགྲིབ་སྟེ་བག་སྐྲག །དབུགས་རྒོད་ཅིང་གཏོང་ལེན་མི་ནུས་པར་ཆད་ཤོམ་བྱེད། ལུས་རི་བོ་ལས་ལྕི་ཞིང་རྩ་དང་དྲོད་རྣམས་རིམ་གྱིས་ཡལ། ཕྱི་ནང་གི་འབྱུང་བའི་ཐིམ་རིམ་རྣམས་སྡུད་ཅིང་སྙིང་ཁུང་སྡུག་གཟིར་རས་མགོ་དང་ཡན་ལག་ནི་གཡབ། ཁ་གདང་ཞིང་སོ་ནི་འགྲིགས། མིག་སྐྱ་ལོག་གེར་ཚེ་ཕ་རོལ་ཏུ་འགྲོ། དེའི་དུས་ན་གཤིན་རྗེའི་བསུ་མ་སླེབས་ནས་མཚོན་ཆ་འདེབས་ཤིང་རྒྱོབ་རྒྱོབ་སོད་སོད་ཟེར། སྲིད་པའི་མུན་ནག་གིས་སྔོན་ནས་བསུ། ལས་རླུང་གིས་རྒྱབ་ནས་དེད་དེ་བར་དོའི་འཕྲང་རིང་ནས་བཤར་ཏེ་དང་པོ་ཤི་བ་ངོ་མི་ཤེས་ཉེ་དུ་རྣམས་ལ་ངུ་འབོད་བྱེད་ཀྱང་མི་ཐོས། ཉི་མ་ལ་གྲིབ་མ་དང་བྱེ་མ་ལ་རྗེས་ཡོད་མེད་བརྟགས་ཀྱང་མེད་པས་ཤི་བ་རེད་སྙམ་ནས་འཇིགས་ཤིང་སྐྲག་པའི་རྐྱེན་གྱིས་འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་བཞི། ངེས་དང་མ་ངེས་པའི་རྟགས་དྲུག་སོགས་བར་དོའི་སྣང་བ་འཇིགས་སུ་རུང་བ་དཔག་ཏུ་མེད་པ་རྣམས་ཤར་ནས་དེའི་སྐབས་སུ་སྐྱབས་དང་སྐྱོབ་པ་ཐབས་དང་རྣམ་པ་ནི་ཡོངས་སུ་ཟད་དེ་ཁེ་གྲགས་ཅན་ཚོ་དབང་མེད་དུ་ཤི། གཟུགས་མཛེས་ཀྱང་རོ་རུ་དོར། རྒྱུ་ནོར་མང་ཡང་ལག་པ་སྟོང་། ཐབས་མཁས་ཀྱང་བྲོས་གབ་སོགས་ཅུང་ཟད་ཙམ་ཡང་བྱེད་དབང་མེད་བཞིན་གསོན་པའི་སྐབས་འདིར་ལས་བཟང་བཟང་། ཚིག་སྙན་སྙན་སྟབས་བདེ་བདེ་འདྲ་ཆགས་པོ་ཇི་ལྟར་བརླམས་ཀྱང་དོན་དུ་སྐྱེ་རྒ་ན་འཆི་བཞི་པོ་འདིས་མདུན་བསུས་ནས་ལྷག་ཏུ་ཚེ་འདིའི་སྣང་བ་ཐམས་ཅད་མྱུར་དུ་ཤི་ན་ཤི་རྒྱུ་མེད་པ། ག་ལེར་རྒས་ན་རྒས་རྒྱུ་མེད་པ། ཡར་དྲག་ན་དྲག་རྒྱུ་མེད་པའི་འཆི་ནད་དྲག་པོ་གཅིག་གིས་ཟིལ་གྱིས་ནོན་ཏེ་ཕྱི་མ་ངན་སོང་གི་གནས་སུ་རང་གཞན་ཐམས་ཅད་མདོ་འགག་ཧྲིལ་གྱིས་བསྡུ་ཡོང་བའི་སྐབས་སུ། རང་དབང་ཅུང་ཟད་ཙམ་མེད་པར་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་འགྲོ་དགོས་པའི་རང་བཞིན་ནི་དུས་དེ་རིང་ངམ། སང་ཉིན་ཙམ་ལའང་མི་ཡོང་བའི་ངེས་པ་མཐོ་དམན་དྲག་ཞན་བར་མ་དོ་སུ་དང་སུ་ལའང་ཆེར་མེད་པས་དེ་འདྲ་བཟོད་ནུས་པ་འདུག་གམ་མི་འདུག་ཐུགས་ཉམས་ཕབ་ནས་ཞིབ་ཏུ་དཔྱད་དགོས་པ་ཡིན་མ་གཏོགས་འོག་གི་སྡེ་བྱེད་དེ་ཁྲལ་མི་འཇལ། བར་གྱི་དགོན་བྱེད་དེ་བསྒྲིགས་ཁྲིམས་མི་བསྲུང་། སྟེང་གི་རི་ཁྲོད་བྱེད་དེ་བག་ཕབ་ནས་དམ་ཆོས་ཚུལ་བཞིན་དུ་མི་བསྒྲུབ་པ་མ་ཟད་རྟེན་རི་ཁྲོད་ལ་བཅས་ཏེ་མནོ་བསམ་འདོན་པ་དང་ལས་མི་དགེ་བ་སྣ་ཚོགས་ཤིག་བསགས་ཏེ་ད་དུང་ཡང་ཕོ་རྒོད་མདོག་སོགས་བྱེད་ན་སྤྱིར་རྒྱལ་བའི་བསྟན་པ་དང་། སྒོས་རྩ་བའི་བླ་མ་དམ་པའི་གདན་ས་ཆོས་བརྒྱུད་མཆེད་གྲོགས་བཅས་ལ་ཞབས་འདྲེན་ངན་པའི་རྒྱུར་ཤུགས་ཀྱིས་འགྱུར་ཞིང་། མ་མཐའ་འཇིག་རྟེན་འཁོར་བ་པ་རྣམས་ཀྱིས་ཀྱང་ཞེ་ཁྲེལ་དང་སྨོད་པ་བྱེད་པ་ལ་གཟུ་བོར་གནས་པ་ཞིག་གིས་དཔྱད་ན་དེ་ཡང་ཁག་ཅི་ལ་ཡོད་པས་དོགས་གཟབ་རེ་ངེས་པར་མཛད་འོས་ཤིང་། མདོར་ན་དེང་ཕན་ཆོད་འཆི་བ་འདི་མ་དྲན་ཏེ་དགྲ་འདུལ་གཉེན་སྐྱོང་ཟས་གོས་དོན་གཉེར། འགྲོ་འདུག་བྱ་བཞག་འདུ་འཛི་གཡེང་བའི་ངང་དུ་མི་ཚེ་འལ་འོལ་ཡད་ཡུད་དུ་ལྡིང་ནས་ཟད་སོང་བ་འདི་དག་ཅི་ནས་ཀྱང་མཚང་འགྱོད་རེ་ཆེ་བ་ཡིན། དུས་ད་ནི་འཆི་ཁར་ཕན་ངེས་པ་རབ་འཆི་མེད་གཉུག་མའི་དོན་རྟོགས་པ། འབྲིང་འཆི་ཁར་བྲོད་ཚད་ཐོན་པ་ཞིག་གམ། མ་མཐའ་འཆི་ཁར་མི་འགྱོད་པའི་དམ་པའི་ཆོས་ཡང་དག་པ་