DKR-KABUM-11-DA-027: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་གསུམ་སྤྱི་དང་བྱེ་བྲག་གི་དབང་བསྐུར་གྱི་ཕྲེང་བ་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན། | |||
|fulltitle=rdzogs pa chen po klong chen snying gi thig le'i rtsa gsum spyi dang bye brag gi dbang bskur gyi phreng ba bklag chog tu bkod pa zab gsang bdud rtsi'i sgo 'byed skal bzang kun dga'i rol ston | |||
|citation=[[Khyentse, Dilgo]]. ''Rdzogs pa chen po klong chen snying gi thig le'i rtsa gsum spyi dang bye brag gi dbang bskur gyi phreng ba bklag chog tu bkod pa zab gsang bdud rtsi'i sgo 'byed skal bzang kun dga'i rol ston''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 11: 158-325. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer='jigs med gling pa | |||
|sourcerevealertib=འཇིགས་མེད་གླིང་པ་ | |||
|tibgenre=Empowerment Ritual - dbang chog - dbang skur | |||
|terma=Yes | |||
|dkroutline=Four | |||
|cycle=klong chen snying gi thig le | |||
|cycletib=ཀློང་ཆེན་སྙིང་གི་ཐིག་ལེ་ | |||
|language=Tibetan | |language=Tibetan | ||
| | |volumenumber=011 | ||
| | |volnumtib=༡༡ | ||
|volyigtib=ད་ | |||
|totalvolumes=25 | |||
|textnuminvol=027 | |textnuminvol=027 | ||
|pagenumbers=158-325 | |||
|totalpages=336 | |||
|beginfolioline=1a | |||
|endfolioline=168b3 | |||
|totalfolios=168 | |||
|multivolumework=No | |||
|rectonotes=dbang khrigs | |||
|versonotes=klong chen snying htig | |||
|colophontib=།དེ་ལྟར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྐོར་གྱི་དབང་འདི་དག་ལ་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལས། དེའང་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་དག་ལ་ནི་ཡི་གེ་འདི་ཙམ་གྱིས་མཚོན་ལ། གཞན་དུ་ལྷོངས་སུ་མ་གྱུར་པའི་གང་ཟག་རྣམས་ལ་ནི་མདོ་སྔགས་ཀྱི་ལམ་སྤྱི་དང་བྱེ་བྲག་དབང་གི་སྒྲོམ་ནས་ཁོང་དུ་ཆུད་པའི་སྐལ་པ་ཅན་ཉུང་བས་རང་དང་སློབ་མའི་དངོས་གྲུབ་ཀྱི་གེགས་སུ་འགྱུར་ཕྱིར་མདོ་སྒྱུ་སེམས་གསུམ་གྱི་རྒྱུད་སྡེའི་གནད་ལ་ངེས་པ་རྙེད་པར་མ་ནུས་ཀྱང༌། ཁོ་བོས་བྱས་པའི་གྲོལ་ཏིག་གི་དབང་ཆོག་མཁྱེན་བརྩེའི་དགོངས་རྒྱན་ལས་སྤྱི་དོན་ཤེས་པར་བྱ་བ་ཁོ་ནའོ། །ཞེས་རྗེས་སུ་བརྩེ་བས་བཀའ་བསྩལ་པ་བཞིན་ལགས་ཀྱང་རང་བཞིན་བརྒྱད་ལྡན་གྱི་དྲི་ཙམ་ཡང་མི་བྲོ་བ་བདག་ལྟ་བུ་ལས་ངན་གྱིས་དབང་བསྐུར་བྱེད་པའི་སློབ་དཔོན་བྱ་བའི་དུས་ཀྱི་མཐར་སླེབས་པའི་ཚེ། ཌཱ་ཀིའི་ཞལ་རླངས་འཐུལ་ཞིང་གསེར་ཞུན་མ་ལྟ་བུའི་ཟབ་ཆོས་འདི་དག་ལ་གཟུ་ལུམ་གྱིས་སྤྱོད་པའི་ཉེས་པས་རང་གཞན་ལ་ཕན་པ་ལས་གནོད་ཚབས་ཆེ་བ་འབྱུང་བར་རིག་ནས་གཏེར་གཞུང་རྡོ་རྗེའི་ཚིག་རྐང་ཧ་ཅང་བསྡུས་དྲགས། ཆོས་ཀྱི་སྤྱན་ལྡན་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་ཡིད་རྟོན་འོས་དག་དཔེ་ཐོབ་པའི་སྐལ་བ་མ་བྱུང་བས་འདི་ལྟ་བུ་ཞིག་མི་བྲི་ཀ་མེད་དུ་གྱུར་པ་སྟེ། སྔར་མདོ་ཁམས་སུ་རང་གནས་ལ་འཁོད་པའི་སྐབས་ཀུན་མཁྱེན་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཡང་གསང་བླ་མའི་སྒྲུབ་ཐབས་ཐིག་ལེའི་རྒྱ་ཅན་དང༌། ཡུམ་ཀའི་ནང་སྒྲུབ་བདེ་ཆེན་གཏེར་བུམ་གྱི་དབང༌། ཁྲག་འཐུང་རིགས་བཞིའི་སྒོས་དབང་རྣམས་བཀླག་ཆོག་ཏུ་བྲི་དགོས་པར་རྟེན་དང་བཅས་ཆེད་དུ་བཀའ་བསྩལ་ཞིང༌། ཁྲག་འཐུང་རིགས་བཞིའི་དབང་གི་སྤྱི་ཆིངས་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོས་མཛད་པ་བཅས་གནང་བ་བཞིན་བྲིས་ཏེ་སྤྱན་བསྟར་ཞུས་པས་དགྱེས་པའི་དབྱུག་དབྱུང་ཐོབ་ནའང་དེ་དག་ཀྱང་དཔེ་བརླག་པས་ཡིད་ཡུལ་དུ་གང་མཆིས་ལ་ཞིབ་དཔྱོད་དང༌། གཙོ་བོ་སྙིང་ཐིག་རང་གཞུང་དང་གྲོལ་ཏིག་དབང་ཆེན་རྣམས་གོ་བསྡུར་གྱིས་དོན་ཚང་འཇུག་བདེའི་ཁུལ་དུ་བྲིས་པ་འདི་ཡང་སྔ་འགྱུར་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་མཁྱེན་དཔྱོད་ཀྱི་ཆོས་སྤྱན་ཡངས་པ་རྡོ་རྗེའི་མཆེད་པོ་དར་ཐང་སྤྲུལ་པའི་སྐུ་ཀུན་དགའམ། མཚན་གཞན་ཡེ་ཤེས་རྡོ་རྗེར་གྲགས་པས་རིང་མོ་ནས་བསྐུལ་བ་བཞིན་སྙིགས་མའི་སྔགས་བན་ཧྲུལ་པོ་འཁོས་ཆུང་གྱི་ན་བ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རབ་གསལ་ཟླ་བར་འབོད་པའི་རྒྱལ་ཁམས་པ་དེས་རབ་བྱུང་བཅུ་དྲུག་པའི་བྱེ་བྲག་ཟིལ་གནོན་ཞེས་པ་མེ་རྟ་ལོའི་ས་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུ། ཐེག་མཆོག་ཆོས་ཀྱི་རྒྱལ་རྔ་སྒྲོགས་པའི་འཇིགས་བྲལ་གྱི་པཎྜི་ཏ་ཆེན་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་དུས་ཀྱི་མཆོད་པའི་ཉིན་དབུ་བརྩམས་ཏེ་རིམ་གྱིས་རྫོགས་པར་བྱས་པའི་གནས་རང་བྱུང་པདྨའི་སྒྲུབ་གནས་སྤ་གྲོ་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་རྡོ་རྗེའི་ཀེའུ་ཚང་དང་འདབས་འབྱོར་ཞིང༌། ཆོས་རྒྱལ་བྱང་ཆུབ་སེམས་དཔའ་སྲོང་བཙན་སྒམ་པོའི་སྐུའི་རིང་ལ་བཞེངས་པའི་མཐའ་འདུལ་གྱི་གཙུག་ལག་ཁང༌། བོད་ཡུལ་ཕན་བདེའི་བཙས་གྱུར་གྱི་ས་གནད། ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་འབྲུག་སྤ་གྲོ་སྐྱེར་ཆུའི་ལྷ་ཁང་དུ་སངས་རྒྱས་གཉིས་པ་མཁན་སློབ་ཆོས་གསུམ་གྱི་སྣང་བརྙན་གསར་བསྐྲུན་གྱི་ཞབས་ཏོག་བགྱིས་པའི་སྐབས་གསེང་རྣམས་སུ་བྲིས་ཤིང༌། སྙིང་པོའི་བསྟན་དང་བསྟན་འཛིན་ལ་དད་མོས་མཆོག་ཏུ་གྱུར་པ་བླ་མ་ཀུན་བཟང་རིག་འཛིན་རྡོ་རྗེས་ཀྱང་བསྐུལ་བ་བཞིན་སླར་ཡང་ཞིབ་དཔྱོད་དང་བཅས་ཡི་གེ་གཉིས་པར་འདུ་བར་མཛད་པ་པོ་ངེས་དོན་སྙིང་པོའི་རྣལ་འབྱོར་དབྱིངས་རིག་བྱང་ཆུབ་དབང་པོས་མཛད་པ་འདིས་ཀྱང༌། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླང་ནས་འབྲེལ་ཚད་ཀུན་བཟང་གདོད་མའི་གྲོལ་གཞིར་དབུགས་དབྱུང་ཞིང་གྲོལ་བ་དྲུག་ལྡན་གྱི་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བའི་རྒྱུ་ཁོ་ནར་གྱུར་ཅིག། | |||
|colophonwylie=/de ltar rdzogs pa chen po klong chen snying gi thig le'i chos skor gyi dbang 'di dag la dbang gi spyi don snying po don gsal las/_de'ang rang bzhin brgyad ldan gyi rdo rje slob dpon dag la ni yi ge 'di tsam gyis mtshon la/_gzhan du lhongs su ma gyur pa'i gang zag rnams la ni mdo sngags kyi lam spyi dang bye brag dbang gi sgrom nas khong du chud pa'i skal pa can nyung bas rang dang slob ma'i dngos grub kyi gegs su 'gyur phyir mdo sgyu sems gsum gyi rgyud sde'i gnad la nges pa rnyed par ma nus kyang*/_kho bos byas pa'i grol tig gi dbang chog mkhyen brtse'i dgongs rgyan las spyi don shes par bya ba kho na'o/_/zhes rjes su brtse bas bka' bstsal pa bzhin lags kyang rang bzhin brgyad ldan gyi dri tsam yang mi bro ba bdag lta bu las ngan gyis dbang bskur byed pa'i slob dpon bya ba'i dus kyi mthar slebs pa'i tshe/_DA ki'i zhal rlangs 'thul zhing gser zhun ma lta bu'i zab chos 'di dag la gzu lum gyis spyod pa'i nyes pas rang gzhan la phan pa las gnod tshabs che ba 'byung bar rig nas gter gzhung rdo rje'i tshig rkang ha cang bsdus drags/_chos kyi spyan ldan mkhas grub gong ma rnams kyi gsung yid rton 'os dag dpe thob pa'i skal ba ma byung bas 'di lta bu zhig mi bri ka med du gyur pa ste/_sngar mdo khams su rang gnas la 'khod pa'i skabs kun mkhyen 'jam pa'i dbyangs chos kyi blo gros rin po ches yang gsang bla ma'i sgrub thabs thig le'i rgya can dang*/_yum ka'i nang sgrub bde chen gter bum gyi dbang*/_khrag 'thung rigs bzhi'i sgos dbang rnams bklag chog tu bri dgos par rten dang bcas ched du bka' bstsal zhing*/_khrag 'thung rigs bzhi'i dbang gi spyi chings thams cad mkhyen gzigs mkhyen brtse'i dbang pos mdzad pa bcas gnang ba bzhin bris te spyan bstar zhus pas dgyes pa'i dbyug dbyung thob na'ang de dag kyang dpe brlag pas yid yul du gang mchis la zhib dpyod dang*/_gtso bo snying thig rang gzhung dang grol tig dbang chen rnams go bsdur gyis don tshang 'jug bde'i khul du bris pa 'di yang snga 'gyur rdo rje snying po'i ring lugs la rgyu mtshan shes pa'i mkhyen dpyod kyi chos spyan yangs pa rdo rje'i mched po dar thang sprul pa'i sku kun dga'am/_mtshan gzhan ye shes rdo rjer grags pas ring mo nas bskul ba bzhin snyigs ma'i sngags ban hrul po 'khos chung gyi na ba 'jigs med mkhyen brtse'i 'od zer rab gsal zla bar 'bod pa'i rgyal khams pa des rab byung bcu drug pa'i bye brag zil gnon zhes pa me rta lo'i sa zla'i dmar phyogs kyi tshes bcu/_theg mchog chos kyi rgyal rnga sgrogs pa'i 'jigs bral gyi paN+Di ta chen po mi pham 'jam dbyangs rnam rgyal rgya mtsho'i dus kyi mchod pa'i nyin dbu brtsams te rim gyis rdzogs par byas pa'i gnas rang byung pad+ma'i sgrub gnas spa gro stag tshang seng ge bsam grub kyi rdo rje'i ke'u tshang dang 'dabs 'byor zhing*/_chos rgyal byang chub sems dpa' srong btsan sgam po'i sku'i ring la bzhengs pa'i mtha' 'dul gyi gtsug lag khang*/_bod yul phan bde'i btsas gyur gyi sa gnad/_lho ljongs chos kyi rgyal khab 'brug spa gro skyer chu'i lha khang du sangs rgyas gnyis pa mkhan slob chos gsum gyi snang brnyan gsar bskrun gyi zhabs tog bgyis pa'i skabs gseng rnams su bris shing*/_snying po'i bstan dang bstan 'dzin la dad mos mchog tu gyur pa bla ma kun bzang rig 'dzin rdo rjes kyang bskul ba bzhin slar yang zhib dpyod dang bcas yi ge gnyis par 'du bar mdzad pa po nges don snying po'i rnal 'byor dbyings rig byang chub dbang pos mdzad pa 'dis kyang*/_'od gsal rdo rje snying po'i bstan pa gzhir bzhengs su bslang nas 'brel tshad kun bzang gdod ma'i grol gzhir dbugs dbyung zhing grol ba drug ldan gyi phrin las rtag khyab lhun grub tu 'byung ba'i rgyu kho nar gyur cig/_ | |||
|pdflink=File:DKR-KABUM-11-DA-027.pdf | |pdflink=File:DKR-KABUM-11-DA-027.pdf | ||
}} | }} | ||
Line 17: | Line 39: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་གསུམ་སྤྱི་དང་བྱེ་བྲག་གི་དབང་བསྐུར་གྱི་ཕྲེང་བ་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན་ཞེས་བྱ་བ་བཞུགས་སོ། །། | {{TibP|༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་གསུམ་སྤྱི་དང་བྱེ་བྲག་གི་དབང་བསྐུར་གྱི་ཕྲེང་བ་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན་ཞེས་བྱ་བ་བཞུགས་སོ། །། | ||
<br> | |||
༄༅། །གུ་རུ་ཏྲི་མཱུ་ལ་བྷྱཿན་མ་མི། བྱིན་རླབས་བདུད་རྩིའི་སྤྲིན་གྱིས་རབ་སྒེག་སྐུ་གསུམ་སྟོན་མཆོག་པདྨ་སྐྱེས། །གྲུབ་གཉིས་འདོད་རྒུའི་ཆར་བཟང་རྟག་འཇོ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །བདེ་སྟོང་གློག་གི་རྩེ་གར་དང་བཅས་ཕྲིན་ལས་རབ་མྱུར་མཁའ་འགྲོའི་ཚོགས། །མི་ཕྱེད་དད་བརྒྱའི་མཁའ་ལ་རྟག་བཞུགས་བྱང་ཆུབ་བར་དུ་རྗེས་འཛིན་མཛོད། །གསང་བ་ཟབ་མོའི་དགོངས་དོན་མ་ཉམས་ཤིང༌། །མཁས་གྲུབ་ཚད་མའི་ཕྱག་བཞེས་ཀྱིས་བརྒྱན་པ། །མཆོག་གསང་རྡོ་རྗེ་བཞི་ཡི་འཁོར་ལོ་རུ། །སྨིན་བྱེད་ཐབས་ཚུལ་སྐལ་བཟང་དགའ་སྟོན་སྤེལ། །འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐེག་ལེའི་རྩ་གསུམ་བཀའ་སྲུང་དང་བཅས་པའི་དབང་གི་ཕྱག་བཞེས་འདུས་གསལ་དུ་འགོད་པ་ལ། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ལས། གསང་ཆེན་རྡོ་རྗེ་ཐེག་པ་ནི༔ འཇུག་སྒོ་དབང་ལ་དམ་ཚིག་སྲོག༔ རང་བཞིན་གནས་ལུགས་བརྗོད་བྲལ་ཏེ༔ ཞེས་གསུངས་པ་ལྟར་སྔགས་ལམ་ལ་ཐོག་མར་འཇུག་པའི་སྒོ་འབྱེད་མེད་དུ་མི་རུང་བ་འཆད་བྱ་དབང་གི་རྣལ་འབྱོར་ཏེ། དབང་སྐུར་བྱེད་པ་པོ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ། ལྷ་དང༌། བདག་དང༌། གསང་སྔགས་དང༌། བཟླས་བརྗོད་དང༌། འཕྲོ་འདུའི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔ་ལ་རང་བྱན་ཚུད་པའི་ནུས་པ་རྙེད་པས་སློབ་མའི་རྒྱུད་བྱིན་གྱིས་རློབ་ནུས་པ་བདག་པོའི་རྐྱེན། བྱ་བའི་ལས་བཅུད་བཟང་པོ་བླུག་པ་ལ་སྣོད་གཙང་མ་བྱ་བ་བཞིན་རྒྱུ་ཡི་རྐྱེན་དད་བརྩོན་ཤེས་རབ་ཀྱི་སྣོད་དང་ལྡན་པའི་སློབ་མ་ལ། སའི་ཆོ་ག་སྔོན་དུ་འགྲོ་བས་ལྷ་དང༌། བུམ་པ་དང༌། སློབ་མ་ལྷག་པར་གནས་པ། ཐིག་ཚོན་རྒྱན་བཀོད་དཀྱིལ་འཁོར་སྒྲུབ་ཅིང་མཆོད་དེ་བདག་ཉིད་འཇུག་པའམ། རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་པ་བཅས་བྱས་ནས་ཕྱི་མཚན་མ་དང༌། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པས་རྒྱུད་སྦྱང་བ་ལ། བྱེད་པ་བུམ་པ་བདུད་རྩི་ཕྱག་རྒྱ་བརྡ་ཚིག་སོགས་ལྷན་ཅིག་བྱེད་པ་རྒྱུ་ཡི་རྫས་དང༌། སྔགས་དང་ཏིང་ངེ་འཛིན་གསུམ་ཚོགས་པའི་ཆོ་ག་ཁྱད་པར་ཅན་གྱིས་རབ་ཏུ་གནས་པའམ། རབ་གནས་ཀྱི་བྱ་བ་ཟིན་པའི་བྱིན་རླབས་དང་ནུས་པའི་ཁྱད་པར་དང་ལྡན་པ་དམིགས་པའི་རྐྱེན་གྱིས་དབང་བསྐུར་བས། བྱ་བ་ཤིན་ཏུ་རྟོགས་པར་དཀའ་བ་དག་མཉམ་བདེན་པ་དབྱེར་མེད་གཞི་ཡི་དཀྱིལ་འཁོར་ཡེ་ནས་རང་ལ་གནས་པའི་ཆོས་ཉིད་ཀྱིས་ཁྱབ་པའི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་མཚུངས་ལྡན་དུ་གནས་པའི་རྒྱུ་གདོད་ནས་གདན་གསུམ་ཚང་བའི་ལྷའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་དག་པ་ཉིད་ངོ་འཕྲོད་པར་བྱས་པ་ལས་རང་སྐལ་གྱི་སྦྱང་བྱ་གློ་བུར་གྱི་དྲི་མ་ཅི་རིགས་དག་པའི་ཉམས་སད་པར་བྱས་ཤིང༌། ཕར་ཕྱིན་དང་རྒྱུད་སྡེ་འོག་མར་མ་གྲགས་པའི་དབང་དང་ཆོ་ག་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བས་ན་སྔ་མ་སྔ་མ་དེ་མ་ཐག་པའི་རྐྱེན་ཏེ། དེ་ལྟར་རྒྱུ་གཉིས་དང་རྐྱེན་བཞི་སྟེ་དྲུག་ཚོགས་པའི་མཐུ་ལས། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་ཅི་རིགས་གསོས་ཐེབས་པའི་མཐུས་ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ། ཆུ་ལུད་དྲོད་གཤེར་འཛོམ་པ་ལ་ས་བོན་ཐེབས་པ་ལྟར་ཡེ་ཤེས་བཙན་ཐབས་སུ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱས་པས་རྒྱུད་འགྱུར་བའི་ཁྱད་པར་ནི་ཐོབ་པ་སྟེ། དེ་དག་ཀྱང་ཆོས་ཉིད་བདེ་བ་ཆེན་པོ་དང་ཆོས་ཅན་རྟེན་འབྲེལ་བསླུ་མེད་ཀྱི་སྟོབས་བསམ་གྱིས་མི་ཁྱབ་པ་དང༌། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའི་མཐུ་བསམ་གྱིས་མི་ཁྱབ་པ་དང༌། ཐབས་ལ་མཁས་པ་གསང་སྔགས་ཀྱི་སྤྱོད་པ་ཁྱད་པར་ཅན་སྔགས་དང་ཕྱག་རྒྱའི་ནུས་པ་བསམ་གྱིས་མི་ཁྱབ་པ་ལས་བྱུང་བས་ན། རྡོ་རྗེ་བཞིའི་ཡེ་ཤེས་ལ་གོ་མྱོང་རྟོགས་པ་ཅི་རིགས་སྐྱེས་པ་དེ་ཉིད་གོང་ནས་གོང་དུ་སྤེལ་བའི་ལམ་ལ་ཚུལ་བཞིན་འབད་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ནུས་ལ། ཚེ་འདིར་ལམ་ལ་ཆེད་དུ་མ་འབད་ཀྱང་དམ་ཚིག་མ་ཉམས་ན་རིང་པོར་མི་ཐོགས་པར་འཚང་རྒྱ་ནུས་པར་གསུངས་པས། མཐར་འབྲས་བུ་སངས་རྒྱས་སྐུ་བཞིའི་གོ་འཕང་བདེ་མྱུར་དུ་ཐོབ་བྱེད་སྔགས་ལམ་གྱི་རྩ་བ་དབང་ལ་རག་ལས་པས་ཤིན་ཏུ་གནད་ཟབ་པའི་མཐར་ཐུག་རྡོ་རྗེ་ཐེག་པའི་ལམ་གྱི་ཐོག་མའི་འཇུག་སྒོ་གཅིག་པུར་གྱུར་པ་སྟེ། དེ་དག་གི་རྣམ་གཞག་ཤེས་པ་ནི་ཤིན་ཏུ་གལ་ཆེ་བས་ན་དཔལ་སྒྱུ་འཕྲུལ་དྲྭ་བ་རྩ་རྒྱུད་གསང་བ་སྙིང་པོའི་མན་ངག་གི་དགོངས་པ་ལྟར་བཀྲལ་བ་ལེགས་བཤད་ཕྱོགས་བཅུའི་མུན་སེལ། སྤྱི་དོན་རྣམ་པ་གཉིས་དང༌། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་པའི་རྩ་འགྲེལ་གྱི་གཞུང་ལ་བརྟེན་ནས་གཏན་ལ་དབབ་པར་བྱ་དགོས་ལ། སྐབས་འདིར་འཆད་བྱའི་གཙོ་བོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པ་ཉིད་ཀྱིས་ཤིང་རྟའི་ལམ་སྲོལ་གསར་དུ་ཕྱེ་བའི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡོངས་རྫོགས་ཉམས་ལེན་གྱི་ལུས་གཅིག་ལ་རྫོགས་ཤིང་མཐར་ཐུག་གཏན་ལ་དབབ་བྱ་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོ་ཐེག་མཆོག་རྫོགས་པ་ཆེན་པོ་ཐུན་མིན་མན་ངག་སྡེའི་ཟབ་དོན་ཐང་མར་བརྡལ་བས་བཀའ་གཏེར་དག་སྣང་གི་ཆོས་ཚུལ་རྒྱ་མཚོའི་སྲོག་སྙིང་གཅིག་པུར་གྲུབ་པ་ལ། རྒྱ་ཆེ་བ་རྒྱུད་སྡེའི་དགོངས་པ་གཙོ་བོར་བཏོན་པ་རྒྱུད་ལུགས་ཕུར་པ་རྒྱལ་པོའི་ལུགས་དང༌། ཟབ་པ་ཀློང་ཆེན་དགོངས་པའི་གསང་མཛོད་ལས་བྱོན་པའི་ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་གསུམ་ཆོས་སྲུང་དང་བཅས་པའི་སྨིན་གྲོལ་ཡོངས་རྫོགས་སྒྲུབ་སྡེའི་རིང་ལུགས་ཅན་དུ་བཞུགས་པ་ལས་སྐབས་འདིར་འཆད་བྱ་ཕྱི་མ་ཉིད་ཡིན་ལ། འདི་ཉིད་ཁོ་ན་ལའང་སྒྲུབ་བྱའི་ལྷའི་སྒོ་ནས་དབྱེ་ན། བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་འདུས་པ། བླ་མ་དྲག་པོ་རྟ་ཁྱུང་འབར་བ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་བཀའ་བརྒྱད་དཔལ་ཆེན་འདུས་པ། དེའི་ཡན་ལག་གཤིན་རྗེ་འཆི་བདག་ཟིལ་གནོན། རྟ་མགྲིན་ཁམས་གསུམ་རོལ་པ། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་པ་བདུད་དཔུང་ཟིལ་གནོན་ཏེ་ཁྲག་འཐུང་རིགས་བཞི། གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ། ཁྲོ་བོ་རྟ་མགྲིན། ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན། ཞི་ཁྲོ་ཁྲོམ་དཀྲུགས་ངན་སོང་སྦྱོང་བ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཡུམ་ཀ་བདེ་ཆེན་རྒྱལ་མོ། དེའི་ནང་སྒྲུབ་སྒྲོལ་མ་ཉེར་གཅིག །གསང་སྒྲུབ་མཁའ་འགྲོ་སེང་གདོང༌། བཀའ་སྲུང་མ་མགོན་ལྕམ་དྲལ། ཚེ་རིང་མ་བཅས་དང༌། སྒྲུབ་བྱེད་ཐབས་ཀྱི་གསེང་ལམ་ནང་རྒྱུད་ཡོ་ག་གསུམ་གྱི་དགོངས་པ་དང་འབྲེལ་བས། སྒྱུ་འཕྲུལ་དྲྭ་བ་མ་ཧཱའི་དགོངས་པ་དང་འབྲེལ་བའི་དཔལ་ཆེན་རྩ་བ་ཡན་ལག །ཨ་ནུའི་མདོ་ལུང་གི་སྙིང་པོ་རིགས་བརྒྱ་དང་རིག་འཛིན། ཨ་ཏིའི་དགོངས་དོན་གྱི་བསྐྱེད་རྫོགས་ཡུམ་ཀ་དང༌། ཡང་གསང་བླ་སྒྲུབ་ཀྱིས་མཚོན་པའི་དབྱེ་བསྡུའི་གོ་རིམ་དང་རྣམ་གཞག་དུ་མ་ཡོད་ཀྱང༌། སྐབས་འདིར་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལས། འདིར་དང་པོ་སྨིན་བྱེད་གདན་གསུམ་ཚང་བའི་དཀྱིལ་འཁོར་ཞི་ཁྲོ་ལ་བརྟེན་པ་ཡིན་པས། ཅེས་གསུངས་པ་ལྟར་ཐུན་མོང་གི་སློབ་མ་ལ་སྟ་གོན་དང་ཕྱི་ནང་གི་འཇུག་པ་ཕན་ནུས་ཟབ་མོའི་དབང་གི་ཆོ་ག་རྒྱས་པ། རྒྱུ་སྨིན་བྱེད་ཀྱིས་སྒོ་འབྱེད་དགོས་པའི་ཕྱིར་རྒྱུད་སྡེའི་དགོངས་པ་དང་འབྲེལ་ཆེ་བ་ཞི་ཁྲོ་ངན་སོང་སྦྱོང་བའི་དབང་གི་རིམ་པ་ཐོག་མར་འགོད་པ་ལ། གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། མདོར་ན་དབང་གི་སྔོན་འགྲོ་རྗེས། །སྒྲུབ་ཆེན་བསྙེན་སྒྲུབ་ཁོག་དབུབ་ལ། །ལས་ལ་དབང་གིས་སྦྱོར་བ་སྟེ། །ཞེས་པ་ལྟར་སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་ལ་གསུམ། ལྷ། བུམ་པ། སློབ་མ་ལྷག་གནས་སོ། །དང་པོ་ལའང་ས་སློང་བ་དང་ལྷ་སྟ་གོན་དངོས་གཉིས་ལས། དང་པོ་ནི། སྤྱིར་ཀུན་མཁྱེན་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཉིད་ཀྱིས་ཕུར་པ་རྒྱུད་ལུགས་དང༌། གྲོལ་ཐིག་དབང་ཆོག་སོགས་སུ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང༌། བསྙེན་སྒྲུབ་ཡན་ལག་བཞིས་ཁོག་དབུབ། རྗེས་རང་གཞན་སྨིན་གྲོལ་ལ་སྦྱོར་ཚུལ་གྱི་རྣམ་གཞག་ཞིབ་མོ་ལྟར་གསུངས་ཀྱང༌། སྐབས་འདིར་དེང་དུས་ཀྱི་ཕྱག་བཞེས་དཀྱུས་ལྟར་འཆད་པ་ལ། རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་གསང་བའི་དཀྱིལ་འཁོར་འདི་ཉིད་ཀྱི་བསྙེན་སྒྲུབ་མཐར་སོན་པས། སྣོད་ཀྱི་སྐལ་པ་བཟང་པོས་ཟབ་མོའི་བཅུད་འཛིན་ནུས་པའི་སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་སྨིན་པར་བྱ་བའི་ཕྱིར་བཀྲ་ཤིས་བྱིན་ཆགས་པ་མཚན་ཉིད་དང་ལྡན་པའི་གནས་སུ། གཟའ་སྐར་ཚེས་གྲངས་དགེ་ཞིང་ཤིས་པ་ལ་གཞུང་མཐུན་གྱི་རྟེན་དང་རྒྱན་གྱི་ཡོ་བྱད་དུ་མས་སྤྲས་པའི་གུང་དུ་བདག་བསྐྱེད་ཞི་ཁྲོའི་གཏོར་མ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་དང༌། དཀྱིལ་འཁོར་གང་དུ་བྱ་བར་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་རིན་པོ་ཆེའི་མཎྜལ་དྲིའི་ཐིག་ལེ་བཀོད་པ་ལ་མེ་ཏོག་གམ་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་བཞི། དེ་རྒྱབ་བརྒྱད། དེ་རྒྱབ་བཅུ་དྲུག །དེ་རྒྱབ་སུམ་ཅུ་རྩ་གཉིས། དེ་རྒྱབ་བཞི་བཅུ་རྣམས་རིམ་གྱིས་ཇེ་ཆུང་དུ་བཀོད། ཆུ་གཉིས་ཉེར་སྤྱོད་དང་བཅས་པས་བསྐོར། དེའི་མདུན་དུ་སྟེགས་ཅུང་དམའ་བར་མཎྜལ་ལ་བ་བྱུང་དང་དྲིས་བྱུགས་པར་མེ་ཏོག་གི་ཚོམ་བུ་དང༌། མདུན་དུ་ཆུ་གཅིག་སྔོན་འགྲོའི་མཆོད་པ་ལྔ་ས་ལྷ་དང༌། གཉུག་མར་གནས་པ་ལ་དཀར་གཏོར་གསེར་སྐྱེམས་བཅས་བཤམས། གཞན་ཉེར་མཁོའི་ཡོ་བྱད་ཚོགས་པར་བྱས་ལ། ཞི་ཁྲོ་རང་གཞུང་གི་སྐྱབས་སེམས་ནས་བརྩམས་བདག་བསྐྱེད་ཚང་བར་བཏང༌། རྣམ་སྣང་ཐུགས་ཀྱི་དཀྱིལ་འཁོར་སོགས་ཞི་བ་དང༌། བདག་ཉིད་རྣམ་སྣང་གསལ་བའི་ལྗགས། །རྡོ་རྗེ་རྩེ་གསུམ་དམར་པོ་ཡི་སོགས་ཀྱིས་ཁྲོ་བོ་བཅས་ཅུང་ཟད་བཟླ། ལས་སྦྱོར་རྩ་རིག་སྐབས་འདིར་མ་སྦྱར་ཡང་རུང་སྙམ། ས་ལྷའི་གཏོར་མ་བསང་སྦྱངས། ཨོཾ་ཨཱཿཧཱུྃ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། བསྡུ་རྒྱ་སེ་གོལ་གཏོགས་པ་དང་བཅས། པྲི་ཐཱི་དེ་ཝི་ས་མཱ་ཛཿ ཞེས་བརྗོད་པས། སའི་ལྷ་མོ་སེར་མོ་བུམ་པ་འཛིན་པ་དོ་ཤལ་དང་རྐང་གདུབ་ཀྱི་སྒྲ་སྒྲོགས་པ་ས་བདག་གིས་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཨོཾ་པྲི་ཐཱི་དེ་ཝི་ཨརྒྷཾ་པུཥྤེ་སོགས་ནས། ཤབྡ་པཱུ་ཛ་ཧོཿས་མཆོད། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །བདག་རྡོ་རྗེ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ས་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེངས་ཀྱི། སའི་ཕྱོགས་འདི་བདག་ལ་གནང་བར་མཛོད་ཅིག །ཅེས་བརྗོད་པས། དེས་ཀྱང་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་བྱོས་ཤིག །ཅེས་གནང་བ་བྱིན་པར་བསམ། གཉུག་མར་གནས་པ་ལ། ཨ་ཀཱ་རོ་མུ་སོགས་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་བསྩལ་དུ་གསོལ། །ཞེས་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱང་བརྗོད། བཛྲ་མུས་མགྲོན་རྣམས་རང་གནས་སུ་བཏང༌། ཨོཾ་མེ་དི་ནི་བཛྲ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ་ཀྱིས་རྡོ་རྗེའི་གཞིར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ་ཀྱིས་བསྲུང་བར་བྱས་པས་སྒྲུབ་ཁང་རྙིང་པ་དང་རས་བྲིས་ལ་བརྟེན་པས་རུང་ཞིང༌། རྡུལ་ཚོན་ལ་སྦྱང་བ་བཅས་དགོས་པར་གསུངས། དེ་དག་གིས་ས་སློང་གི་དོན་ཚང་བའོ། །དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་པ་ཡིན་ན་སྐབས་འདིར་ཐིག་ལས་འབྱུང་ཡང་དེང་སང་རས་བྲིས་ལ་བརྟེན་པ་མང་བས་མ་སྤྲོས་སོ། །གཉིས་པ་ལྷ་སྟ་གོན་དངོས་ནི། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨརྒྷཾ་པདྱཾ་སོགས། ཤབྡ་ཨཱཿཧཱུྃ། ཡོངས་སུ་གྱུར་པ་ལས་ཕྱི་ནང་གི་མཆོད་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་གང་བར་གྱུར། སྨན་གཏོར་རཀྟའི་སྔགས་ཀྱང་བརྗོད་པས་བྱིན་གྱིས་བརླབས་ལ། དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལས། བདག་བསྐྱེད་ལྡན་པས་ལྷ་ཚོགས་རྣམས། །ཆོ་གས་སྒྲུབ་ཅིང་མ་ནུས་ན། །སྔགས་ཀྱིས་བསྐྱེད་ལ་མཆོད་བསྟོད་འབུལ། །བཟླས་པ་ཅི་རིགས་བགྱིས་པའི་རྗེས། །ཞེས་གསུངས་པས། རྒྱས་པར་སྤྲོ་ན། སྟོང་པའི་ངང་ལས་མདུན་གྱི་ཚོམ་བུའི་དཀྱིལ་འཁོར་ཉིད་ཡོངས་སུ་གྱུར་པ་ལས། ཨེ་ཡཾ་བཾ་ལཾ་སུཾ་རཾ་རྣམས་ཆད། །སྥ་ར་ཎ་ཕཊ་སོགས་ནས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་བསྟིམས། ཕྱག་མཆོད་བསྟོད་པའི་བར་ཞི་ཁྲོའི་ལས་བྱང་ལྟར་མཐར་ཆགས་སུ་བྱ། བསྡུས་པའི་སྐབས། ཧཱུྃ་བཛྲ་སཏྭ། མཱུཾ་དྷ་ཏི་ཤྭ་རི། ཧཱུྃ་བཛྲ་དྷྲྀཀ྄་སོགས་བསྐྱེད་སྔགས་ཚང་བར་བརྗོད་ལ། བདག་ཉིད་ལྷ་ཡི་སྐུར་གསལ་བའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ༔ མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔ ཞེས་བརྗོད་ཅིང་བསམ་ལ། ཨོཾ། མ་ལུས་སེམས་ཅན་སོགས་སྤྱན་འདྲེན་ནས་བསྟོད་པའི་བར་ཞི་ཁྲོའི་ལས་བྱང་ལྟར་བཏང་རྗེས། བོ་དྷི་ཙིཏྟ་དང་རུ་ལུ་ཡིག་བརྒྱ་བཅས་ཅུང་ཟད་བཟླས་མཐར། རྡོར་དྲིལ་དང་སྤོས་ཐོགས། པུས་བཙུགས་ཐལ་མོ་སྦྱར་ལ། རང་གི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་དུ་གྱུར། རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཁྱེད་རྣམས་མཆོད་དང་སེམས་ཅན་དོན། །ནངས་པར་དཀྱིལ་འཁོར་འབྲི་འཚལ་བས། །ཐུགས་ཀྱིས་དགོངས་ཏེ་གནང་བ་མཛོད། །ལན་གསུམ། ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས། རིག་པ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་གྱི་ལས་ཇི་ལྟར་འོས་པ་གྱིས་ཤིག་ཅེས་བཀའི་གནང་བ་བསྩལ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེང་གི་བར་སྣང་འོད་ཀྱི་དྲྭ་བའི་ཀློང་དུ་བཞུགས་པར་བསམ། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པའི་མཛུབ་མོ་བརྐྱང་བ་རྩེ་གཏུགས་ནས་འོག་ཏུ་ཕྱོགས་པ་སྤྱི་བོར་གཏོད་པ་བཅས། ཨོཾ་བཛྲོད་ཏིཥྛ་ལྷན་ཞེས་བརྗོད། དམ་ཚིག་གི་འཁོར་ལོ་རྣམས་རང་ལ་ཐིམ་པར་བསམ་ལ་མཎྜལ་ཚོམ་བུ་དང་བཅས་པ་བསྡུ། ཡིག་བརྒྱ་བརྗོད། གཉིས་པ་བུམ་པ་སྟ་གོན་ནི། རིན་པོ་ཆེའི་བུམ་པ་སུམྦྷ་ནིའི་སྔགས་དང་ཡུངས་ཀར་གྱིས་བྲབ། གུ་གུལ་བདུག །བཀྲ་ཤིས་པའི་ཁྱེའུས་རྒྱུན་འབབ་ཀྱི་ཆུ་ནས་བླང་བའི་ཆུ་གཙང་དང་དྲིའི་ཆབ་དང་སོ་ལྔའི་བཅུད་ལྡན་རྣམ་བུམ་མགུལ་ཆིངས་སྔོན་པོའམ་ཡེ་ཤེས་ལྔ་མཚོན་ཕྱིར་དར་སྣ་ལྔས་བྱ་བར་གྲོལ་ཐིག་དབང་ཆོག་ལས་གསུངས། ལས་བུམ་མགུལ་ཆིངས་ལྗང་གུ། བུམ་མཚན་གཙོ་བུམ་ལ་རིགས་ལྔའི་ཕྱག་མཚན། ལས་བུམ་ལ་རྒྱ་གྲམ་ཅན་གདགས། དུང་ཞལ། གཟུངས་ཐག་བཅས་འདུ་བྱས་ལ། མཆོད་པ་གསར་དུ་བཤམས་པའམ་ཁ་གསོས་ལ་བྱིན་རླབས་ལྷ་སྟ་གོན་སྐབས་ལྟར་བྱ། བུམ་པ་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་གོས་ཀྱི་མགུལ་ཆིངས་དང་དཔག་བསམ་ཤིང་གིས་ཁ་བརྒྱན་པ། ཕྱི་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་བཅུད་ཀྱིས་ཡོངས་སུ་གང་བའི་དབུས་སུ་པདྨ་འདབ་བཞི། བརྒྱད། བཅུ་དྲུག །སོ་གཉིས། བཞི་བཅུ་རྣམས་ཀྱི་སྟེང་དུ་རིན་ཆེན་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་ཉི་ཟླ་པདྨའི་གདན་ལ། ཆོས་སྐུ་ཀུན་བཟང་རྡོ་རྗེ་སེམས་དཔའ་དང་རིགས་ལྔ་ཡབ་ཡུམ་ལ་རང་རང་གི་སེམས་དཔའ་དང་སེམས་མ། ཐུབ་པ་དྲུག །སྒོ་བ་ཡབ་ཡུམ་སྟེ་ཞི་བའི་ལྷ་ཚོགས། དྲེགས་པ་ཅན་དང་བྱོལ་སོང་པད་ཉིའི་གདན་ལ་ཆེ་མཆོག་ཡབ་ཡུམ། ཧེ་རུ་ཀ་རིགས་ལྔ། ཀེའུ་རི་མ་བརྒྱད། སིང་ཧ་མ་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས་མ་འདྲེས་གསལ་རྫོགས་སུ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དེ་ལས་འོད་ཟེར་འཕྲོས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཨོཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༌། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམ་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ཨོཾ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཁཱ་ཧི་ཁཱ་ཧི། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་བསྟོད། །གཟུངས་ཐག་བླངས་ཏེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་བསམ་ལ། ཞི་ཁྲོའི་སྔགས་སུམ་བརྒྱ་ལས་མི་ཉུང་བ་དང༌། ཡིག་བརྒྱ་ཅི་ནུས་བཟླ། ལས་བུམ་བསང་སྦྱངས། ལས་ཀྱི་བུམ་པའི་དབུས་སུ་པད་ཉི་དང༌། །རྒྱ་གྲམ་སྟེང་དུ་ཧཱུྃ་ལས་སྣ་ཚོགས་ཀྱི། །རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་གྱུར་ལས། །བདུད་རྩི་འཁྱིལ་བ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་ལྗང་གུ་ཞབས་གཉིས་དོར་སྟབས་ཅན། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་བསྡིག་པའི་ཚུལ། །གཡོན་པས་དེ་ཡི་ཡུ་བའི་དྲིལ་བུ་འཛིན། །ཁྲོ་ཚུལ་གར་དགུའི་ཉམས་ལྡན་སྦྲུལ་ལ་སོགས། །མི་སྡུག་རྒྱན་གྱིས་སྤྲས་པའི་སྐུ་རུ་གསལ། །སྐུ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་སྤྲིན། །བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་རྩ་བརྒྱད་བཟླ། བུམ་ལྷ་གཉིས་ལ་དམིགས་ནས། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་ཚོགས་བདེ་སྟོང་ཆེན་པོའི་རྣམ་རོལ་དུ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་འདྲེས་པས་རང་རང་གི་བྱེད་ལས་འགྲུབ་པའི་ནུས་པ་ཅན་དུ་གྱུར། ཞེས་བརྗོད་ཅིང་བསམ། འདིར་དབང་གི་སྤྱི་དོན་ལས། གཉིས་པ་བུམ་པ་བཅུད་ལྡན་ལ། །ཆོ་ག་སྔ་མ་ཇི་བཞིན་ལས། །བུམ་ལྷ་འོད་དུ་ཞུ་བ་ཙམ། །བུམ་པ་སྟ་གོན་ཁྱད་པར་རོ། །ཞེས་གསུངས་པ་ཙམ་ལས་ཞི་ཁྲོ་ལ་བུམ་སྒྲུབ་དམིགས་བསལ་མ་བྱུང་བས་བུམ་པ་སྒྲུབ་ཚུལ་འདི་གསང་བ་སྤྱི་ལྟར་བཀོད་པའོ། །སྐུ་རྟེན་ཙཀླི་དབུ་རྒྱན་རྡོར་དྲིལ་སོགས་དབང་རྫས་རྣམས་ཚོགས་པར་བྱས་ལ། དབང་རྫས་རྣམས་ངོ་བོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་རང་བཞིན་ཡེ་ཤེས་ཀྱི་སྣང་བ་ཅིར་ཡང་འཆར་བའི་བྱིན་རླབས་དངོས་གྲུབ་འབྱུང་བའི་དབྱིག་ཏུ་གྱུར་པར་མོས། འདི་ནི་རྒྱུད་ལས་དབང་རྫས་རབ་གནས་དང་ལྡན་པ་ཞེས་གསུངས་པའི་དགོངས་དོན་སྔ་འགྱུར་བཀའ་མའི་དབང་གི་སྟ་གོན་སྐབས་དབང་རྫས་རབ་གནས་ཀྱི་ཆོ་ག་རེ་འབྱུང་བ་ལྟར་བྱིན་རླབས་བསྡུས་པ་འདི་ཙམ་བྱ་བ་ཐམས་ཅད་མཁྱེན་པ་མཉྫུ་གྷོ་ཥའི་ཕྱག་བཞེས་ལས་བྱུང་བ་ལྟར་འདིར་ཡང་བཀོད་པའོ། །གསུམ་པ་སློབ་མ་ལྷག་གནས་ལ་གཉིས་ལས། དང་པོ་སྔོན་དུ་བྱ་བའི་ལས་རིམ་ནི། སོ་ཤིང་སོགས་རྫས་བཞི་དང༌། མཎྜལ་ཚོམ་བུའི་ར་བ། སློབ་མ་མཆོད་པ་བཅས་འདུ་བྱ། དཀྱིལ་འཁོར་གྱི་གཞི་ཡོལ་བས་བསྒྲིབས། སྣོད་དུ་གྱུར་པའི་སློབ་མ་ཟུང་དུ་མ་གྱུར་པའི་གྲངས་ལྡན་རྣམས་སྒོ་དྲུང་དུ་འཁོད་པ་ལ་ཁྲུས་བྱ། གྲལ་དུ་འཁོད་ནས་བགེགས་ལ་གཏོར་མ་བྱིན་ཏེ་བདེན་སྟོབས་ཀྱིས་བསྐྲད། ཡུངས་ཐུན་བྲབ། གུ་གུལ་བདུག །སྲུང་འཁོར་བསྒོམ་ལ་མེ་ཏོག་བཀྱེ་བསྡུ་བྱ། འོ་ཁྱེད་ཅག་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྡེ་ལས་བྱོན་པའི་ཞི་ཁྲོ་ངན་སོང་སྦྱོང་བའི་སྔོན་འགྲོ་སྟ་གོན་གྱི་རིམ་པ་གསན་སྙམ་པའི་ཐུགས་བསྐྱེད་དེ་གསན་འཚལ། དེ་ཡང་ཇི་སྐད་དུ། གསང་སྔགས་དངོས་གྲུབ་དོན་གཉེར་ན། །འཇིག་རྟེན་ཚེ་འདིའི་ཞེན་པ་དོར། །ཕ་རོལ་ལ་ནི་འདུན་པ་བསྐྱེད། །འདི་འབྲས་གཉེར་ན་ཕྱི་མ་འཇིག །ཕྱི་མ་གཉེར་ན་འདི་འབྲས་འགྲུབ། །དེ་བས་རང་གཞན་དོན་བྱའི་ཕྱིར། །སེམས་དཔའ་བཟང་པོ་མཆོག་ལ་སྦྱོར། །ཞེས་གསུངས་པ་ལྟར་གང་ཞིག་མཆོག་གི་དོན་སྒྲུབ་པའི་མི་སློབ་པའི་ཟུང་འཇུག་གི་འབྲས་བུ་དོན་དུ་གཉེར་བ་དག་གིས་འཁོར་བའི་བདེ་སྐྱིད་མངོན་མཐོའི་གོ་འཕང་དང༌། ངེས་འབྱུང་གི་བློ་དང་ལྡན་ཡང་རང་ཉིད་ཞི་བདེ་ཙམ་ལས་སེམས་ཅན་གཞན་དོན་རླབས་པོ་ཆེ་སྒྲུབ་པའི་ནུས་པ་དང་བྲལ་བ་ཉན་རང་གི་འབྲས་བུ་ཙམ་དོན་དུ་གཉེར་བྱ་མ་ཡིན་ཏེ། འདིར་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་ལ། ཕ་མ་དེ་དག་རང་གི་རང་བཞིན་མ་རིག་པའི་ངོ་བོ་བདག་ཉིད་གཅིག་པས་རྒྱུ་བྱས། ཀུན་ཏུ་བཏགས་པའི་མ་རིག་པས་རྐྱེན་སྦྱར་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་བདེ་འདོད་སྡུག་བསྔལ་སྒྲུབ་པའི་ཞེ་འདོད་ཕྱིན་ཅི་ལོག་ལ་རྣམ་པར་འཕྱན་ཞིང༌། བཟོད་དུ་མེད་པའི་སྡུག་བསྔལ་གྱི་རང་བཞིན་ལ་མཐོང་ཆོས་སུ་སྤྱོད་པས་ཤིན་ཏུ་ཉམ་ཐག་པ་འདི་རྣམས་ལ་སྙིང་རྗེ་དྲག་པོས་ཀུན་ནས་བསླངས་ཏེ་འདི་དག་གི་དོན་བྱ་བའི་ཕྱིར་མཁྱེན་བརྩེ་ནུས་གསུམ་གྱི་ཕྲིན་ལས་ཚད་མེད་ཅིང་དོན་གཉིས་ལྷུན་གྲུབ་ཀྱི་བརྟུལ་ཞུགས་བླ་ན་མེད་པས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་མྱུར་ལམ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཟབ་མོ་འདིར་འཇུག་ཅིང་སྨིན་པར་བྱ་སྙམ་པའི་སེམས་བསྐྱེད་ཀྱི་འཕེན་པ་སྔོན་དུ་འགྲོ་བས། ཀུན་འབྱུང་སྲིད་པའི་རྒྱུ་འབྲས་ལ་ངེས་འབྱུང་གི་ཀུན་སློང་དྲག་པོས་འཇིག་རྟེན་ཚེ་འདིའི་སྣང་ཞེན་ལ་བློ་ལྡོག་དགོས་ཏེ། དེ་ལ་རང་ཅག་རྣམས་མི་ལུས་ཀྱི་རྟེན་ཁྱད་པར་ཅན་ཐོབ་པ་ནི་ད་རེས་ཙམ་ཡིན་ཏེ། ད་རེས་ཀྱི་རྟེན་སྟོང་ལོག་ཏུ་སོང་ན་སླད་ནས་འདི་འདྲ་བའི་ལུས་རྟེན་རྙེད་པ་མ་ཡིན་པའི་ཚུལ་འདུལ་བ་རྣམ་འབྱེད་ལས། དགེ་སློང་དག་ངན་སོང་བའི་འགྲོ་བར་ལྟོས། ཕྱི་ཕྱིར་མི་ཉིད་ཀྱི་དངོས་པོ་ཐོབ་པ་ཡང་ཤིན་ཏུ་དཀའོ། །ལོག་པར་ལྟ་བའི་སྟོན་པ་འདི་དག་ལ་ལྟོས། ཡང་དག་པའི་དགེ་བའི་བཤེས་གཉེན་དང་ཤིན་ཏུ་འཕྲད་པར་དཀའོ། །ཞེས་གསུངས་པ་ཡིན་ལ། དེ་ཙམ་དུ་རྙེད་པར་དཀའ་བའི་རྒྱུ་མཚན་གང་ཡིན་ན། སྤྱིར་ངན་སོང་གསུམ་གྱི་འགྲོ་བ་ལ་ལྟོས་ན་མིའི་ལུས་རྟེན་ཐོབ་པ་མི་སྲིད་པའི་ཚོད་ཡིན་པས་མཐོང་ཆོས་སུ་མི་དང་སྲོག་ཆགས་གཞན་གྱི་མང་ཉུང་ཁོ་ནས་ཀྱང་ཤེས་ལ། མི་ཡང་ཆོས་ལྡན་གྱི་བྱ་བ་ལ་ཞུགས་པ་ནི་ཉིན་མོའི་སྐར་མ་ཙམ་ལས་མི་འདུག་ན། གནས་སྐབས་ཀྱི་བདེ་འབྱོར་ནི་རྟག་པ་མ་ཡིན་པར་འགྱུར་བའི་རང་བཞིན་ཅན་དང༌། དེའི་སྟེང་དུ་སྡུག་བསྔལ་གྱི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རྟག་ཏུ་མནར་བས་རི་དྭགས་མཐའ་ལ་གཅུར་པ་ལྟ་བུའི་ངང་ནས་ད་ལྟའི་སྡུག་བསྔལ་ལ་སྤྱོད་ཅིང་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་སྒྲུབ་པ་ནི་མཚང་ཤིན་ཏུ་ཆེ། དེ་བས་ན་འཁོར་བའི་རང་བཞིན་ནི་སྡུག་བསྔལ་གྱི་བཙོན་ར། འཕྲལ་ཉམས་དགའ་ཡང་ཕུགས་མཐའ་སྐྱོ་བ། བྱས་ཚད་སྡིག་པ། བསགས་ཚད་གཞན་དབང༌། བྱ་བ་མང་བ། དོན་ཉུང་བ། བསོད་ནམས་མ་ཡིན་པ་ཁོ་ན་དང་འབྲེལ་ཆེ་བས་འདི་ལས་ཐར་པའི་ཐབས་ལ་མ་འབད་ན་ཤི་འཕོས་ནས་ངན་སོང་དུ་འཁྱམས་པ་ལས་འོས་མེད། ངན་སོང་དུ་སྐྱེས་ན་དམྱལ་བ་ནི་ལྕགས་བསྲེགས་ཀྱི་ས་གཞི་མེ་འབར་བའི་ཀློང་དུ་སོག་ལེ་དང་སྤུ་གྲི་ལ་སོགས་པའི་མཚོན་ཆ་རྣོན་པོའི་དབལ་གྱིས་ལུས་གཤགས། རིའི་བར་དུ་བཅིར། མགོ་ལུས་དབྲལ། ཁྲོ་ཆུར་འཚོད། མཚོན་ཆའི་དབལ་ལ་འདྲེད། གློ་སྙིང་ཡན་ཆད་མེ་འབར་བ་ལ་སོགས་པའི་ཚ་དམྱལ་བརྒྱད། ཁ་ཆར་བུ་ཡུག་རླུང་དང་བཅས་པའི་དཀྱིལ་ན་ལུས་སྦྲེབས་ཤིང་གྲང་ངད་ཀྱིས་ཤ་པགས་དུམ་བུར་གས་པའི་གྲང་དམྱལ་བརྒྱད། སྡུག་བསྔལ་གྱི་རྣམ་གྲངས་འདི་མི་འབྱུང་བྱ་བ་མེད་པའི་ཉི་ཚེ་ཉེ་འཁོར་བ་གཉིས་ཏེ་དམྱལ་ཁམས་བཅོ་བརྒྱད། ལོ་ཟླ་མང་པོར་ཡང་ཟས་སྐོམ་གྱི་མིང་ཡང་མི་ཐོས་ཤིང་ཚ་གྲང་ཁོད་མི་སྙོམས་པའི་ཡི་དྭགས་སྡེ་ཚན་གསུམ། དུད་འགྲོ་ནི་མཐུ་ཆེ་བ་གང་ཡིན་པ་དེས་ཉམ་ཆུང་བ་དེ་ཟ་ཞིང༌། གཞན་ཡང་ལས་ཀྱི་དབང་གིས་གཅིག་ལ་གཅིག་གིས་ཟ་བ་དང༌། མིས་བཀོལ་བ་དང༌། ཤ་དང་པགས་པའི་དོན་དུ་གསོད་པ་དང༌། གསོད་ལུགས་མི་འདྲ་བས་སྡུག་བསྔལ་དང་འཇིགས་སྐྲག་དཔག་ཏུ་མེད་པ་དེ་རང་ཐོག་ཏུ་འབབ་ངེས་ཡིན་ན་དེའི་སྡུག་བསྔལ་ཇི་ལྟར་བཟོད་ནུས། གལ་ཏེ་བདེ་འགྲོ་ཐོབ་ཀྱང་མི་ལ་སྐྱེ་རྒ་ན་འཆི། ཡོད་པ་བྲི་ཡི་དོགས་པ་དང༌། མེད་པ་བཙལ་ཡང་མི་རྙེད་པ་དང༌། དགྲ་དང་འཕྲད་པ་དང༌། གཉེན་དང་འབྲལ་བ་དང༌། དཔྱ་ཁྲལ་གྱིས་གདུང་བ་ལ་སོགས་པ་རང་རེས་མཐོང་ཞིང་མྱོང་བ་འདི་ལགས་མོད། དེ་བཞིན་དུ་འདོད་ཁམས་ཀྱི་ལྷ་རྣམས་ནི་རེ་ཞིག་བདེ་བ་ལྟར་སྣང་ཡང༌། ཧ་ཅང་བག་མེད་པས་གཡེངས་ནས་ཕྱི་མའི་དོན་སྒྲུབ་པ་ལ་གཡེལ་བས། རེ་ཞིག་ན་སྔ་མའི་ལས་ཟད་དེ་སྟན་ལ་མི་དགའ་བ་དང༌། མེ་ཏོག་གི་ཕྲེང་བ་རྙིང་པ་དང༌། ལུས་ལ་རྔུལ་འབྱུང་བ་དང༌། ལྷ་ཟླ་བོས་སྤངས་ཤིང་འདུ་ཤེས་འཁྲུལ་པ་དང༌། ཕྱི་མ་སྐྱེ་འགྱུར་གྱི་གནས་རིས་ངན་པ་མཐོང་ནས་འཇིགས་པ་ལ་སོགས་པའི་འཆི་བའི་ལྟས་ཚང་ནས་སྡུག་བསྔལ་ཤིན་ཏུ་མི་བཟོད་པ་ཡོད་ལ། ཁམས་གོང་མ་དག་ཀྱང་བསམ་གཏན་གྱི་བདེ་བས་འཚོ་བའི་ལས་ཟད་དེ་སྲིད་པ་འོག་མར་ལྟུང་བ་མང་བས་འགྱུར་བའི་སྡུག་བསྔལ་གྱིས་གདུངས་ཤིང༌། སྲིད་པ་ཕྱི་མར་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཉམ་ཐག་ལ། ཁྱད་པར་ལྷ་མ་ཡིན་རྣམས་ནི་ལྷའི་དཔལ་ལ་མི་བཟོད་པའི་ཕྲག་དོག་གིས་སེམས་རྣལ་དུ་མི་གནས་པས་རྟག་ཏུ་འཁྲུག་རྩོད་འབའ་ཞིག་གིས་གདུངས་ཤིང་གཡུལ་ངོར་ཡན་ལག་ཆད་པ་དང༌། མཚོན་ཆས་བསྣད་པ་ལ་སོགས་པས་ཤིན་ཏུ་སྡུག་བསྔལ་བའི་ཕྱིར་ན་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཚུལ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་མོ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །དེ་ལྟ་བུའི་འཁོར་བ་ལས་ཐར་པའི་ཐབས་ནི་དམ་པའི་ཆོས་ཁོ་ན་ལས་གཞན་གང་ཡང་མེད་ཀྱང་རང་ཅག་རྣམས་ནི་ལས་ངན་ལ་གོམས་པས་མི་རྟག་པ་ལ་རྟག་པར་འཛིན། སྡུག་བསྔལ་ལ་བདེ་བར་འཛིན་པས་དགེ་བའི་ཕྱོགས་སུ་ནི་བློ་འཇུག་པར་ཤིན་ཏུ་དཀའ། སྡིག་པའི་ལས་རྣམས་རྩེད་མོའི་ཞོར་ཙམ་དུའང་འདུ་བྱེད་ཅིང༌། ཁྱད་པར་ཚེ་འདི་དོན་དུ་གཉེར་བའི་ལས་ཐམས་ཅད་ནི་དངོས་སམ་བརྒྱུད་ནས་སྡིག་པའི་གཡོ་བཀོལ་འབའ་ཞིག་ལས་མ་འདས་པར་ཡིན་པའི་ཚུལ། ཁྱིམ་པ་རང་བཞིན་པ་གཅིག་ལ་ལྟོས་ཀྱང་ཤ་ཁྲག་ལ་ཆགས་ནས་སྲོག་གཅོད། ཚོང་དང་གཡོ་སྒྱུ་ལ་བརྟེན་ནས་མ་བྱིན་པ་ལེན་པས་མཚོན་མི་དགེ་བ་བཅུ་ལ་རྟག་ཏུ་སྤྱོད་པ་ཡིན་ན་དེའི་འབྲས་བུ་ངན་སོང་དུ་འགྲོ་བ་ལས་འོས་ཅི་ཡོད། དེ་བས་ན་ད་ལྟ་རང་དབང་ཡོད་དུས་སྡིག་པ་སྤང་ཞིང་དགེ་བའི་ལས་སྒྲུབ་པ་ལ་བརྩོན་དགོས་ཏེ། སློབ་དཔོན་ཆེན་པོས། འདི་ནི་འཇིག་རྟེན་སྐྱོ་བའི་ཡུལ་ཡིན་པས། །སྐྱེ་བོའི་བདེ་སྐྱིད་ཕུན་སུམ་ཚོགས་འདྲ་བ། །དབྱར་གྱི་ཆུ་དང་རྨི་ལམ་ནོར་རྫས་ལྟར། །བདེན་པ་མེད་ཅིང་ཡུན་རིང་མི་རྟག་པས། །སྐྱོ་བའི་འདུ་ཤེས་རྟག་ཏུ་བསྐྱེད་འཚལ་ལོ། །འདི་ཉིད་ལམ་ལོག་བག་ཆགས་ཆགས་པ་དང༌། །སྐྱེས་བུའི་དཔལ་ལ་ངོ་མཚར་ཆེར་བྱེད་པ། །དེ་ནི་བསོད་ནམས་དམན་པའི་རིགས་ཅན་ཏེ། །ཁྱེད་ཀྱི་སྙིང་ནི་ཤིང་སྡོང་ཁོང་རུལ་ལྟར། །ཕྱིས་ནས་ཐར་པའི་ལོ་འབྲས་མི་འབྱུང་ངོ༌། །ཀྱེ་མ་ཀྱེ་ཧུད་ཚེ་འདིའི་དཔལ་འབྱོར་ལ། །རྟག་ཅིང་ཕུན་སུམ་ཚོགས་ལྟར་ཤེས་པའི་བློ། །བྱིས་པའི་ནང་ནས་ཐ་ཤལ་སྐྱེས་བུ་སྟེ། །འཇིག་རྟེན་འདི་ན་དེ་བས་བླུན་པ་སུ། །སྔར་ཡང་མ་བྱུང་ཕྱིས་ཀྱང་མི་འབྱུང་ངོ༌། །ཞེས་སོ། །དེ་བས་ན་འཆི་བ་ནམ་འོང་མི་ཤེས་ཤིང༌། དེའི་ཚེ་ད་ལྟའི་ནོར་རྫས་དང༌། དབང་ཐང་དང༌། ཉེ་འབྲེལ་དང༌། མཛའ་བཤེས་དང་འགྲོགས་དབང་ནི་མེད། རང་གི་ལུས་འདི་ཡང་དུར་ཁྲོད་འཇིགས་པར་འདོར་ཞིང་འབྲལ་དགོས། ད་ལྟ་གཏན་དུ་སྡོད་དབང་ཡོད་པ་ལྟ་བུའི་སེམས་ཀྱིས་རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང༌། ལོངས་སྤྱོད་དང་ཁ་དྲག་ལ་སོགས་པ་སྒྲུབ་ཀྱང་དེ་རིང་ཡོད་པ་སང་ཉིན་ནས་མེད་པའི་གནས་སྐབས་ཉམས་སུ་མྱོང་ནས་སྲིད་པ་བར་དོའི་འཕྲང་ལ་གཤར་དགོས། དེའི་ཚེ་དབང་ཡོད་དང༌། ནོར་རྫས་དང༌། གཉེན་བཤེས་ཀྱིས་ཕན་པ་ཏིལ་འབྲུ་ཙམ་མེད་པས། སྐྱབས་དང་རེ་ལྟོས་སུ་གྱུར་པ་ནི་དམ་པའི་ཆོས་ལས་གཞན་སུ་ཡང་མེད་པའི་ཕྱིར་ད་ལྟ་ནས་བླ་མ་དང་དཀོན་མཆོག་ལ་བློ་གཏད་དེ་བློ་གདེང་ཐུབ་པའི་ཆོས་ལ་འབད་དགོས། དེ་ལས་ཀྱང་ཐར་པ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་ཐེག་པ་ཆེན་པོའི་སྒོར་ཞུགས་དགོས། དེ་ལའང་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ནི་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངེས་པར་སྒྲུབ་པར་བྱེད་པ་ཡིན་ཅིང༌། དེ་ལའང་ལྷག་པའི་ལྷ་རབ་འབྱམས་ཀྱི་རྒྱུད་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས་ཁྱད་པར་དུ་འཕགས་པ་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་རྒྱུད་སྡེ་ཀུན་གྱི་རྒྱལ་པོ་ཞི་ཁྲོ་ན་རཀ་དོང་སྤྲུག་རྣལ་འབྱོར་གྱི་སྤྱི་ཁྲུས་ཆེན་པོ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྡེ་ལས་བྱོན་པ། ཞི་ཁྲོ་ངན་སོང་སྦྱོང་བ་བཀའ་གཏེར་ཟུང་འཇུག་གི་དབང་བསྐུར་སྦྱིན་པའི་སྐབས་སུ་བབས་པ་ཡིན་ཏེ། དེ་ལའང་སྔོན་འགྲོ་སློབ་མ་ལྷག་པར་གནས་པ་དང༌། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཁྱེད་རྣམས་དཀྱིལ་འཁོར་ཆེན་པོར་སྨིན་པའི་སྣོད་དུ་བསྒྲུབ་ཕྱིར་ཐུན་མོང་དང་ཁྱད་པར་གྱི་སྡོམ་པའི་གཞི་རྟེན་དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སྡོམ་པ་གསུམ་གྱི་བསླབ་པ་དང་དམ་ཚིག་བཟུང་དགོས་པའི་ཕྱིར་དེ་དག་སྦྱིན་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང༌། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང༌། །སོ་ཐར་བྱང་སེམས་སྔགས་སྡོམ་རྣམས། །མགོན་པོས་བདག་ལ་གནང་དུ་གསོལ། ལན་གསུམ། དེ་ལྟར་ན་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཀུན་ཀྱང་རྡོ་རྗེ་ཐེག་པ་བླ་མེད་ཀྱི་གསེང་ལམ་ལ་བརྟེན་ནས་སོ་བྱང་སྔགས་ཀྱི་བསླབ་པ་ཀུན་རྫོགས་པར་བཞེས་པས་མི་གནས་པའི་བྱང་ཆུབ་མངོན་དུ་མཛད་དེ་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱིར་སྲས་བཅས་རྒྱལ་བ་དགྱེས་པའི་ལམ་བཟང་པོར་གཞུག་པའི་ཕྱིར་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་སྣོད་དང་ལྡན་པའི་བུ། །གསང་སྔགས་ཆོ་ག་ཁྱེད་ལ་བསྟན། །འདས་དང་མ་བྱོན་ད་ལྟ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀྱང༌། །གསང་སྔགས་ཆོ་ག་འདི་མཁྱེན་ནས། །རྫོགས་པའི་བྱང་ཆུབ་བརྙེས་པ་ཡིན། །བདུད་ཀྱི་དཔུང་ཡང་འདི་ཡིས་བཅོམ། །དེ་ལྟར་ཁྱེད་ཀྱང་རྗེས་སུ་ཞུགས། ཞེས་གདམས་ཏེ། མདུན་གྱི་ནམ་མཁར་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་བཟུང་བའི་རྟེན་དཀོན་མཆོག་རྩ་གསུམ་སྐྱབས་ཡུལ་རྒྱ་མཚོ་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་ལམ་ལོག་པ་ལས་ཁྱད་པར་དུ་གྱུར་པ་སོ་ཐར་རིགས་བདུན། ལམ་དམན་པ་ལས་ཁྱད་པར་དུ་གྱུར་པ་བྱང་སེམས་ཀྱི་བསླབ་པ་དང༌། ལམ་རྫོགས་པ་ལས་བྱེ་བྲག་ཏུ་འཕགས་པ་སྔགས་ཀྱི་སྡོམ་པ་དང་དམ་ཚིག་རྣམས་ཚུལ་བཞིན་དུ་བཟུང་ཞིང་སློབ་སྙམ་པས་ཐུན་མོང་གི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། སྐྱེས་བུ་གསུམ་གྱི་བློ་རྩལ་རྣམས། །གོང་ནས་གོང་དུ་སྤར་བའི་བློས། །ཀུན་བཟང་རིགས་ལྔའི་ལྷ་ཚོགས་ལ། །འདི་བཟུང་བླ་མེད་བྱང་ཆུབ་བར། །གུས་པ་ཡིས་ནི་སྐྱབས་སུ་མཆི། །བླ་མ་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པའི་ལས་ལྡོག་དགེ་བ་སྒྲུབ། །དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །སོ་སོར་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུང༌། །ལན་གསུམ། དེ་ལས་ཀྱང་ཆེས་འཕགས་པ་ཐེག་པ་ཆེན་པོ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པ། བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་ལ་བསླབ་པའི་དགེ་བ་ཆོས་སྡུད། གཞན་དོན་རླབས་པོ་ཆེའི་ཕྲིན་ལས་བཞི་སྒྲུབ་པའི་སེམས་ཅན་དོན་བྱེད་ཀྱི་སྡོམ་པའི་ཚུལ་ཁྲིམས། བྱེ་བྲག་པ་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་བླང་བ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༌། །སྡོམ་པ་ལ་ནི་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོང་བར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །ཕ་རོལ་ཕྱིན་དྲུག་སློབ་ཅིང་སྒྲུབ། །ཀུན་དོན་ཚུལ་ཁྲིམས་གསུམ་གྱི་དངོས། །ཐ་མལ་སྣང་ཞེན་ཉེས་སྤྱོད་སྡོམ། །བསྐྱེད་རྫོགས་ཟབ་མོའི་དགེ་ཆོས་སྡུད། །རྣམ་བཞིའི་ཕྲིན་ལས་གཞན་ཕན་སྤྱོད། །སྔགས་ཀྱི་ཆོ་གས་སྡོམ་པར་བགྱི། །ལན་གསུམ། དེ་དག་གིས་དབང་གི་གཞི་འཛིན་པའི་སྡོམ་པ་རྒྱ་མཚོ་མཐའ་ཡས་པ་རྒྱུད་ལ་སྐྱེས་པ་ལ་དགའ་སྤྲོ་བསྐྱེད་དེ་སྡོམ་སེམས་བརྟན་པོ་བཟུང་བས་སྔར་སྡོམ་པ་མ་ཐོབ་པ་ལ་གསར་དུ་ཐོབ། ཐོབ་ཟིན་ཉམས་པ་རྣམས་སོར་ཆུད། གནས་པ་རྣམས་གོང་དུ་འཕེལ་ཞིང་དབང་གི་སྡོམ་པའི་རྒྱུན་འཛིན་པ་ཡིན་ནོ། །གཉིས་པ་སྟ་གོན་དངོས་ལ། དང་པོ་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། ལས་བུམ་གྱི་ཆུས་བསང་གཏོར་བྱས་ཏེ། དེ་ནས་སྒོ་གསུམ་དཀྱིལ་འཁོར་གྱི་ལྷའི་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབ་པའི་ཕྱིར་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་སྐྱིལ་མོ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་སྐུར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གས་མཚན་པར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ཤིང་བརྟན་པར་བྱས་པའི་མོས་པ་མཛོད། གནས་གསུམ་དུ་དྲི་ཡི་ཐིག་ལེ་བྱས་པ་དང་ལྷན་ཅིག ཨོཾ་ཨཱཿཧཱུྃ། སླར་ཡང་མས་ནས་རིམ་བཞིན། ཧཱུྃ་ཨཱཿཨོཾ། ཞེས་རྒྱས་གདབ། དེང་ནས་བཟུང་སྟེ་མཆོད་པའི་གནས་སུ་གྱུར་ཅིང་འདོད་ཡོན་ལ་སྲེད་པས་སྤྱད་མི་དགོས་པར་དབང་ཡུལ་ལྷ་ཡི་རང་བཞིན་བདེ་སྟོང་ཡེ་ཤེས་འབར་བའི་གྲོགས་སུ་ཉེ་བར་སྤྱོད་པ་མཚོན་ཕྱིར་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་ཅིང་མངའ་དབུལ་བར་མོས་མཛོད། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། སོགས་ཉེར་སྤྱོད་ལྔས་མཆོད། འདི་ལྟར་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའི་དབང་ཤེས་རྣམས་ཀྱང་རིགས་ལྔའི་རང་བཞིན་དུ་ཤེས་པས་གཟུང་འཛིན་ཐ་མལ་གྱི་ཞེན་རྟོག་དབྱིངས་སུ་དག་པའི་ཕྱིར་དབང་པོའི་སྒོ་ལྔར་དྲི་ཡི་ཐིག་ལེ་བགོས་ཏེ་རིགས་ལྔའི་ས་བོན་གྱིས་རྒྱས་གདབ་པར་མོས་མཛོད། རྣ་བར་ཏྲཱྃ་ལས་རྣ་བའི་དབང་ཤེས་རིན་ཆེན་འབྱུང་ལྡན་དང༌། ལྕེ་ལ་ཧྲཱིཿལས་ལྕེའི་དབང་ཤེས་སྣང་བ་མཐའ་ཡས། སྙིང་ལ་ཧཱུྃ་ལས་ཡིད་ཀྱི་དབང་ཤེས་རྡོ་རྗེ་མི་བསྐྱོད་པ། ཡན་ལག་བཞི་ལ་ཧྲཱིཿལས་ལས་ཀྱི་དབང་པོ་དོན་ཡོད་གྲུབ་པ། སྙིང་གར་ཧཱ་ལས་ གྲོལ་ཐིག་དབང་ཆོག་ཏུ་ཡན་ལག་བཞིར་ཧཱ། སྙིང་གར་ཨོཾ་འབྱུང་བས་དཔྱད་དགོས། མཆན། རྣམ་ཤེས་ཀྱི་དབང་པོ་རྣམ་པར་སྣང་མཛད་དུ་གསལ་བར་མོས་པས་ས་བོན་རྣམས་བརྗོད་ཅིང་དྲིའི་ཐིག་ལེ་བྱས་པས། སྐྱེ་མཆེད་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་དུ་བྱིན་གྱིས་བརླབས་པར་མོས་མཛོད། གཉིས་པ་སོ་ཤིང་སྦྱིན་པ་ནི། འོ་མ་ཅན་གྱི་སོ་ཤིང་སོར་བཅུ་གཉིས་སམ་བརྒྱད་པ་དྲི་བཟང་གིས་བྱུགས་རྩེ་མོར་མེ་ཏོག་གི་ཕྲེང་བ་སྲད་བུ་དམར་པོས་བཅིངས་པ་ལ་སྔགས་དང་ལས་ཆུས་བསང་བ་སློབ་མའི་གྲངས་དང་མཉམ་པ་དང༌། མཎྜལ་གྱི་ར་བ་པདྨ་འདབ་བརྒྱད་མུ་ཁྱུད་ཀྱིས་བསྐོར་བ་རེ་ཁཱ་དཀར་པོས་བྲིས་པར་ཚོམ་བུ་ལྔ་བཀོད་པ་ཉེར་བསྡོགས་བྱས་ཏེ། ལས་སྔགས་བདུན་བརྗོད་པས། ཧཱུྃ་ལས་བྱུང་བའི་སོ་ཤིང་སློབ་མའི་ལག་གཉིས་མཁའ་དབྱིངས་ཀྱི་རྒྱས་བཟུང་ཞིང༌། རྩེ་མོས་ལྗགས་བཞར་རྩ་བས་སོ་དྲུད་པས་ཚེ་རབས་སུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པ་དང་རང་གི་དངོས་གྲུབ་ཇི་ལྟར་ཐོབ་པའི་མཚན་མ་གསལ་བར་བསྟན་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་མིག་བཙུམས་ལ་དོར་མཛོད། བཛྲ་ཧ་ས་ཧ། དེ་ལྟར་དོར་བས། ཕྱོགས་བཞི་དབུས་དང་ལྔར་བབ་ན། །རིགས་ལྔ་གང་ཡིན་དངོས་གྲུབ་ཐོབ། །མཚམས་སུ་ཕྲན་ཚེགས་སྟེང་མཁའ་སྤྱོད། །འོག་ཏུ་རྩེ་བསྟན་ས་སྤྱོད་དང༌། །རྩ་བ་རང་ལ་བསྟན་པ་ན། །ལན་གསུམ་སླར་ཡང་བསྐྱར་ཞིང་འཕང༌། །གཡས་སུ་ཡོ་ན་ཚེ་ཐར་གཏོང༌། །གཡོན་དུ་ཡོ་ན་སྦྱིན་པ་བཀྱེ། །ཕྲེད་གསགས་མར་མེ་བརྒྱ་རྩ་སྦར། །ཀུན་ངན་སྒྲུབ་ལ་བར་གཅོད་འབྱུང༌། །བསགས་སྦྱང་དགེ་བ་རླབས་ཆེན་བྱ། །ཞེས་གསུངས་སོ། །གསུམ་པ་ཁྱོར་ཆུ་སྦྱིན་པ་ནི། དུང་ཞལ་གྱི་ཆུ་བྃ་ལས་བདུད་རྩིའི་རྒྱ་མཚོར་བསམ་ལ། ཨོཾ་ཨཱཿཧཱུྃ། ཞེས་འབྲུ་གསུམ་གྱིས་བྱིན་བརླབས་ལ། དྲི་བཟང་དང་སྦྱར་བའི་ཁྱོར་ཆུ་ལག་གཡས་སུ་ལན་གསུམ་བྱིན་ཏེ་འཐུང་དུ་བཅུག་པས་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། ལྷག་མ་དཔུང་པ་གཡས་ཕྱོགས་ནས་རྒྱབ་ཏུ་དོར་བས་སྒོ་གསུམ་འཁྲུལ་པའི་བག་ཆགས་དང་བཅས་པ་དག་པར་མོས། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་པཱ་པཾ་བི་ཤུདྡྷ་ནི་ཙ་སྱ་བི་ཤྭ་དྷ་ཡ་སརྦ་བི་ཀལྤནྡ་ཨ་པ་ན་ཡ་ཧཱུྃ། ཞེས་སྔགས་བརྗོད་པས་སྦྱིན། བཞི་པ་སྲུང་སྐུད་བཅིང་བ་ནི། སློབ་བུའི་ལུས་ཚད་དང་མཉམ་པའི་སྲད་བུ་དམར་པོའམ་ཁ་དོག་ལྔ་ལྡན་སུམ་ལྟེབ་ཏུ་བྱས་པ་རྡོ་རྗེའི་མདུད་པ་གསུམ་བོར་བར་ལས་ཆུས་བསང་ཞིང་རྩ་སྔགས་ཀྱིས་བྱིན་གྱིས་བརླབས། ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་མདུད་པ་འདི་ཉིད་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་ཉིས་རིམ་གྱིས་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པའི་ཚོགས་སྤྱི་དང་ཁྱད་པར་ཁམས་འཕོ་བའི་གེགས་ལས་སྲུང་བར་མོས་ཤིག །ཨོཾ་སརྦ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦ་སྭཱ་ཧཱ། ཞེས་བཟླས་ལ་བཅིངས་པ་ལ། རྡོ་རྗེ་དང་བཅས་པའི་དྲི་ཆུས་མདུད་པ་ལ་རྒྱ་གྲམ་དུ་རེག་ནས། ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད་པས་ལུས་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པ་ལ་རྡོ་རྗེ་རྒྱ་གྲམ་གྱི་མདོ་འཛིན་རེས་མཚན་པར་སྒོམ་མོ། །ལྔ་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤའི་ཕོན་པོ་ཆེ་ཆུང་ལ་བསང་ཆུ་འཐོར་ཞིང༌། ཨོཾ་བཛྲ་ཏཱིཀྵྞ་དྷཱི། ཨོཾ་བཛྲ་རཀྵ་ཧཱུྃ། ཀུ་ཤ་མི་དམིགས་པའི་ངང་ལས་ཆེ་བ་ཧཱུྃ་དང་ཆུང་བ་དྷཱི་ལས་བྱུང་བའི་ཀུ་ཤའི་ཆུན་པོ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་པའི་ནུས་པ་ཅན་ཆེ་བ་སྟན་གྱི་དོན་དུ་ལག་གཡོན། ཆུང་བ་སྔས་ཀྱི་དོན་དུ་ལག་གཡས་པར་བསྣོལ་ནས་གཏད་པར་མོས། དྷཱི་ཧཱུྃ། ཞེས་ས་བོན་གཉིས་ལན་བདུན་བརྗོད་ལ། ཨོཾ་བཛྲ་ཏཱིཀྵྞ་དྷཱི། ཞེས་གཏད་པས། ཧཱུྃ་བཛྲ་ཏཱིཀྵྞ་སིདྡྷི་ཧཱུྃ། ཞེས་སློབ་མས་བླངས་ཏེ། འོ་དོ་ནུབ་རྨི་ལམ་མི་འཁྲུགས་པའི་ནུས་པ་ཅན་གྱི་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་སྔས་སུ་གྱིས་ལ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མོས་པ་རྩེ་གཅིག་པས་གློ་གཡས་སར་ཕོབ་ལ་ཉོལ། ནངས་པར་དགེ་མི་དགེའི་རྨི་ལམ་ང་ལ་སྨྲོས་ཤིག །རྗེས་ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་དེ་སྤྲོ་བ་བསྐྱེད་ཅིང་གདམས་ངག་བརྗོད་པ་ལགས་པས་འདི་ལ་གསན་འཚལ། འཇིག་རྟེན་ན་རྙེད་པར་དཀའ་བ་མེ་ཏོག་ཨུ་དུམ་ཝ་ར། དེ་བས་ཀྱང་སངས་རྒྱས་རྙེད་པར་དཀའ། དེ་བས་ཀྱང་གསང་སྔགས་ཀྱི་ཆོས་རྙེད་པར་དཀའ་སྟེ། རྒྱུའི་ཐེག་པར་བསྐལ་པ་གྲངས་མེད་གསུམ་དུ་ངལ་དུབ་ཀྱི་མཐའ་དང༌། རྨོངས་པའི་སྒྲིབ་པ་ཕྱོགས་གཅིག་པ་ཉིད་གསང་སྔགས་ཐབས་མང་བ་དང༌། དཀའ་བ་མེད་པ་དང༌། བྱིན་རླབས་མྱུར་བ་དང༌། དབང་པོ་རྣོན་པོས་ཡེ་ཤེས་ལ་སྤྱོད་པས་ཚེ་གཅིག་ལ་སོགས་པར་མིག་འཕྲུལ་ལྟར་གྲོལ་བའི་ལམ་ཡིན་ཏེ། འདི་ལྟར་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བས་ཀྱང་སྡིག་པའི་ལས་ཇི་སྙེད་པ་ཟད་པར་འགྱུར་ན་སང་ནངས་པར་དཀྱིལ་འཁོར་ཆེན་པོར་ཞུགས་ནས་སྨིན་ཅིང་གྲོལ་བའི་ནུས་པ་རྒྱུད་ལ་འཇོག་པ་འོག་མིན་དུ་མཐར་ལམ་ལ་ཞུགས་པ་དང་སྐལ་པ་མཉམ་པ་ཡིན་པས་སྤྲོ་བ་ཁྱད་པར་ཅན་སྐྱེད་ཅིག །དེ་དག་གིས་སྔོན་འགྲོ་སྟ་གོན་གྱི་བྱ་བ་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་དུ་བསྔོ་བ་དང༌། དངོས་གཞིའི་དབང་བསྐུར་སང་ཉིན་འབྱུང་བ་ལགས་སོ། །ཞེས་དགེ་བ་བསྔོས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས། ཛཿཧཱུྃ་བྃ་ཧོཿས་སྟ་གོན་གྱི་ཡེ་ཤེས་པ་ནམ་མཁར་བཞུགས་པ་རྣམས་དལ་ལ་བསྟིམས་པས་བྱིན་གྱིས་བརླབས་པར་བསམ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བྱས་པས་གྲུབ་པོ། །སྟ་གོན་འདི་ནི་ལྷ་སྔགས་སོགས་ཁ་སྒྱུར་ཅུང་ཟད་བྱས་པས་དཔལ་ཆེན་འདུས་པ་དང༌། ཁྲག་འཐུང་རིགས་བཞིའི་སྒོས་བཀའ་ལ་སྟ་གོན་སྦྱོར་ན་ཚུལ་འདི་དེ་དག་ཐམས་ཅད་ཀྱི་ཁྱབ་བྱེད་དུ་འགྱུར་བའང་ཞར་ལ་འཕྲོས་པའོ། །གཉིས་པ་དངོས་གཞིའི་ལས་རིམ་ལ། དཀྱིལ་འཁོར་དང་དབང་རྫས་འགོད་པ། དབང་དོན་དུ་སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་ཅིང་སློབ་མ་གཞུག་པའོ། །དང་པོ་ནི། སྟེགས་བུའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ། ཅིས་ཀྱང་མ་འབྱོར་ན་གོང་སྨོས་ལྟར་འབྲུའི་ཚོམ་བུ་ལྷ་གྲངས་ཅན་བཀོད་པའི་དབུས་མཉྫིའི་ཁར་སྟ་གོན་བྱས་པའི་རྣམ་བུམ་བཞག །ཤར་དུ་རྡོར་དྲིལ་ལྷན་ཅིག་པ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། དབུས་སུ་ཞི་ཁྲོ་ཡོངས་རྫོགས་ཀྱི་ལྷ་ཙཀ །གཡས་སུ་སྙིང་ཐིག་གི་གླེགས་བམ། གཡོན་དུ་གསང་དབང་གི་རྟེན་ཐོད་པ་རྫས་ལྡན་མ་དཱ་ན་དང་ག་པུར་བདུད་རྩིའི་ཕུར་མ་སོགས་ཀྱིས་གཏམས་པ་དར་དམར་བརྒྱད་ལྟེབ་ཀྱིས་བཀབ་པ། ནུབ་ཏུ་རིག་ཙཀ་མེ་ལོང་ཤེལ་རྡོ་རྣམས་དང༌། ཕྱོགས་གང་བདེར་རྗེས་གནང་གི་ཆས་གདུགས། གླེགས་བམ། དུང་དཀར། དྲིལ་བུ། འཁོར་ལོ་རྣམས་དང༌། གཞུང་མཐུན་སྨན་རཀ་གཏོར་མ། ཆུ་གཉིས་ཉེར་སྤྱོད་བཅས་བསྐོར་བཤམ་བྱ། ལས་བུམ། སྔོན་འགྲོའི་དཀར་བགེགས། ཚོགས་ཀྱི་ཡོ་བྱད། བཀའ་སྲུང་དང་ཆད་བརྟན་གྱི་གཏོར་མ། མིག་དར། མེ་ཏོག །དོར་ར་པདྨ་འདབ་བཞི་དབུས་དང་བཅས་ལ་རིགས་ལྔའི་ཕྱག་མཚན་བྲིས་པ། ཕྱག་ཤིང༌། གུལ་ཡུངས། བྱིན་འབེབས་ཀྱི་བདུག་རྫས་དང༌། རོལ་མོའི་རིགས་བཅས་སྤྱི་ལྟར་ཚོགས་པར་བྱའོ། །གཉིས་པ་ནི། གསོལ་འདེབས་སྔོན་དུ་འགྲོ་བས་ཞི་ཁྲོ་ངན་སོང་སྦྱོང་བའི་ལས་བྱང་བཞིན་བདག་མདུན་དམ་ཚིག་གི་འཁོར་ལོ་བསྒོམ། ཡེ་ཤེས་པ་སྤྱན་དྲངས་བསྟིམས་ཕྱག་མཆོད་བསྟོད་པ་བཅས་གཞུང་ལྟར་དང༌། ཞི་བ་དང་ཁྲོ་བོའི་བསྙེན་པ་ཅི་མང་དང༌། ལས་སྦྱོར་རྩ་རིག་དེའི་བཅུ་ཆ་བཅས་བཟླ། བུམ་བཟླས་ལ་གྲུབ་ན་ལྷ་གསལ་འདེབས་བུམ་པ་སྟ་གོན་གྱི་སྐབས་བཞིན་དང༌། ཡང་ན་མདུན་བསྐྱེད་ཀྱི་སྣང་ཆ་མེ་ལོང་དུ་གཟུགས་བརྙན་ཤར་བ་བཞིན་བུམ་པར་སྐད་ཅིག་གིས་བསྐྱེད་དེ། བདག་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང༌། རྣམ་རྒྱལ་བུམ་པ་མཚན་ཉིད་ཚང་བའི་ནང་གཞལ་མེད་ཁང་གི་རྣམ་པར་རྫོགས་པའི་བརྟེན་པའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་སོ་སོའི་ཐུགས་ཀར་ཨ་ཡིག་རེ་རེ་དང༌། གཙོ་བོ་རྣམ་སྣང་གི་ཐུགས་ཀར་ཟླ་གདན་ལ་ཨཱ་ལི་ཀཱ་ལིའི་ཕྲེང་བ་གཡས་སུ་འཁོར་བ་ལས་འཕྲོས་པའི་འོད་ཟེར་གྱིས་ལྷ་ཚོགས་རྣམས་བསྐུལ། བདེ་བའི་སྒྲ་དང་བཅས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་བུམ་པའི་ཆུ་དང་འདྲེས་པས་སློབ་མའི་སྡིག་སྒྲིབ་སྦྱོང་བའི་ནུས་ལྡན་དུ་གྱུར་པར་བསམ་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿས་འགོ་དྲངས་པའི་དབྱངས་གསལ་མཐར། སརྦ་པཱ་པཾ་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་ཅི་ནུས་དང༌། ལས་བུམ་ལ་དམིགས་པའི་སྔགས་དང༌། ཨ་བྷི་ཥེ་ཀའང་ཅུང་ཟད་བཟླ། མདུན་བསྐྱེད་ལ་ཡིག་བརྒྱའི་བཟླས་པ་བརྒྱ་རྩ་བརྒྱད་ལས་མི་ཉུང་བར་གྲུབ་ནས། ལས་བྱང་ལྟར་མཆོད་བསྟོད་དང༌། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ཏེ་འོད་ཞུ་བྱ་བ་དབང་གི་སྤྱི་དོན་དང༌། ཞི་ཁྲོའི་ཆོ་ག་གཉིས་ཀ་ལས་གསུངས་པས་གང་འགྲུབ་བྱ། ཚོགས་བསགས། སྐོང་བཤགས། ཚོགས་མཆོད། བསྒྲལ་བསྟབ་བཅས་མཐར་ཆགས་སུ་བཏང་ངོ༌། །གསུམ་པ་ལ་གཉིས་ལས་དང་པོ་བདག་ཉིད་འཇུག་པ་ནི། བདག་འཇུག་གི་ཆོ་ག་ནི་ཚོགས་གཉིས་སྤེལ་བ་དང༌། དམ་ཚིག་ཉམས་ཆག་གསོ་ཞིང་རྒྱུད་དག་པས། ལམ་འབྲས་ཀྱི་ཐོབ་བྱའི་རྟེན་འབྲེལ་རྣམས་རྒྱུད་ལ་འཇོག་པའི་དགོས་པ་དུ་མ་དང་ལྡན་པས་དབང་གི་ཆོ་ག་ལས་བྱུང་བ་ལྟར་གྲུབ་ན་ཤིན་ཏུ་ལེགས་ཤིང༌། མི་ནུས་ན་ལྷ་བདག་རང་བཞིན་དབྱེར་མེད་དུ་ཤེས་པས་རིག་པའི་མེ་ཏོག་དོར་བས་ཀྱང་རུང་བ་སྔ་འགྱུར་གྱི་རྒྱུད་སྡེ་སྒྱུ་འཕྲུལ་དྲྭ་བ་ནས་བྱུང་བ་ལྟར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སུའང་མཛད་པས་ན། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང༌། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཞེས་རིག་པའི་མེ་ཏོག་དོར་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ་ལ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དང༌། ཨོཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ་མོ། །གཞན་རྗེས་སུ་འཛིན་པ་དང་འབྲེལ་ན། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གསོལ་ནས་སློབ་མ་འཇུག་པར་གནང་བ་ཞུ། གཉིས་པ་སློབ་མ་རྗེས་འཛིན་ལ་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་གིས་སྨིན་པར་བྱ་བ་གཉིས་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པ་ལའང་ཕྱི་ནང་གི་འཇུག་པ་གཉིས་ལས་སྔ་མ་ལ་བདུན་ལས། དང་པོ་སྒོ་སྲུང་ཞུ་བསྐུལ་ནི། དཀྱིལ་འཁོར་ཡོལ་བས་བསྒྲིབས། སྟ་གོན་བྱས་པའི་སློབ་མ་རྣམས་སྒོའི་ཕྱི་རོལ་དུ་ལས་བུམ་གྱི་ཆུས་ཁྲུས་བྱས། སྔོན་ཆད་གཉིས་འཛིན་མ་རིག་པས་ལྡོང་སྟེ་དཀྱིལ་འཁོར་མ་མཇལ་བའི་བརྡར་མིག་དར་འཆིང་མཛོད། ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། སྔགས་དོན་ཡིད་ལ་མཆོག་ཏུ་བྱ་བའི་ཕྱིར་མིག་དར་འཆིང༌། ཞེས་སོ། མཆན། དཀྱིལ་འཁོར་གྱི་ལྷ་དང་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་དུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་དམར་པོ་རེ་བྱིན་པར་མོས། ཨ་སྣང་མཐའ། ཁཾ་དོན་གྲུབ། ཝི་རྣམ་སྣང༌། ར་རིན་འབྱུང༌། ཧཱུྃ་མི་བསྐྱོད་པ་སྟེ་སྔགས་དོན་ནམ་མཁའི་དཔའ་བོ། མཆན། མེ་ཏོག་ལག་ཏུ་གཏད། དེ་ཡང་ཁྱེད་རང་རྣམས་མཚན་མའི་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ནས་འཇུག་པ་ཡིན་ཀྱང་འདིར་དཀྱིལ་འཁོར་ཡོལ་བས་ཆོད་པ་རྒྱུ་མཐུན་དུ་བྱ་བ་ཡིན་པས་ཕྱག་ཐལ་མོ་སྦྱར་ཏེ་སྒོ་སྲུང་ཕོ་ཉའི་ཚོགས་ལ་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ། ཁྲོ་བོ་མི་བཟད་འཇིགས་པའི་སྐུ། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །བདག་ཅག་འཁོར་བ་ལས་གྲོལ་ཕྱིར། །ཁྱེད་ཀྱིས་གནང་སྟེ་བཏང་དུ་གསོལ། ཞེས་གསོལ་བ་བཏབ་པ་ལ་དཀྱིལ་འཁོར་ཆེན་པོ་འདིར་སྐལ་མེད་རྣམས་ལྟ་བར་མི་རུང་བས། རིགས་དང་སྐལ་པ་འདྲི་བ་འདི་ལ་གསན་པས་ཁྱབ་པར་གདའ། ཁྱེད་རྣམས་སུ་ཡིན་ཅི་ལ་དགའ། །ལས་དང་སྐལ་པ་ལྡན་ནམ་ཅི། །ཞེས་དྲིས་པ་ལ་དེ་ལྟ་བུའི་སྣོད་ཀྱི་སྐྱོན་དང་ལྡན་པ་མ་ལགས་ཤིང་རིགས་དང་སྐལ་པ་ལྡན་པ་ཡིན་པས་ཐུགས་བརྩེ་བས་དགོངས་ནས་འཇུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་དང༌། །དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི། །སྐྱོབ་པ་གཞན་ན་མ་མཆིས་པས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །ལན་གསུམ། ཞེས་གསོལ་བ་ལ། ཁྱེད་ནི་སྣོད་མཆོག་དམ་པ་སྟེ། །ཁྱེད་འདོད་པ་ནི་བདག་གིས་སྦྱིན། །སྤྲོ་བ་བསྐྱེད་ལ་ནང་དུ་ཤོག །དེ་ལྟར་གནང་བ་ནོད་པས་ལྷག་པའི་བསམ་པ་བརྟན་པོས་འཁོད་པའི་མོས་པ་མཛོད། ཅེས་བརྗོད་ཅིང་ནང་དུ་བཏང༌། གཉིས་པ་བགེགས་བསལ་ལོ་རྒྱུས་ཆོས་བཤད་ནི། བགེགས་གཏོར་བཏང་ལ་བཀའ་སྒོ་དྲག་སྔགས་གུལ་ཡུངས་རོལ་མོ་བཅས་པས་བགེགས་བསྐྲད། སྲུང་འཁོར་བསྒོམ། གྲལ་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་བྱ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དེ་གསན་འཚལ། དེ་ལ་རང་ཅག་རྣམས་ཀྱི་མི་ལུས་ཁྱད་པར་ཅན་འདི་ལྟ་བུ་སླན་ཆད་རྙེད་པར་དཀའ་ཞིང༌། ཆོས་སྒྲུབ་པའི་རྟེན་དལ་འབྱོར་ཚང་བ་འབའ་ཞིག་ལ་ལྟོས་དགོས་པའང༌། འཕྲལ་འབྱུང་གི་རྐྱེན་བརྒྱད་དང༌། རིས་ཆད་ཀྱི་བློ་བརྒྱད་ཀྱིས་ཡུད་ཙམ་ཡང་མི་ཁོམ་པར་འགྱུར་ཞིང༌། ལས་མཐའ་ལོག་པའི་རིགས་ལ་ལྟོས་ན་འབྱོར་པ་བཅུ་ཡང་འདུ་འབྲལ་དང་བཅས་པས་ཡོན་ཏན་ཐམས་ཅད་ཚོགས་པའི་མི་ལུས་རིན་པོ་ཆེ་ཡིན་པར་དཀའ་ཞིང༌། སྤྱི་མཐུན་དུ་སྐྱེས་པའི་ནངས་པར་ནས་འཆི་བའི་ཕོ་ཉ་དང་འགྲོགས་པ། འབྱོར་རྒུད་དང་བདེ་སྡུག་སྣ་ཚོགས་པའི་རྟེན་འབྲེལ་ཚོགས་པ་ལས་གཞན་དབང་ཅན་དུ་འགྱུར་བ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བལྟར་མི་མངོན་པ་དང་འགྲོགས་པས་མཐོ་རིས་ཀྱི་བདེ་འབྲས་ནི། རྩྭ་རྩེའི་ཟིལ་པ་ལྟ་བུ་ཤིན་ཏུ་ཡིད་བརྟན་མི་རུང་བ་ཡིན་པས། ངེས་འབྱུང་གི་བློ་ཁྱད་པར་ཅན་གྱིས་བསྐུལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཐབས་ལ་འབད་དགོས། དེ་ལ་སངས་རྒྱས་རྣམས་ནི་ཐུགས་རྗེ་ཚད་མེད་པས་སེམས་ཅན་ཡལ་བར་མི་འདོར་ཞིང༌། ཕྲིན་ལས་ཚད་མེད་པས་གདུལ་བྱའི་ཁམས་དང་དབང་པོ་དང་བསམ་པ་ལ་འཚམ་པའི་ཆོས་སྒོ་ཇི་སྙེད་གསུངས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་འབྲས་བུའི་ཐེག་པ་ཡིན་ཏེ། དེའི་ཆོས་འཁོར་གྱི་གྲངས་ངེས་དང་རྣམ་དབྱེ་བསམ་པར་མི་ནུས་ཀྱང༌། གངས་ཅན་པ་རྣམས་ཀྱིས་འགྱུར་གྱི་བྱེ་བྲག་ལས་གསར་རྙིང་དུ་སྒྲོ་བཏགས་པའི་རྡོ་རྗེ་ཐེག་པ་སྔ་འགྱུར་ལ་མདོ་སྒྱུ་སེམས་གསུམ་གྱི་གྲུབ་པའི་མཐའ་ཆེན་པོ་གསུམ་དུ་ཡོད་པ་ལས། འདི་ནི་སེམས་ཕྱོགས་ཀྱི་གྲུབ་མཐའ་གཙོ་བོར་བཏོན་པས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ཅེས་གྲགས་པ། ནང་གསེས་ཀྱི་དབང་དུ་ན། སྔགས་འོག་མ་ལྟར་ཁམས་ཀྱི་དྲི་མ་བླང་དོར་དང་བཅས་པའི་ངལ་དུབ་ཀྱིས་སྦྱོང་བ་མ་ཡིན་ཡང་སྣང་གྲགས་རིག་པའི་ཆོ་འཕྲུལ་དུ་མངོན་པར་བྱང་ཆུབ་པ་དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་སྙིང་པོ་དཔལ་ཆེན་ཞལ་ལུང་དང་ཧེ་རུ་ཀ་འདུས་པའི་བསྐྱེད་རིམ། དག་པའི་སྣོད་བཅུད་ཀྱང་འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་གཞན་དུ་མི་འགྱུར་བ་ཨ་ནུའི་མདོ་ལུང་གི་སྙིང་པོ་རིགས་བརྒྱ་རིག་འཛིན་གྱི་བསྐྱེད་རྫོགས་རྒྱུད་ལུང་གབ་བྱང་དང་བཅས་པ། རྒྱུ་རྐྱེན་དང་རྩོལ་སྒྲུབ་ལ་མི་ལྟོས་པ་ཕྱི་སེམས་སྡེ། སྐུ་གསུམ་རང་ཆས་ཀྱི་དབྱིངས་ལས་མི་འགྱུར་བ་ནང་ཀློང་སྡེ། མངོན་སུམ་རང་གནས་སུ་སྟོན་པ་གསང་བ་མན་ངག་གི་སྡེ། གནད་ལས་གནད་དུ་བསྡུས་པ་ཡིད་དཔྱོད་དང་འབྲས་བུ་ཕྱི་དུས་ལ་ལྟོས་མི་འཆའ་བ་ཡང་གསང་བླ་ན་མེད་པའི་སྡེ་སྟེ་སེམས་ཕྱོགས་རྒྱ་མཚོའི་སྙིང་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལ་སོགས་པའི་མན་ངག་གི་ཐུས་ཀ་ཚང་ལ་མ་ནོར་བར་སྟོན་པ། དེ་ཉིད་ཀྱང་རྒྱུད་དོན་དང་འབྲེལ་བས་བདེ་བར་གཤེགས་པའི་བཀའ་ཚད་མ། རྡོ་རྗེ་འཛིན་པ་བརྒྱུད་ལྡན་ལས་ཐོས་པས་མན་ངག་ཚད་མ། རྣལ་འབྱོར་དབང་ཕྱུག་གི་ཉམས་མྱོང་ཚད་མ། རྟེན་ཅིང་འབྲེལ་འབྱུང་གི་ལོ་རྒྱུས་ཚད་མ། བཀའ་མ་དང་འབྲེལ་བས་དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། མན་ངག་གི་སྣ་ཁ་མ་ལོག་པ་དག་ལ་མ་བརྟེན་ན། ཟབ་མོར་བཏགས་པ་ཙམ་ལས་ཡང་དག་དང་ལྟར་སྣང་གང་ཡིན་མ་འཚལ་བའི་རྨོངས་པ་ལམ་ནོར་བས་ངལ་བ་འབྲས་མེད་དུ་འགྱུར་ལ། དེའི་ཕྱིར་གཏེར་ལུང་ལས། རྒྱལ་བ་དགོངས་པ་ཉིད་ཀྱི་ཚུལ། །དགོངས་པ་བབ་པ་དབང་གི་མཆོག །ཅེས་གདོད་མའི་མགོན་པོ་སྲས་དང་བཅས་པས་ཆོས་ཀྱི་བདག་པོ་ལ་དགོངས་པས་གནས་ལུགས་ཆོས་སྐུར་རྟོགས་པའི་དབང་ཐོབ། བརྡ་དང་བརྡ་མཚོན་གོ་བ་ནི། །དབང་གི་ནང་ནས་དབང་བཀའོ། །ཞེས་པ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མས་བརྡ་བསྒྱུར་གྱི་ཤོག་སེར་དབྱིབས་དང་རྣམ་པ་ཐམས་ཅད་པ་བྱིན། རྫོགས་པའི་སངས་རྒྱས་དྲི་མེད་འོད་ཟེར་དངོས་དང་ཞལ་མཇལ་ཏེ་སྙན་བརྒྱུད་ཀྱི་ཕ་ཕོག་བསྩལ་བའི་བརྒྱུད་པ་གསུམ་ལྡན་གྱི་སྟེང༌། གོང་འོག་གི་བདག་པོ་རྣམ་གཉིས་ལ་སོགས་ཏེ། སྔོན་གྱི་དུས་ན་བྱོན་པའི་ལམ་སྟོན་ཆེན་པོ་རྣམས་ཀྱིས་བཞེད་པ་བཞིན་རྒྱུད་སྡེ་བཀའ་མ་དང༌། སྒྲུབ་སྡེ་བཀའ་བརྒྱད་ལ་སོགས་པའི་དབང་གི་ཆུ་བོ་མ་ནུབ་པའང་གསན་ཅིང་བྱིན་རླབས་ཀྱི་བརྒྱུད་པ་འདྲེས་པར་མཛད་ནས། ཇི་སྐད་དུ་སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང༌། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་པ་ལ་སོགས་པ་དང་གཞན་དུ་བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་ནི་རང་ཉིད་ཀྱི་སྤྱོད་པ་ཉིད་ལས། མན་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ༌། ཞེས་པ་ལྟར་རྒྱལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པས་དགོངས་ཤིང་མཁའ་འགྲོའི་གསང་མཛོད་ལ་མངའ་དབང་བསྒྱུར་བར་བྱིན་གྱིས་བརླབས་པ་དང་རྗེས་སུ་གནང་བས་བཀའ་རྩོད་པ་མེད་ཅིང༌། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་ཞལ་ནས་གསུངས་པའི་བཀར་བསྙོན་མེད་དུ་གྲུབ་པ་ལ་ཟབ་མོ་གཏེར་གྱི་རིང་ལུགས་མ་ནོར་བ་ཞེས་བྱ་སྟེ། མཆོག་གཟིགས་ཀྱི་བརྒྱུད་པ་མ་ཆད་པ་དང༌། ཉམས་པ་དང་འདྲེས་ཁྱེར་གྱིས་བར་མ་ཆོད་པ་དང༌། ཚིག་ལ་གྲིམ་པའི་སློབ་པ་སོ་སོའི་སྐྱེ་བོས་བསླད་པ་མ་སོང་བས་བྱིན་རླབས་ཆེ་ཞིང་སྒྲུབ་ཐག་ཉེ་བ་ཡིན་ནོ། །དེ་ལྟ་བུའི་སྔགས་ཀྱི་མྱུར་ལམ་ལའང་དབང༌། བསྐྱེད་རིམ། རྫོགས་རིམ། བཤད་པ་སྟེ་སྔ་འགྱུར་བཀའ་བབ་ཆུ་བོ་བཞིའི་ཞལ་ལུང་དང་ལྡན་པ་ལས་དེང་རིམ་པ་དབང་གི་ཆོ་ག་ལས། སྤྱིར་འདི་ཡན་ཆད་སྙིང་ཐིག་སྤྱིའི་དབང་བཤད་ལ་འཇུག་པས་སྐབས་སུ་གང་བབ་འཕྲུལ་ཤེས་པར་བྱ། དམིགས་བསལ། འདིར་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོར་སྨིན་པར་བྱ་བ་སྐབས་སུ་བབ་པ་ཡིན་ལ། འདི་ནི་སྤྱི་སྒོས་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་བ་དང༌། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་པ་ཅན་དུ་བྱེད་པའི་ཐབས་མཆོག་རྨད་དུ་བྱུང་བ་རྣལ་འབྱོར་གྱི་སྤྱི་ཁྲུས་ཞི་ཁྲོ་ན་རཀ་དོང་སྤྲུགས་མཚམས་མེད་ལྔ་སྦྱོང་བ་ཞེས་གྲགས་པ་སྟེ། འགྱོད་ཚངས་ཀྱི་རྒྱལ་པོ་འདི་སྔོན་འདོད་ཁམས་ཀྱི་གནས་འདིར་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་བྱང་བ་ཞིག་ལ་སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་དེས་སློབ་སྦྱོང་རྣམས་མཐར་ཕྱིན་པ་ན། ད་ངའི་གོང་ན་སློབ་དཔོན་འདི་ཙམ་དུ་ཟད་པས་མེད་པར་བྱ་སྙམ་ནས་ཐོ་བརྩམས་པ་སློབ་དཔོན་གྱིས་ཀྱང་ཤེས་ནས་ཞེ་སྡང་གིས་དམོད་བོར་ཏེ། གྲོངས་ནས་གཉིས་ཀ་ངན་སོང་དུ་སྐྱེས་པ་ལ། རྒྱལ་བ་རྣམས་ཀྱིས་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ལྷ་སྔགས་བསྟན་པས་གྲོལ་ཏེ་རིམ་གྱིས་རིག་འཛིན་གྱི་ས་ལ་བཀོད་པ་ཉིད་ལ་བཀའ་གཏེར་དག་སྣང་གི་བབས་སོ་རྒྱས་བསྡུས་མི་འདྲ་བ་དུ་མ་ཞིག་བཞུགས་པ་ལས་འདི་ནི་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པ་སྟེ། གཞུང་རྩ་བ་ལས། བི་མ་ལ་དང་གསང་ཞབས་སོགས༔ པཎ་གྲུབ་རྣམས་ལ་གྲགས་པ་ཡི༔ ཞི་ཁྲོ་ཁྲོམ་དཀྲུག་ཅེས་བྱ་བའི༔ སྔ་འགྱུར་བཀའ་མའི་གཞུང་བཟང་པོ༔ དངོས་ལ་མིང་བཏགས་མཐུ་ཆེ་བ༔ ནུབ་ལ་ཉེ་བ་མ་བཟོད་དེ༔ ན་རཀ་དོང་སྤྲུགས་གང་ཡིན་པའི༔ དངོས་དོན་འཁྲུལ་པ་མེད་པར་བསྡེབས༔ བཀའ་གཏེར་ཟུང་དུ་འཇུག་པ་ལ༔ པདྨའི་རིང་ལུགས་ཞེས་སུ་གྲགས༔ འགྲོ་ཀུན་ཆོས་ཀྱི་མིག་ལྡན་པས༔ ཡང་དག་ལམ་ལ་འཇུག་པར་ཤོག༔ ཅེས་གསུངས་པ་ལྟར་བསྐྱེད་པ་མ་ཧཱ་ཡོ་ག་ལ་རྒྱ་ཆེ་བ་རྒྱུད་སྡེ་དང༌། ཟབ་པ་སྒྲུབ་སྡེ་གཉིས་ལས་སྔ་མ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལ་སོགས་ལྔ། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བའི་རྒྱུད་སྡེ་གཉིས། དེ་ཐམས་ཅད་ཀྱི་ཁྱབ་བྱེད་རྩ་བའི་སྤྱི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོ་སྟེ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་སོ་སོའི་དབང༌། རྒྱུད་བཤད་སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར་སོགས་རིགས་བསྡུས་པའི་དབང༌། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེའི་ནང་ཚན་གླང་ཆེན་རབ་འབོག་གི་དུམ་བུ་དྲི་མེད་བཤགས་པའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་ཞི་ཁྲོ་ཁྲོམ་དཀྲུག་དང༌། ཆ་མཐུན་ཡི་གེ་བརྒྱ་པ་དབང་ཆོག་རྒྱལ་པོའི་རྒྱུད་སོགས་ལ་བརྟེན་པའི་ཞི་ཁྲོ་རིགས་འདུས་ཀྱི་དབང་སོགས་བཞུགས་པ་ལས་འདི་ནི་སྔོན་མ་ཡོ་ག་རྣམ་པ་གསུམ་ཀ་ལ་འཇུག་ཅིང་ཨ་ནུ་ཡོ་ག་དང་རྗེས་སུ་འབྲེལ་བ་སྟེ། དབང་གཞུང་ལས། དག་པའི་སྣོད་བཅུད་ཀྱང་འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་གཞན་དུ་མི་འགྱུར་བ་ཨ་ནུའི་མདོ་ལུང་གི་སྙིང་པོ་རིགས་བརྒྱ་དང་རིག་འཛིན་གྱི་བསྐྱེད་རྫོགས་རྒྱུད་ལུང་གབ་བྱང་དང་བཅས་པ། ཞེས་གསུངས་པའི་སྔ་མ་ཞི་ཁྲོ་ཁྲོམ་དཀྲུག་ངན་སོང་སྦྱོང་བའི་ཆོ་གའི་དངོས་གཞིའི་དབང་བསྐུར་བ་སྦྱིན་པ་སྟེ། དེ་ལ་བདག་ཉིད་སློབ་དཔོན་གྱི་བགྱི་འོས་རྣམས་གྲུབ། ཁྱེད་རང་སློབ་མའི་ངོ་སྐལ་ལ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང༌། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསུམ་པ་སྐྱབས་སེམས་སྡོམ་པ་བཟུང་བ་ནི། རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བཞི་རྫོགས་པར་ནོད་པ་ལ་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་སྔོན་དུ་བཟུང་བ་གལ་ཆེ་བས་ཉན་རང་དང་ཐུན་མོང་གི་ལམ་གྱི་རྨང་རྡོ་སྐྱབས་འགྲོ། ཐེག་ཆེན་དང་གསང་སྔགས་ཀྱི་ཁྱད་ཆོས་བྱང་ཆུབ་སེམས་བསྐྱེད་པ་སྟེ། དེ་དག་གི་སྡོམ་པ་ཐུན་མོང་དུ་བཟུང་བའི་ཕྱིར་མདུན་གྱི་ནམ་མཁར་དུས་གསུམ་རྒྱལ་བ་སྲས་བཅས་སྐྱབས་གསུམ་ཀུན་འདུས་སུ་བཞུགས་པ་ལ། འཁོར་བ་ལ་འཇིགས་པ། དཀོན་མཆོག་ལ་དད་པ། སེམས་ཅན་ལ་སྙིང་རྗེའི་ཀུན་སློང་གསུམ་དང་ལྡན་པས་སྐྱབས་ཡུལ་རྣམས་དཔང་པོར་བཅོལ་ཏེ་རྒྱལ་བ་སྲས་བཅས་ཀྱི་མཛད་པའི་རྗེས་སུ་སློབ་སྙམ་པས་རྗེས་ཟློས་ལན་གསུམ་མཛོད། ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང༌། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །སོགས་ནས། སྔགས་ཀྱི་ཆོ་གས་བསྡམ་པར་བགྱི། །ཞེས་པའི་བར་སྟ་གོན་བཞིན་བྱ། བཞི་པ་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་ནི། གསང་སྔགས་ཀྱི་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་སྟེ། ཁྱེད་རང་རྣམས་ཀྱི་སྙིང་གར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་སྒྲུབ་པའི་བློ་བཅོས་མིན་དེ་ཉིད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་དང་འོད་ཟེར་འབར་བ་རེས་མཚན་པར་མོས་ལ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་ཀྱིས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། ལན་གསུམ། ལྔ་པ་དམ་ལ་བཞག་པ་ནི། རིགས་ཀྱི་བུ་ཁྱོད་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་མཆོག་ཏུ་གསང་བའི་རང་བྱུང་གི་ཡེ་ཤེས་བསྐྱེད་པར་བྱ་ལ། དེའི་སྲོག་ཏུ་གྱུར་པ་དམ་ཚིག་སྲུང་དགོས་པས་རྡོ་རྗེ་བདུད་རྩིའི་མནའ་ཆུ་འདི་ཉིད་བྱིན་པས་དམ་ཚིག་ཉམས་ན་དངོས་གྲུབ་ཐོབ་པའི་སྐབས་མེད་ཅིང་སྡིག་པ་མགོ་དགུར་གྱུར་ནས་སྙིང་ཁྲག་འཇིབས་ཏེ། འདི་དང་ཕྱི་མར་སྡུག་བསྔལ་དུ་མས་ཚར་གཅོད་པས་དམྱལ་བའི་ཆུ་ཞེས་བྱ་ཞིང༌། བསྲུངས་ན་ཡེ་ཤེས་སེམས་དཔར་གྱུར་ནས་འདི་ཕྱིའི་ཕན་བདེ་མ་ལུས་པའི་འབྱུང་གནས་སུ་འགྱུར་བས་བདུད་རྩི་སྟེ། དམ་ཚིག་དང་སྡོམ་པ་རྒྱ་མཚོ་སྲུང་བའི་ཕན་ཡོན། འདས་པའི་ཉེས་དམིགས། དེ་ལེན་པའི་ཡུལ་སློབ་དཔོན་དང་བཅས་བཀའ་གཉན་པའི་ཁེ་ཉེན་ཆེན་པོ་གཉིས་སུ་ཡོད་པར་ཤེས་པས་བདུད་རྩི་འདི་ཉིད་ལྕེ་ལ་བཞག་ཀྱང་འབབ་པ་སྙིང་དབུས་སུ་ཐིམ་པར་མོས་ལ། ནང་མཆོད་བྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །བསྲུངས་ན་དངོས་གྲུབ་ཐམས་ཅད་ཐོབ། །དམ་ཚིག་བདུད་རྩིའི་ཆུ་འདི་འཐུངས། །ས་མ་ཡ་ཨི་དན་ན་ར་ཀན། དྲུག་པ་རིགས་ལྔའི་སྡོམ་བཟུང་ནི། དབང་འདི་ཐོབ་པ་དཀྱིལ་འཁོར་གྱི་བྱ་བས་ཐོབ་ཀྱང༌། དབང་སྲོག་འཛིན་པ་དམ་ཚིག་དང་སྡོམ་པས་འཛིན་དགོས་པས་རྡོ་རྗེ་ཐེག་པའི་དམ་ཚིག་དབྱེ་བསྡུ་ཐམས་ཅད་རིགས་ལྔའི་དམ་ཚིག་ལ་འདུ་བས་ན་ཐུན་མིན་སྔགས་ཀྱི་རིགས་ལྔའི་སྡོམ་པ་དང་དམ་ཚིག་རྩ་བ་སྐུ་གསུང་ཐུགས། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་སྲོག་ལ་བབ་ཀྱང་མི་གཏོང་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ། །རྒྱལ་སྲས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་བསྙེན། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༌། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །ལྷ་ཡི་ཕྱག་རྒྱ་བླ་མའི་སྟན། །བཞོན་པ་ལ་སོགས་མི་སྨད་ཅིང༌། །བསྟན་པ་སྐྱོང་རྣམས་བརྙས་མི་བྱ། །བླ་མ་སངས་རྒྱས་དྲན་བྱེད་ཅིང༌། །བརྟན་གཡོ་ལྷ་དང་མཉམ་པར་སྦྱོར། །མདོར་ན་རྒྱལ་བས་གང་བསྒྲགས་པ། །དེ་དག་ཐམས་ཅད་བདག་གིས་བཟུང༌། །ལན་གསུམ། སྤྱིར་སྟ་གོན་གྱི་སྡོམ་བཟུང་ནས་དམ་ཚིག་སྲུང་བར་དབང་ཞིང༌། དངོས་བསྟན་བསྐྱེད་རྫོགས་ཐུན་མོང་བའི་བྱེ་བྲག་གི་དམ་ཚིག་རྣམས་རིགས་ངེས་པར་ཁས་བླང་བའི་ཆོ་གས་ཐོབ་པ་ཞེས་བརྗོད་ལ། ཁྱད་པར་རིམ་གཉིས་སོ་སོའི་སྔགས་སྡོམ་རྣམས་དབང་བཞི་རང་རང་གི་རྗེས་ཐོག་ཏུ་སོ་སོའི་ས་བོན་རྒྱུད་ལ་ཐེབས་པ་དང༌། ལྷན་ཅིག་ཐོབ་པའི་ཕྱིར་སྔགས་སྡོམ་རྫོགས་པར་ཐོབ་དུས་ནི་དབང་བཞི་པའི་མཐར་ཐུག་ཁོ་ན་ལ་ལྟོས་དགོས་ཤིང༌། མཚུངས་ལྡན་གྱི་སྡོམ་པ་ལ་གནས་དགོས་པའི་ཕྱིར་སྐྱེ་བོ་རང་ག་དང་ནད་གདོན་གྱིས་མནར་བའི་རྐྱེན་སེལ་དང་སྒྲིབ་སྦྱོང་ལ་སྡོམ་པ་ཁྱད་པར་བ་དག་མི་འབོག་ཅིང༌། མཆོག་དབང་གོང་མ་རྣམས་མི་བསྐུར་བ་གསར་རྙིང་གི་རྒྱུད་དང་མཁས་གྲུབ་ཆེན་པོ་རྣམས་ཀྱིས་དགོངས་པ་ཡིན་པས་སོ་མཚམས་འབྱེད་པ་གལ་ཆེ་གསུངས་སོ། །བདུན་པ་དཀྱིལ་འཁོར་དུ་འཇུག་པ་ནི། དེ་ནས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ཡིན་པས་འདིའི་རྗེས་ཟློས་མཛོད། ཀྱཻ། རིགས་ལྔ་བདེ་བར་གཤེགས་པ་དང༌། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །ལན་གསུམ། ཞེས་གསོལ་བས་དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེས་པར་མོས་ཤིག །བླ་མས། ཨ་ཁཾ་ཝི་ར་ཧཱུྃ་དང་དབྱེ་རྒྱ་བཅས་ཡོལ་བ་བསལ། འདུས་པ་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཚེ་བླ་མས་བརྗོད་པའི་སྔགས་སུ་གསུངས། མཆན། གཙོ་བོའི་ཐུགས་ཀ་ནས་བྱུང་བའི་ལས་ཀྱི་རྡོ་རྗེའི་ཕྱག་ལ་འཇུས་ཏེ་ཤར་སྒོ་ནས་བཟུང་རིམ་པར་གཡས་བསྐོར་གྱིས་སྒོ་བཞིར་ཞུགས་ཤིང་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ལན་བཞི་བརྗོད་དོ། །གཉིས་པ་ནང་འཇུག་ལ་བཞི་ལས། དང་པོ་ཡེ་ཤེས་པ་དབབ་པ་ནི། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་དང་དཀྱིལ་འཁོར་གྱི་བདག་པོ་གཉིས་སུ་མེད་པའི་སྲས་སུ་བྱ་བའི་ཕྱིར། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང༌། ངག་གི་རླུང་ཁ་སྦྱོར་དུ་འཆིང༌། ཡིད་རྣམ་པར་མི་རྟོག་པའི་ངང་ནས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སླར་ཡང་གཙོ་བོའི་མདུན་ཐད་ཤར་སྒོའི་དབང་སྟེགས་ལ་འཁོད་པས་དཀྱིལ་འཁོར་གྱི་བདག་པོའི་ཐུགས་ཀ་ནས་འོད་ཟེར་བྱུང༌། སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཧཱུྃ་དུ་གྱུར་པ་ཡབ་ཀྱི་ཞལ་དུ་དྲངས། རྗེས་སུ་ཆགས་པའི་ཡེ་ཤེས་ཀྱིས་བསྐུལ་ཏེ་ཡུམ་གྱི་པདྨོར་ལྷུང༌། སྲས་ཀྱི་ཚུལ་དུ་གཙོ་བོའི་རྣམ་པ་གཉིས་པ་ཞིག་བྱུང་བ་སྔར་གྱི་དབང་སྟེགས་སུ་ ལུགས་འདིའི་དབང་ཆོག་ཕལ་ཆེར་དུ་སློབ་མ་ལྷར་བསྐྱེད་རྒྱས་པ་མི་འབྱུང་ཡང་གསང་བ་སྤྱིའི་འགྲོས་ལྟར་ལེགས་སྙམ་བཀོད་པ་མཁྱེན་ལྡན་རྣམས་ཀྱིས་འོས་མིན་དཔྱད་པར་ཞུ། མཆན། སེང་ཁྲི་པད་ཟླའི་གདན་ལ་འཁོད་པ། དབང་བཞིའི་སྣོད་དུ་རུང་ཕྱིར་སྣོད་རྣམ་པར་དག་པ་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་ལ། བཅུད་རྣམ་པར་དག་པ་ཁྱེད་རང་གི་ཐ་མལ་གྱི་ཕུང་ཁམས་སྐྱེ་མཆེད་སྐད་ཅིག་གིས་རང་བཞིན་གཞིའི་ཀུན་ཏུ་བཟང་པོ་མཐིང་ག་ཡབ་ཡུམ་མཉམ་སྦྱོར་རྡོ་རྗེའི་སྐྱིལ་ཀྲུང་མཉམ་གཞག་གིས་མཚན་པའི་ཐུགས་ཡེ་ཤེས་ཆེན་པོའི་ཀློང་དུ་ཞི་བ་བཞི་བཅུ་རྩ་གཉིས། དེ་དག་གི་སྐུའི་གསལ་སྣང་ལས་སྤྱི་བོའི་དུང་ཁང་དུ་ཡེ་ཤེས་བསྐལ་པའི་མེ་དཔུང་རབ་ཏུ་འཁྲུགས་པའི་ཀློང་ན་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཚོམ་བུའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བའི་གནས་གསུམ་དུ་ཕྱག་མཚན་གསུམ་དང༌། ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལྷའི་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པར་བྱོན་ནས་རང་ཉིད་དམ་ཚིག་སེམས་དཔར་གསལ་བ་ལ་ཡེ་ཤེས་ཀྱི་འཁོར་ལོ་བྱེ་ཚན་ལ་ཁ་བ་བབ་པ་ལྟར་སྙིང་ནང་དུ་སིབ་སིབ་ཐིམ་པར་བསམ་ལ། བདུད་རྩི་ལྔས་སྦགས་པའི་གཞོན་ནུ་མའི་རཀྟ། ཤ་ཆེན། གུ་གུལ། བྱི་ལ་ནག་པོའི་བྲུན། ཀླད་ཆེན། རའི་ཉྭ་བཞིའི་ཤ། རང་གི་སྐྲ་རྣམས་ཐོད་པའི་སྣོད་དུ་སོལ་ཆེན་གྱི་མེ་ལ་བསྲེགས་པའི་འབེབས་རྫས་བདུག །ཐོད་རྔ་དང་དྲིལ་བུ་མྱུར་དལ་སྤེལ་བ་སོགས་རོལ་མོའི་སྒྲ་དང་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ། འཕགས་མཆོག་ཐུགས་རྗེས་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབས་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཧཱུྃ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཛྙཱ་ན་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། སྟྭམྦྷ་ཡ་སྟྭམྦྷ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུྃ་ཨ་ཧ་ཛྷཻཾ། ཞེས་དྲག་ཏུ་བཟླས་ལ་དབབ་པས། ལུས་ངག་ཡིད་ལ་ཕེབས་པའི་རྟགས། །འདར་ཞིང་འཕར་གཡོ་སཾ་སྐྲྀ་ཏའི། །བརྡ་སྐད་གླུ་ལེན་ངུ་བ་དང༌། །བདེ་གསལ་མི་རྟོག་ལྷག་པའི་ལྟས། །ཞེས་གསུངས། དེས་མ་ཕེབས་ན་སྤོག་པའི་ཆོ་ག་ནི། ཁྱེད་རང་རྣམས་ལུས་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་ཀྱིས་རླུང་ལྟེ་བར་བསྐྱིལ་ལ་སླར་ཡང་དམིགས་པ་འདི་ལྟར་བསྒོམ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་གཡུང་དྲུང་དམར་པོའི་ལྟེ་བར་བྃ་དང༌། ཡན་ལག་བཞི་ལ་ཧ་རི་ནི་ས་ལས་མཁའ་འགྲོ་སྡེ་ལྔར་གསལ་བ་ཆི་ལི་ལི་འཁོར་བ་ལ་ཤེས་པ་དྲག་ཏུ་གཏོད་ལ་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ་ཨ་རལླི་ཕཻཾ་གྱི་གླུ་དང་ལྟ་བས་གཅུན། ཕེབས་རྟགས་བྱུང་ན་རྩོལ་མེད་དུ་བསྐྱང་དུ་གཞུག །དེ་ནི་དབང་དོན་རྒྱུད་ལ་འཇོག་པའི་རྟེན་འབྲེལ་གྱི་རྩ་བ་ལྟ་བུ་ཡིན་པས་ནན་ཏན་དུ་གཅེས་པར་གསུངས། བྱིན་དབབ་པའི་ཡེ་ཤེས་པ་རྣམས་རྡོ་རྗེའི་ཆོས་བདུན་གྱི་རྣམ་རོལ་དུ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །གཉིས་པ་མེ་ཏོག་འདོར་བ་ནི། མེ་ཏོག་འདོར་རའི་དཀྱིལ་འཁོར་འདུ་བྱས་ལ། ཁྱེད་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རིགས་ལྔ་ལ་གཙོ་འཁོར་རང་རྒྱུད་པའི་བཟང་ངན་གྱི་དབྱེ་བསལ་མ་མཆིས་ནའང་རང་དང་ལས་ཀྱི་འབྲེལ་པ་གང་ལ་ཡོད་པའི་ལྷག་པའི་ལྷ་མཆོག་དེས་བདག་གི་རིགས་ཀྱི་མེ་ཏོག་འདི་བཞེས་སུ་གསོལ་སྙམ་པས་འདིའི་རྗེས་ཟློས་དང་ལྷན་ཅིག་འདོར་བར་ཞུ། ཀྱཻ། བདེ་གཤེགས་རིགས་ལྔའི་ཕོ་བྲང་འདིར། །འབྲེལ་བའི་མེ་ཏོག་འདི་དོར་བས། །ལས་འཕྲོ་གང་ཡོད་ལྷ་དང་མཇལ་བར་ཤོག །ཨོཾ་པུཥྤེ་སིདྡྷི་ཧཱུྃ། ཞེས་དོར་བས་གང་ལ་བབ་པའི་རིགས་ངོས་བཟུང༌། ཕྱི་རོལ་དུ་ལྷུང་ན་སླར་ཡང་བསྐྱར་ཏེ་བརྟགས་པར་གསུངས། དེ་ལྟར་དོར་བའི་མེ་ཏོག་དབུས་སུ་བབ་ན་བདེ་བར་གཤེགས་པའི་རིགས་ཀྱི་གཙོ་བོ་རྣམ་སྣང༌། ཤར་དུ་རྡོ་རྗེ་མི་བསྐྱོད་པ། ལྷོ་རུ་རིན་ཆེན་འབྱུང་ལྡན། ནུབ་ཏུ་པདྨ་སྣང་མཐའ། བྱང་དུ་ལས་ཀྱི་རིགས་དོན་ཡོད་གྲུབ་པའི་རིགས་ཡིན་པས་གང་ལ་བབ་པ་ཉིད་ལྷག་པའི་ལྷར་ཟུངས་ཤིག །ཐོག་མར་དཔལ་དང༌། ཐ་མར་རྡོ་རྗེ་ཡོད་པའི་རིགས་དང་མཐུན་པའི་གསང་མཚན་སོ་སོའམ། གཙོ་བོའི་མཚན་ལས་བྱུང་བའི་སྤྱི་ལ་གདགས། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་སློབ་མ་ལ་གཏད་པའི་དོན་དུ་མེ་ཏོག་གི་ཕྲེང་བ་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་བས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་མཛོད། པྲ་ཏཱི་གྷྲཱི་ཧ་ན་ཨི་མཾ་སཏྭ་མ་ཧཱ་བ་ལ། གསུམ་པ་མིག་དབྱེ་བ་ནི། རིགས་ཀྱི་བུ་མཚོན་པ་བརྡའི་སྒོ་ནས་མིག་དབྱེ་བས་མ་རིག་པའི་ལིང་ཏོག་བསལ་ཏེ་དག་པ་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པས་ཡེ་ཤེས་རང་སྣང་གི་ལྷ་དང་དཀྱིལ་འཁོར་མངོན་སུམ་དུ་མཇལ་བའི་མོས་པ་མཛོད། སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། །ཁྱེད་ཀྱི་མ་རིག་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བ་ལྟར། །དེ་བཞིན་ཁྱེད་ཀྱིས་འགྲོ་བ་རྣམས། །ཡེ་ཤེས་སྤྱན་དུ་འབྱེད་པར་ཤོག །ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཞེས་གདོང་གཡོགས་བསལ། བཞི་པ་དཀྱིལ་འཁོར་བསྟན་པ་ནི། ཕྱག་ཤིང་གིས་མཚོན་ལ། དེ་ལྟར་རྣམ་དག་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པ་ལ་དཀྱིལ་འཁོར་བསྟན་ཅིང་སྤྲོ་བ་བསྐྱེད་པ་ལགས་ཏེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཁྱེད་ནི་སྡིག་པ་ཀུན་ལས་གྲོལ། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ལུས་ངག་ཡིད་ཀྱིས་དད་པ་བསྐྱེད། །དངོས་གྲུབ་མཐའ་དག་ཁྱེད་ཀྱིས་ཐོབ། །དམ་ཚིག་སྔགས་ལ་བརྩོན་པར་གྱིས། །ཀྱེ་རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས། བརྡ་དོན་རྟགས་ཀྱིས་མཚོན་པའི་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་ཕྱི་ལྟར་རྡུལ་ཚོན་ནམ། རས་བྲིས་འདི་ནི་འབྱུང་བ་རིམ་ལྔ་བརྩེགས་པའི་སྟེང་དུ་འོག་མིན་ལྷུན་གྱིས་གྲུབ་པའི་གཞལ་མེད་ཁང་ཤིན་ཏུ་ཉམས་དགའ་བ། ཕྱི་མཆོད་རྟེན་གྱི་རང་བཞིན་རྩེ་ལྔ་པ་ནང་རང་བྱུང་རྡོ་རྗེའི་གཞལ་ཡས་ཁང་ཕྱི་གསལ་ནང་གསལ། རྒྱ་ཁྱོན་དང་བཀོད་པ་བསམ་གྱིས་མི་ཁྱབ་པའི་མཐའ་བསྐོར་དུ་མཆོད་རྟེན་ཤིང་མེ་ཆུ་སྤྲིན་གྲུབ་པའི་རིག་འཛིན་ཞིང་སྐྱོང་གི་མཁའ་འགྲོ་མ་ལ་སོགས་པ་རྣམ་པ་བརྒྱད་ཀྱིས་མཚན་པའི་དུར་ཁྲོད་བརྒྱད། མཐའ་བསྐོར་དུ་རྡོ་རྗེའི་རྭ་བ་ཡེ་ཤེས་ཀྱི་མེ་དཔུང༌། དབུས་སུ་དག་ཆེན་ཡེ་ཤེས་ཀྱི་རོལ་པ་ཐར་པ་ཆེན་པོའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་གློ་འབུར་དང་བཅས་པ། རྒྱུ་འབྲས་ཀྱི་རྟ་བབ་བརྒྱད་དང་ལྡན་ཞིང༌། གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་པདྨ་འདབ་བཞི། འདབ་བརྒྱད། བཅུ་དྲུག །སུམ་ཅུ་རྩ་གཉིས། བཞི་བཅུ་རྣམས་ཀྱི་དབུས་སུ་སེང་གེའི་ཁྲི་དང་པད་ཟླ་ཉི་མའི་གདན་ལ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་མཐིང་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གིས་རྡོ་རྗེ་འཁོར་ལོ། རིན་པོ་ཆེ། དྲིལ་བུ། པདྨ། རལ་གྲི་འཛིན་པ། ཡུམ་དབྱིངས་ཕྱུག་མ་གཡས་དྲིལ་བུ་དང་གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ་དང་སྦྱོར་བ། དེའི་ཕྱི་རོལ་གྱི་རྩིབས་བཞི་ལ་མི་བསྐྱོད་པ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ། ཀུན་ཏུ་བཟང་པོ་དང་བཟང་མོ་མཐིང་ག །དེའི་ཕྱི་རོལ་གྱི་པད་འདབ་བརྒྱད་ལ་རྣམ་སྣང་དང་སྤྱན་མ་དཀར་མོ། རིན་འབྱུང་དང་མཱ་ཀི་སེར་མོ། སྣང་མཐའ་དང་གོས་དཀར་དམར་མོ། དོན་གྲུབ་དང་སྒྲོལ་མ་ལྗང་གུ་རྣམས་རང་རྟགས་ཀྱི་ཁྲི་ལྔ་བརྩེགས་པ་དང་རིགས་ཀྱི་ཕྱག་མཚན་ཅན། དེའི་ཕྱི་རོལ་པད་འདབ་བཅུ་དྲུག་ལ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། དེའི་ཕྱི་རོལ་འདབ་མ་སོ་གཉིས་ལ་སྒོ་བ་ཁྲོ་བོ་ཡབ་ཡུམ། ཐུབ་པ་དྲུག །ཆེ་མཆོག་རིགས་ལྔ་ཡབ་ཡུམ། གནས་ཀྱི་མ་མོ་བརྒྱད། དེའི་ཕྱི་རོལ་གྱི་པད་འདབ་བཞི་བཅུ་ལ་ཡུལ་གྱི་མ་མོ་བརྒྱད། གདོང་ཅན་བཞི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་རང་རིགས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་འགྱུར་མ་འདྲེས་པ་ཡོངས་སུ་རྫོགས་པ། བར་མཚམས་རྣམས་སུ་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི་རོལ་པ་ཚད་མེད་པར་བཞུགས་པར་ཡང་མཚོན་བྱ་ཡེ་ཤེས་ཀྱི་དཀྱིལ་འཁོར། ནང་དུ་ཕུང་པོ་ཁམས་དང་སྐྱེ་མཆེད་ལས་དབང་དང་བཅས་པ་གདོད་ནས་དག་པའི་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་དུ་ལྷུན་གྱིས་གྲུབ་པར་རང་ལ་ཡེ་ནས་རང་བྱུང་དུ་བཞུགས་པ་མཚོན་ལ། བཞུགས་ཚུལ་དོན་གྱི་དཀྱིལ་འཁོར་རང་གི་སེམས་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་དམ་པ་རིགས་བརྒྱའི་ལྷ་ཚོགས་སུ་བཞུགས་པའི་གནས་ལུགས་མཐར་ཐུག་པ་འདི་ངོ་སྤྲད་པས། ཡིན་ཚུལ་གཤིས་ཀྱི་དཀྱིལ་འཁོར་ཕྱི་ནང་གསང་བ་གཉིས་མེད་རང་བྱུང་གདོད་མའི་གནས་ལུགས་དབྱིངས་རིག་ཟུང་འཇུག་ནང་གསལ་ཐིམ་ལ་མ་རྨུགས་པ་དོན་དམ་དཀོར་བདུན་གྱི་བདག་ཉིད་དུ་ལ་ཟླ་དགོས་པས། རྣམ་པ་དབང་བཞིའི་རྫས་ལ་བསྐྱེད་པའི་བདེ་གཤེགས་རྒྱལ་བ་རབ་འབྱམས་ཞི་ཁྲོ་སྤྲུལ་པའི་འཁོར་ལོ་གཅིག་ཏུ་རྫོགས་པའི་རྟེན་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་ལ་དད་གུས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །དེ་དག་གིས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དུ་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་སྟེ་ཡེ་ཤེས་སྨིན་པའི་སྣོད་དུ་གྱུར་པ་ལ། ཞུགས་ནས་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྐབས་འདིར་དཔོན་སློབ་དད་སྤྲོ་བློ་གྲོས་དང་ལྡན་ན་དབང་བཞིའི་རྣམ་དབྱེ། ངོ་བོ། ངེས་ཚིག །དགོས་པ་སོགས་རྒྱས་བསྡུས་སྐབས་ཕྱེད་པར་འཆད་ན་ལེགས་ཤིང༌། འདིར་སྤྱི་ལྟར། དབང་དངོས་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ནམ་མཁའི་རྡོ་རྗེས་རྒྱལ་བ་ལྔར། །དགོངས་ཤིང་ཇི་ལྟར་དབང་བསྐུར་ལྟར། །མཆོད་པ་ཆེན་པོ་བརྡ་ཡི་དབང༌། །རིག་པ་འཛིན་པ་བདག་ལ་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བུམ་གསང་ཤེས་རབ་ཡེ་ཤེས་བཞི་པ་དང་འབྲེལ་བའི་ཕན་ནུས་ཟབ་མོའི་དབང་རྣམས་རིམ་པར་བསྐུར་བའི་དང་པོ་བུམ་པའི་དབང་ལ་ཕྱི་ཕན་པ་དང་ནང་ནུས་པ་འཇུག་པའི་དབང་གཉིས་ལས། དང་པོ་ཕྱི་ཕན་པ་རྡོ་རྗེ་སློབ་མའི་དབང་ལ་རིག་པའི་དབང་ལྔ་རིམ་པར་བསྐུར་བའི་སླད་དུ་དམིགས་པ་འདི་ལྟར་མཛོད། བདག་མདུན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། པདྱཾ་ནས། ཤབྡའི་བར་བརྗོད། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན༔ དབང་ཤེས་དག་པ་སེམས་དཔའ་སེམས་མ་སྟེ༔ ལས་ཀྱི་བདག་པོ་ཁྲོ་བོ་ཁྲོ་མོའི་ཚོགས༔ གདན་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ གསོལ་བ་གདབ་པ་ནི། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ། ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར། སློབ་བུ་སེང་ཁྲི་པད་ཉི་ཟླ་བའི་གདན་ལ་སྐད་ཅིག་གིས་རྡོ་རྗེ་མི་བསྐྱོད་པར་གནས་གྱུར་པ་ལ་རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རྣམ་རྒྱལ་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་གྱིས་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ། རྣམ་ཤེས་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། རིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུ་ཡི་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མཱ་མ་ཀིར་སངས་རྒྱས། ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེའི་རིགས་ཀྱི་ཐུགས་འཁྲུལ་པ་མེད་པས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རིན་ཆེན་འབྱུང་ལྡན་དུ་གསལ་བ་ལ་རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་འབྱུང་གི་བདག་ཉིད་ཅན་གྱི་དབུ་རྒྱན་སྤྱི་བོར་བཅིངས་ཏེ་དབང་བསྐུར་བར་མོས་ཤིག །དབུ་རྒྱན་བཅིང་ལ། ཧཱུྃ། ཚོར་བའི་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་དུ་དག །ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་སྣང་བ་མཐའ་ཡས་སུ་གསལ་བ་ལ་རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེ་ཕྱག་གཡས་སུ་གཏད་དེ་དབང་བསྐུར་བར་མོས་ཤིག །རྡོ་རྗེས་དབང་བསྐུར་ལ། ཧཱུྃ། འདུ་ཤེས་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེས་དབང་བསྐུར་བས་ངག་གི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོར་སངས་རྒྱས། འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨའི་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་དོན་ཡོད་གྲུབ་པར་གསལ་བ་ལ་རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུ་ཐོགས་ཏེ་དབང་བསྐུར་བར་མོས་ཤིག །དྲིལ་བུ་ལག་གཡོན་དུ་གཏད་ལ། ཧཱུྃ། འདུ་བྱེད་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ། ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་གྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རྣམ་སྣང་དུ་གསལ་བ་ལ་རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རྣམ་སྣང་གི་ངོ་བོ་རྡོ་རྗེའི་མིང་གི་དབང་བསྐུར་བར་མོས་ཤིག །རྡོར་དྲིལ་ལྷན་ཅིག་སྤྱི་བོར་དཀྲོལ་ལ། ཧཱུྃ། གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨོཾ་བུདྡྷ་ཆེ་གེ་མོ་ཨ་བྷི་ཥིཉྩ་མི། མིང་དབང་དངོས་མེ་ཏོག་དོར་བའི་སྐབས་གདགས་ཟིན་ཡང་སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་བདེ་བ་དང་དཀྱིལ་འཁོར་དུ་ཞུགས་ཟིན་ཡང་དབང་བསྐུར་བའི་ངེས་པ་སྟོན་པའི་དགོས་པས་འདིར་ཡང་འབྱུང་བར་གསུངས། མཆན། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས། གཏི་མུག་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །དེ་དག་གིས་མ་རིག་པ་ལྔ་སྦྱངས་ནས་རིག་པ་ཡེ་ཤེས་ལྔ་ཐོབ་པར་བྱེད་པ་ཡིན་པས་སམ། རིག་མ་སྤྱན་ལ་སོགས་པའི་ཐབས་རིག་པ་ཡབ་ལྔའི་ལས་ཡིན་པས་དང༌། རྒྱུད་སྡེ་བཞི་ཐུན་མོང་དུ་གྱུར་པའི་དབང་ཡིན་པའི་ཕྱིར་ཐུན་མོང་རིག་པའི་དབང་ལྔ་ཞེས་གྲགས་པ་སྟེ་དབང་རྫས་ལྔ་གནས་རྣམས་སུ་གཏུགས་པ་ནི་དབང་གི་རྒྱུ་ཡིན་ལ། སློབ་དཔོན་གྱི་དམིགས་པ་དང་སློབ་མའི་མོས་པས་དངོས་གྲུབ་སྒྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ནི་དབང་གི་ངོ་བོ་གསང་སྔགས་ལམ་གྱི་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་དབང་གི་སྒོ་ནས་བསྒྲིགས་པ་སྟེ། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་ལ་གསལ་བར་བྱས། །ཞེས་པ་ལྟར་གསང་སྔགས་ཕྱི་པའི་དབང་ཡང་བླ་མེད་ཀྱི་སྤྲོས་བཅས་བུམ་དབང་གི་ཞར་བྱུང་དུ་རྫོགས་པས་འདི་ཁོ་ན་ཙམ་གྱིས་ཀྱང་ཕྱི་དཀྱིལ་དུ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བའོ། །གཉིས་པ་ནང་ནུས་པ་འཇུག་པའི་དབང་ལ་སྤྱི་དང་བྱེ་བྲག་ཁྱད་པར་གསུམ་ལས། དང་པོ་ཆོས་ཅན་ཕུང་ཁམས་ལྔའི་སྣང་བ་ཐམས་ཅད་ལྷར་བྱིན་གྱིས་བརླབས་ནས། ཆོས་ཉིད་དྲུག་པ་རྡོ་རྗེ་སེམས་དཔར་ངོ་སྤྲད་དེ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པ་བརྟུལ་ཞུགས་ཀྱི་དབང་ངམ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོར་དབང་བསྐུར་ཞིང་དབུགས་དབྱུང་བ་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་སངས་རྒྱས་ཀུན་གྱི་སྤྱི་མེས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་གསལ་བ་ལ། ཐབས་བདེ་བ་ཆེན་པོ་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ལག་གཡས་སུ་གཏད་དེ་གསོར་བ་དང༌། ཤེས་རབ་སྟོང་པ་ཉིད་ཀྱི་དྲིལ་བུ་གསུང་གི་དམ་ཚིག་ལག་གཡོན་དུ་གཏད་དེ་འཁྲོལ་བ་དང༌། བདེ་སྟོང་ཟུང་འཇུག་ཕྱག་རྒྱ་སྐུའི་དམ་ཚིག་འཁྱུད་རྒྱ་བྱས་ལ། ཨོཾ་ཨཱཿཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་ཅིང༌། །སྣང་སྟོང་དབྱེར་མེད་འདི་བཟུང་ནས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་བཟུང་བར་མཛོད། །རིགས་ཀྱི་བུ་ཁྱོད་ལ་གསང་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་དང་དྲིལ་བུ་དཀྱིལ་འཁོར་ཐམས་ཅད་པའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས། རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་སངས་རྒྱས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པར་གྱུར་ཅིག །གཉིས་པ་བྱེ་བྲག་རྗེས་སུ་གནང་བ་ལ། རྒྱལ་ཚབ་ཏུ་འོས་པའི་སློབ་བུ་ཡིན་ན། པུསྟི། དུང་དཀར། ཕྱག་ཤིང༌། འཁོར་ལོ་ལ་སོགས་པ་སྤྲད་ཅིང་ཁྲི་ལ་མངའ་གསོལ་བ་གཞན་དང་མཐུན། དེ་ལྟར་ཐུན་མོང་གི་དབང་དྲུག་གིས་རགས་པ་ཕུང་ཁམས་སྐྱེ་མཆེད་དེ་བཞིན་ཉིད་དང་བཅས་པ་བྱིན་གྱིས་བརླབས་ནས། ཕྲ་བ་དཀྱིལ་འཁོར་བཞིར་སྐུ་བཞིར་བྱིན་གྱིས་རློབ་པར་བྱེད་པ་ཐུན་མོང་མ་ཡིན་པའི་དབང་བཞིའི་དང་པོ་ཕྱིར་མི་ལྡོག་པ་འཁོར་ལོའི་དབང་གི་སླད་དུ། སླར་ཡང་དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྣམ་པར་རྒྱལ་བའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ཤིག །རྣམ་རྒྱལ་བུམ་པས་དབང་བསྐུར་ལ། ཧཱུྃ། བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས། །ལྷ་དང་གཉིས་མེད་བདུད་རྩིའི་ཆུས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང༌། །ཀུན་ཏུ་འོད་ཀྱི་ས་ནོན་ཤོག །ཞི་ཁྲོའི་རྩ་སྔགས་དང༌། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རིགས་ཀྱི་བུ་ཁྱོད་ལ་ཐམས་ཅད་བརྟན་པར་བྱེད་པ་རྣམ་རྒྱལ་བུམ་པས་དབང་བསྐུར་བས། སྣོད་བཅུད་ལྷ་དང་གཞལ་ཡས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་ལྷ་དང་ལྷ་མོར་གནས་དག་པ་ཡིན་པས། ཕྱི་ནང་ཐམས་ཅད་ལ་བརྙས་པར་བྱས་ན་ལྟུང་བར་འགྱུར་བ་ཡིན་པས་དག་སྣང་དང་མོས་པ་གྱིས་ཤིག །རྗེས་གནང་གི་ཆས་རྣམས་གཏད་ན་འདི་ཡང་བརྗོད་དོ། །དེ་ལྟར་དབང་བསྐུར་བས་བྱེད་ལས་སུ་གཞན་དོན་སྒྲུབ་པར་རྗེས་སུ་གནང་བའི་རྟེན་འབྲེལ་དུ་སྐྱེ་འགྲོ་ཐམས་ཅད་ཆོས་ཀྱི་མངའ་འོག་ཏུ་འདུ་བའི་བརྡར་རྐང་འོག་ཏུ་འཁོར་ལོ། ཆོས་སྒྲ་རྒྱུན་མི་འཆད་པར་སྒྲོགས་པའི་ཕྱིར་ལག་གཡས་སུ་དུང༌། བསྡུ་བ་བཞིའི་ཕྲིན་ལས་མཚོན་པའི་ཆོས་ཀྱི་རྔ་བོ་ཆེ་གཎྜིའམ་ཕྱག་ཤིང༌། དེ་ཉིད་བཅུ་ལ་སོགས་པའི་རྡོ་རྗེ་སློབ་དཔོན་གྱི་ཕྲིན་ལས་རབ་འབྱམས་སྒྲུབ་པར་བཀས་གནང་བའི་རྟགས་སུ་རྡོར་དྲིལ་དང་རྒྱུད་ཀྱི་གླེགས་བམ་རྣམས་གཏད་པར་མོས་ཤིག །རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། ཁྱད་པར་བུམ་དབང་དང་རྗེས་སུ་འབྲེལ་བར་སྐུ་ཕྱག་རྒྱའི་དབང་བསྐུར་བ་སྟེ། མདུན་བསྐྱེད་ལྷ་ཚོགས་གཙོ་འཁོར་རྣམས་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་ལ་ཐིམ་པས། ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདན་གསུམ་ཡོངས་རྫོགས་དམ་པ་རིགས་བརྒྱའི་ཡེ་ཤེས་ལྷའི་སྐུ་དང་གཉིས་མེད་དུ་བྱིན་གྱིས་བརླབས་པའི་ནུས་པ་རྒྱུད་ལ་འཇོག་པར་མོས་ཤིག །སོ་སོའི་ཙཀླིས་དབང་བསྐུར་ཏེ། ཧཱུྃ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༌། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། །དབང་གི་སྤྱི་དོན་དུ་འདི་མེད། མཆན། ཀུན་བཟང་ཡབ་ཡུམ་གཉིས་ཀྱིས་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨ། ཨ་བྷི་ཥིཉྩ་མཾ། ཞེས་སོགས་དམ་པ་རིགས་བརྒྱའི་ལྷ་དབང་ཡོངས་རྫོགས་སྦྱར་མཐར། འདི་ལྟར་ཆོས་ཐམས་ཅད་དམ་པ་རིགས་བརྒྱའི་ངོ་བོར་དག་ཅིང༌། དེ་ཡང་རང་སེམས་ལྷག་པའི་བདེན་གཉིས་དབྱེར་མེད་གསང་ཆེན་རིགས་གཅིག་ཏུ་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོག་པ་བསྐྱེད། དེ་ལྟར་བུམ་པའི་དབང་གིས་ལུས་དང་རྩའི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང༌། ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་སྐུ་དང་ཡེ་ཤེས་སུ་འགྱུར་བའི་ས་བོན་ཐེབས། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་གོ །གསུམ་པ་གསང་བ་ཟབ་མོའི་དབང་ལ་སྦྱོར་དངོས་རྗེས་གསུམ་དུ་ཡོད་པའི་དང་པོ་སྦྱོར་བ་རྩ་ཁམས་བྱིན་གྱིས་བརླབ་པ་གསང་དབང་གི་སླད་དུ། བླ་མ་ཡབ་ཡུམ་དང་གཉིས་སུ་མེད་པའི་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་བདེ་བ་ཆེན་པོའི་ངང་དུ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་རྗེས་སུ་ཆགས་པའི་མེས་ཞུ་བ་སོ་སོའི་མཁའ་གསང་ནས་ཐོན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པ་འདི་ཉིད་ཁྱེད་རང་སློབ་མ་རྣམས་ལ་བྱིན་པའི་མོས་པ་མཛོད། གསང་རྫས་མགྲིན་པར་བཞག་སྟེ། ཧཱུྃ། ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ དཀར་དམར་བྷཉྫའི་ནང་དུ་བསྐྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྩ་ཁམས་ཡི་གེའི་རྣམ་པར་སྨིན༔ ཚེ་ལ་དབང་བའི་རིག་འཛིན་ཐོབ༔ པདྨ་ཅན་གྱི་ས་ནོན་ཤོག༔ རྩ་སྔགས་དང༌། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩི་སྦྱིན། དེ་ལྟར་མྱངས་བས་བྱང་སེམས་ཀྱིས་རྩ་ཁམས་ཐམས་ཅད་ལ་ཁྱབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེ་དང་རྗེས་སུ་འབྲེལ་བར་གསུང་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བའི་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང༌། སློབ་མའི་མགྲིན་པ་ནས་ཞུགས་སྙིང་གར་འཁོར་བ་དང་འགྱུ་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོར་རྫོགས་པར་མོས་ལ་ཞི་བར་བསྙེན་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ལན་གསུམ། ཁྲོ་བོར་སྒྲུབ་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ལན་གསུམ། ལས་སྦྱོར་རྩ་རིག་དང་ཞི་ཁྲོ་ཆིག་དྲིལ་ཡི་གེ་བརྒྱ་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པཱ་རི་ཤྭ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱག་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི། སརྦ་པཱ་པཾ་བི་ཤྭ་དྷ་ནི་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས། ས་མ་ཡ་སཏྭ་ཨཱ་ཧཱུྃ་ཕཊ། ལན་གསུམ། དེ་ལྟར་གསང་བའི་དབང་གིས་ངག་གི་ལས་དང་རླུང་གི་སྒྲིབ་པ་དག །བླ་མེད་ཀྱི་དམ་རྫས་ཁྱད་པར་ཅན་སྤྱོད་ཅིང་བཟླས་བརྗོད་དང་གཏུམ་མོའི་རྣལ་འབྱོར་ལ་དབང༌། རླུང་བཅུ་ལས་སུ་རུང་བའི་ཡོན་ཏན་ཐམས་ཅད་ཐོབ། ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་གོ །གཉིས་པ་དངོས་གཞི་དཔེའི་ཡེ་ཤེས་མཚོན་པའི་སླད་དུ། གཟུགས་དང་ལང་ཚོ་མཛེས་སྡུག་ཕུལ་དུ་བྱུང་ཞིང་མཚན་ཉིད་མཆོག་དང་ལྡན་པའི་རིག་མ་ལག་གཡོན་དུ་བྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧོཿ ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ། །བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་བྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་དང༌། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད་པས། རིག་མ་དེས་པདྨ་བྷཉྫ་མོ་ཀྵ་ཧོཿ ཞེས་པའི་སྒྲས་ཐར་པ་བསྟན་པ་ལ་བསྐུལ། རྗེས་སུ་ཆགས་པའི་རོལ་མོས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང༌། རྡོ་རྗེ་ནོར་བུའི་རྩེ་མོར་ལྷན་ཅིག་སྐྱེས་པའི་དཔེ་ཡི་ཡེ་ཤེས་མངོན་དུ་བྱས། སླར་གྱེན་དུ་ལྡོག་པས་མས་བརྟན་འབྲས་བུའི་དགའ་བཞི་དང་ཟུང་དུ་འཇུག་པའི་སྟོང་བཞིའི་འོད་གསལ་མཐར་ཐུག་བརྗོད་བྲལ་ཡེ་ཤེས་མངོན་དུ་མཐོང་བར་མོས་ཤིག །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་དང་ཐིག་ལེའི་སྒྲིབ་པ་དག །རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགགས། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་གོ །གསུམ་པ་རྗེས་དོན་གྱི་ངོ་སྤྲད་པ་བཞི་པ་ཚིག་གི་དབང་ལ་དངོས་དང་བཀའ་གཏད་རིག་པ་རྩལ་གྱི་དབང་གསུམ་ལས་དང་པོ་ནི། དེའང་བསྐུར་མ་ཐག་པའི་དབང་གསུམ་པའི་ཡེ་ཤེས་ཀྱི་དཔེས་ཆོས་དབྱིངས་སྤང་བླང་ལས་འདས་པའི་བརྡལ་བ་ཆེན་པོའི་ཡེ་ཤེས་ཀྱི་ཉམས་མྱོང་དྲན་པར་བྱས་ཏེ་ཐབས་ལ་བརྟེན་པའི་ཤེས་རབ་ཀྱིས་ངོ་སྤྲད་དེ། དབྱིངས་རིག་གཉིས་མེད་ཤེལ་དང་མེ་ལོང་གི་བརྡས་མཚོན་པར་བྱས་ནས་ཉམས་སུ་མྱོང་བར་མོས་ལ། མེ་ལོང་དང་ཤེལ་རྡོ་བསྟན་ལ། ཧོཿ ཀ་དག་མེ་ལོང་གཙང་མའི་ངོགས། །ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ། །བརྡ་རྟགས་རྫོགས་པའི་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང༌། དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ་མཉམ་པར་བཞག །དཔེ་ལས་ཐོབ་པའི་གསུམ་པའི་ཉམས་མྱོང༌། མྱོང་ཞེན་ཤེས་བྱའི་སྒྲིབ་པ་སེམས་རིག་ཤན་མ་ཕྱེ་བ་ཞིག་འཆར་ཉེ་བ་ན། ཕཊ། དྲག་པོ་ཞིག་བརྗོད་འཕྲལ། སེམས་གང་ཡིན། ཞེས་རྟབ་རྟབ་ཏུ་དྲིས་པས། སྣང་བ་ཧད་དེ། ཕྱད་དེ། ཅི་ཟེར་ཆ་མེད་པའི་འབྱུང་ཚོར་གྱི་སྤྲོས་པ་ཞི་བའི་རིག་པ་གུ་ཡངས་བསམ་ལས་འདས་པ་ཞིག་མི་འཆར་བའི་དབང་མེད་པས་དེ་ག་སེམས་ལས་འདས་པའི་རིག་པར་ངོ་སྤྲད་པ་ནི་ལྟ་བ་སྤྱི་འབྱམས་ཀྱི་དབང་ཞེས་བྱ་ཞིང༌། དེ་ལྟར་ངོ་སྤྲད་པའི་ལྟ་བ་ལུང་རིག་དང་འབྲེལ་པ་ཞེས་བྱ་བ་ཡིན་པས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་གསུངས་པའི་དོན་ལགས་སོ། །སློབ་དཔོན་ལྟ་དགོངས་དང་ལྡན་པ་ཡིན་ན། ཐུགས་ཀར་ཨ་གཅིག་བསམ་ལ་སློབ་མས་རིག་པ་གཏད་དེ་མཉམ་པར་བཞག་པའི་ངང་ནས་ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད། དེ་ནི་སྒོམ་པ་ཉམས་མྱོང་དང་འབྲེལ་བར་དགོས་པས་བྱིན་རླབས་འཕོ་བའི་དབང་ཞེས་བྱའོ། །དེས་དབང་བཞི་པ་ཐོབ་པས་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག །རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བསྒོམ་པ་ལ་དབང༌། ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་བཀའ་གཏད་ནི། བཀའ་རྫོགས་ལུང་རྫོགས་བྱ་བའི་ཕྱིར་སྙིང་ཐིག་གི་གླེགས་བམ་སྤྱི་བོར་བཀོད་ལ། ཧོཿ ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སིངྷ། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་པདྨ་ཐོད་ཕྲེང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་དྲི་མེད་འོད་ཟེར། ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས་པ། རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ། ཡི་དམ་མཁའ་འགྲོ་རྒྱ་མཚོ། ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། རྟོགས་པ་སྤར་དུ་གསོལ། བརྟུལ་ཞུགས་བསྐྱེད་དུ་གསོལ། བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ། ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། ཞེས་ལན་གསུམ་བྱ། གསུམ་པ་རིག་པ་རྩལ་གྱི་དབང་ནི། བཤད་སྒྲུབ་ཀྱི་བརྒྱུད་པ་འཛིན་པ་དག་ལ་ཐོད་རྒལ་རིག་པའི་རྩལ་དབང་བསྐུར་བ་ཡེ་ཤེས་བླ་མ་ལས་ཤེས་སོ། །ཞེས་གསུངས་པས་སྐབས་དང་འབྲེལ་ན་དེར་བལྟའོ། །འདིར་སྤྲོ་ཞིང་ནུས་ན་དབང་ཐོབ་པའི་ཕན་ཡོན། མ་ཐོབ་པའི་ཉེས་དམིགས། དམ་ཚིག་གི་རྣམ་བཞག་རྒྱས་པར་བཤད། འོ་དེས་ཞི་ཁྲོ་ངན་སོང་སྦྱོང་བའི་དཀྱིལ་འཁོར་ཆེན་པོར་དབང་བཞི་རྫོགས་པར་ཐོབ་པ་ཡིན་པས། གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་དབང་ལས་འབྱུང་བས་ཡོན་ཏན་བསམ་གྱིས་མི་ཁྱབ། དབང་མ་ཐོབ་ན་ཆོས་འདིའི་དཔེ་ཙམ་བལྟ་བ་ལ་མི་དབང་ཞིང་དབང་མ་ཐོབ་པའི་ཉེས་དམིགས་ཀྱང་ཤིན་ཏུ་ལྕི། ཁེ་ཉེན་གྱི་ནུས་པ་དེ་ལྟ་བུ་བསྐྱེད་པའི་དབང་སྲོག་དམ་ཚིག་དང་སྡོམ་པ་ཁོ་ན་ལ་རག་ལས་པས། དེའི་བསྲུང་བྱའི་རྣམ་གྲངས་ཀྱང་ཐུན་མོང༌། སྤྱི། ཁྱད་པར་དང༌། སྒྲུབ་པ། ལྷག་པ། རྩ་བ། ཡན་ལག་གི་བསྲུང་བྱ་མཐའ་དག་ཚུལ་བཞིན་སྲུང་སྙམ་པས་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། རྩ་བ་སྐུ་གསུང་ཐུགས་མཆོག་དང༌། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། །ཆོ་ག་བཞིན་དུ་སྲུང་བར་བགྱི། །ལན་གསུམ། དབང་བཞི་རྫོགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། སླར་ཡང་ལུས་དང་ལོངས་སྤྱོད་ཐམས་ཅད་བླ་མའི་ཕྱོགས་སུ་བསྔོ་བ་ནི་དམ་ཚིག་གི་ཐ་ཚིག་ཡིན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། །དེ་ལྟར་རིམ་པ་དབང་གི་ཆོ་ག་གསན་པའི་དགེ་བ་ཡང་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་སྤེལ་བའི་ཕྱིར་བསྔོ་སྨོན་ཟུང་འབྲེལ་གྱི་རྒྱས་འདེབས་འདི་ཆབས་ཅིག་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ཅིང་སློབ་མ་རྣམས་གྲོལ། གསུམ་པ་རྗེས་ཀྱི་ལས་ཁྲིགས་ནི། ཚོགས་ལ་རོལ། རྡོ་རྗེའི་གླུ་གར་བྱ། གཏོར་མ་བཏང༌། གཏང་རག་དང་དངོས་གྲུབ་བླང་བ་སོགས་གསང་བ་སྤྱིའི་འགྲོས་ལྟར་བྱའོ། །མཁྱེན་བརྩེའི་ཡེ་ཤེས་དགོངས་བཅུད་ཆེ། །བཀའ་གཏེར་ཟུང་འཇུག་ཞི་ཁྲོ་ཡི། །སྨིན་ལམ་འོད་ཟེར་སྤྲོས་འདིས་ཀྱང༌། །ངེས་གསང་པད་ཚལ་གཉེན་དུ་ངེས། ཅེས་རྒྱུད་སྡེའི་དགོངས་པ་གཙོར་བཏོན་ཞི་ཁྲོ་ངན་སོང་སྦྱོང་བའི་དབང་བསྐུར་གྱི་ལེའུ་ཚན་དང་པོ་སྟེ་འོད་གསལ་ཐུགས་མཆོག་རྡོ་རྗེས་སྦྱར་བའོ། ༈ རིགས་ཀུན་ཁྱབ་བདག་ཀུན་བཟང་འོད་མཐའ་ཡས། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གཅིག་བསྡུས་པ། །རིག་འཛིན་བླ་མའི་ཕྱག་རྒྱར་བཞེངས་པ་དེ། །རབ་དྭངས་ཡིད་ཀྱི་ཆུ་མཚོར་རྟག་པར་མཆོད། །དེ་ལ་འདིར་དབང་གི་སྤྱི་དོན་ལས། འདི་ལྟར་ཞི་ཁྲོ་དང་དཔལ་ཆེན་ཅི་རིགས་པའི་དཀྱིལ་འཁོར་གཅིག་ཏུ་འཇུག་པའི་ཆོ་ག་རྫོགས་པ་དག་ལ། རིག་འཛིན་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པའི་སྒོས་དབང་ནི། སོ་སོའི་ལས་གཞུང་གི་བདག་མདུན་བུམ་གསུམ་སྒྲུབ་ཅིང༌། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ལྟར་ནང་ནུས་པ་འཇུག་པའི་དབང་གི་ཆོག་པ་ཡིན་ནོ། །ཞེས་རྒྱུད་དང་སྒྲུབ་སྡེའི་རིང་ལུགས་ལ་གདམས་ཕྲན་གྱི་ས་ཆོད་ཆུང་བས་ཁོག་ཆེ་ཤོས་ཞི་ཁྲོ་དང་བཀའ་བརྒྱད་གང་རུང་གིས་འཛིན་དགོས་པར་དགོངས་ནས་དེ་ལྟར་གསུངས་ཀྱང་ཀུན་མཁྱེན་ཉིད་རིག་འཛིན་བླ་མའི་སྒྲུབ་སྐོར་གྱི་བཀའ་བབ་ཡིན་པས་རྩ་གསུམ་ཐམས་ཅད་བླ་མའི་ཕྱི་ནང་གསང་བའི་སྒྲུབ་ཚུལ་དུ་གཙོ་བོར་གསུངས་ཕྱིར་སྙིང་ཐིག་གི་ཆོས་སྡེ་ཆེན་པོ་འདིའི་འཕྲོ་གཞི་ལྟ་བུ་བླ་མ་རིག་འཛིན་འདུས་པ་ཉིད་ཡིན་པའི་དབང་གིས་ཕྱི་ནང་གི་འཇུག་པ་གཉིས་དང༌། སློབ་མའི་དབང་ལྔ་སོགས་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལྟར་མན་ངག་གི་དགོངས་པས་ཁ་བཀང་སྟེ་བསྐུར་བས་ལམ་ཀུན་གྱི་ཐོག་མའི་སྨིན་བྱེད་དུ་རུང་བར་མཁྱེན་ནས་རྩ་བའི་ཆོས་བདག་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་མཛད་པ་ཁམས་ཕྱོགས་སུ་དར་སྲོལ་ཤིན་ཏུ་ཆེ་རུང་དེའི་དཔེ་དངོས་མ་རྙེད་པས་དགོངས་དོན་མ་ཉམས་པར་འཆད་ན་དབང་དང་ཕྱག་བཞེས་ཀྱི་རྒྱུན་མི་འཆད་པར་ལེགས་པར་མཐོང་ནས་དོན་གྱི་དགོངས་པ་ནོར་འཁྲུལ་མེད་པར་འཆད་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། འདི་ལ་སྔོན་འགྲོ་སྟ་གོན་མཛད་སྲོལ་མི་འདུག་པས་དངོས་གཞིའི་དབང་བསྐུར་གྱི་རིམ་པ་སྟེ། གང་དུ་བྱ་བའི་གནས་སུ་གཞུང་མཐུན་རས་བྲིས་ཀྱི་དཀྱིལ་འཁོར་དང༌། མ་འབྱོར་ན་མཎྜལ་ལ་ཚོམ་བུ་གཙོ་འཁོར་དགུ་བཀོད་པས་ཀྱང་རུང་ཞིང༌། དལ་དབུས་མཉྫི་ལ་རིན་པོ་ཆེའི་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། གཡས་སུ་འདི་ཉིད་ཀྱི་གཞུང་པོད་གླེགས་བམ། མ་འཛོམས་ན་སྒྲུབ་ཐབས་སོགས་ཆོས་ཚན་དར་གྱིས་དྲིལ་བ། གཡོན་དུ་གསང་དབང་རྟེན་ཐོད་པ་བདུད་རྩིས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་གྱི་སྟེང་དུ་ཤེལ་རྡོ། ཤར་དུ་རྡོར་དྲིལ་བསྣོལ་མ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། དཀྱིལ་འཁོར་པའི་ལྷ་ཙཀ་ཡོངས་རྫོགས། རིག་ཙཀ །མཐའ་རྟེན་ཚེ་དབང་བྱེད་ན་ཚེ་བུམ། ཚེ་རིལ། ཚེ་ཆང༌། མདའ་དར་བཅས་གང་བདེར་བཤམས། །མིག་དར། མེ་ཏོག །རིག་འདུས་རྩ་གཏོར་དར་གདུགས་སྐུ་ཙཀ་གིས་བརྒྱན་པ། སྨན་རཀ །གཏོར་འབུལ། ཚོགས་མཆོད་སོགས་འོག་ཏུ་དགོས་པ་རྣམས་ཚང་བར་འདུ་བྱ། གཉིས་པ་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། སྤྱི་དང་བྱེ་བྲག་གི་བརྒྱུད་འདེབས་ནས་བརྩམས་ལས་བྱང་མཐར་ཆགས་སུ་བཏང་ལ་བདག་མདུན་དབྱེར་མེད་དུ་བསྒོམ། རྟོགས་པ་དམན་ན་ཛབ་ཁང་དབྱེ། བཟླས་པའི་སྐབས་གབ་བྱང་ལྟར་ཏིང་ངེ་འཛིན་གསལ་བཏབ་ལ་བསྙེན་སྒྲུབ་ཀྱི་བཟླས་པ་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་རིག་འཛིན་འདུས་པའི་དཀྱིལ་འཁོར་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཞེས་གསལ་བཏབ་ནས་གཟུངས་ཐག་བླང༌། བསྙེན་སྒྲུབ་ཀྱི་བཟླས་པ་བརྒྱ་རྩ་ལས་མི་ཉུང་བར་བྱ། ལས་བུམ་ནང་དུ་པད་ཉིའི་སྟེང༌། །པདྨ་དབང་ཆེན་སྐུ་མདོག་དམར། །པདྨའི་དབྱུག་ཐོ་ཞགས་པ་འཛིན། །དོར་སྟབས་ཡེ་ཤེས་མེ་ཀློང་འགྱིང༌། །སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན། བབས་པས་བུམ་པ་གང་བར་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་ཙམ་བཟླ། མཐར་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ། རྣམ་རྒྱལ་བུམ་པའི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། བཀའ་སྲུང་གཏོར་འབུལ་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དེ། དབང་དངོས་ལ། དང་པོ་ཕྱི་འཇུག་གི་ཐོག་མ་སློབ་མ་གཞུག་པ་ནི། ཁྲུས་དང་བགེགས་གཏོར་བསྔོ་བ་སྲུང་འཁོར་རྣམས་ལས་བྱང་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ། ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་མཚོན་བྱ་དོན་གྱི་མན་ངག་རང་བྱུང་གི་གསང་བ་ཆེན་པོ་ལ་མཚོན་བྱེད་བརྡ་དང་ཚིག་ཏུ་ཤར་བའི་རྒྱུད་ལུང་མན་ངག་ཐམས་ཅད་རྒྱལ་བ་རྣམས་ཀྱིས་ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས་པ་དང༌། མཁའ་འགྲོ་མས་དགོངས་པའི་རྩལ་གྱིས་ནམ་མཁའི་གཏེར་དུ་སྦས་པ་དང༌། རིག་འཛིན་རྣམས་ཀྱིས་འབྱུང་བས་མི་ཤིགས་པའི་སྒྲོམ་བུ་ལ་བརྟེན་ནས་སའི་གཏེར་དུ་སྦས་ཤིང༌། གདུལ་བྱ་འདུལ་བའི་དུས་སུ་སོན་པ་ན་ལས་ཅན་རྣམས་ཀྱིས་རྡོ་རྗེའི་རྒྱ་བཀྲོལ་ནས་མངོན་དུ་སྣང་བར་མཛད་པ་ལས། འདི་ནི་བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ༔ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེན༔ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པར་འབྱུང༔ ཞེས་དང༌། ཨོ་རྒྱན་ཆོས་རྗེ་གླིང་པའི་ལུང་བྱང་ལས། དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིང༔ བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལ༔ ཞེས་སྙིང་ཐིག་གི་རྫོགས་རིམ་དང༌། རིག་འཛིན་གྱི་བསྐྱེད་རིམ་ལ་བརྟེན་ནས་རིམ་པ་བཞིའི་རྣལ་འབྱོར་ལ་སྦྱོར་བའི་ལམ་སྟོན་དུ་གཏེར་ཁ་གསར་རྙིང་མང་པོ་ནས་རྡོ་རྗེའི་ལུང་གིས་བསྔགས་ཤིང༌། སྐུ་ཚེ་རིལ་པོར་དབེན་པར་སྒྲུབ་པའི་རྒྱལ་མཚན་བཙུགས་པས་འཕགས་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་གཟིགས་པའི་གྲུབ་པ་ཆེན་པོའི་སར་བཞུགས་པ་ལ་རྩོད་པ་མེད་པའི་ཚུལ་རྟོགས་བརྗོད་ཆུ་ཟླའི་གར་མཁན་ལས། མནལ་ལམ་དུ་ལྷོ་མོན་ཁའི་བྲག་གི་གུ་རུའི་ཞབས་རྗེས་ལས་དབང་བཞི་བླངས་པའི་རྐྱེན་གྱིས་ནང་དབྱིངས་ཁྱད་ཆོས་དྲུག་ལྡན་གྱི་གྲོལ་ས་མཐོང་བ་དང༌། རྔ་ཡབ་གླིང་དུ་གུ་རུ་བདེ་བ་ཆེན་པོ་དང་ཐུགས་ཡིད་འདྲེས་ནས་འོད་གསལ་གཞོན་ནུ་བུམ་སྐུའི་ཞིང་ཁམས་གཟིགས་པ་སོགས་ལ་བརྟེན་ནས་རྩ་ཁམས་ཀྱི་ཡི་གེ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བས་དམ་པའི་ཆོས་སྒོ་འཛད་མེད་ཀྱི་རོལ་མོ་འཁྲོལ་བར་གསུངས་པས། འོད་གསལ་བསམ་གྱིས་མི་ཁྱབ་པའི་དགོངས་པ་ལ་དབང་ཐོབ་པས་དོན་བརྒྱུད་རྫོགས་པར་བརྙེས་པ་དང་ཆབས་ཅིག་དེའི་རང་རྩལ་མཁའ་འགྲོའི་བརྡ་ཡིག་གསང་མཛོད་རང་ཤར་དུ་རྙེད་པས་དཔེ་དང་སྙན་བརྒྱུད་ཞར་བྱུང་དུ་རྫོགས་པས་ཐུན་མོང་མ་ཡིན་པའི་དགོངས་ཀློང་གི་གཏེར་རྒྱ་ནམ་མཁའ་མཛོད་ཀྱི་བརྡ་གྲོལ་བ་སྟེ་རང་གཏེར་གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས། དེ་དུས་ད་ལྟའི་རྗེ་འབངས་གྲོགས༔ བི་མ་རྒྱལ་སྲས་ལྷ་རྗེ་རྣམས༔ སྨོན་ལམ་ཐུགས་རྗེས་སྤྲུལ་པའི་སྲས༔ རང་བྱུང་རྡོ་རྗེ་པདྨ་དབང༔ གསང་མཚན་གར་དབང་འཇིགས་མེད་གླིང༔ རྟོགས་གྲོལ་དུས་མཉམ་ཐུགས་གཏེར་བདག༔ འཕགས་པས་རྗེས་སུ་བཟུང་བའི་རྟགས༔ ལག་གཡས་མཐིལ་ན་པདྨའི་སྤྱན༔ དབང་ཆེན་གསུང་གི་རིག་འཛིན་ཆེར༔ མཐེ་བོང་ཐུགས་སྲོག་ཧྱ་ཡིས་མཚན༔ རྟོགས་པ་ཀློང་དུ་གྱུར་པའི་རྟགས༔ ཚེམས་ལ་སྐྱེ་མེད་ཡི་གེ་ཨཿ སྙིང་རྗེ་ཆེ་ཞིང་རིག་པ་ཧུར༔ ཤེས་རབ་ཆེ་ཞིང་འཛིན་ཆགས་ཆུང༔ ཐུགས་སྒམ་ཚིག་བཙུན་བློ་གྲོས་ཟབ༔ ངེས་མེད་སྤྱོད་པ་ཅིར་ཡང་སྟོན༔ འཇིགས་པ་མེད་པའི་བརྟུལ་ཞུགས་ཅན༔ ཞུམ་མེད་སྣང་བ་ཟིལ་གྱིས་གནོན༔ དེ་ལ་ཐུགས་རྒྱུད་དངོས་གཏེར་རམ༔ ཡང་ན་དགོངས་གཏེར་ཚུལ་དུ་འབེབས༔ དངོས་ཉམས་རྨི་ལམ་མ་ངེས་པར༔ ང་དང་ཞལ་མཇལ་དོན་དབང་བསྐུར༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ༔ པད་འབྱུང་ང་དང་རིག་འཛིན་ཉིད༔ དགོངས་པ་གཅིག་དང་དབྱངས་གཅིག་འགྱུར༔ ཐེག་ཀུན་དགོངས་པའི་ཀློང་ནས་ཤར༔ རིག་འཛིན་དཔའ་བོ་མཁའ་འགྲོ་ཡིས༔ བསྐུལ་མ་ཐེང་གསུམ་དག་ཏུ་འོང༔ དེ་ཚེ་མི་བརྗེད་དྲན་པའི་གཟུངས༔ གཟེར་དྲུག་གནད་ཀྱི་ལྡེའུ་མིག་གིས༔ ཀློང་གསལ་དགོངས་པའི་གཏེར་ཁ་འབྱེད༔ ཅེས་རྡོ་རྗེའི་གསུང་གིས་ཇི་ལྟར་བསྔགས་པ་བཞིན་འོད་གསལ་དག་པའི་སྣང་ཆར་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གམ་དུ། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་སུམ་དུ་སྤྲད་པ་ལས་འོད་གསལ་རྡོ་རྗེ་སྙིང་པོ་ཀློང་ཆེན་སྙིང་གི་ཐིག་ལེ། ཟབ་དོན་མན་ངག་གི་བཅུད་མཛོད་འཛད་མེད་ནམ་མཁའ་མཛོད་ཀྱི་ཐུགས་གཏེར་ཆེན་པོ་གཏན་ལ་ཕབ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་སྟེ་གསང་བ་གསུམ་གྱི་བྱིན་རླབས་རྫོགས་པར་ཐོབ་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་ཀློང་དུ་མངོན་པར་བྱང་ཆུབ་པའི་རིག་འཛིན་ཆེན་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རམ། པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེ་ཞེས་འབྲེལ་ཚད་དོན་ལྡན་གྱི་བདག་ཉིད་ཆེན་པོ་གང་ལ་རིག་འཛིན་གྱིས་བསྐུལ་མ་ཀུན་མཁྱེན་ཆོས་རྗེའི་ཞལ་གཟིགས་བར་པ་ལ་གསུང་གིས་བྱིན་གྱིས་བརླབས་ཏེ་བརྡ་གྲོལ་མཛད་པ་དང༌། དཔའ་བོས་བསྐུལ་མ་དང་མཁའ་འགྲོས་བསྐུལ་མ་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ནས་སྨན་བཙུན་མཆེད་ལྔས་རང་གཟུགས་མངོན་སུམ་དུ་བསྟན་ཏེ་ཆོས་སྒོ་འབྱེད་བར་བསྐུལ་བས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་སློབ་དཔོན་ཆེན་པོས་དགྱེས་ཞལ་བསྟན་ཏེ་བར་ཆད་བསལ་བ་དང༌། སྔགས་ཀྱི་སྲུང་མས་སྙོམས་འཇུག་གི་བདེ་ཆེན་བསྟབས་ནས་སྐུ་ཚེ་དང་ཕྲིན་ལས་ཀྱི་རྟེན་འབྲེལ་གསོས་བཏབ་པ་ལ་བརྟེན་ནས། ཆོས་བདག་ལས་ཅན་གྱི་སྐྱེས་བུ་ནི། ཁྱད་པར་ད་ལྟའི་སྨོན་ལམ་མཐུས༔ ནམ་སྙིང་ཉང་བན་མཆོག་དབྱངས་དང༔ ལྷ་སྲས་སྤྲུལ་པས་ཆོས་སྒོ་འབྱེད༔ ཅེས་གསུངས་པས་ནམ་སྙིང་པྲ་ཏིའི་སྔགས་འཆང༌། ཉང་བན་འཇིགས་མེད་ཀུན་གྲོལ། མཆོག་དབྱངས་ཐེག་ཆེན་གླིང་པ། ལྷ་སྲས་མུ་རུབ་བཙད་པོ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་རྣམས་ལ་རིམ་གྱིས་ཆོས་གཏེར་ཆེན་པོ་འདི་ཉིད་འཆད་སྤེལ་གྱིས་སྒོ་ཕྱེ་ཏེ་རྒྱ་ཆེ་ལ་བྱིན་རླབས་ཆགས་པའི་ཕྲིན་ལས་ཀྱི་སྣང་བས་བོད་ཁམས་མཐའ་དབུས་རྒྱ་དཀར་ནག་སོགས་འཛམ་གླིང་གི་ཐ་གྲུར་བརྡལ་པས་སྔོན་ཆད་མ་གྲོལ་བའི་ལུས་ཅན་གྲངས་ལས་འདས་པ་གདོད་མའི་གྲོལ་གཞིར་དབུགས་དབྱུང་བའི་ཟབ་ཆོས་འདི་ཉིད་ལ་བྱིན་རླབས་ཀྱི་རྩ་བ་དཔལ་འདུས་རྩ་གཞུང་ལས། ཕྱི་ལྟར་བྱང་སེམས་ནང་རིག་འཛིན༔ གསང་བ་ལྟར་དུ་སྒྲུབ་སྡེ་བརྒྱད༔ ཅེས་གསུངས་པའི་ནང་སྒྲུབ་རིག་འཛིན་འདུས་པ་བླ་མ་ཞི་བའི་ཐུགས་ཏིག་སྟེ། དེ་ནི་རྩ་བ་གསུམ་ལས་འཁོར་ལོའི་དབང་ཕྱུག་རིག་འཛིན་བླ་མའི་གསང་གསུམ་རྡོ་རྗེའི་དབྱིངས་སུ་སྣང་གྲགས་རིག་པའི་ཆོས་ཉིད་དག་པ་ཆེན་པོར་ལམ་དུ་ཁྱེར་བའི་རིག་འཛིན་ཡབ་ཀའི་སྒྲུབ་སྡེ་འདི་ལའང་བསྐྱེད་རྫོགས་ལས་སྦྱོར་དང་བཅས་པ་ཟབ་རྒྱས་སུ་བཞུགས་པ་ལ། ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ནང་སྒྲུབ་རིག་འཛིན་ཞི་དྲག་གསུམ། །གསང་སྒྲུབ་ཐུགས་རྗེ་ཆེན་པོ། ཡང་གསང་ཀུན་མཁྱེན་བླ་མའི་སྒྲུབ་པ། ཞི་ཁྲོ་ངན་སོང་སྦྱོང་བ་བཅས་བཞུགས་པ་ལས། སྐབས་སུ་བབ་པ་བྱིན་རླབས་ཀྱི་རྩ་བ་བླ་མ་ཞི་བར་སྒྲུབ་པ་རིག་འཛིན་འདུས་པ་སྟེ། དེ་ནི་རྩ་རྒྱུད་ཐོད་པའི་དུམ་བུ་ལས། ཡེ་ཤེས་ལྟར་དུ་ཀློང་དགུའི་རྩལ༔ ཡི་དམ་ལྟར་དུ་སྒྲུབ་སྡེ་བརྒྱད༔ བྱང་སེམས་ལྟར་དུ་ཉེ་བའི་སྲས༔ རིག་འཛིན་ལྟར་དུ་འདི་ལྟར་ཏེ༔ ཨོ་རྒྱན་རང་བྱུང་མཁའ་འགྲོའི་གླིང༔ རོ་གླིང་བསིལ་བའི་ཚལ་ཆེན་དུ༔ གདན་འཛོམས་གདུལ་བྱ་དུས་བབ་ཚེ༔ འོག་མིན་གནས་སུ་ཧེ་རུ་ཀས༔ ལེགས་གསུངས་བདེ་གཤེགས་ཡོངས་རྫོགས་རྒྱུད༔ མཆོད་རྟེན་བདེ་བྱེད་བརྩེགས་པ་རུ༔ བསྩལ་པ་ལས་ཀྱི་དབང་མོ་ཆེས༔ ཕྱུང་སྟེ་རིག་འཛིན་བརྒྱད་ལ་གཏད༔ ཅེས་དང༌། ཀུན་ཀྱང་རང་རྒྱུད་མ་ཡིན་ཏེ༔ ལྷ་དང་བཀའ་བབ་ལྟར་བསྟན་ཡང༔ བསྒྲུབ་བྱ་སྒྲུབ་བྱེད་རོ་གཅིག་སྟེ༔ གདུལ་བྱའི་ངོ་རུ་སྣང་བ་ཙམ༔ དེ་བཞིན་ཡོངས་རྫོགས་རིན་ཆེན་སྒྲོམ༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ རྫུས་ཏེ་བྱོན་པའི་རིག་འཛིན་ལ༔ ལས་ཀྱི་དབང་མོ་ཆེ་ཡིས་གཏད༔ འདི་ནི་རིག་འཛིན་རྡོ་རྗེ་ཆོས༔ སྟོན་པ་རང་ཉིད་སྡུད་བྱེད་ཀྱི༔ ཚུལ་བཟུང་ཟབ་མོའི་གསང་བ་འཛིན༔ གཙོ་དང་འཁོར་གྱི་ཚོམ་བུའི་ཚུལ༔ ལྟར་དུ་བསྟན་པའི་མན་ངག་བཅུད༔ གསང་སྔགས་ཀུན་གྱི་འབྲས་བུ་སྟེ༔ མངའ་བདག་རྒྱལ་པོའི་ཆོས་སྐལ་ཡིན༔ ཞེས་གསུངས་པ་ལྟར་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་བྱེ་བྲག་ནི། སྤྱི་དཔལ་རྣམ་དགུ་རྡོ་རྗེ་སློབ་དཔོན་གྱི་གཟུགས་ཅན་དུ་བྱོན་པ་ལས་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་འདི་ནི་ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཐོག་མའི་མགོན་པོ་འོད་མི་འགྱུར་བ། ལོངས་སྐུ་ཚངས་པ་རྔ་སྒྲ་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ངེས་པ་ལྔ་ལྡན་གྱི་ཁྱབ་བདག་པདྨ་ཀུན་ཏུ་འཆང༌། འགྲོ་འདུལ་སྤྲུལ་པའི་ཆོ་འཕྲུལ་ཕྱོགས་བཅུའི་ཞིང་ཀུན་ན་ཚད་མེད་པའི་ཚུལ། མི་མཇེད་ཀྱི་ཞིང་གཅིག་ཁོ་ན་ལའང་བླ་མ་སྐུ་གསུམ། ཐོད་ཕྲེང་སྡེ་ལྔ། སྤྲུལ་སྐུ་མཚན་བརྒྱད། འཕྲུལ་མཚན་བཞི་བཅུ། མདོ་སྔགས་ཀྱི་སྟོན་པ་བརྒྱ་རྩ་སོགས་སྤྱི་དང་བྱེ་བྲག་གཙོ་དང་འཁོར་སྣ་ཚོགས་སུ་ཤར་བའི་ཆོ་འཕྲུལ་བཀོད་པ་བསམ་ལས་འདས་པའི་གཙོ་བོ་གདུལ་དཀའི་འགྲོ་བ་སྤྱི་དང་གངས་ཅན་གྱི་བླ་མའི་སྐལ་པ་གུ་རུ་རིན་པོ་ཆེ། རིགས་བདག་ཐེག་མཆོག་རྫོགས་པ་ཆེན་པོའི་སྟོན་པ་རྣམ་གཉིས་དང༌། རྡོ་རྗེའི་རིག་འཛིན་དགུ་སོགས་ཟུང་འཇུག་གི་ལམ་ནས་རྡོ་རྗེ་འཆང་གི་གྲལ་བརྙེས་སོ་ཅོག་གི་འཕགས་བོད་རིག་འཛིན་རྩལ་འཆང་ཐམས་ཅད་ཆིག་དྲིལ་གྱི་ཐུགས་སྒྲུབ་ཟབ་མོའི་མཐར་ཐུག་ཆོས་འདིའི་སྲོག་བཅུད་རྩ་སྒྲུབ་རིག་འཛིན་འདུས་པ་ཞེས་བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གཙོས་རྗེ་འབངས་གྲོགས་གསུམ་གྱི་ཆོས་སྐལ་དུ་གདམས་པའི་གནད་ཀྱི་ཞུན་ཐིག །སླར་ཡང་བོད་ཡུལ་ཕྱི་མའི་གདུལ་བྱའི་བགོ་སྐལ་དུ་སྣང་བར་མཛད་པ་སྟེ་འདི་ལའང་རྩ་དབང་རྒྱལ་ཐབས་སྤྱི་བླུགས་དང༌། དེ་ཉིད་མན་ངག་གིས་ཁ་བསྐང་སྟེ་ཆོས་ཀྱི་བདག་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཕྱག་བཞེས་ལྟར་རྒྱས་པར་སྤྲོས་པ་ཕྱི་ནང་གི་འཇུག་པ་དང་ཕན་ནུས་ཟབ་མོའི་དབང་དང་བཅས་པ་གཉིས་སུ་ཡོད་པ་ལས་ཕྱི་མ་ཉིད་སྒྲུབ་པ་ལ་མཎྜལ་ཕུལ། སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པས་དོན་གྱི་ཡེ་ཤེས་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཙཀྵ⁽11e2⁾་བྷནྡྷཝ་ར་མ་ཎ་ཡ་ཧཱུྃ། མིག་དར་འཆིང༌། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གི་ཆུན་པོ་ཁ་དོག་ལྔ་པ་ཕྱག་ཏུ་ཐོགས་མཛོད། ཨ་ཁཾ་བི་ར་ཧཱུྃ་གིས་མེ་ཏོག་གཏད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ ཐུགས་རྗེ་ཆེན་པོས་རྗེས་བཟུང་ལ༔ དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། དམ་ཚིག་སྲུང་བར་བཀའ་བསྒོ་ཞིང་སྣོད་ལྡན་དཀྱིལ་འཁོར་དུ་འཇུག་པར་གནང་བ་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། ཧོཿ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ འཇུག་པར་དཀའ་ལ་ཁེ་ཉེན་ཆེ༔ དམ་ཚིག་ཉམས་ན་བརླག་འགྱུར་བས༔ དམ་སྲུང་དབང་བསྐུར་སྦྱིན་པར་བྱ༔ བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་འགྲོ་བ་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཐའ་ཡས་སོགས་ལན་གསུམ། ཕ་མར་གྱུར་པའི་སེམས་ཅན་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་མ་ལུས་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་སྨོན་སེམས་དང༌། དེའི་ཆེད་དུ་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་རྩེ་མོའི་མྱུར་ལམ་བགྲོད་པར་བགྱིའོ་སྙམ་པའི་འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས། ཧོ༔ རིག་འཛིན་དཀྱིལ་འཁོར་སོགས་ལན་གསུམ། དེ་ནས་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པས་བསགས་སྦྱང་སྤེལ་གསུམ་བགྱི་བ་ལ། སྐྱེ་བ་མེད་པའི་ངང་ལས་སྐྱེ་བའི་ཆོ་འཕྲུལ་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་འོད་གསལ་བསམ་བརྗོད་ལས་འདས་པའི་ཡེ་ཤེས་དབྱིངས་གདོད་ནས་རྣམ་དག་རང་བྱུང་སྐུ་གསུམ་ལྷའི་དཀྱིལ་འཁོར་དུ་བཞུགས་པ་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མས་མཚམས་སྦྱར་ཏེ་རྟེན་ཐིག་ལེ་སྟོང་པའི་སྒྲོན་མས་མཚོན་པའི་དག་པ་དབྱིངས་ཀྱི་སྒྲོན་མའི་ཀློང་དུ་བརྟེན་པ་རིག་གདངས་སྤྲུལ་པའི་རྡོ་རྗེ་ལུ་གུ་རྒྱུད་དབང་པོས་མངོན་སུམ་མཐོང་བས་ལྷ་དང་ལྟ་བ་མཇལ་བའི་ཕྱག་འཚལ་ཞིང༌། དེ་ལས་འཇའ་ཚོན་ཟེར་ཐིག་ཉམས་སྣང་གོང་དུ་འཕེལ་པའི་མཆོད་སྤྲིན་རྒྱ་མཚོ་འབུལ་བ་དང༌། སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་རང་ཤར་བའི་རིག་པ་ཚད་ཕེབས་ཆེན་པོའི་ངང་དུ་འཁོར་གསུམ་གཟུང་འཛིན་གྱི་སྡིག་ལྟུང་བཤགས་ཤིང༌། ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་པའི་དག་པ་གཉིས་ལྡན་གྱི་འབྲས་བུ་ཟག་མེད་ཡེ་ཤེས་ཀྱི་ཚོགས་ཆེན་ཡོངས་སུ་རྫོགས་པ་ལ་རྗེས་སུ་ཡི་རང་བ་དང༌། ཕྱིར་གསལ་འཕོ་ཆེན་ཡེ་ཤེས་ཀྱི་སྐུའི་གསུང་རྡོ་རྗེ་རྒྱུན་གྱི་རྟག་པའི་ཀློང་དུ་རྫོགས་པ་ཆེན་པོའི་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་ཞིང་འཇའ་ལུས་རྡོ་རྗེའི་སྣང་བརྙན་ཆེན་པོ་ཇི་སྲིད་དུ་བཞུགས་པར་གསོལ་བ་འདེབས་པ་དང༌། དེ་ལྟ་བུའི་ཟག་མེད་ཡེ་ཤེས་ཀྱི་དགེ་ཚོགས་སྒྲིབ་གཉིས་རྩད་ནས་དག་པ་གཞོན་ནུ་བུམ་པ་སྐུའི་ཀློང་དུ། ཆོས་ཀྱི་དབྱིངས་ལ་མི་བསྔོ་བར་ཤེས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་སྟེ་ཁྱད་པར་ཅན་གྱི་ལྟ་སྒོམ་གྱི་གནད་དྲན་པས་འདིའི་རྗེས་ཟློས། ཧོ༔ ཆུ་ལས་ཆུ་བུར་སོགས་ལན་གསུམ། དེ་ཡང་དབང་ཐོབ་པ་དཀྱིལ་འཁོར་གྱི་བྱ་བས་ཐོབ་ཀྱང་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་པས་ཚོགས་ཞིང་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་པ་དཔང་པོའི་ཚུལ་དུ་བཞུགས་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་ཡིད་ཅན་སྲིད་ཞིའི་མཐའ་ལ་མི་གནས་པའི་ཟུང་འཇུག་ཆེན་པོའི་གོ་འཕང་ལ་འགོད་པའི་ལྷག་པའི་ཀུན་སློང་བྱང་ཆུབ་སེམས་དང་མ་བྲལ་བས་དམ་ཚིག་དང་སྡོམ་པའི་བསླབ་པ་རྒྱ་མཚོ་མཐའ་ཡས་བཟུང་ནས་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་ལ་བསླབ་པར་དམ་བཅའ་བ་འདིའི་རྗེས་ཟློས། བླ་མ་རིག་འཛིན་སྐྱབས་ཀྱི་མཆོག་ཏུ་འཛིན། །འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་ཅིང༌། །སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི། །དམ་ཚིག་སྡོམ་པ་རྟག་ཏུ་སྲུང་བར་བགྱི། །ལན་གསུམ། དེ་ནས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ། རིགས་ལྔ་བདེ་བར་གཤེགས་པ་དང༌། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། ཞེས་གསོལ་བ་བཏབ་པས། སྒོ་བ་གིང་ཆེན་སྡེ་བཞིས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེ་པར་མོས་ཤིག །ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ། དབྱེ་རྒྱ་བཅས་བརྗོད། ཡོལ་བ་བསལ། ཁྱེད་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས་བརྩམས་རིམ་པར་གཡས་བསྐོར་དུ་ཕྱིན་ཏེ་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་བྱ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱར་ལ་འདིའི་རྗེས་ཟློས། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ལན་བཞི་བརྗོད། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པར་མོས་ལ་ནང་འཇུག་གི་ཐོག་མ་དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད། ཆོས་ཐམས་ཅད་རང་བཞིན་གྱིས་སྤྲོས་བྲལ་འོད་གསལ་སྟོང་པ་ཉིད་ཀྱི་རང་མདངས་ལྷུན་གྲུབ་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་སྐད་ཅིག་གིས་རིག་འདུས་རྗེ་བཙུན་མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཆ་བྱད་ཅན་དཀར་ལ་དམར་བའི་མདངས་ཅན་ཕྱག་གཡས་སྡིགས་མཛུབ་དང་བཅས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་ནམ་མཁར་འཕྱར་བ། གཡོན་མཉམ་གཞག་གི་ཕྱག་རྒྱས་བྷནྡྷ་དང་ཚེ་བུམ་བཅུད་ལྡན་བསྣམས་པ། དབུ་ལ་པདྨའི་མཉེན་ཞུ་དང་སྐུ་ལ་ཕོད་ཀ་ཆོས་གོས་བེར་ཕྱམ་བརྩེགས་མར་གསོལ་བ། མཆན་ཁུང་གཡོན་དུ་རང་འོད་ཡེ་ཤེས་མཁའ་འགྲོས་འཁྱུད་ཅིང་ཞབས་རྒྱལ་པོ་རོལ་སྟབས་ཀྱིས་འཇའ་འོད་ཟེར་ཐིག་གི་ཀློང་ན་འགྱིང་ཞིང་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབ། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་མུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དང་ཁྱད་པར་བླ་མ་སྐུ་གསུམ་གྱི་ཞིང་ཁམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་པར་ནམ་མཁའ་གང་བར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་བརྟན་པོ་མཛོད། སྦྱར་བའི་སྤོས་བསྲེགས། ཌཱ་དྲིལ་དང་དབྱངས་ཀྱིས་བསྐུལ་ལ་ལས་བྱང་ལྟར། སྔོན་བསྐལ་མར་ཐོད་ཕྲེང་རྩལ་གྱི་ཛབ་མཐར། ཧཱུྃ་ཧཱུྃ་ཧཱུྃ་ཨཱ་རལླི་ཕེཾ་ཕེཾ་བཏགས་པ་བརྗོད། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཧཱུྃ་དང་རྡོ་རྗེས་རྒྱས་གདབ། སྔར་བྱིན་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་དོར་བར་ཞུ། ཀྱཻ། རིག་འཛིན་འདུས་པའི་དཀྱིལ་འཁོར་དུ། །འབྲེལ་བའི་མེ་ཏོག་འདི་དོར་བས། །ལས་འཕྲོ་གང་ཡོད་ལྷ་ལ་དབབ་པར་ཤོག །ཨོཾ་པུཥྤེ་སིདྡྷི་ཧཱུྃ། ཞེས་དོར་དུ་གཞུག །མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷས་སླར་ཡང་དབང་རྟགས་ཅོད་པན་དུ་བྱིན་པར་མོས་ཤིག །པྲ་ཏི་གྷྲྀ་ཧ་ན་ཨི་མཾ་སཏྭ་མ་ཧཱ་བཱ་ལ། རིགས་དང་མཐུན་པའི་གསང་མཚན་གདགས། མེ་ཏོག་སྤྱི་བོར་བཅིངས། དག་པ་ཡེ་ཤེས་ཀྱི་སྤྱན་གྱིས་ལྷ་དང་དཀྱིལ་འཁོར་མངོན་སུམ་དུ་མཇལ་བའི་རྟེན་འབྱུང་དུ་མིག་དབྱེ་བར་མོས་མཛོད། མིག་ཐུར་ཐོགས་ལ། སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། །ཁྱེད་ཀྱི་མ་རིག་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བ་ལྟར། །དེ་བཞིན་ཁྱེད་ཀྱིས་འགྲོ་བ་རྣམས། །ཡེ་ཤེས་སྤྱན་དུ་འབྱེད་པར་ཤོག །ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་གདོང་གཡོགས་བསལ། ཕྱག་ཤིང་གིས་མཐོང་བ་བསྟན་ཏེ། ཀྱཻ། རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བརྡའི་དོན་རྟགས་ཀྱིས་མཚོན་པའི་མཚོན་བྱེད་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དངོས་སུ་བཤམས་པ་དང་གཉིས་སུ་མེད་པའི་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡེ་ཤེས་རྡོ་རྗེ་སྲུང་བའི་འཁོར་ལོའི་ནང་དུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ་པདྨ་ཉི་མ་སྣ་ཚོགས་རྡོ་རྗེའི་རྭ་བཅུ་གཉིས་པའི་ལྟེ་བར་གནས་པ། རིན་པོ་ཆེའི་རྩིག་པ་ལྔའི་སྟེང་དུ་ཕ་གུ་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། ནང་ཀ་བ་བརྒྱད་ཀྱིས་བཏེགས་ཅིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབ་ཕྱུར་བུའི་རྩེར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། ཚད་དང་མཚན་ཉིད་ཐམས་ཅད་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ནང་དུ་སྣ་ཚོགས་པདྨ་ཉི་མ་ཟླ་བའི་སྟེང་དུ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་རིགས་ཀུན་འདུས་པའི་སྤྱི་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་མཆོག་སྣང་སྲིད་ཟིལ་གནོན་མ་ཧཱ་གུ་རུ་ཞལ་གཅིག་ཕྱག་གཉིས་མཚན་དཔེའི་གཟི་བརྗིད་དཔལ་དུ་འབར་བ། རྡོ་རྗེའི་གསང་གོས་དཀར་པོ། ཆོས་གོས་དམར་པོ། བེར་མདུང་སྔོན་པོ། ཕོད་ཆེན་མཐིང་ག་རྣམས་བརྩེགས་མར་གསོལ་བ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཕྱར་སྟབས་སུ་སྡིགས་མཛུབ་ཀྱིས་བསྣམས་ཤིང༌། གཡོན་མཉམ་བཞག་གིས་བྷནྡྷ་ཚེ་བུམ་བསྣམས་པ། ཞབས་རྒྱལ་པོ་རོལ་སྟབས་ཀྱིས་ལྷ་ལྕམ་མནྡྷཱ་ར་བ་གཅེར་བུ་གཞོན་མཛེས་ཅན་དང་གཉིས་མེད་དུ་འཁྲིལ་བ། རིགས་ལྔའི་དབང་རྟགས་རྫོགས་པས་དབུ་ལ་པདྨའི་མཉེན་ཞུ་ཅན། དབུ་གཙུག་ཏུ་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་རིག་འཛིན་དགའ་རབ་རྡོ་རྗེ། དེའི་དབུ་གཙུག་ཏུ་ཆོས་སྐུ་ཀུན་ཏུ་བཟང་པོ་བཅས་ཐེག་པ་མཆོག་གི་སྟོན་པ་རྣམ་གཉིས་ཐོ་བརྩེགས་སུ་བཞུགས་པ། ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ངོ་བོ་བཀའ་བབ་རིག་འཛིན་ཆེན་པོ་བརྒྱད་བརྟུལ་ཞུགས་གྲུབ་པའི་ཧེ་རུ་ཀའི་ཆས་ཀྱིས་ཌཱ་དྲིལ་དང་བཅས་རྡོ་རྗེའི་གར་སྟབས་བསྒྱུར་བ། སྟེང་ཕྱོགས་སུ་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་དྲུག་གི་ཡི་དམ། སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་སོགས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་དང༌། གཞལ་ཡས་ཁང་གི་སྒོ་བཞིར་རིགས་ཀྱི་གིང་ཆེན་བཞི་དང༌། དཀྱིལ་འཁོར་ཕྱིའི་ཁོར་ཡུག་ལ་དཔལ་མགོན་བདུན་ཅུ་རྩ་ལྔ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་པས་མཚོན་ཕྱོགས་དུས་སྐྱབས་ཡུལ་རབ་འབྱམས་མཐའ་དག་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་གཅིག་གི་ཡེ་ཤེས་ཀྱི་ཀློང་དུ་རྫོགས་པ་འདིས་མཚོན་བྱེད་དུ་བྱས་ཏེ་དབང་གིས་སྨིན་ཅིང་རིམ་པ་གཉིས་ཀྱི་ལམ་ལ་བརྩོན་པས་མཚོན་བྱ་དོན་གྱི་དཀྱིལ་འཁོར་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་ཀྱི་རྩ་རླུང་ཐིག་ལེའི་རྣམ་པར་དག་པའི་རང་བཞིན་དུ་རང་ལ་བཞུགས་པར་ཤེས་པས། ཡིན་ཚུལ་གཤིས་ཀྱི་དཀྱིལ་འཁོར་རང་རིག་གདོད་ནས་དག་པའི་བདག་ཉིད་དུ་ངོ་འཕྲོད་དེ་ཟུང་འཇུག་རྡོ་རྗེའི་གོ་འཕང་མྱུར་དུ་ཐོབ་པའི་ཕྱི་ནང་གཞན་གསུམ་གཉིས་མེད་དུ་ངོ་སྤྲད་པ་ཡིན་པས་དད་གུས་སྤྲོ་བ་རྒྱ་ཆེན་པོ་མཛོད་ཅིག །དེ་དག་གིས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་ནས། ད་དངོས་གཞི་དབང་བསྐུར་ཞུ་བའི་ཕྱིར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ནམ་མཁའ་རྡོ་རྗེས་རྒྱལ་བ་ལྔར། །སོགས་ནས་བརྩམས་ཐུན་མོང་རིགས་དབང་ལྔ་དང༌། ནང་ནུས་འཇུག་གི་དབང་དམ་ཚིག་གསུམ་སྦྱིན་པ། བུམ་དབང་རྗེས་གནང་དང་བཅས་པ་དང༌། བུམ་དབང་སྐབས་རྩ་སྔགས་མ་ཧཱ་གུ་རུ་སྦྱར་བའི་ཁྱད་པར་ལས་གཞན་ཞི་ཁྲོའི་སྐབས་ལྟར་མཐར་ཆགས་སུ་བཏང༌། དབང་གི་སྐབས་ཀུན་གཟིགས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་རྩ་སྔགས་མ་ཧཱ་གུ་རུ་སྦྱར་བར་མཛད་པ་རིག་འཛིན་སྣ་ཚོགས་རང་གྲོལ་ནས་དེ་ལྟར་མཛད་གསུངས་པས་སྒྲུབ་སྔགས་གཙོ་བོར་སྦྱར་ན་ལེགས་དགོངས་པ་དང༌། ཚེ་སྒྲུབ་ཀྱང་སྒྲུབ་སྔགས་ལ་སྦྱར་བའི་དགོངས་པ་ཡིན་ནམ་སྙམ། མཆན། རྗེས་འབྲེལ་སྐུ་ཕྱག་རྒྱའི་དབང་ལ། ཁྱད་པར་དུ་བུམ་དབང་དང་རྗེས་སུ་འབྲེལ་བར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་རང་འདྲའི་སྐུ་གཉིས་པ་སྤྲོས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ནས་དབང་བསྐུར་བས་རིག་འཛིན་བླ་མ་རྣམས་ཀྱི་བྱིན་རླབས་དང་གསང་བ་གསུམ་གྱི་ཡོན་ཏན་ཆིག་རྫོགས་སུ་རྒྱུད་ལ་འཕོས་པར་མོས་ཤིག །ལྷ་དབང་པདྨ་རཱ་གའི་ཕྲེང་བ་ལྟར་ཡོངས་རྫོགས་སྦྱར་ཏེ་སོ་སོའི་ཙཀླིས་དབང་བསྐུར་མཐར། དེང་ནས་བཟུང་སྟེ་རང་ལུས་སྣང་སྟོང་ལྷའི་སྐུ་བསྒོམ་པ་དང་མ་བྲལ་བས་སྣང་སྲིད་གཞིར་བཞེངས་རིག་འཛིན་བླ་མ་སྒྱུ་འཕྲུལ་དྲྭ་བའི་དག་ཆེན་ཡེ་ཤེས་ཀྱི་འཁོར་ལོར་ཤེས་པའི་བསྐྱེད་རིམ་དང་མ་བྲལ་བར་མཛོད་ཅིག །དེ་རྣམས་ཀྱིས་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་གསང་བ་ཟབ་མོའི་དབང་གསུམ་མཐའ་རྟེན་དང་ཡོངས་རྫོགས་གཏོར་མའི་དབང་བཅས་ལྔ་ལས། དང་པོ་གསང་དབང་གི་སླད་དུ་སློབ་དཔོན་རིགས་འདུས་ཐོད་ཕྲེང་རྩལ་རང་འོད་ཡེ་ཤེས་ཀྱི་མཁའ་འགྲོ་དང་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་བཅུད་བྷནྡྷའི་བདུད་རྩི་དང་རོ་གཅིག་ཏུ་བྱས་པ་མགྲིན་པར་བཞག་ཅིང་མྱང་བར་མོས་ཤིག །གསང་རྫས་བྱིན་ལ། ཧཱུྃ༔ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ དཀར་དམར་བྷནྡྷའི་ནང་དུ་བསྐྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྩ་ཁམས་ཡི་གེའི་རྣམ་པར་དག༔ ཚེ་ལ་དབང་བའི་རིག་འཛིན་ཐོབ༔ པདྨ་ཅན་གྱི་ས་ནོན་ཤོག༔ མ་ཧཱ་གུ་རུའི་མཐར། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་དུ་བཟླས་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བའི་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང༌། སློབ་མའི་མགྲིན་པ་ནས་ཞུགས་སྙིང་གར་འཁོར་བས་འགྱུ་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོར་རྫོགས་པར་མོས་ལ་འདིའི་རྗེས་ཟློས་མཛོད། བསྙེན་སྒྲུབ་ཀྱི་སྔགས་ལན་གསུམ་རྗེས་ཟློས་བྱར་གཞུག །དེ་ལྟར་བླ་མ་གསུང་རྡོ་རྗེ་ལོངས་སྐུའི་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་གཟུགས་དང་ལང་ཚོ་མཛེས་པ་ཕུལ་དུ་ཕྱིན་ཞིང་རིགས་དང་སྐལ་པ་མཆོག་དང་ལྡན་པའི་ཤེས་རབ་མ་ལག་ཏུ་བྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ ཆོས་རྣམས་ཀུན་གྱི་འབྱུང་གནས་ནི༔ བདེ་བ་ཆེན་པོ་གསང་བའི་ཡུམ༔ རིགས་ཀྱི་བུ་ལ་བྱིན་པ་ཡིས༔ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ འཁོར་ལོ་ཚོགས་ཆེན་ས་ནོན་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བྱིན་པའི་རིག་མ་དེས། པདྨ་བྷཉྫ་མོ་ཀྵ་ཧོ། ཞེས་ཐར་པ་བསྟན་པར་བསྐུལ་ཏེ་པང་དུ་བྱོན་པ་དང་འདུ་ཤེས་གསུམ་ལྡན་གྱི་རྗེས་སུ་ཆགས་པའི་རོལ་མོས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟར་བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེས་བྱིན་རླབས་ཞུགས། བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་བརྡ་ཚིག་གི་དབང་ལ། གཞི་ཀ་དག་གི་ལྟ་བ་མཚོན་པའི་མེ་ལོང་དྭངས་གསལ། ལམ་ལྷུན་གྲུབ་ཀྱི་སྒོམ་པ་མཚོན་པའི་འཇའ་ཚོན་ལ་བརྟེན་ནས་དཔེ་དོན་འབྲེལ་བའི་འོད་གསལ་གྱི་རང་ངོ་ལ་མཉམ་པར་ཞོག་ཅིག །ཤེལ་རྡོ་དང་མེ་ལོང་བསྟན་ལ། ཧོ༔ ཀ་དག་མེ་ལོང་གཙང་མའི་ངོགས༔ ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ༔ བརྡ་རྟགས་རྫོགས་པས་དབང་བསྐུར་བས༔ དྲི་མེད་རིག་པའི་གནས་ལུགས་རྟོགས༔ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས༔ བདེ་བ་ཆེན་པོའི་ས་ནོན་ཤོག༔ སྔགས་མཐར། དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ ཁྱེད་རང་རྣམས་ལུས་གནད་བསྲང་ལ་ཀ་དག་སྤྲོས་མཐའ་བྲལ་བའི་ངང་དུ་མཉམ་པར་འཇོག་འཚལ། ཞེས་རེ་ཞིག་བཞག་དེའི་ངང་ལ། ཕཊ། དྲག་པོ་ཞིག་བརྗོད། སེམས་གང་ཡིན། རྟབ་རྟབ་ཏུ་དྲིས་པས། སྣང་བ་ཧད་དེ་ཕྱད་དེ་ཅི་ཟེར་ཆ་མེད་པ་བྱུང་ཚོར་གྱི་སྤྲོས་པ་འགགས་པ་དེ་ཉིད་རང་གནས་ཀྱི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །དེའང་ལྟ་བ་ལུང་རིག་དང་འབྲེལ་བ་ཞེས་བྱ་བ་ཡིན་པས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་གསུངས་པའི་དོན་ལགས་སོ། །དེ་ནས་སློབ་དཔོན་ལྟ་དགོངས་ཅན་ཡིན་ན། ཐུགས་ཀར་ཨ་ཡིག་ཞིག་གསལ་བ་ལ་སློབ་མའི་རིག་པ་གཏད་དུ་གཞུག་ལ་དཔོན་སློབ་གཉིས་ཀ་མཉམ་པར་བཞག །སྒོམ་པ་ཉམས་མྱོང་དང་འབྲེལ་བའི་གཤིས་ནས་ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་དོ། །དེ་ལྟར་བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་དེ་ཁོ་ན་ཉིད་དོན་དམ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་མཐའ་རྟེན་བཀའ་ལུང་ཡོངས་རྫོགས་གཏད་པ་ཡིན་པས། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས་དེ་དག་གི་དགོངས་རྒྱུད་བྱིན་རླབས་མཐའ་དག་ཁྱེད་རང་གི་རྒྱུད་ལ་འཕོས། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཚིག་དང་དོན་གྱི་གསང་བ་མཐའ་དག་གི་དབང་ཆེན་ཐོབ་པར་མོས་ཤིག །གླེགས་བམ་མགོ་བོར་བཞག་ལ། ཧོཿ ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སིངྷ། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་པདྨ་ཐོད་ཕྲེང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་དྲི་མེད་འོད་ཟེར། ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས་པ་རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ། ཡི་དམ་མཁའ་འགྲོ་རྒྱ་མཚོ། ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། རྟོགས་པ་སྤར་དུ་གསོལ། བརྟུལ་ཞུགས་བསྐྱེད་དུ་གསོལ། བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་ཅིང་རིག་པ་གཏད་མེད་ངང་དུ་བཞག་ལ་དོན་བརྒྱུད་འཕོ། ལྔ་པ་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ། སྤྱིར་གཏོར་མ་ལ་བསྙེན་སྒྲུབ་ཀྱི་དུས་སུ་དཀྱིལ་འཁོར་དུ་ཤེས་པ་དང༌། མཆོད་པའི་དུས་སུ་འདོད་ཡོན་དུ་ཤེས་པ། དབང་གི་དུས་སུ་ལྷར་ཤེས་པ། རྗེས་དངོས་གྲུབ་ཏུ་ཤེས་པ་རྣམས་སུ་ཡོད་པ་ལས། འདིར་དབང་དུས་ལྷར་ཤེས་པར་བྱ་བ་ཡིན་པས་ཐུགས་དམིགས་འདི་བཞིན་དུ་མཛོད། རིག་འཛིན་བླ་མའི་གཏོར་ཆེན་འདི་ཉིད་ཕྱི་ལྟར་རིན་ཆེན་འབར་བའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ནང་ལྟར་ཐེག་མཆོག་རྫོགས་པ་ཆེན་པོའི་བླ་མ་སྐུ་གསུམ་ཐོ་བརྩེགས་སུ་བཞུགས་ཤིང༌། འཁོར་བཀའ་བབ་རིག་འཛིན་བརྒྱད་དང་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་ལྟར་གཏིབས་པ། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ལས་མཛད་པའི་བླ་མ་རིག་འཛིན་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། གཙོ་འཁོར་ཐམས་ཅད་ཀྱི་གནས་བཞིར་ཨོཾ་ཨཱཿཧཱུྃ་དང་ཧྲཱིཿཡིག་གིས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པ་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་འགལ་རྐྱེན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང༌། གནས་སྐབས་སུ་དབང་བཞིའི་ལམ་བསྒོམ་པ་དང༌། མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ལ། ཧཱུྃ། དཀྱིལ་འཁོར་གཙོ་བོ་པད་འབྱུང་ཡབ་ཡུམ་དང༌། འདི་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་རྡོ་རྗེའི་གསུང༌། མཆན། རིགས་བདག་དགའ་རབ་རྡོ་རྗེ་སེམས་དཔའ་ཆེ། །ཀུན་བཟང་ཡབ་ཡུམ་རྒྱ་གར་རིག་འཛིན་བརྒྱད། །རྗེ་རྒྱལ་འབངས་རིགས་ཉེར་ལྔ་ཡི་དམ་ལྷ། །རྒྱུད་སྡེ་བཞི་དྲུག་དཔའ་བོ་མཁའ་འགྲོའི་ཚོགས། །དཔལ་མགོན་བདུན་ཅུ་རྩ་ལྔ་དབང་ཕྱུག་མ། །ཉེར་བརྒྱད་སྒོ་སྐྱོང་གིང་ཆེན་བཞི་བཅས་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་རྣམས་ཀུན། །སྐལ་ལྡན་ལས་ཅན་རྣམས་ལ་བསྐུར་བ་ཡིས། །ལུས་ངག་ཡིད་གསུམ་སྒོ་གསུམ་ཆ་མཉམ་བཞིའི། །སྒྲིབ་བཞི་ཡོངས་དག་རིག་འཛིན་རྣམ་བཞིའི་ལམ། །སྐུ་བཞིའི་གོ་འཕང་ཐོབ་པའི་རྟེན་འབྲེལ་བསྒྲིགས། །མཐར་ཐུག་གཞོན་ནུ་བུམ་སྐུ་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གུ་ཎ་སིདྡྷི་ཏྲཱཾ། སརྦ་སིདྡྷི་ཧྲཱིཿ གཏོར་མ་གནས་སོ་སོར་བཞག རྗེས་དངོས་གྲུབ་ཏུ་ཤེས་པའི་ཕྱིར་གཏོར་མའི་ལྷ་འོད་དུ་ཞུ་བའི་གཏོར་ཟན་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་བ་མྱངས་བས་རྩ་ཁམས་ཐམས་ཅད་ལ་ཁྱབ། ཟག་མེད་ཀྱི་བདེ་བས་རྒྱུད་གང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་གཏོར་ཟན་དངོས་སམ། མཐའ་སྐོར་གྱི་མཐེབ་ཀྱུ་ལྟ་བུ་བདུད་རྩི་དང་སྦྱར་ནས་སྦྱིན། དེ་དག་གིས་དབང་བསྐུར་གྱི་རིམ་པ་ཡོངས་སུ་རྫོགས་པས་སྒོ་གསུམ་བྱ་བ་དང་བཅས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གསང་གསུམ་ཕྲིན་ལས་དང་བཅས་པ་གཉིས་སུ་མེད་པར་གྱུར་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་གོ་འཕང་ཐོབ་པར་གྱུར་པ་ལ། རྒྱལ་སྲིད་བདུན་གཏད་ལ། ཕྱིའི་རྟེན་འབྲེལ་བསྐལ་པ་རྫོགས་ལྡན་གྱི་དགའ་སྟོན་ལ་སྤྱོད་པའི་འཁོར་ལོས་བསྒྱུར་རྒྱལ་རྣམས་ལ་སྔོན་གྱི་རྣམ་དཀར་གྱི་མཐུ་ལས་སྣང་བའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་ས་གསུམ་འཇིག་རྟེན་ཀུན་ཏུ་དབང་བསྒྱུར་བ་དང༌། ནང་དུ་འཕགས་པའི་ནོར་བདུན་གྱི་འབྱོར་པས་ལམ་ལྔའི་ཡོན་ཏན་ལ་དབང་བསྒྱུར་བའི་བརྡར་རྒྱལ་སྲིད་རིན་ཆེན་བདུན་གྱི་འབྱོར་པས་མངའ་གསོལ་བར་མོས་ཤིག །བཀྲ་ཤིས་རྟགས་བརྒྱད་གཏད་ལ། བསོད་ནམས་བརྒྱ་ལས་གྲུབ་པའི་སངས་རྒྱས་རྣམས་ཀྱི་མཚན་དཔེའི་དཔལ་ལས་སྣང་བའི་བཀྲ་ཤིས་པའི་རྟགས་མཆོག་བརྒྱད་ཀྱིས་དབང་བསྐུར་བས་བདུད་དང་མུ་སྟེགས་སོགས་ཕས་རྒོལ་གྱི་གཡུལ་ལས་རྒྱལ་ཞིང་འགྲོ་ཀུན་དེ་བཞིན་གཤེགས་པའི་མཚན་རྟགས་སོགས་སྤྱོད་ཡུལ་རླབས་པོ་ཆེ་ལ་འཇུག་པའི་དབང་ཐོབ་པར་མོས་ཤིག །བཀྲ་ཤིས་རྫས་བརྒྱད་གཏད་ལ། སྟོན་མཆོག་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་འདྲེན་པར་བྱོན་ནས་འདུལ་བ་བཞི་ཡི་ཕྲིན་ལས་དང༌། མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་འདྲེན་པར་བྱོན་པའི་ཚེ་ལྷ་མིའི་དབང་པོ་དག་གིས་རྟེན་འབྲེལ་གྱི་རྫས་ཕུལ་བ་རྣམས་དུས་ཀུན་ཤིས་པ་སྤེལ་བའི་བཀྲ་ཤིས་གྲུབ་པའི་རྫས་མཆོག་བརྒྱད་དུ་བྱིན་གྱིས་བརླབས་པས་དབང་བསྐུར་བས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་རྟགས་ཀྱི་ཉི་མ་ཁོར་ཡུག་ཏུ་འཆར་བའི་དབང་ཐོབ་པར་མོས་མཛོད། དེ་དག་ནི་སྤྲོས་པ་མཚམས་པའི་དབང་དུ་བྱས་ཀྱི་རྒྱས་པར་གྲུབ་ཆེན་ཕྲིན་ལས་འོད་ཟེར་གྱི་གསུང་ལྟར་སྦྱར་དགོས་སོ། །ལས་བྱང་ནས་འབྱུང་བ་ལྟར་ཤིས་པ་བརྗོད། དེ་དག་རྣམས་ཀྱིས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་གི་ཐིག་ལེའི་ནང་སྒྲུབ་རིག་འཛིན་འདུས་པའི་དབང་བསྐུར་རྒྱས་པ་གྲུབ་ཆེན་རིན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་མན་ངག་ལུགས་ལྟར་ལེགས་པར་གྲུབ་པ་ལགས་པས་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཅི་ནུས་སུ་འབད་པས་བསྲུང་སྙམ་པས་འདིའི་རྗེས་ཟློས། རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་དང་གཅིག་པུ་ཕྱལ་བ་སོགས༔ ཆོ་ག་བཞིན་དུ་སྲུང་བར་བགྱི༔ ལན་གསུམ། གཏང་རག་གི་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཁྱབ་བདག་བླ་མ་ཉིད་ལ་འབུལ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཁྱེད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། །ལན་གསུམ། དགེ་བསྔོ་བྱས་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་ཚོགས་མཆོད། སྤྲོ་ན་བསྐང་བཤགས་རྡོ་རྗེའི་ཐོལ་གླུ་དང༌། རིག་འདུས་རང་གི་བསྐང་བ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གསུང་སོགས་སྦྱར་ཞིང་ཚོགས་ལ་རོལ། ལྷག་མ་ནས་ཤིས་བརྗོད་བར་གསང་བ་སྤྱི་ལྟར་མཐར་དབྱུང་བས་གྲུབ་བོ། །དེ་དག་གིས་འོད་གསལ་སྙིང་ཐིག་གི་རྩ་བའི་ཆོས་བདག་གྲུབ་ཆེན་རིན་པོ་ཆེ་ཀུན་བཟང་གཞན་ཕན་གྱི་གསུང་གི་དགོངས་པ་ལྟར་ཡིད་རྟོན་འོས་པ་ཡིན་ལ། གྲུབ་རྗེས་གསུང་དངོས་རྙེད་ན་དེ་ཉིད་གཙོ་བོར་བྱ་བ་ལས་ཡན་ལག་བརྒྱད་པའི་མཚོ་འགྲམ་དུ་བ་ཚྭའི་ཁྲོན་པ་ལ་ཡིད་གདུང་བར་མི་བྱའོ། །འདི་ལ་གཏེར་གཞུང་རྩ་བའི་དགོངས་པ་དངོས་བསྟན་རྒྱལ་ཐབས་སྤྱི་བླུགས་ལྟར་འབོག་ན་འཇམ་མགོན་པདྨ་གར་དབང་གི་གསུང་པདྨའི་དོ་ཤལ་ལྟར་ཤེས་པར་བྱའོ། །ཀུན་མཁྱེན་ཡེ་ཤེས་ཀློང་ལྔའི་མཛོད། །བརྩེ་ཆེན་ཐུགས་ཀྱི་ཐིག་ལེའི་བཅུད། །བྱིན་རླབས་རྩ་བ་བླ་མ་ཡི། །ཐུགས་སྒྲུབ་སྨིན་བྱེད་འོད་ཟེར་རྨད། །ཅེས་སྒྲུབ་སྡེའི་ཐོག་མ་བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་འདུས་པའི་དབང་བསྐུར་རྒྱས་པར་སྤྲོས་པའི་ལེའུ་ཚན་གཉིས་པ་སྟེ་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་སྦྱར་བའོ། ༈ བླ་མ་དྲག་པོ་དམར་ཆེན་རྟ་ཁྱུང་འབར་བའི་དབང་ལ་གྲུབ་ཆེན་རིན་པོ་ཆེ་ཀུན་བཟང་གཞན་ཕན་གསུང་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་རྡོ་རྗེའི་དོ་ཤལ། མཁྱེན་བརྩེ་རིན་པོ་ཆེའི་དབང་བསྡུས་གྲངས་བསགས་བཅས་རྡོ་རྗེའི་གསུང་དུ་མ་བཞུགས་བཞིན་པའོ། ༈ བདེ་ཆེན་སྣང་བ་རྒྱས་པའི་གཟི་འོད་ཀྱིས། །ས་གསུམ་ནང་གི་མུན་པ་སེལ་མ་ཐག །གྲུབ་གཉིས་ཀུན་དགའི་དགའ་སྟོན་རབ་གསལ་གཉེན། །བླ་མ་རྡོ་རྗེ་སེམས་དཔའ་རྒྱལ་གྱུར་ཅིག །རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མཆོད་བདེ་ཆེན་ལམ་བཟང་གི་ཁྱད་པར་གྱི་ཕྲིན་ལས་བདེ་ཆེན་སྙིང་པོའི་བྱེ་བྲག་རྡོ་རྗེའི་ཚེ་སྒྲུབ་པའི་ཆོ་ག་དང་འབྲེལ་བར་སློབ་མ་རྗེས་སུ་འཛིན་པའི་ཚུལ་ལ། ཁྱད་པར་གྱི་ཕྲིན་ལས་ལྟར་གཞུང་བསྲང༌། ཚེ་རྫས་ལ་ཚེ་འགུགས་བསྟིམ། ལས་བུམ་སྒྲུབ་པ། ཚོགས་བསགས་བཅས་གྲུབ་པ་དང་སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམས་ནས། དེ་ལ་འདིར་ཐེག་མཆོག་རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་གསེང་ལམ ལས་སྐུ་ཚེ་གཅིག་ལ་བདེ་ཆེན་རྡོ་རྗེ་སེམས་དཔའི་གསང་གསུམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་དབང་འབྱོར་བའི་ཀུན་མཁྱེན་གྲུབ་བརྒྱའི་དཔྱིད་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ལ་དབྱིངས་ཀྱི་མཁའ་འགྲོས་ཟབ་རྒྱས་ཆོས་ཀྱི་གསང་མཛོད་གཏད་པའི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྐོར་ཟབ་རྒྱས་བཞུགས་པའི་ཡང་སྙིང་རྡོར་སེམས་མངོན་དགའི་ཞིང་སྦྱོང་གི་བླ་སྒྲུབ་རྩ་བ་ཙམ་རྒྱལ་བའི་དགོངས་བཅུད་མངོན་དུ་ཕྱུངས་པ། སླར་ཡང་རྗེ་དེ་ཉིད་ཀྱི་སྨོན་ལམ་ཐུགས་རྗེའི་ཆོ་འཕྲུལ་ཟད་མི་ཤེས་པའི་རོལ་རྩེད་གངས་ཅན་མཁས་གྲུབ་ཡོངས་ཀྱི་དད་དཔོན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་སྣང་དུ་ཀུན་མཁྱེན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་ཉེ་བརྒྱུད་དུ་བསྩལ་ནས་བླ་མ་མཆོད་པའི་གཞུང་རྩ་བ་ཡན་ལག་དང་བཅས་པའི་ཆོས་བཀའ་ཟབ་རྒྱས་ངོ་མཚར་རྨད་བྱུང་གི་ཚུལ་དུ་བཞུགས་པ་ལས་འདིར་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་རྒྱས་པ་ལས། བུམ་པ་མཆོག་ནི་བཟང་པོ་ཉིད། །ཚེ་བཞག་གནས་ནི་འདི་ཡིན་ཏེ། །ཡང་ནས་ཡང་དུ་འགུགས་བྱ་ཞིང༌། །མངོན་སུམ་སྨིན་པར་གྱུར་པ་དང༌། །དབྱིངས་སུ་ཡང་ནི་སྦ་བར་བྱ། །རྡོ་རྗེའི་གོ་ཆ་སྲུང་བ་ཡིས། །བརྟན་ཅིང་འཁོར་ལོས་དགག་པར་བྱ། །ཞེས་རྡོ་རྗེའི་ཚེ་སྒྲུབ་པའི་རྟེན་དང༌། འགུགས་པ་དང༌། བསