DKR-KABUM-23-'A-028: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-23-'A-028
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ཐོར་བུ་སྣ་ཚོགས་སྐོར། | |||
|fulltitle=thor bu sna tshogs skor | |||
|citation=[[Khyentse, Dilgo]]. ''Thor bu sna tshogs skor''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 23: 583-606. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |terma=No | ||
| | |dkroutline=Nine | ||
|volumenumber= | |volumenumber=023 | ||
|volnumtib=༢༣ | |||
|volyigtib=འ་ | |||
|totalvolumes=25 | |||
|textnuminvol=028 | |textnuminvol=028 | ||
|pdflink=File:DKR-KABUM-23- | |pagenumbers=583-606 | ||
|totalpages=24 | |||
|beginfolioline=1a1 | |||
|endfolioline=12b3 | |||
|totalfolios=12 | |||
|multivolumework=No | |||
|versonotes=thor bu sna tshogs | |||
|pdflink=File:DKR-KABUM-23-A-028.pdf | |||
}} | }} | ||
{{Header}} | {{Header}} | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །ཐོར་བུ་སྣ་ཚོགས་སྐོར་བཞུགས། ༈ དེ་ཡང་རང་རེ་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པའི་ཚུལ་ནི་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་གསུངས་པ་ལྟར་མདོ་སྔགས་ཀྱི་སྡེ་གཉིས་ཀས་མཛད་དགོས་པ་ལས། དེ་དག་གི་གནད་མདོ་ཙམ་ཞུ་ན། མདོ་ལམ་པས་ཚུལ་ཁྲིམས་སྲུང་དགོས་པ་དང༌། སྔགས་ལམ་པས་ཚུལ་ཁྲིམས་སྲུང་མི་དགོས་པ་མིན་ཀྱང༌། དེང་སང་མདོ་ཉམས་ལེན་བྱེད་པ་རྣམས་ཀྱིས་སྡོམ་པ་སྲུང་དགོས་པ་དང༌། སྔགས་ལམ་པས་སྤྱོད་པ་བག་ཡོད་ལ་བསྟེན་མི་དགོས་པའི་ལོག་རྟོག་གིས་དེ་གཉིས་འགལ་འདུར་འགྲོ་བ་ཡིན། མདོ་ལམ་པས་ཚུལ་ཁྲིམས་སྲུང་བ་དེ་ཡང་ཕྱི་ལུས་ངག་ཙམ་ལས་ནང་སེམས་བག་ཡོད་ཀྱིས་སྡོམ་མི་དགོས་པ་དང༌། སྔགས་ལམ་པས་ནང་སེམས་ཀྱི་ལྟ་དགོངས་གཙོ་བོ་ལས་ཕྱི་ལུས་དང་ངག་བག་ཡོད་མི་དགོས་པ་མིན། མདོ་ལམ་ནས་སེམས་ལ་ངེས་འབྱུང་དང་དྲན་ཤེས་ཀྱིས་རྒྱུད་མ་བསྡམས་ན་ཚུལ་ཁྲིམས་སྲུང་བའི་ཐབས་མེད། སྔགས་ལམ་ནས་ལུས་ངག་གི་སྤྱོད་པ་ལ་ཡེ་ཤེས་ཀྱི་རྒྱས་མ་ཐེབས་པར་ཐ་མལ་གྱི་སྣང་སྤྱོད་དུ་ཤོར་ན་སྔགས་སྡོམ་རྣམ་པར་དག་པའི་དུས་མི་འོང་བས། མདོ་སྔགས་གཉིས་ཀ་ནས་ལུས་ངག་ཡིད་གསུམ་ཉེས་སྤྱོད་སྡོམ་དགོས་པ་ལ་ཁྱད་མེད་དུ་ཤེས་དགོས། དེའི་སྟེང་དུ་རང་རང་གི་རྒྱུད་དག་པའི་ཐབས་ལ་འབད་པ་དགེ་བ་ཆོས་སྡུད། ཐེག་ཆེན་པས་དེ་ཐམས་ཅད་གཞན་ཕན་གྱི་བློས་ཟིན་པས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སུ་འགྱུར་བ་ཡིན། རྒྱ་གར་འཕགས་པའི་ཡུལ་དུ་འདུལ་ཁྲིམས་གཙང་བའི་ཚད་དཔལ་ལྡན་ཟླ་བ་གྲགས་པ་ལྟ་བུ་ཡང་གསང་བ་འདུས་པས་གྲུབ་པ་བརྙེས་པ་དང༌། ཇོ་བོ་རྗེས་ཉེ་གནས་ལ་བསམ་ཡས་མཆིམས་ཕུ་ན་ཐབས་ལམ་གྱི་གསང་ཁྲིད་གནང་བའི་ལོ་རྒྱུས་དང༌། བོད་ཀྱི་ཡུལ་དུ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དང༌། མཉམ་མེད་དྭགས་པོ། རྗེ་བདག་ཉིད་ཆེན་པོ། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་སོགས་འདུལ་བ་འཛིན་པའི་མཆོག་རྣམས་ཀྱང་དོན་དུ་སྔགས་ལམ་ནས་མཆོག་གི་དངོས་གྲུབ་བརྙེས་པ་དང༌། སློབ་དཔོན་ཆེན་པོ་ཙནྡྲ་གཽ་མི། ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན། འབྲོམ་སྟོན་པ། རྗེ་བཙུན་མི་ལ་རས་པ་དང༌། སྨིན་གླིང་གཏེར་ཆེན་རིན་པོ་ཆེ་སོགས་ཁྲི་རྒྱུད་ཐམས་ཅད་རྟེན་སོ་ཐར་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་རྣམ་ཐར་ལ་དཔྱད་ན་སྔགས་པས་སོ་ཐར་གྱི་སྡོམ་པ་བཞེས་མི་རུང་བ་མིན་པ་གསང་སྔགས་དབང་གི་ཐོག་མར་སྡོམ་བཟུང་ཡོད་པས་ཤེས་ནུས། ཀློག་པ་ཐོས་བསམ་དང༌། སྤང་བ་བསམ་གཏན་གཉིས་ནི་ནམ་ཡང་འགལ་འདུར་མི་གནས་ཏེ། ཐོས་པའི་མཐར་ཐུག་ཉམས་ལེན་གནད་དུ་དྲིལ་མ་ཤེས་ན་གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་ཤར་བའ་ིཐབས་མེད། སྒོམ་པ་ཆོས་ཉིད་ཀྱི་དོན་རྟོགས་ན་ཐོས་པ་རྩལ་དུ་མ་བཏོན་ཀྱང་མཁས་པའི་ཕུལ་དུ་འགྱུར་སྟེ་སྣང་སྲིད་དཔེ་ཆར་ཤར་བ་ཡིན། གང་ཟག་རིམ་གྱིས་པ་ཐ་མལ་ཞིག་གི་དབང་དུ་བྱས་ན་རང་གི་ཉམས་སུ་ལེན་པའི་ལམ་དེ་ཐོས་པས་མཐའ་མ་ཆོད་ན་རང་ལམ་སྒྲ་ཇི་བཞིན་དུ་བསྒྲོད་མི་ནུས། བསམ་པས་མན་ངག་གི་གནད་དོན་མ་ངེས་ན་ལྟ་སྒོམ་ཡང་དག་མི་ཤེས། སྒོམ་པས་ཉམས་མྱོང་གིི་དྲོད་ཚད་མ་རྙེད་ན་ཐོས་པ་དོན་མེད་དུ་འགྱུར། རིག་པའི་གནས་ལྔ་མཁས་པའང་དེའི་ཚིག་དོན་དེ་སེམས་རྒྱུད་ལ་མ་འབྱོར་ན་བདག་འཛིན་དང་ཉོན་མོངས་ཀྱི་གཉེན་པོར་མི་འགྲོ་བས་ཐོས་དོན་སྒོམ་པས་མཐའ་སྐྱེལ་དགོས། སྒོམ་པ་སྤྱི་དང་ཁྱད་པར་གསང་སྔགས་ཀྱི་ཟབ་དོན་ཕྱག་རྫོགས་ཀྱི་ལྟ་བ་བསྒོམ་པ་ལ་ཐོས་པས་སྒྲོ་འདོགས་མ་ཆོད་ན་ལམ་མཐར་ཐུག་གི་གནད་ཤེས་པར་ཤིན་ཏུ་དཀའ། ཐོས་དོན་སྒོམ་པ་ལ་སྦྱོར་བས་འཕགས་པའི་སྤང་རྟོགས་མཐོང་བའི་ཆོས་ལ་བརྙེས་པ་འཕགས་ཡུལ་གྱི་ཤིང་རྟ་གཉིས་དང༌། རྒྱལ་སྲས་ཞི་བ་ལྷ། བོད་ཀྱི་ཀུན་མཁྱེན་ཀློང་ཆེན་པ་ལྟ་བུ་ཡིན། སྒོམ་པ་ཀློང་དུ་གྱུར་པས་མཁས་པའི་རྩེ་མོར་སོན་པ་རྗེ་བཙུན་མི་ལ་དང༌། ཀུན་མཁྱེན་འཇིགས་མེད་གླིང་པ་ལྟ་བུ་ཡིན། དེས་ན་རྗེ་བདག་ཉིད་ཆེན་པོས་ལམ་རིམ་དུ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང༌། ཀུན་མཁྱེན་ཀློང་ཆེན་པ་ཡབ་སྲས་ཀྱིས། མདོ་སྔགས་ཀྱི་ཆོས་ཐམས་ཅད་གཞུང་ལམ་གཅིག་ཏུ་སྟོན་པ་ཡིད་བཞིན་རིན་པོ་ཆེའི་མཛོད་དུ་གསུངས་པའི་དགོངས་པ་ལ་ཐུགས་གཞོལ་བ་ལས། དེང་སང་མདོ་སྔགས་ཀྱི་སྡེ་གཉིས་དང༌། ཐོས་སྒོམ་གཉིས་མེ་ཆུ་ལྟར་འགལ་འདུར་བཟུང་བས་བསྟན་པ་རྙོགས་མ་ཅན་དུ་གྱུར་པ་ལ་བསམ་ནས་ཚད་ལྡན་མཁས་གྲུབ་ཀྱི་བཞེད་པ་ལྟར་ཞུས་པ་ལ་ཐུགས་གཞིག་ཞིབ་ཏུ་གནང་བར་ཞུ། འདི་བཞིན་བལ་ཡུལ་མཆོད་རྟེན་དུ་༧སྐྱབས་རྗེ་དིལ་མཁྱེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་འབུམ་པོད་༡༢བཀླག་ལུང་སྩོལ་སྐབས་འཁྲུལ་ཞིག་རིན་པོ་ཆེའི་ཞལ་སློབ་ངག་དབང་ལེགས་བཤད་ནས་མདོ་སྔགས་འགལ་མེད་དུ་སྟོན་པའི་བཀའ་སློབ་ཅིག་ཞུ་རོགས་བརྗོད་པ་བཞིན་སྙན་སྒྲོན་ཞུས་པར་བསྩལ་བ་ལགས་སོ། །དགེ་ཞིང་བཀྲ་ཤིས། ༈ རབ་འབྱམས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་ཀྱི། །སྐྱབས་ཀུན་འདུས་ཞལ་ཨོ་རྒྱན་སངས་རྒྱས་གཉིས། །དབྱེར་མེད་རིགས་ཀུན་ཁྱབ་བདག་ཀརྨ་པར། །མི་ཕྱེད་དད་པས་གསོལ་བ་བཏབ་བྱས་ནས། །རང་རྒྱུད་ཉོན་མོངས་འཆིང་བས་མ་ཀློད་བཞིན། །གཞན་བསྐུལ་གསལ་འདེབས་དམ་པས་ཁྲེལ་སྲིད་ཀྱང༌། །ལྷག་བསམ་བཟང་པོའི་ངག་གིས་ཞུས་པ་ལ། །དམ་པའི་རྣམ་ཐར་རྒྱས་པའི་རྒྱུར་སྙམ་ཕུལ། །ཐུབ་བསྟན་སྙིང་པོ་སྒྲུབ་བརྒྱུད་ཀརྨ་ཀའི། །རིང་ལུགས་བཤད་སྒྲུབ་མ་ཉམས་བཞུགས་པ་ལ། །ཐོས་བསམ་སྒོམ་པས་སྙིང་པོའི་ནོར་བླང་སྟེ། །བཤད་དང་སྒྲུབ་པས་ཉིན་མཚན་འདའ་བར་མཛོད། །ཡོན་ཏན་ཀུན་གྱི་གཞི་མ་ཚུལ་ཁྲིམས་ཏེ། །སོ་བྱང་སྔགས་ཀྱི་སྤྱོད་པས་རྒྱུད་སྡོམས་ལ། །ཞི་དུལ་བག་ཡོད་དྭངས་བ་འདྲེན་ནུས་པའི། །སངས་རྒྱས་བསྟན་ལ་རྒྱན་དུ་མཛེས་པ་མཆོག །ཁྱད་པར་རང་བྱུང་རྒྱལ་བ་མིའི་སེང་གེའི། །བཞེད་སྲོལ་དྲི་མེད་སྟོན་པའི་མདོ་རྒྱུད་གཞུང༌། །ནང་བརྟག་རྒྱུད་གསུམ་ཤེས་བྱ་ཀུན་ཁྱབ་ཀྱི། །ཡང་དག་བཤད་པས་རང་ལུགས་ལྟ་གྲུབ་ཟུངས། །ཁྱད་པར་ཟབ་མོ་སྒྲུབ་པའི་ཉམས་ལེན་གྱིས། །ནང་གི་ས་ལམ་རྟོགས་པ་མངོན་གྱུར་ནས། །བཀའ་བརྒྱུད་གོང་མའི་རྣམ་ཐར་སྐྱོང་ནུས་པའི། །ཐུགས་བསྐྱེད་གོ་ཆ་ལྷོད་མེད་བཞེས་པ་གཅེས། །དུས་ཀྱི་འགྱུར་བ་སོས་ཀའི་སྤྲིན་ལྟར་གཡོ། །ཚེ་ནི་མི་རྟག་རླུང་གསེབ་མར་མེ་འདྲ། །ཅི་ལ་བསམས་ཀྱང་སྐྱོ་བ་སྐྱེ་བའི་སྐབས། །དོན་དང་ལྡན་པ་དམ་པའི་ཆོས་མཛོད་ཅིག །སངས་རྒྱས་བསྟན་དང་དཀོན་མཆོག་གསུམ་ཞེས་པའི། །མཚན་གྱི་སྒྲ་ཙམ་རྣ་བས་ཐོས་དཀའ་ན། །དེ་དོན་སྤྱོད་དང་སྒྲུབ་པའི་བསོད་ནམས་འདི། །རང་ངོ་ཤེས་པས་དམ་ཆོས་བཞིན་སྤྱོད་ཅིག །དུས་ངན་སྐྱོན་གྱིས་བསྟན་པར་རྨ་འབྱིན་ཞིང༌། །བདུད་དང་མུ་སྟེགས་འཕྱར་ཀ་སྒྲོག་པ་འདི། །གཟིགས་ལ་ཆོས་འདུལ་བདུད་རྩིའི་ཟླ་བ་ཡིས། །ཉེས་སྤྱོད་རྙོག་མ་སེལ་བ་ཤིན་ཏུ་གཅེས། །སྤྱོད་པ་ཉན་ཐོས་འདུལ་བའི་ངང་ཚུལ་ལ། །སྒོམ་པ་གསང་སྔགས་སྙིང་པོ་ཕྱག་རྒྱ་ཆེའི། །ངེས་དོན་རྟོགས་པ་ནམ་མཁའ་མཉམ་པ་ཅན། །བཀའ་ཕྱག་ཟུང་འཇུག་མཉམ་མེད་དྭགས་པོའི་ལུགས། །སེམས་ཀྱི་ཆོས་ཉིད་རང་བྱུང་ཡེ་ཤེས་ནི། །ཐ་མལ་ཤེས་པ་རྗེན་པའི་གཤིས་སུ་བཞུགས། །མན་ངག་གནད་ཀྱིས་ཡུད་ཙམ་ཞིག་གིས་མཐོང༌། །བལྟར་མེད་མཉམ་པའི་དོན་ལ་བབ་ཀྱིས་ལྟོས། །བལྟས་པས་མཐོང་མེད་སྟོང་ཉིད་ནམ་མཁའ་འདྲ། །འཛིན་པ་ཀུན་བྲལ་འོད་གསལ་ཆོས་ཀྱི་སྐུ། །རྒྱུན་ཆད་མེད་པའི་རིག་པའི་བབ་ལ་གཟིགས། །རང་ངོ་ཤེས་པས་རྒྱུན་དུ་ཉམས་ལེན་མཛོད། །བསྒོམ་བྱའི་མཚན་མ་ཅི་ཡང་མེད་པ་ལ། །ཐ་མལ་རྣམ་གཡེང་དབང་དུ་མ་ཤོར་བར། །གཉུག་མའི་དྲན་རྫིས་སོ་མ་ཁད་དེ་བའི། །ཉམས་མྱོང་སྦྱངས་པས་ཡེ་ཤེས་ནང་ནས་ཤར། །ཚོགས་དྲུག་ཡུལ་གྱི་སྣང་བ་གང་ཤར་ཀྱང༌། །ཆགས་སྡང་འཛིན་པའི་སླད་ཀྱིས་མ་ཞུགས་པར། །རང་གསལ་གཤིས་ཀྱི་ཀློང་དུ་ཀློད་པ་ཡི། །ལྟད་མོ་མ་བཅོས་སེམས་ཀྱི་གསང་ལ་ལྟོས། །དྲན་པས་སྲིད་ཞིའི་འཇིགས་འཕྲོག་བླ་མའི་ཐུགས། །རང་སེམས་དབྱེར་མེད་མོས་གུས་ལྷང་ངེ་བས། །མ་ཡེངས་གཉུག་མའི་རང་ཞལ་བསྐྱང་མཛད་ན། །འཁྲུལ་པའི་མདུད་པ་རང་གིས་རང་གྲོལ་འགྱུར། །ལམ་གྱི་གྲོགས་སུ་འགྲོ་ལ་སྙིང་རྗེ་དང༌། །བསག་སྦྱང་རྒྱུ་འབྲས་ཕྲ་ཞིབ་འཁོར་བ་ལས། །ངེས་འབྱུང་བསམ་པས་ཐེག་པ་གོང་འོག་གི །ཆོས་ཀུན་གནད་འགག་གཅིག་དྲིལ་ཉམས་ལེན་མཛོད། །མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །ཉམས་ལེན་བརྩོན་པས་སྐུ་གསུམ་ཡེ་ཤེས་སུ། །མ་ཤར་བར་དུ་གནད་དུ་གང་འགྲོའི་ཆོས། །ཐུགས་རྒྱུད་སྦྱོར་བས་བཙན་ས་ཟིན་པར་མཛོད། །དེ་སྐད་རང་རྒྱུད་ཆོས་ཀྱིས་མ་དུལ་ཡང༌། །དམ་པའི་སྐྱེས་བུའི་གསུང་གི་བདུད་རྩི་ཡིས། །བསྐྱངས་པའི་དྲིན་ལས་ཐོབ་པའི་གཏམ་འདི་ཡང༌། །མཆོག་གི་སྤྲུལ་སྐུ་དགྱེས་པ་བསྐྱེད་ཕྱིར་ཕུལ། །དགེ་བས་སྒྲུབ་བརྒྱུད་སྙིང་པོའི་བསྟན་པའི་དཔལ། །ཁྱོད་ཀྱི་ཐུགས་བསྐྱེད་སྣང་བས་གསལ་བྱས་ཏེ། །རྒྱལ་ཀུན་ཡབ་གཅིག་དཔལ་ལྡན་ཀརྨ་པའི། །ཕྲིན་ལས་རྒྱ་མཚོ་ཀུན་ཏུ་སྤེལ་གྱུར་ཅིག །ཚུལ་འདི་མཐོ་རིས་ས་ལ་འཕོས་འདྲའི་གྲོང༌། །འཕགས་ཡུལ་རྡོ་རྗེ་གླིང་གི་གྲོང་གསེབ་ནས། །ལོག་འཚོའི་རྗེས་འབྲང་བཀྲ་ཤིས་དཔལ་འབྱོར་དེས། །ནག་ཟླའི་དམར་ཕྱོགས་ཚེས༢༥་ལ་བྲིས་ཏེ་ཕུལ། །སྤྱི་ལོ་༡༩༦༣ ༈ འཇམ་མགོན་བཀའ་འབུམ་རིས་མེད་ཆོས་འབྱུང་བློ་གསལ་མགྲིན་པའི་མཛེས་རྒྱན་དུ། འོད་སྲུང་ཆེན་པོ་སོགས་ཀྱིས་བཀའ་བསྡུ་རིམ་པ་གསུམ་གྱི་ཐ་མའི་སྐབས་སྡེ་པ་བཅོ་བརྒྱད་གྱེས་ཏེ་གྲུབ་མཐའ་བྱེ་མདོ་གཉིས་བྱུང༌། དེ་ནས་བཙུན་པ་ཆེན་པོ་ཨ་བིཏཱཏ་ཏརྐ་སོགས་སློབ་དཔོན་ལྔ་བརྒྱ་ཙམ་བྱོན། སེམས་ཙམ་གྱི་གྲུབ་མཐའ་ཚུགས། དེ་རྗེས་ཀླུ་སྒྲུབ་བྱོན་ནས་འཁོར་ལོ་དང་པོའི་དགོངས་འགྲེལ་གཏམ་ཚོགས། བར་བའི་དགོངས་འགྲེལ་རིགས་ཚོགས། ཐ་མའི་དགོངས་འགྲེལ་བསྟོད་ཚོགས་མཛད་ནས་ཐེག་ཆེན་གྱི་སྲོལ་ཚུགས། དེའི་རྗེས་འབྲང་སངས་རྒྱས་སྐྱོང་གིས་དབུ་མ་ཐལ་འགྱུར། ལེགས་ལྡན་འབྱེད་ཀྱིས་རང་རྒྱུད། ཞི་མཚོ་སོགས་ཀྱིས་རང་རྒྱུད་ཤར་གསུམ། ཟླ་གྲགས་ཞི་ལྷ་སོགས་ཀྱིས་ཐལ་འགྱུར་ལྟར་མཛད་དེ་རང་སྟོང་གི་ལམ་སྲོལ་ཕྱེས། ཐོགས་མེད་དགའ་ལྡན་དུ་བྱོན་ནས་བྱམས་པ་དངོས་ལས་རྒྱན་གཉིས། འབྱེད་གཉིས། རྒྱུད་བླ་གསན་ཏེ་མི་ཡུལ་དུ་སྤེལ། གཅུང་དབྱིག་གཉེན་དང་ཙནྜ་གོ་མི་སོགས་ཀྱིས་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ལ་བརྟེན་གཞན་སྟོང་བྱུང༌། བོད་འདིར་ཕྱྭ་དམུ་གཙུག་གསུམ་བདུད་བཙན་མ་སངས་ཀྱིས་དབང་དུ་བྱས་མཐར། ཤཱཀྱ་ལི་ཙ་བིའི་རིགས་བྱོན་རྒྱལ་པོ་གཉའ་ཁྲི་བཙན་པོས་བདག་ཏུ་བཟུང་ནས་ཆབ་སྲིད་བོན་དང་སྒྲུང་རྡེའུ་སོགས་ཀྱིས་བསྐྱངས་པས་བོན་སྔ་དར། དེའི་ལུགས་ལ་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་མོ་མདུད་རིགས་གཙོ་བོ་༣༦༠། མདུད་ཕྲན་གྲངས་མེད་པས་ལྷ་འདྲེ་མི་གསུམ་གྱི་སྒོ་ནས་གསོན་གཤིན་གྱི་སྐྱིད་སྡུག་ལུང་བསྟན་པ་ཕྱྭ་གཤེན་ཐེག་པ། གབ་རྩེ་སུམ་བརྒྱ་དྲུག་ཅུ་ལས་གྱེས་པའི་རྩིས་རིགས་འཕྲུལ་གཤེན་ཐེག་པ། གཤིན་པོའི་བླ་དང་གསོན་པོའི་གནས་བདེ་བྱེད་གྲི་འདུལ་སྲི་གཤེན་ཐེག་པ། ཡར་ལྷ་དང་གཤེན་མཆོད། མར་བྱུར་དང་སྲི་མནན། བར་ཕྱྭ་གཡང་བླན་པ་སྣང་གཤེན་ཐེག་པ་སོགས་འཇིག་རྟེན་པའི་ཐེག་པ་རྣམས་དར་བས་བོད་ཀྱི་གྲུབ་མཐའི་སྔ་ཤོས་བོན་པོ་ཡིན། མངའ་བདག་ཁྲི་སྲོང་གི་སྐུ་དུས་མཁན་སློབ་གཉིས་ཀྱི་དགོངས་བཞེད་ལྟར་འཚེ་བ་ཆོས་སུ་སྨྲ་བའི་ཕྱི་བོན་ཕལ་ཆེར་བསྣུབས། འགའ་ཞིག་མཐའ་ལ་སྐྱུགས། མོ་རྩིས་ཕྱྭ་གཡང་སོགས་སེམས་ཅན་ལ་ཕན་བྱ་ཕལ་ཆེར་བཞག །དགེ་བསྙེན་ཐེག་པ། དྲང་སྲོང་ཐེག་པ། ཨ་དཀར་ཐེག་པ། ཡེ་གཤེན་ཐེག་པ། ཁྱད་པར་ཐེག་པ་སྟེ་འཇིག་རྟེན་ལས་འདས་པའི་ཐེག་པ་ལྔའི་སྒོ་བཞི་མཛོད་ལྔའི་སྒོ་ནས་མདོ་འབུམ་གཟུངས་གསུམ་གྱིས་སྙིང་པོའི་དོན་སྟོན་པ་རྣམས་རང་སོར་བཞག་པ་ལ་བརྟེན། སྟོད་ཀྱི་བླ་མ་ཆེ་དྲུག །བར་གྱི་གདུང་བརྒྱུད་གསུམ། སྨད་ཀྱི་མཁས་པ་མི་བཞི། རིག་འཛིན་ལོ་པན་གཤེན་བརྒྱད། མཐུ་ཆེན་མི་དགུ། བོན་ཆེན་ཉི་ཤུ། རྗེ་བློན་སྟོང་གསུམ། ཁྱད་པར་དྲན་པ་ཡབ་སྲས་སོགས་ཀྱིས་དོན་གཉིས་མཛད་པ་ལ་བོན་བར་དར་ཟེར། བཀའ་གདམས་ཀྱི་གདན་ས་ལ་བདེ་གསང་གུང་གསུམ། དགའ་སྐྱོ་ཟུལ་གསུམ་སོགས་བྱོན། ཁྲོ་ཕུ་ལོ་ཙཱ་བྱམས་པ་དཔལ་གྱིས་ས་སྐྱ་པཎ་ཆེན་སོགས་མི་བཅུ་གཅིག་བསྙེན་པར་རྫོགས་པའི་མཁན་བུ་ཆེ་བྱང་ཆུབ་དཔལ་གྱིས་ཚོགས་དགེ་འདུན་སྒང༌། རྡོ་རྗེ་དཔལ་གྱིས་སྙེ་མོ་ཚལ་སྨིན། དེ་གཉིས་ཀྱི་མཁན་བུ་དབུ་མཛད་བསོད་ནམས་དང༌། དཀོན་མཆོག་རྒྱལ་མཚན་གཉིས་ཀྱིས་ཆོས་ལུང་དང་བྱེ་རྫིང་ཚོགས་སྡེ་བཞིའི་ཆོས་སྡེ་བཏབ་གསུངས། ཇོ་བོའི་སློབ་མ་གསང་ཕུའི་གདན་ས་འདེབས་པོ་རྔོག་ལེགས་པའི་ཤེས་རབ། དབོན་རྔོག་ལོ་ཆེན་བློ་ལྡན་ཤེས་རབ་སྟེ་རྒྱ་གར་ཤར་ནུབ་ཏུ་ལོ་༢༥བཞུགས། དེའི་སློབ་བརྒྱུད་ཕྱ་པ་ཆོས་སེང་གིས་ཚད་མ་བསྡུས་རའི་སྲོལ་བཏོད། དེའི་རྗེས་གསང་ཕུའི་སེང་ཆེན་བརྒྱད་དུ་གྲགས། བཀའ་བརྒྱུད་མཚུར་ཕུའི་འཇམ་དབྱངས་ཆེན་པོ། ཀརྨ་ཕྲིན་ལས་གཉིས་པ། ཞྭ་ལུ་ལོ་ཙཱ། དྭགས་རམ་པ། རྗེ་དབོན་ཀརྨ། འབེ་ལོ་ཚེ་དབང་ཀུན་ཁྱབ་སོགས་བཤད་པ་གཙོ་བོར་མཛད་པའི་མཁས་པ་ཆེན་པོར་གསུང༌། གཉན་རས་དགེ་འདུན་འབུམ། ཡང་རིའི་རྟོགས་ལྡན་༨༠ རྗེ་བན་སྒར་པ། སངས་རྒྱས་མཉན་པ། ཨེ་བ་དྲུང་ཡིག །སྟག་ཚང་ཡང་དག །ཙཱ་རི་རྟོགས་ལྡན། བམ་སྟེང་སྤྲུལ་སྐུ་སོགས་མཆོག་དངོས་ཉམས་འོག་ཏུ་ཆུད་པའི་གྲུབ་ཐོབ། རྒྱལ་ཚ་ཀུན་ལྡན་རས་པས་ཁྲོ་ཕུ་བཏབ། དེའི་ཚ་བོ་ཁྲོ་ཕུ་ལོ་ཙཱ་བྱམས་པ་དཔལ་གྱིས་མི་ཏྲ་ཛོ་ཀི །བུདྡྷ་ཤྲཱི། ཁ་ཆེ་པན་ཆེན་གསུམ་གདན་དྲངས། བྱམས་ཆེན་བཞེངས། དབོན་བརྒྱུད་བཞི་ལྔའི་མཚམས་ནས་ཀུན་མཁྱེན་བུ་སྟོན་རིན་ཆེན་བྱོན། རྒྱུད་སྡེ་སྤྱི་དང་ཁྱད་པར་ཡོ་ག་རྩལ་དུ་བཏོན། པན་ཆེན་ཤཱཀྱ་ཤྲཱིའི་གསོལ་ཞལ་ནང་རྟེན་དུ་ཡོད་པའི་གདན་ས་ཆགས་པས་ཞ་ལུ་བར་གྲགས། གོང་མ་ལྔ། དཔལ་ལྡན་བསོད་ནམས་རྒྱལ་མཚན། ཐེག་ཆེན་དཔལ་ཆེན་འོད་པོ། ༣པ་ཚ་བསོད་ནམས་རྒྱན་མཚན་འདུག་དཔྱད། ཆོས་རྗེ་ལ་འཇམ་དབྱང་བདུན་བརྒྱུད། བྲག་ཐོག་པ་བསོད་ནམས་བཟང་པོའི་སློབ་མ་ཀུན་དགའ་རྣམ་རྒྱལ་གྱིས་གངས་དཀར་རྡོ་རྗེ་གདན་བཏབ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་རྩ་སློབ་ངོར་ཆེན་རྡོ་རྗེ་འཆང་གིས་ངོར་པ། རྡོ་རིང་ཀུན་སྤང་ཆེན་པོའི་སློབ་མ་ཚར་ཆེན་བློ་གསལ་རྒྱ་མཚོའི་གསུང་འཛིན་གནས་གསར་མཁྱེན་བརྩེའི་དབང་ཕྱུག །མང་ཐོས་ཀླུ་སྒྲུབ་སོགས་ལས་ཚར་པ། རྫོང་ཆུང་པ་ལས་རྫོང་པ་ཡང་གྲགས། སྤྱིར་སྔགས་ལ་མཁས་པ་ཀུན་དགའ་ངོར་ཀུན་དགའ་བཟང་པོ། རྫོང་པ་ཀུན་དགའ་རྒྱལ་མཚན། རྣམ་གཉིས། མདོ་ལ་མཁས་པ་གཡག་ཕྲུག་སངས་རྒྱས་དཔལ་རོང་སྟོན་ཤེས་བྱ་ཀུན་རིག་འགའ་ཞིག་གིས་གཡག་གཞོན་གཉིས། གཉིས་ཀ་ལ་མཁས་པ་གོ་བོ་རབ་འབྱམས་བསོད་ནམས་སེང་གེ་ཤཱཀ་ཀྱ་མཆོག་ལྡན་གཉིས་གསུངས། ཀུན་སྤང་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། དོལ་པོ་ཤེས་རབ་རྒྱལ་མཚན་སོགས་དང༌། ཕྱིས་ཀུན་དགའ་གྲོལ་མཆོག །རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐ་རྣམས་ཇོ་ནང༌། རྗེ་རིན་པོ་ཆེའི་གདན་ས་འབྲོག་རི་བོ་དགེ་ལྡན། ཐུགས་སྲས་ཀྱི་ནང་ཚན་རྗེ་ཤེས་རབ་སེང་གེས་དཔལ་ལྡན་རྒྱུད་སྨད། དེའི་སློབ་མ་རྒྱུད་ཆེན་དཀོན་མཆོག་དོན་འགྲུབ་ཀྱིས་རྒྱུད་སྟོད། འཇམ་དབྱངས་བཀྲ་ཤིས་ཀྱིས་དཔལ་ལྡན་འབྲས་སྤུངས། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་སེ་ར། རྗེ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་བཏབ། རྔོག་ལོ་ཁུ་དབོན་གྱི་སྐྱེ་བ་བཀའ་བཅུ་གྲགས་པ་རྒྱལ་མཚན་གྱི་སྐྱེ་བ་བྲག་ཡབ་སྐྱབས་མགོན་ཆེ་ཆུང༌། རྗེའི་དངོས་སློབ་ཤེས་རབ་བཟང་པོའི་གདན་ས་ཆབ་མདོ་ཞི་འཕགས་ཀྱིས་སྐྱོངས། གཞང་ཡང་ཨ་ཙར་སོགས་མི་གསུམ་གྱིས་གཏེར་གྱི་དབུ་བརྙེས། སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ། གྱེར་མི་ཉི་འོད། རྨ་སྟོན་སྲོལ་འཛིན། དབྱི་སྟོན་ཁྱུང་རྒོད་རྩལ་བཞི་ཡིས་གཞུང་བསྲང༌། རྒྱལ་རིགས་གཤེན། རྗེའུ་རིགས་འབྲུ། དབང་ལྡན་ཞུ། མཁས་པ་རྨེའུ། གྲུབ་ཐོབ་སྤ་ཚང་གི་བརྒྱུད་སྲོལ་འཛིན་པ་བོན་ཕྱི་དར་ལས་གཏེར་རྙིང་སྐོར་ཟེར། བློ་ལྡན་སྙིང་པོ། མི་ཤིགས་རྡོ་རྗེ། སངས་རྒྱས་གླིང༌། ཀུན་གྲོལ་གྲགས་པ་བཞི་ཕྱིས་བྱོན་སྤྲུལ་སྐུ་རྣམ་བཞིའི་ལུགས་གཏེར་གསར་གྱི་གྲངས་སུ་རྩི་སྟེ་ཆོས་ལ་བོན་མིང་བཏགས་པའོ། །བྱེ་མདོ་དང་སེམས་ཙམ་གྱི་ལྟ་བ་འཛིན་པ་བོད་དུ་མེད། ཀུན་མཁྱེན་ཀློང་ཆེན། མར་མི་དྭགས་གསུམ། ཆོས་འབྱུང༌། ས་ཆེན་ཁུ་དབོན། ཟི་ལུང་པན་ཆེན། བོ་དོང་པ། དོལ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་གཞན་སྟོང༌། རོང་སྟོན་ཤེས་བྱ་ཀུན་རིག །ཁྲ་ཚང་པ་བློ་མཆོག་རྡོ་རྗེ། རྡོ་བྲག་པ་སོགས་རང་རྒྱུད། བུ་རིན་པོ་ཆེ། ས་ངོར་ཚར་གསུམ། མི་བསྐྱོད་ཞབས། འབྲུག་པ་པད་དཀར། རྗེ་རིན་པོ་ཆེ་རྣམས་ཐལ་འགྱུར། རྗེས་འཇམ་དབྱངས་ལས་དབུ་མ་བ་དཔའ་བོ་རྡོ་རྗེས་ལོ་ཙཱ་མཛད་ནས་གསན་པའི་ལྟ་ཁྲིད་དགེ་ལྡན་ཕྱག་ཆེན་དུ་གྲགས་པ་དང༌། གཞན་སྟོང་དབུ་མའི་ལྟ་ཁྲིད་ཐུན་མོང་ངེས་དོན་མདོ་སྡེ་ཉི་ཤུས་དངོས་བསྟན། ཐུན་མིན་བྱམས་ཆོས་ཕྱི་མའི་མན་ངག་གི་དོན་ལོ་ཙཱ་གཟུ་བཙན་རྣམ་གཉིས་ནས་བརྒྱུད་པ་ད་ལྟའང་བཞུགས་སོ། ༈ ༡ འོད་མཚན་སྟོང་འབར་ཡེ་ཤེས་ཉིན་མོར་བྱེད། །སིནྡྷུའི་པྃདྨྃའི་ཟེའུ་འབྲུར་རྗེས་ཆགས་མཁན། །ཕན་བདེའི་སྦྲང་རྩིའི་ཟིལ་མངར་འབྱུངྃ་བའི་གནྃས། །མཚོ་སྐྱེས་རྒྱལ་བ་དགྱེས་པས་བཞུགས་གྱུར་ཅིག ༢ །དམ་པའི་ཡོན་ཏན་པདྨའི་དོ་ཤལ་གྱི། །དྲི་མེད་གསང་གསུམ་ལང་ཚོའི་རྒྱན་གྱུར་ནས། །མཁས་གྲུབ་རྒྱུ་སྐར་དབུས་ན་ཟླ་གཞོན་བཞིན། །པྃདྨྃ་སྃཾ་བྷྃ་དགྱེས་པས་རྟེན་འདིར་བཞུགས། ༣ །མཁྱེན་གཉིས་ཡེ་ཤེས་སྣང་བས་སྲིད་ཞིའི་མུན། །རབ་བསལ་གཟུངས་སྤོབས་གཏེར་བུམ་མི་ཟད་པས། །ཀུན་མཁྱེན་རྒྱལ་ཐབས་དབང་བསྒྱུར་འཇམ་པའི་དབྱངས། །བློྃ་ལྡནྃ་མཆོྃག་སྲེྃད་དམ་ཚིག་རྟེན་འདིར་བཞུགས། ༤ །སྐྱོན་བྲལ་པདྨའི་སྙིང་པོར་ཐུགས་རྗེའི་ཟིལ། །ཨོ་རྒྱན་ས་སྐྱོང་བསྐལ་བཟང་ཚལ་འཕོས་པས། །བཀའ་འདུས་ཐེག་མཆོག་རྒྱལ་ཐབས་དབང་བསྒྱུར་མཛད། །པྃདྨ་ྃརྒྱལྃ་པོྃའི་བྱིན་སྣང་འཕོ་མཛད་གསོལ། ༥ །རྡོ་རྗེའི་གནས་ཡུལ་ཀུན་གསལ་དོ་ར་རུ། །རྡོ་རྗེའི་བརྟུལ་ཞུགས་རྟ་ལྗང་གིས་དྲངས་པའི། །རྡོ་རྗེའི་ཡེ་ཤེས་ནང་གི་ཉིྃ་མྃ་ནི། །ངོ་མཚར་འོདྃ་ཟེརྃ་རྟེན་འདིར་བཞུགས་མཛོད་ཀྱཻ། ༦ །ཉི་མའི་གཉེན་གྱི་རྣམ་ཐར་མཚུངས་ཟླ་རུ། །བསླབ་གསུམ་ཆ་ཤས་རྫོགས་པའི་རི་དྭགས་ཅན། །ཐུབ་བསྟན་ཀུ་མུཏ་གཉེན་དུ་ཆས་པའི་མགོན། །ཤཱཀྱྃ་སེྃངྒེའིྃ་དགྱེས་ཞལ་འདིར་བཞུགས་གསོལ། ༧ །འཇིག་ཚོགས་ལྟ་བའི་ཝ་སྐྱེས་ཀླད་འགེམས་པའི། །འཇིག་མེད་གདོང་ལྔའི་ང་རོ་ཆེར་བསྒྲགས་པས། །འཇིགས་རྟེན་གསུམ་ཁྱབ་ཆོས་ཀྱིས་དབུགས་དབྱུང་མཛད། །འཇིགས་མེད་སེྃང་གེྃ་སྒྲ་སྒྲོགྃ་དགྱེས་བཞུགས་གསོལ། ༨ །དུག་ལྔའི་ཁོལ་པོར་འཕྱན་པའི་མི་སྲུན་འགྲོ། །མཐུ་སྟོབས་རྡོ་རྗེ་སྡེར་མོས་དབང་བསྡུས་ཏེ། །བཀའ་རྟགས་ཕྱག་རྒྱས་ཡང་དག་སར་སྦྱོར་བའི། །རྡྃ་ོརྗེྃ་གྲོྃ་ལོྃད་འདིར་བཞུགས་བྱིས་གྱིས་རློབས། ༈ ཧཱུྃ། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན། །ཨེ་ཀ་ཛཱ་ཊི་ལྷ་མོ་འདོད་ཁམས་མ། །པུ་ཊ་མིང་སྲིང་གནོད་སྦྱིན་ཕོ་མོ་སོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ༈ ཧཱུྃ། ལྷ་མཆོག་མ་ཧཱ་ཀཱ་ལ་གཉན་མགོན་ཆེ། །མཐུ་སྟོབས་དབང་ཕྱུག་དཔལ་ལྡན་ཞལ་བཞི་པ། །ཡུམ་ཆེན་སྲིང་མོ་བཞི་དང་སྤྲུལ་པར་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་གསོལ་བསྡུས་ཚན་གཉིས་སྲུང་མའི་དམ་ཚིག་རྗེས་སུ་དྲན་པས་མངྒ་ལས་བྲིས་པ་སརྦ་ཨརྠ་སིདྡྷི་ཧཱུྃ། ༈ སྟེང་ཆེའི་ཡུལ་ལྷའི་བསང་མཆོད་བཀྲ་ཤིས་ལྷ་ཡི་རྔ་སྒྲ་བཞུགས། ཨོཾ་སྭསྟི། དུས་ཚེས་དགེ་བའི་སྔ་ཆར་ཡུལ་ལྷའི་བསང་བྱ་བར་འདོད་པས། གཙང་མའི་གནས་སུ་སྟེགས་མཐོ་བར་སྣོད་གཙང་མར་གཏོར་མ་དཀར་དམར་ཇ་ཆང་འོ་མའི་གསེར་སྐྱེམས། ཤིང་རྩིའི་མེ་ལ་དར་ཟབ་འབྲུ་སྨན་རིན་ཆེན་ཕྱེ་མ་བསྲེགས་ཏེ་ཆབ་གཙང་གིས་བྲན་ལ། རང་ལྷའི་ང་རྒྱལ་ལ་གནས་པས་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས་ཏེ། ཀྱཻ། ཆོས་ཉིད་དག་པའི་རང་གདངས་མ་འགག་པས། །ཆོས་ཅན་རྟེན་འབྱུང་ཅིར་ཡང་འཆར་བའི་ཕྱིར། །ཡུལ་གྱི་དགེ་བཅུ་ཚང་བ་བལ་བོད་མཚམས། །སྦས་པའི་གནས་མཆོག་གངས་བྲག་གཡའ་སྤང་ན། །སྨན་ཤིང་མེ་ཏོག་རྣམ་བཀྲའི་སྟེང་གོས་ཅན། །སྤྲིན་དང་ན་བུན་ཉི་ཟླའི་འཛུམ་དཀར་སྤེལ། །དེ་རུ་གཏན་ཆགས་ཡུལ་ལྷ་སྨན་བཙུན་ཆེ། །ཕྱི་ལྟར་བོད་སྐྱོང་མ་གཅིག་གླང་བཟང་མ། །ནང་ལྟར་སྙིང་པོའི་རྣལ་འབྱོར་མ་བཞིའི་གཙོ། །གསང་བ་ལྷན་སྐྱེས་དབྱིངས་ཀྱི་ཌཱ་ཀི་ནི། །པདྨའི་བཀའ་ཉན་སྒྲུབ་མཆོག་རྣལ་འབྱོར་སྐྱོང༌། །གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་བྱ་ར་བ། །འབུམ་ཕྲག་མཁའ་འགྲོ་སྡེ་བརྒྱད་ཕོ་ཉ་བྲན། །རབ་འབྱམས་ཇི་སྙེད་མཆིས་པ་ཐམས་ཅད་དང༌། །ཁྲི་བཙན་རྒྱལ་སོགས་ཉིན་སྲིབ་རི་བྲག་མཚམས། །ནགས་ལ་གནས་པའི་ལྷ་སྲིན་གཙོ་དང་འཁོར། །དགྱེས་སྡེ་ཕོ་ཉའི་ཚོགས་དང་བཅས་ཀུན་ལ། །ཡིད་འོང་སྙན་པའི་ཚིག་དང་རོལ་མོའི་དབྱངས། །དར་གྱི་གཡབ་མོས་འབོད་བཞིན་དགྱེས་བྱོན་ལ། །རང་མཐུན་གདན་ལ་བག་ཕེབས་བཞུགས་ནས་ཀྱང༌། །དངོས་བཤམས་ཡིད་སྤྲུལ་ཐུགས་ལ་བཞེད་དགུའི་རྫས། །ཉེར་སྤྱོད་མཆོད་པ་དཀར་དམར་གཏོར་མའི་ཚོགས། །བཟའ་བཏུང་ཕུད་མཆོད་གཙང་སྦྱར་ཟད་མི་ཤེས། །རི་དྭགས་གནག་གནས་གཅན་གཟན་སྐྱེད་ཚལ་ཁང༌། །ནོར་བུའི་བ་གམ་རྒྱན་ཕྲེང་གདུགས་རྒྱལ་མཚན། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །བདུད་རྩིའི་རྫིང་དང་གཏེར་བུམ་འདོད་འཇོའི་བ། །སྲིད་ཞིའི་ཕུན་སུམ་ཚོགས་པའི་ཡོ་བྱད་ཀྱིས། །བསང་ངོ་མཆོད་དོ་བརྔན་ནོ་དགྱེས་པ་བསྐྱེད། །གནས་མགྲོན་དམ་ཚིག་མཐུན་པས་དགྱེས་བཞེས་ནས། །ཐུགས་འགལ་ནོངས་བཤགས་འཁོན་དང་ཉམས་ཆག་ཞི། །ཕན་ཚུན་ཡིད་གཅུགས་སེམས་ཀྱིས་དགྱེས་དགུར་སྐྱོངས། །མ་བུ་བཞིན་དུ་བརྩེ་བས་མཐུན་པར་འགྲོགས། །གློ་བུར་ལྷགས་པའི་འདྲེ་སྲིན་མ་ལུས་པར། །ཤ་ཁྲག་གསུར་གྱི་དུད་པས་ཚིམས་བྱས་ཏེ། །གཞན་སྲོག་མ་རྔམས་མ་བུའི་འདུ་ཤེས་བསྐྱེད། །བྱང་ཆུབ་སེམས་ཀྱི་སྦྱིན་པས་ཚིམས་གྱིས་ལ། །སྙིང་རྗེ་བདེན་པའི་ངག་རྟོན་འདི་ཕྱིར་བདེ། །བདག་ནི་རིག་འཛིན་པདྨའི་རྗེས་འཇུག་སྟེ། །ཁྱེད་རྣམས་ལྷ་འདྲེ་གཡར་དམ་གནས་པར་གྱིས། །གཉིས་ཀ་ཆོས་ཀྱི་དོན་བཞིན་སྤྱོད་པས་ན། །དགྱེས་བསྐངས་ཕྲིན་ལས་བཅོལ་བ་དོན་ཡོད་མཛོད། །རིས་མེད་ཐུབ་བསྟན་སྤྱི་དང་ཁྱད་པར་དུ། །སྔ་འགྱུར་བསྟན་དར་དཀོན་མཆོག་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་ཞབས་བརྟན་བཞེད་དོན་འགྲུབ། །དགེ་འདུན་སྡེ་རྒྱས་ཐུགས་མཐུན་བཤད་སྒྲུབ་དར། །འགྲོ་བའི་སྣང་བློ་དགེ་བའི་ཕྱོགས་སུ་སྒྱུར། །སྣོད་བཅུད་དཔལ་འཕེལ་མི་ཕྱུགས་བདེ་ཞིང་སྐྱིད། །ཆར་ཆུ་དུས་བབ་མཚོན་འཁྲུགས་ནད་མུག་ཞི། །ལོ་ཕྱུགས་ལེགས་ཤིང་དཀོན་མཆོག་མཆོད་ལ་བརྩོན། །ཐམས་ཅད་བྱང་ཆུབ་སེམས་ཀྱིས་རྒྱུད་གྲོལ་ནས། །བདེ་སྐྱིད་བཀྲ་ཤིས་དཔལ་གྱི་འབྱོར་བར་མཛོད། །བསང་གཞུང་གཞན་དང་མ་འབྲེལ་ན་ནོངས་བཤགས་གཤེགས་གསོལ་སོགས་སྤྱི་ལྟར་བྱའོ། །ཞེས་པའང་ཤར་ཁུམ་སྟེང་ཆེ་དགོན་གསང་སྔགས་ཆོས་གླིང་གི་མཆོག་སྤྲུལ་ངག་དབང་བསྟན་འཛིན་བཟང་པོའི་བཀའ་བཞིན། ནང་ཆོས་སློབ་གྲྭའི་འགོ་བྱེད་དང་འབྲེལ་ཁུལ་དེའི་མི་དམངས་ཡོངས་ལ་འབྲེལ་འཇོག་སླད་གནས་དེར་བསྐྱོད་པའི་སྐབས་ཆེད་བསྐུལ་གནང་བ་བཞིན། སྔ་འགྱུར་རྙིང་མའི་སྔགས་བཙུན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་བསྟན་དང་འགྲོ་བའི་དགེ་ལེགས་ཀྱི་དཔལ་ཡོན་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག ༈ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་སྐྱེ་འཆི་བགྲེས་རྒུད་བྲལ་བའི་འཆི་མེད་ཡེ་ཤེས་རྡོ་རྗེའི་ངོ་བོར་ནམ་མཁའ་ཇི་སྲིད་བཞུགས་པར་གསོལ་བའི་བརྡར་སྐུ་ཡི་རྟེན། ༈ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོག་པར་གསོལ་བའི་བརྡར། ༈ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཆེན་པོས་བདག་སོགས་གདུལ་བྱ་ལ་རྗེས་སུ་གཟིགས་པ་ནམ་ཡང་མི་ཡོལ་བར་གསོལ་བའི་བརྡར། ༈ ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་ཟག་མེད་ཆོས་ཁམས་རྒྱ་མཚོ་ལ་མངའ་དབང་འབྱོར་པས་རྒྱལ་བ་སྲས་དང་བཅས་པའི་རྣམ་ཐར་ཡོངས་སུ་རྫོགས་པའི་དཔལ་དུ་བཞུགས་པར་གསོལ་བའི་བརྡར། ༈ ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྟག་ཁྱབ་ལྷུན་གྱིས་གྲུབ་པས་སྲིད་པ་ཇི་སྲིད་བར་ཕན་བདེའི་མཛད་པ་རྒྱུན་མི་ཆད་པའི་ངོ་མཚར་གྱི་དཔལ་ལ་སྤྱོད་པར་གསོལ་བའི་བརྡར། ༈ །རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་སྟོབས་ཆེ། །སྙིགས་དུས་བསྟན་འགྲོའི་དཔལ་མགོན་ཨོ་རྒྱན་རྗེའི། །ཐུགས་རྗེའི་ནུས་སྟོབས་བྱིན་ཆེན་ཉིན་བྱེད་ཀྱིས། །བསྟན་འགྲོའི་རྒུད་པ་མཐའ་དག་ཞི་གྱུར་ཅིག ༡ །ཁྱད་པར་མཚོ་སྐྱེས་རྒྱལ་བའི་རིང་ལུགས་ཆེའི། །བསྟན་དང་དེ་འཛིན་རྒུད་པའི་དུས་བྱུང་ཚེ། །མགོན་གཅིག་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །ཡེ་ཤེས་དགོངས་པའི་ནུས་སྟོབས་རྩལ་སྤྲུགས་མཛོད། ༢ །པདྨ་འཇམ་པའི་རྡོ་རྗེས་བྱིན་བརླབས་ཤིང༌། །ལུང་རྟོགས་དཔལ་གྱི་ཡོན་ཏན་དུ་མས་མཛེས། །རྡོ་རྗེ་འཛིན་དབང་མཁན་ཆེན་ཞབས་བརྟན་ཅིང༌། །གསང་གསུམ་བར་ཆད་བྱད་ཕུར་ལས་རྒྱལ་མཛོད། ༣ །རྣམ་དཀར་སྟོབས་བྲི་ནག་ཕྱོགས་མགོ་འཕང་མཐོ། །བྱད་ཕུར་གདོན་བགེགས་རླུང་དམར་འཚུབས་པའི་ཚེ། །ཡེ་ཤེས་རྡོ་རྗེ་སྲུང་བའི་གུར་ཁང་ཆེ། །གཞོམ་མེད་ཕྱག་རྒྱས་སྲུངས་ཤིག་པདྨ་འབྱུང༌། ༤ །ཕ་གཅིག་བུ་ལ་ཐུགས་རྗེས་མ་བསྙེལ་བར། །འགལ་རྐྱེན་ཀུན་སྲུངས་མཐུན་རྐྱེན་རྩོལ་མེད་འབྱོར། །བསམ་དོན་ཆོས་བཞིན་འགྲུབ་པས་བསྟན་དང་འགྲོའི། །ཕན་བདེའི་དོན་ཀུན་རྒྱས་པར་བྱིན་རླབས་སྩོལ། །ཅེས་པའང་སྒྲུབ་བརྩོན་དམ་པ་ཕུན་ཚོགས་བཀྲ་ཤིས་ནས་ཆེད་དུ་བསྐུལ་བ་བཞིན་ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་བཟློག་སྐབས་སྔགས་བཙུན་བཀྲ་ཤིས་དཔལ་འབྱོར་གྱིས་ཨོ་རྒྱན་ཀུན་བཟང་ཆོས་གླིང་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ ཨོཾ་སྭ་སྟི། འཇམ་པའི་དབྱངས་སོགས་རྒྱལ་ཀུན་དགྱེས་པའི་ལམ། །ཟབ་རྒྱས་ཆོས་ཀྱི་སྣང་བ་སྤྲོ་མཛད་བཤེས། །རྡོ་རྗེའི་གསང་གསུམ་འཕོ་མེད་གཉུག་མའི་དབྱིངས། །རབ་འབྱམས་ཚེ་ལྷའི་ངོ་བོར་རྟག་བརྟན་ཤོག །ཅེས་གནས་དུས་རྟེན་འབྲེལ་དགེ་བའི་ཉིན་སྔགས་བཙུན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་ཏེ་སྙིང་ནས་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །དགེའོ། ༈ སྡོམ་གསུམ་གསེར་གྱི་ས་གཞི་འགྱུརྃ་མེྃད་བརྟན། །ཐོས་བསམ་སྒོམ་པའི་ཆུ་གཏེར་མི་ཟད་འཁྱིལ། །ཨོྃ་རྒྱནྃ་བླ་མའི་རིང་ལུགས་སྤང་ཀློག་རིའི། །ལེགས་མཛེས་བསྟན་འཛིན་དབྃང་ཕྱུགྃ་ཉིད་གྱུར་ཅིག །ཅེས་པའང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཆེད་དུ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:12, 1 June 2024
🚧 This website is under continued development. We appreciate your patience!
Wylie title | thor bu sna tshogs skor | |
---|---|---|
Location | dil mgo mkhyen brtse bka' 'bum Volume 23, Text 28, Pages 583-606 (Folios 1a1 to 12b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Thor bu sna tshogs skor. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 583-606. Delhi: Shechen Publications, 1994. | |
Genre |