ཞིག་རང་གཅེས་ཆེ་བཞིན་ལེགས་པར་སྒྲུབ་ཤེས་དགོས་པ་ཡིན། ལྷ་མ་ཡིན་ནི་རི་རབ་ཀྱི་ཆུ་མཚམས་མན་ཆད་ཁོང་སེང་རྣམས་སུ་ལྷ་མ་ཡིན་གྱི་དབང་པོ་དགྲ་གཅན་འཛིན་དང་རྦ་རྒོད་དང་། མགུལ་ཕྲེང་དང་། གསེར་ཕྱེ་བ་དང་། སྟེང་ན་ཐག་བཟང་རིས་ལ་སོགས་ཡོད་ཅིང་སྤྱིར་དཔལ་འབྱོར་ནི་ལྷ་རྣམས་ལ་འགྲན་པ་ཙམ་ཡོད་ཀྱང་། ང་རྒྱལ་དང་ཕྲག་དོག་ལ་གོམས་འདྲིས་ཆེ་བའི་དབང་གིས་གནས་ཁང་དང་སྡེ་རིས་ཕན་ཚུན་རྟག་པར་རྩོད་པ་མ་ཟད་ཡར་ལྷའི་དཔལ་འབྱོར་ལ་ཕྲག་དོག་སྐྱེས་ཏེ་འཐབ་འགྲོ་བའི་ཚེ་ལྷ་རྣམས་ནི་དགེ་བའི་འབྲས་བུས་མི་ཚད་བདུན་གྱིས་མཐོ་ཞིང་བདུད་རྩིས་གསོ་བས་དབུ་ཆད་ན་མ་གཏོགས་མི་འཆི་བ་མ་ཟད་གླང་ཆེན་སྨྱོན་པའི་སྣ་ལ་རལ་གྲིའི་འཁོར་ལོ་བཏགས་ཏེ་མངགས་ཡོང་བའི་སྐབས་སུ་ལྷ་མ་ཡིན་འབུམ་ཕྲག་མང་པོ་བསད་དེ་རོ་རྣམས་རི་རབ་ཀྱི་ངོས་ནས་རོལ་པའི་མཚོ་ཆེན་རྣམས་ཀྱི་ནང་དུ་ལྷུང་བས་མཚོ་རྣམས་ཁྲག་མདོག་ལ་ཡོངས་སུ་འགྱུར་འགྲོ་བ་ལ་སོགས་རྟག་པར་འཐབ་རྩོད་ཀྱི་དུས་འདའ་སྟེ་གཡུལ་ཕམ་པས་སེམས་མྱ་ངན་གྱི་ཁོང་དུ་ཚུད་ནས་ཤིན་ཏུ་སྡུག་བསྔལ་བ་ཡིན། ལྷ་འཕོ་ལྟུང་གི་སྡུག་བསྔལ་ནི་སྤྱིར་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་ཤིང་ལྷག་པར་སྐྱིད་འདོད་ཀྱི་རྣམ་གཡེང་ཁོ་ནའི་ངང་དུ་མི་ཚེ་རིལ་པོ་ཟད་དེ་ནམ་ཞིག་འཆི་ལ་ཉེ་བའི་སྐབས་སུ་ལུས་ཀྱི་མདངས་ཉམས། སྟན་བདེ་བ་ལ་སྡོད་སྙིང་མི་འདོད། རྒྱན་མེ་ཏོག་གི་ཕྲེང་བ་རྙིང་། གོས་ལ་དྲི་མ་ཆགས། ལུས་ལ་རྔུལ་ཆུ་འབྱུང་བ་སོགས་འཆི་ལྟས་སྣ་ཚོགས་ཤར་ཡོང་བའི་ཚེ་བུ་དང་བུ་མོ་མཛའ་གྲོགས་རྣམས་ཉེ་བར་མི་ནུས་ཤིང་རྒྱང་ནས་མེ་ཏོག་དོར་ཏེ་ཁྱེད་མི་ཡུལ་དུ་སྐྱེས་ནས་དགེ་བ་སྒྲུབ་སྟེ་སླར་ལྷ་ཡུལ་དུ་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ་སྟེ་ཕྱིན་འགྲོ་བ་དང་། སྔར་གྱི་བདེ་སྐྱིད་རྣམས་དྲན་ནས་སེམས་དེ་ལ་ཆགས་ཤིང་རང་གཅིག་པུ་ཡིད་སྐྱོ་བའི་སྡུག་བསྔལ་དྲག་པོས་ནོན་བཞིན་ཕྱི་མ་གར་སྐྱེ་ལྷའི་མིག་གིས་མཐོང་བས་འཕོ་བའི་སྟེང་དུ་ལྟུང་བའི་སྡུག་བསྔལ་སུམ་འགྱུར་གྱིས་ཆེ་བར་མྱོང་སྟེ་འོ་དོད་ལྷང་ལྷང་འབོད་བཞིན་པའི་ངང་དུ་ཚེ་ཚད་ནི་སུམ་ཅུ་རྩ་གསུམ་གྱི་ཞག་བདུན་དུ་འདུག་དགོས་ཏེ་མི་ལོ་ནི་བདུན་བརྒྱ་ཐམ་པ་ཡིན། གཞན་གཟུགས་ཁམས་གཟུགས་མེད་ཀྱི་གནས་རིས་གོང་མ་གཉིས་ན་འཕོ་བའི་སྡུག་བསྔལ་མེད་ཀྱང་འཕེན་བྱེད་ཀྱི་ལས་ཟད་ནས་ལོག་ལྟ་ཅུང་ཟད་སྐྱེས་མ་ཐག་གཉིད་སད་པ་བཞིན་དུ་གནས་རིགས་འོག་མར་ལྷུང་སྟེ་ལྟུང་བའི་སྡུག་བསྔལ་རྣམས་ཇི་བཞིན་པར་མྱོང་དགོས་པ་ཡིན་ནོ། །དེ་དག་གི་མདོ་དོན་ཡོངས་སུ་བསྡུ་ན་དེ་ལྟར་འགྲོ་བའི་གནས་རིགས་གང་དུ་སྐྱེས་ཀྱང་། ཚ་གྲང་། ལྟོགས་སྐོམ། ངལ་དུབ། ན་ཚ། འཐབ་རྩོད། འཕོ་འགྱུར་བསགས་སྲུང་། དགྲ་གཉེན། ཆགས་སྡང་ཁོ་ན་ལས་མ་འདས་ཏེ། འདོད་པ་སེམས་ཀྱི་སྡུག་བསྔལ། མྱོང་བ་ལུས་ཀྱི་སྡུག་བསྔལ། སྣང་བ་ཡུལ་གྱི་སྡུག་བསྔལ། སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ། སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་འཁྲུལ་འཁོར་ཁོ་ན་ལས་མ་འདས་ཏེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་སྡུག་བསྔལ་དེ་དག་མཐོང་ཐོས་ཙམ་དུ་མི་བཞག་པར་རང་ཐོག་འདི་ན་ལ་དཔེར་ཞིབ་ཀྱིས་བླངས་ནས་སེམས་ཀྱིས་ཡང་ཡང་ནན་ཏན་དུ་བསྒོམ་ཞིང་ངེས་ཤེས་དྲག་པོ་བཅོས་མ་མ་ཡིན་པ་རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྐྱེས་ཏེ། དེའི་རྒྱུ་འཁོར་བའི་བྱ་བཞག་ཆེ་ཕྲ་ཐམས་ཅད་ལ་ཞེན་པ་གཏིང་ནས་ལོག་པ་ཉེས་ཆེན་བཙོན་དོང་ནས་བྲོས་པ་ལྟར་རམ། རི་དྭགས་རྒྱ་ནས་ཐོན་པ་ལྟར་རམ་མཁྲིས་ནད་ཅན་གྱིས་རྩམ་ཟན་མཐོང་བ་ལྟ་བུ་ཞིག་ནི་ངེས་པར་ཅན་གྱི་རང་རྒྱུད་ལ་འབྱོང་དགོས་པ་ཡིན་ཏེ། རྒྱལ་པོར་གདམས་པའི་མདོ་ལས། བདག་གིས་ནོར་ནི་བཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་བཏང་ལ་སྲོག་སྲུང་སྟེ། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་བཏང་ལ་དམ་པའི་ཆོས་སྒྲུབས་ཤིག །ཅེས་དང་། ཨོ་རྒྱན་ཆེན་པོས། འདི་ནི་འཇིག་རྟེན་སྐྱོ་བའི་ཡུལ་ཡིན་པས། །སྐྱེ་བོའི་བདེ་སྐྱིད་ཕུན་སུམ་ཚོགས་འདྲ་བ། །དབྱར་གྱི་ཆུ་དང་སྒྱུ་མ་རྨི་ལམ་ལྟར། །བདེན་པ་མེད་ཅིང་མྱུར་དུ་མི་རྟག་པས། །སྐྱོ་བའི་འདུ་ཤེས་རྟག་ཏུ་བསྐྱེད་འཚལ་ལོ། །ཞེས་དང་། ཀློང་ཆེན་པས། སྡུག་བསྔལ་མེ་ཚོགས་སྤུངས་པའི་འཁོར་བ་འདི། །ཕྱི་ནང་གང་ལ་བསམས་ཀྱང་སྐྱོ་བ་འཕེལ། །དེ་བས་གཅིག་པུར་བྲག་རིའི་དྲུང་འདུག་སྟེ། །སྲོག་དང་བཅས་ཏེ་ལུས་འདི་འདོར་ནུས་ཤོག །ཅེས་དང་། རིག་འཛིན་འཇིགས་མེད་གླིང་པས། གཏམ་དང་སྙན་གྲགས་མཐུ་རྩལ་སོགས། །བྱང་ཆུབ་སྒྲུབ་པའི་བདུད་གཅོད་ཡིན། །མི་མེད་ལུང་པའི་རི་སུལ་ན། །འཇའ་ལུས་སྒྲུབས་ཤིག་སྙིང་གི་བུ། །ཞེས་དང་། དགོན་གནས་སྒྲུབ་པའི་ཆགས་སྡང་དང་། །རྙེད་ཚོལ་སྙན་གྲགས་རེ་བ་ཀུན། །བྱང་ཆུབ་སྒྲུབ་པའི་གེགས་ཡིན་པས། །ངེས་འབྱུང་སྐྱོ་ཤས་བསྐྱེད་འཚལ་ལོ། །ཞེས་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོས། ཕར་ལྟོས་དཔོན་མེད་ཚུར་ལྟོས་གཡོག་མེད་ཅིང་། །འདུལ་རྒྱུའི་དགྲ་མེད་བསྐྱང་རྒྱུའི་གཉེན་མེད་པ། །དབེན་པའི་གནས་སུ་རང་སེམས་འདུལ་བ་ཡི། །རླབས་ཆེན་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ཤོག །ཅེས་དང་། རྗེ་མི་ལས། སྐྱིད་པ་དགྲ་ཡིས་མ་ཚོར་བ། །སྡུག་པ་གཉེན་གྱིས་མ་ཚོར་བ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ན་ན་དྲི་མི་མེད་པ་དང་། །ཤི་ན་ངུ་མི་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ཞེས་དང་། རྗེ་ཡང་དགོན་པས། འཆི་བ་སྙིང་ཟུག་གི་དགོན་པ་ན། །ཞེན་པ་རང་ལོག་གི་རྣལ་འབྱོར་པ། །ཚེ་འདི་བློས་བཏང་གིས་མཚམས་བཅད་དེ། །སེམས་ཆོས་བརྒྱད་ཀྱི་མི་དང་འཕྲད་མཇལ་མེད། །ཅེས་དང་། ཀརྨ་བསྟན་འཕེལ་གྱིས། འཆི་བ་སྙིང་དུ་ཟུགས་པ་ན། །ཚེ་འདིའི་ཡི་ག་ཅི་ལ་ཡོང་། །བྱེད་རྒྱུ་ཆོས་ལས་གཞན་ཅི་ཡོད། །ཅེས་དང་། ཇི་སྐད་དུ། ཡ་རབས་གོང་མའི་རྣམ་ཐར་བཞིན། །འཁྱག་ལྟོགས་སྡུག་གིས་འཆི་གྱུར་ཀྱང་། །སྡིག་པའི་ལས་ནི་མི་བྱེད་པར། །ཆོས་པ་རྣམས་ཀྱི་ཁྱད་ཆོས་ཡིན། །ཞེས་དང་། ཇོ་བོ་བཀའ་གདམས་པས། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོགས་སྟོང་ལ་གཏད། །ཅེས་དང་། ཆགས་མེད་རི་ཆོས་ལས། མི་རྟག་འཆི་བ་སེམས་ལྡང་སྟེ། །ལྟོ་གོས་གཏམ་ལ་གྱོང་བཀུར་ནས། །རང་སེམས་ངོ་བོ་སྐྱོང་བ་ལས། །བྱེད་རྒྱུ་ཅི་ཡང་མེད་པ་བྱས། །བླ་མའི་གསོལ་འདེབས་ཚིག་གསུམ་ལས། །འདོན་རྒྱུ་ཅི་ཡང་མེད་པ་བྱས། །ནམ་འཆི་ཆ་མེད་བསྒུགས་པ་ལས། །བསམ་རྒྱུ་ཅི་ཡང་མེད་པ་བྱས། །ཞེས་དང་། ཀོང་སྤྲུལ་ཞལ་གདམས་ལས། དགོས་དུས་མི་ཕན་ཤ་བའི་རྭ་འདྲ་བས། །ཤེས་ཀྱང་རུང་ལ་མ་ཤེས་ཀྱང་རུང་བས། །རིག་གནས་ཙམ་ལ་བློ་གཏད་མི་འཆའ་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཤིང་ཁའི་བྱ་ཚོགས་འདྲ་བའི་གྲྭ་སློབ་རྣམས། །འདུས་ཀྱང་རུང་ལ་མ་འདུས་ཀྱང་རུང་བས། །སྣ་ཐག་རང་གི་མགོ་ལ་དཀྲི་བ་ཡིས། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཁྱི་ལུད་དར་བཏུམས་འདྲ་བའི་བླ་གཟུགས་འདི། །ཐོབ་ཀྱང་རུང་ལ་མ་ཐོབ་ཀྱང་རུང་བས། །རང་མགོ་རུལ་བ་སྣ་ཡིས་ཚོར་ནས་ནི། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །བཙན་དུག་ཧ་ལ་འདྲ་བའི་དཀོར་ཟས་འདི། །བྱུང་ཡང་རུང་ལ་མ་བྱུང་ཡང་རུང་བས། །མི་ཚེ་ལོག་འཚོའི་སྡིག་ལ་མི་བསྐྱེལ་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཅེས་དང་། འབྲི་གུང་སྐྱོབས་པས། ང་ལ་ཡོན་ཏན་ཞིག་ཡོད་པ་ཟང་ཟིང་དུ་སོང་། །ཅ་ཀ་འདི་ཆགས་སྡང་སྐྱེ་བའི་རྒྱུ། །བདུད་ཀྱི་ཕྱེ་གཏོར་འགམ་པས་ཕུང་། །བདག་རྣལ་འབྱོར་པ་དབེན་པའི་རི་ལ་ཕྱིན་ནས་འགྲོ། །ང་ལ་སྤྱོད་པ་ཞིག་ཡོད་པ་ཚེ་འདིར་ཤོར། །ཆོས་བརྒྱད་ཀྱི་མདུན་མ་སྒྲུབ་སྒྲུབ་ནས། །དད་ལྡན་གྱི་སློབ་མ་བསླུས་བསླུས་འདྲ། །བདག་རྣལ་འབྱོར་པ་དབེན་པའི་རི་ལ་ཕྱིན་ནས་འགྲོ། །བདག་ལ་ཉེ་གནས་ཤིག་ཡོད་པ་ལ་བོ་སོང་། །ཕྱི་ཁྲིད་ཀྱི་གྲོགས་ངན་དགོས་རྒྱུ་ཆུང་། །ཆགས་སྡང་གི་སྤྱོད་པ་རྒྱུན་མི་ཆད། །བདག་རྣལ་འབྱོར་པ་དབེན་པའི་རི་ལ་ཕྱིན་ནས་འགྲོ། །ང་ལ་གྲྭ་པ་ཞིག་ཡོད་པ་བེམ་པོར་སོང་། །ཚེ་ཕྱི་མའི་གཏན་དོན་བསམ་ཤེས་མེད། །འཁོར་བ་གླང་མང་པོ་བསྐྱངས་པས་ཕུང་། །བདག་རྣལ་འབྱོར་པ་དབེན་པའི་རི་ལ་ཕྱིན་ནས་འགྲོ། །ཞེས་དང་། ས་སྐྱ་པཎ་ཆེན་གྱིས། ཚེ་འདིའི་ཕུན་ཚོགས་ཆེ་ཐབས་མ་སྤངས་པས། །གཏན་གྱི་ཕན་བདེ་ཐར་པ་རེ་བ་སྟེ། །རྨོངས་པའི་ཞེ་འདོད་གཟུ་ལུམ་ཉིད་ཡིན་པས། །ཚེ་འདི་བློས་ཐོངས་འབད་པས་བྱང་ཆུབ་སྒྲུབས། །ཞེས་དང་། འཁོར་བའི་ཆོས་ལ་སྙིང་པོ་མ་མཐོང་ཞིང་། །བྱ་བྱེད་ཟིན་མེད་བྲེལ་བའི་ལུ་གུ་རྒྱུད། །འབད་པ་བྱས་ཀྱང་མགུ་བར་མི་ནུས་པས། །མི་དང་མཐུན་འཇུག་སྤོངས་ཤིག་ལོ་ཙཱ་བ། །ཞེས་དང་། ས་སྐྱ་བསོད་ནམས་རྩེ་མོས། འཆི་བའི་མཚན་མ་དྲན་གྱུར་ན། །འཁོར་བ་བཙོན་དོང་ལྟ་བུར་མཐོང་། །འཇིག་རྟེན་ཆོས་བརྒྱད་ངེས་པར་སྤོངས། །བདེ་ཆེན་ཐར་ལམ་གནས་ལ་སྙེགས། །ཞེས་དང་། ངོར་ཆེན་རྡོ་རྗེ་འཆང་གིས། སྲིད་གསུམ་ཐམས་ཅད་མི་རྟག་ངང་ཚུལ་ཅན། །སྐྱེ་དགུའི་ཚེ་ཡང་རྩྭ་རྩེའི་ཟིལ་པ་ལྟར། །མི་རྟག་མྱུར་དུ་འཆི་བར་ངེས་པས་ན། །ཤུགས་དྲག་བརྩོན་འགྲུས་བསྐྱེད་དང་བློ་ལྡན་དག །ཅེས་དང་། རྗེ་བདག་ཉིད་ཆེན་པོས། རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམ་སྟེ་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པར་དགོས། །རྗེ་བཙུན་བླ་མའི་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་ཁྱོད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་དང་། དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་དང་། རྗེ་བླ་མས་ཀྱང་། ངས་འཇིག་རྟེན་འདིའི་མཐོན་པོ་དང་བཙན་པོ་ཕྱུག་པོ་སོགས་ཇི་འདྲ་བ་ཞིག་མཐོང་རུང་། དེ་ལ་ཡིད་སྨོན་མི་འཆོར་བར་རྒྱལ་བ་གོང་མའི་རྣམ་ཐར་ལ་བལྟ་བ་འདི་མི་རྟག་པ་ཅུང་ཟད་རྒྱུད་ལ་སྐྱེས་པའི་དྲིན་ཡིན། ཞེས་གསུངས་པ་ལྟར། དལ་འབྱོར་རྙེད་དཀའ་བ་དང་འཆི་བ་མི་རྟག་པས་ཚེ་འདིའི་སྣང་བ་ལས་བློ་ལྡོག །ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་ཀྱིས་ཕྱི་མ་ངན་འགྲོའི་གནས་ལས་བློ་ལྡོག་སྟེ། དེ་དག་ལ་གོམས་ཆ་ཐོན་པའི་དབང་གིས་ངེས་ཤེས་དང་པོ་བཅོས་མ་རེས་འཇོག་ཏུ་སྐྱེ། དེ་ནས་བཅོས་མ་དགོས་པར་ངམ་ངམ་ཤུགས་ཀྱིས་ཚུར་སྐྱེ། དེ་ནས་བཟོད་མེད་དྲག་པོ་རྒྱུན་ཆགས་སུ་སྐྱེས་ནས་ཚེ་འདིར་སྣང་ཆོས་བརྒྱད་སོགས་ཀྱི་སྤྱོད་པ་ལྟ་ཅི་སེམས་ཐོག་ཏུ་ཅུང་ཟད་སྐྱེས་ཀྱང་། སྤང་གཉེན་སྐད་གཅིག་གིས་ར་འཕྲོད་ནས་འགྲོ་ཉལ་ཟས་གོས་ལ་ལོངས་སྤྱོད་པ་འདུ་ཤེས་བཞི་ཙམ་ལའང་དགོས་མེད་ཀྱི་ཆོག་ཤེས་གཅིག་ཏུ་བརྟན་པར་འབྱུང་རྒྱུ་ཡོད་པའི་རང་བཞིན་ནི་འདི་ལྟ་སྟེ། སྔོན་བྱོན་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱང་མི་རྟག་པ་སོགས་ཀྱིས་ཐུགས་རྒྱུད་ཤིན་ཏུ་མྱུར་བར་བསྐུལ་ཏེ་ཚེ་འདི་བློས་ཡོངས་སུ་བཏང་ནས་སྒྲུབ་པར་སྙིང་པོ་ཁོ་ནར་མཛད་ནས་དོན་གཉིས་རླབས་པོ་ཆེ་མཐའ་རུ་ཕྱིན་པ་ཡིན་ཏེ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་ཐོས་བསམ་གྱི་སྒྲོ་འདོགས་ཕ་མཐའ་ཡས་པ་རེ་བཅད་ཚོད་ལ་གཞིག་ན་སྐུ་ཚེ་ཧྲིལ་པོར་ཐོས་བསམ་ཁོ་ནར་མཛད་པ་ལྟ་བུ་དང་། སྒྲུབ་གནས་རྣམས་སུ་སྒོམ་པ་ཉིན་མཚན་གོ་སྦྲེལ་བ་ཁོ་ནར་མཛད་ཚུལ་ལ་གཞིག་ན་སྐུ་ཚེ་ཧྲིལ་པོར་སྐྱིལ་ཀྲུང་ཅུང་ཟད་ཙམ་མ་བཀྲོལ་ནས་བཞུགས་པ་ལྟ་བུ་དང་། ཕྱག་འཚལ་བ་དང་གནས་སྐོར་སྒྲིབ་སྦྱང་སོགས་ལ་དཀའ་སྤྱད་སྙིང་རུས་མཛད་ཚོད་ལ་གཞིག་ན། སྐུ་ཚེ་ཧྲིལ་པོར་སྒྲིབ་སྦྱང་ཁོ་ནར་མཛད་ནས་ལན་གྲངས་སྐུ་གཤེགས་སུ་ཉེ་བ་ལྟ་བུ་དཀའ་བ་སྤྱད་པ། ཡར་དཀོན་མཆོག་ལ་མཆོད་པ། བར་དགེ་འདུན་ལ་ཞལ་སྟོན། མར་ངན་སློང་ལ་སྦྱིན་གཏོང་། རྟེན་གསུམ་གསར་བཞེངས་དང་ཉམས་གསོ་སེམས་ཅན་གྲངས་མེད་སྲོག་བསླུ་བའི་ཡོན་སོགས་སྦྱར་གྲུབ་ཚུལ་ལ་གཞིག་ན་སྐུ་ཚེ་ཧྲིལ་པོར་དེ་རང་གནང་ནས་མི་ཟད་པའི་ནོར་གྱི་གཏེར་ཆེན་པོ་རྡོལ་བ་ལྟ་བུ་དང་། དབང་ཁྲིད་ལུང་སོགས་ཆོས་ཀྱི་སྦྱིན་པའི་འགྲོ་དོན་ཕ་མཐའ་ཡས་པ་རེ་བསྙགས་ལུགས་ལ་གཞིག་ན་སྐུ་ཚེ་ཧྲིལ་པོར་ཕྱོགས་ཀུན་ཏུ་སྐལ་ལྡན་གྱི་སློབ་མ་བཙལ་ཏེ་ཆོས་ཀྱི་འཁོར་ལོ་ཁོ་ན་བསྐོར་བ་ལྟ་བུ་དང་། རྩོམ་པའི་བསྟན་བཅོས་སོགས་པུ་ཏི་མང་ལུགས་ལ་གཞིག་ན་ཕྱག་སྣག་སྨྱུག་དང་ཅུང་ཟད་ཙམ་མ་བྲལ་བའི་སྒོ་ནས་རྩོམ་ཆོས་མཛད་པ་ལྟ་བུ་སྟེ་མདོར་ན་རང་གཞན་གྱི་དོན་གཉིས་རླབས་ཆེ་བ། རྣམ་གྲངས་མང་བ། ཤུགས་དྲག་པ། རྒྱུན་རིང་བ། མཐའ་ཡས་པ་དེ་ལྟ་བུ་འགྲུབ་པའི་རྩ་བ་ནི་རང་རེའི་ཞག་ཟླ་ལོ་གྲངས་དང་ཚེ་ཡི་ཡུན་འདི་ལས་ལྷག་ཆེར་བཞུགས་པ་མིན་ཀྱང་། དོན་མེད་ཚེ་འདིས་དགྲ་འདུལ་གཉེན་སྐྱོང་། ཟས་གོས་དོན་གཉེར། འགྲོ་འདུག་བྱ་བཞག །འདུ་འཛིའི་གཡེང་བ་སོགས་ལས་མི་དགེ་བའི་རིགས་ཀུན་རྒྱང་རིང་དུ་བསྲིང་སྟེ་སྒོ་གསུམ་དམ་པའི་ཆོས་ལ་ཉག་གཅིག་ཏུ་དྲིལ་བའི་གོམས་སྟོབས་ཀྱིས་མཐའ་གཉིས་ལ་མི་གནས་པ་དོན་གཉིས་ལྷུན་གྱིས་གྲུབ་པ་གང་ཟག་མི་ཡི་ལུས་ལ་དགོངས་པ་སངས་རྒྱས་སུ་མངའ་བ་འཇིག་རྟེན་ལྷ་མི་ཀུན་གྱིས་མཆོད་འོས་ཀྱི་གནས་ཆེན་པོ་དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས་ཀྱིས་དེ་ལྟར་འགྲུབ་པ་རང་ཡིན་འདུག་པས། དེས་ན་རང་རེ་རྣམས་ཀྱི་རྒྱུད་ལའང་ངེས་འབྱུང་དྲག་པོའི་བློ་དེ་དེ་བཞིན་དུ་འབྱོར་ངེས་པ་རེ་བྱས་ནས། ཆོས་རྣམ་དག་ཁོ་ནར་བསྒྲུབ་དགོས་པ་ཡིན་མ་གཏོགས། བཤད་བཤད་དང་ཐོས་ཐོས་སྒྲུབ་སྒྲུབ་ཐམས་ཅད་དོན་མེད་ཆུད་ཟོས་སུ་འགྲོ་བ་ལས་ནམ་ཡང་མ་འདས་ཏེ། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །ཐོས་ནས་ཡང་དག་རྣམ་པར་དཔྱོད། །ཅེས་དང་། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། ངས་ནི་རབ་ཏུ་ཟབ་པའི་ཆོས་བཤད་པ། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན། །ནད་པས་སྨན་གྱི་རྐྱལ་པ་ཐོགས་པ་བཞིན། །བདག་གིས་ནད་ནི་བསལ་བར་མི་ནུས་སོ། །ཞེས་དང་། སྤྱོད་འཇུག་ལས། འགྲོ་ལ་ཕན་པར་མཛད་པ་ཡི། །སངས་རྒྱས་གྲངས་མེད་གཤེགས་གྱུར་ཀྱང་། །བདག་ནི་རང་གི་ཉེས་སྐྱོན་གྱིས། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་འདི་འདྲ་བདག་བྱེད་ན། །ཡང་དང་ཡང་དུ་འཁོར་བར་འཁྱམས། །ཞེས་གསུངས་པ་ལྟར་ལས་ཅང་མི་ཡོང་སྟེ་དལ་འབྱོར་ཐོབ་དཀའ་བ་དང་འཆི་བ་མི་རྟག་པ་སོགས་མཐོང་ཐོས་ཡོང་བའི་སྐབས་སུ་གནད་ཐོག་ཏུ་མེ་བཙའ་བཞག་པ་ལྟ་བུའི་ངེས་ཤེས་ཁྱད་པར་ཅན་སྐྱེས་པ་ཞིག་བྱུང་ན་ཆོས་དྲེད་མ་སོང་བའི་རྟགས་ཏེ་དགེ་བ་གང་སྒྲུབ་ཐམས་ཅད་ཡང་དག་པ་ལམ་དུ་སློང་གིན་ཡོད་པ་ཡིན། དེ་ལྟར་ཐོས་མྱོང་ཇི་ལྟར་བྱུང་རུང་ངེས་ཤེས་སྐྱེ་རྒྱུ་འདྲ་མེད་ན་དེ་ནི་ཆོས་དང་གང་ཟག་ཡ་བྲལ་དུ་སོང་ནས་དགེ་བ་གང་སྒྲུབ་ཁུལ་བྱས་ཀྱང་ཚེ་ཕྱི་མའི་དོན་གོ་མི་ཆོད་པར། འདིར་སྣང་ཆོས་བརྒྱད་ཀྱི་དབང་དུ་འཆོལ་འགྲོ་ཉེན་ཡོད་ཅིང་། ལར་གང་ཟག་རབ་ནི་ཆུང་བྱིས་པའི་དུས་ནས་འཁོར་བ་ལས་བློ་ལྡོག་སྟེ། འཁོར་བའི་བྱ་བ་ཅུང་ཟད་ཙམ་ལ་ལོངས་སྤྱོད་པ་ལྟ་ཞོག་བློ་སྐད་ཅིག་ཙམ་ཆེར་མི་འཇུག་ཅིང་ཕ་མ་དང་སྡིག་གྲོགས་སོགས་ཀྱི་རྐྱེན་བཟང་ངན་གང་ལྟར་བྱས་རུང་བསྒྱུར་དུ་མི་བཏུབ་པར་དཔེར་ན་ཤྭ་མོང་རློན་པས་སྤང་ཕུག་པ་ལྟར་རམ་པདྨ་ལ་འདམ་གྱིས་མ་གོས་པ་ལྟར་འབྱུང་སྟེ། ཇི་སྐད་དུ། ཆོས་སེམས་ཨ་མའི་ཁོག་ནས་སྐྱེས། །སྐྱེས་མ་ཐག་ནས་འཆི་ཆོས་དྲན། །ཞེས་པ་ལྟར་ཆུང་ནས་དམ་པའི་ཆོས་ཁོ་ན་སྒྲུབ་ཅིང་དེ་བཞིན་ལོང་ཁོམ་ཡོད་པའི་དབང་གིས་ཚེ་རབས་ཀྱི་སྡིག་བྱས་རྣམས་ཆེས་ཆེར་བྱང་ནས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་བཞིན་བྱ་རྒོད་པོའི་ནམ་འཕང་ཆོད་པ་ལྟར་ངན་སོང་གི་སྐྱེ་སྒོ་ཡོངས་སུ་ཆོད་པ་དང་། རང་དང་གཞན་གྱི་དོན་རླབས་པོ་ཆེ་འགྲུབ་སྟེ། འཇིག་རྟེན་ལྷ་མི་ཀུན་གྱི་མཆོད་འོས་སུ་གྱུར་ནས་ཚེ་གཅིག་གིས་སངས་རྒྱ་བར་འགྱུར་རོ། །འབྲིང་ནི་ལོ་ན་དར་ཁོད་སྙོམས། ཤེས་ཡོད་བསམ་ལྡན་དུ་གྱུར་དུས་འཇིག་རྟེན་པའི་བྱ་བ་ཐམས་ཅད་ཟིན་པ་མེད་པ། རྟག་བརྟན་དང་སྙིང་པོ་མེད་པ། སྡུག་བསྔལ་གྱི་རྒྱུ་མ་ནོར་བ་མཐོང་ཞིང་ལྷག་ཏུ་ན་ཚ་རྐྱེན་ངན་སོགས་རང་ལ་བྱུང་བའམ་གཞན་དག་ལ་བྱུང་བ་མཐོང་ཐོས་རིག་པའི་ཡུལ་དུ་གྱུར་པའི་ཚེ་རྐྱེན་དེ་དག་གིས་ངེས་པར་བསྐུལ་ཏེ་འཁོར་བ་ལས་བློ་ལྷག་ལུས་མེད་པར་ལྡོག་ནས། ཡར་དཀོན་མཆོག་གསུམ་ལ་དད་པ་རྣམ་པ་གསུམ་གྱིས་གཞི་བཟུང་སྟེ་དུས་མྱུར་བ་ཉིད་དུ་ཆོས་ལ་འཇུག་འགྲོ་ཞིང་། དེ་ལྟར་ཆོས་སྒྲུབ་པའི་ལོང་ཁོམ་ཡོད་པ་དང་། དཀའ་སྤྱད་དང་བརྩོན་འགྲུས་ནུས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པ་དེས་ནི་ཚེ་རབས་ཀྱི་སྡིག་བྱས་ཆེ་བ་རྣམས་སྐྱེད་མི་འཕེལ་བ་མགོ་མནན། འབྲིང་པོ་རྣམས་ཁ་ཆེས་ཆེར་བྲི། ཆུང་བ་རྣམས་དྲུངས་ནས་འབྱིན་པར་བྱེད་ཅིང་། ཤི་དུས་ཀྱང་འགྱོད་པ་མེད་པ་བློ་ཁ་ཕལ་ཆེར་རྫོགས་བཞིན་གནས་སྐབས་ལྷ་མིའི་བདེ་བ་དང་མཐར་ཐུག་ཞིང་ཁམས་གང་རུང་དུ་སྐྱེ་བར་འགྱུར་རོ། །ཐ་མ་རྣམས་ནི་ལོང་ཁོམ་ཡོད་རིང་དང་། ལང་ཚོ་དང་དབང་པོ་དར་ཞིང་ཤེས་རིག་གྲུང་བའི་ཚེ་འཁོར་བའི་ལས་ཁོ་ནར་སྤྱོད་ཅིང་ཤི་བའི་དབང་དུ་མ་སོང་ཙམ་རྒས་ཤིང་རྒུར་ནས་ལུས་ཀྱི་སྟོབས་ཤོར་ནས་འགྲོ་འདུག་དང་ལས་ཀ་ཆེར་མི་ཕེར། ངག་གིས་སྡེབ་སྦྱོར་མི་འབྱོར། སེམས་ཀྱིས་ཤེས་པ་རྨུགས་ནས་འཁོར་བའི་བྱ་བ་ཆེར་བསྒྲུབ་མི་ནུས་པའི་དུས་དེར་སྔ་བས་འཁོར་བ་ལ་སྐྱོ་བ་སྐྱེས་ཏེ་རྒས་ཆོས་འཁོར་ལོ་མ་ཎི་སོགས་ཅི་འགྲུབ་བྱེད། འོན་ཀྱང་དེ་བཞིན་ཚེའི་ཡུན་ཕལ་ཆེར་འགྲོ་ཚར་བ་དང་། ལུས་ཀྱི་འབྱུང་བ་དང་དབང་པོ་རྒུད་པས་ཆོས་ལ་དཀའ་སྤྱད་དང་ཤེས་རབ་ཆེར་མི་འཆོལ་བཞིན་འཆི་དུས་འགྱོད་པ་སྐྱེས་ཀྱང་དགེ་བ་བསྒྲུབ་པ་ལ་ཡིད་སྨོན་རེ་འདིང་སྟེ་བར་དོ་རུ་བླ་མའི་ཞལ་མཇལ་བར་ཤོག །སླར་དལ་འབྱོར་གྱི་མི་ལུས་ཐོབ་པར་ཤོག །དམ་པའི་ཆོས་དང་འཕྲད་པར་ཤོག །ཚ་བསིལ་གྲང་འཇམ་འོང་བར་ཤོག །ཅེས་སྨོན་ལམ་བཏབ་ནས་འཆི་འགྲོ་བ་ལས་མ་འདས། དེ་ལྟར་སྐྱེས་རེས་རེ་ཟུང་ལ་ངན་སོང་དུ་མ་སྐྱེ་ཙམ་དང་མི་ལ་སོགས་པའི་བདེ་འབྲས་ཕྲན་བུ་རེ་མྱོང་བར་འགྱུར་རོ། །ཡང་མཐའ་རྣམས་ནི་ཚེ་འདིར་སྐྱིད་སྡུག་བཟང་ངན་གྱི་རྣམ་པ་ཇི་ལྟར་མྱོང་ཡང་སྐྱོ་ཤས་ཅུང་ཟད་ཙམ་ཡང་མི་སྐྱེ་ཞིང་བླ་མ་དམ་པས་ཆོས་བཤད་དང་ཞལ་ཏ་བཟང་པོ་ཅི་འདྲ་གནང་རུང་དད་པ་དག་སྣང་མི་སྐྱེ་བར་འཁོར་བའི་ལས་ཚབ་ཅི་ཆེ་ལ་མི་ཚེ་རིལ་པོར་ལོངས་སྤྱོད་བཞིན་རྒྱ་འབྱམས་འགྲོ། དེ་ནས་རིང་མིན་འཆི་ནད་དྲག་པོས་བཏབ་ཚེ་ཉིན་རེ་བཞིན་ན་ཚ་ཇེ་ཐུ་རུ་སོང་། བླ་མའི་ཐུགས་རྗེ། ལྷ་རྗེའི་སྨན། གྲྭ་པའི་རིམ་འགྲོ། རང་གཞན་གྱི་ཐབས་དང་རྣམ་པ་ཇི་ལྟར་བྱས་རུང་བཟློག་ཏུ་མི་བཏུབ་པར་ཐག་ཆོད། ནད་ཀྱི་ཟུག་རྔུ་ཚ་བྲོ་བས་གདུང་དབུགས་བརྩེགས་མར་རྒོད་ཅིང་ཆད་ཤོམ་བྱེད། ཚེ་འདིའི་སྣང་བ་ཕར་འགྲིབ་ཕྱི་མའི་སྣང་བ་ཚུར་ཚེས་ལ་ཉེ་བའི་དུས་དེར་ཨ་སྔ་བས་འཁོར་བ་ལས་བློ་ལྡོག་སྟེ་དེ་སྔོན་དགེ་བ་བསྒྲུབ་རྒྱུ་མ་བྱུང་བ་ལ་འགྱོད་པ་སྐྱེ། སྡིག་པ་ཆེད་དུ་བསགས་ཚད་ལ་འགྱོད་པ་སྐྱེ། འཁོར་བའི་བྱ་བ་དྲན་པ་ཙམ་གྱིས་ཞེན་པ་གཏིང་ནས་ལོག །རྒྱུ་ནོར་ཉེ་འབྲེལ་ལུས་རྟེན་བཅས་འབྲལ་དོགས་ཀྱིས་འགྱོད་པ་སྐྱེ། ཚེ་ཕྱི་མ་གར་འགྲོ་གཏད་སོ་མེད་པས་འགྱོད་པ་སྐྱེ། ན་ཚ་དྲག་པོ་དེའི་རྐྱེན་གྱིས་གོ་བ་ལོན་ཏེ་ངན་སོང་གི་སྡུག་བསྔལ་དྲན་ནས་ལྷག་པར་འཇིགས་སྐྲག་དང་འགྱོད་པ་དཔག་ཏུ་མེད་པ་སྐྱེ་སྟེ། ཇི་སྐད་དུ། མི་སྡིག་ཆེན་ཤི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡིན། །ཞེས་པ་ལྟར་འགྱོད་པ་རྟས་རྗེས་མི་ཟིན་པ་སྐྱེ་བཞིན་སེམས་ཡུས་ཀྱིས་བརྒྱལ། བྲང་ལ་སྤར་མོ་བཏབ། མིག་ནས་མཆི་མ་འབབ། ཤི་མིག་གསོན་ལ་བལྟ་སྟེ་རོ་ཡང་བྱ་ཁྱིའི་ཁ་ལ་འགྲོ་རན་པ་དེ་འདྲའི་སྐབས་ལ་འཁོར་བ་ལས་བློ་ཇི་ལྟར་ལྡོག་ཀྱང་། ལོ་གཅིག་གམ་ཟླ་བ་གཅིག་གམ་ཞག་གཅིག་གམ་དུས་སྐད་ཅིག་ཙམ་ཡང་ཆོས་སྒྲུབ་དབང་མེད་དེ་ཐབས་ལུས་རྟེན་དང་བསམ་པའི་ཤེས་རབ་གཉིས་པོ་ཡ་བྲལ་དུ་འགྲོ་ལ་ཉེ་བའི་ཚེ་བློ་ལྡོག་པ་ཡོངས་སུ་འཕྱི་བ་ཡིན་པས། ཁྱོད་མི་བསམ་ཡོད་ཤེས་ལྡན། སྔར་ཆགས་ཕྱི་འདེང་ཕོག་པ། ལས་ཡག་ཉེས་ལ་གཟབ་ཤེས་པ། ཚིག་བཟང་ངན་གྱི་རྣམ་གྲངས་གོ་བ། ཡར་བལྟ་ཕྱིར་བལྟ་བྱེད་པའི་མིག་དང་ལྡན་པའི་ལུས་རྟེན་ཁྱད་འཕགས་ཐོབ་པ་ཚོས། བློ་ཐ་མའི་ཡང་མཐའ་དེ་འདྲ་ནས་ལྡོག་པའི་གོ་གལ་ཆོད་པས། དེས་ན་དུས་ད་ལྟ་རང་དབང་ཡོད་པའི་བར་སྐབས་འདིར་སྐལ་བཟང་མཆེད་གྲོགས་རྣམས་མ་འཁྱུགས་ཤིག །བླ་མ་དམ་པའི་དཀའ་དྲིན་ལ་བརྟེན་ནས་སྤང་བླང་སྐྱོན་ཡོན་གྱི་མིག་བྱེ་བའི་ཚེ་འདིར་དགེ་སྡིག་ཀུན་ཕྲ་ཞིང་ཕྲ་བར་ཞིབ་པ་སོགས་མདོར་ན་བློ་ལྡོག་རྣམ་པ་བཞི་པོ་འདིས་ཐར་པའི་ལམ་ལ་མྱུར་དུ་འཇིགས་པའི་གདམས་ཟབ་མཆོག་ཏུ་ཤེས་པར་བྱོས་ཤིག་ཨེ་གོ་ལགས།། །།ཞེས་པའང་བཤད་བཤད་ཡམ་ཡམ་ཙམ་མ་ཡིན་པར་ཚེ་འདིའི་གོམ་ཕྱེད་ཕྱི་མའི་ལམ་ལ་སྤོ་ཚར་བ་ལྟ་བུའི་ངང་ནས་རང་གི་རྒྱུད་ཆོས་ཀྱི་མྱོང་བ་ཕྲན་ཚེགས་རེ་གཞིར་བཞག་སྟེ་མཁས་གྲུབ་དུ་མས་མཛད་པའི་སྔོན་འགྲོའི་རིམ་པ་རྣམས་ལས། བློ་ལྡོག་རྣམ་བཞིའི་ས་བཅད་ཕྲི་སབ་ཕྲན་བུས་རྒྱས་བསྡུས་འཚམས་ཚོད་གནད་ཐོག་མེ་བཙའ་བཞག་པ་ལྟ་བུའི་གོ་སླ་བ་གཅེས་པར་བཏུས་པ་འདི་ནི་རང་གཞན་ཆོས་ལ་མོས་པ་རྣམས་ཀྱིས་ཀྱང་གོ་དཀའ་བ་དང་ཉམས་སུ་ལེན་རྒྱུ་གཞན་དག་རེ་ཡོད་སྙམ་གྱིས་ཁ་ཕྱིར་བལྟས་སུ་སོང་བའམ། ཆོས་སྒྲུབ་པ་ལ་སྤོབས་པ་ཞན་པ་ལྟ་བུའི་ལེ་ལོ་ཅན་མི་ཚེ་ཁ་སུད་སྣ་སུད་དུ་ཟད་པ་ཉམ་ཆུང་རྣམས་དང་། འཆད་ཉན་ལ་ལས་ནི་འདིར་སྣང་འཁོར་བའི་ཆོས་ལ་བསྙད་པས་སྙན་ཆོས་མཛེས་ཆོས་ཁོ་ནས་མི་འོང་བཞིན་དུ་གཞན་གྱི་མགོ་འདྲེན་བྱེད་ཅིང་། མི་ཐོན་བཞིན་དུ་ཕན་ཚུན་གྱི་བར་འདུམ། མི་ཉན་བཞིན་དུ་བསླབ་སྟོན་དང་སློབ་དཔོན། མི་དགའ་བཞིན་དུ་ངོ་སྲུང་དང་ལྐོག་ལབ། མི་རྟག་ཟེར་ཞིང་རེ་དོགས་དང་བསགས་བསྲུང་། རྒྱུ་འབྲས་ཟེར་ཞིང་དགེ་སྡིག་ལ་ཧམ་ཚོད། དམ་ཚིག་ཟེར་ཞིང་གཤིས་ངན་ལ་གཞོག་དྲུད། སེར་གོས་གྱོན་ཅིང་ཆོས་བརྒྱད་ཀྱི་ཕུང་པོ་རང་ལྟ་བུ་འགའ་ལ་ཕྱི་རབས་ཅུང་ཟད་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་སྲས་མིང་བྱ་བྲལ་བ་བཛྲ་ས་མནྟས་གནས་མཆོག་ལྷ་བྲག་ཡང་མཛོད་ནས་ཡི་གེའི་གཟུགས་སུ་བཀོད་པ་ཡིན་ཞིང་དེའང་ཡོན་ཏན་ལྡན་པ་ལ་རང་གཞན་གྱི་སྐྱོན་རྣམས་ཅུང་ཟད་རེ་སྟོན་པའི་སྒོ་ནས་མ་བཤད་ན་སྙིགས་དུས་འགྱུར་བའི་ཡོ་ལང་གི་སྐབས་འདིར་རྣ་བའི་ཤེས་པ་ཙམ་གཏད་དེ་ཉན་མཁན་དཀོན་པར་འདུག་པས་དེ་ལྟར་ལས། ཆོས་ཀྱི་ཕྱོགས་ནས་ལྟ་ཞོག་ཚིག་རྩུབ་ཀྱི་རིགས་གཏན་ནས་སྤངས་ཟིན་ཁུལ་ཡིན་པས་རང་སྐྱོན་མ་རིག་སྟེ་གཞན་སྐྱོན་བརྗོད་པའམ། མཐོང་བ་ཅུང་ཟད་ཙམ་མཆིས་ན་དེས་ཀྱང་ཕྱི་མའི་སྒྲིབ་པ་མི་འགྱུར་བར་སྙིང་ནས་ཀུན་ལ་བཤགས་པ་འཚལ་ཞིང་། ལེགས་བྱས་དགེ་བའི་བདེན་དོན་ཟབ་མོས་དད་ཅན་སྐྱེ་འགྲོའི་གཙོས་གྱུར་རྣམས་དལ་འབྱོར་ཐོབ་དཀའ་བས་སྙིང་པོ་ཆོས་ལ་བསྐུལ་མ་གདབ་སྟེ། འཆི་བ་མི་རྟག་པས་ཚེ་འདིའི་བློ་སྣ་ཡོངས་སུ་བསྟུངས། རྒྱུ་འབྲས་ལ་ཡིད་ཆེས་རྙེད་ནས་སྤང་བླང་ཀུན་ཕྲ་ཞིང་ཕྲ་བར་ཞིབ། འཁོར་བའི་ཉེས་དམིགས་དྲན་ཏེ་ཐར་པའི་ལམ་ལ་དད་མོས་ཚད་མེད་ལྷག་པར་སྐྱེས་ནས་དོན་དམ་ཡེ་ཤེས་ཀྱི་གནས་ལུགས་མངོན་དུ་བྱེད་པའི་རྒྱུར་འགྱུར་བར་ཤོག་ཅིག །སརྦ་མངྒ་ལཾ། །དགེའོ།། །།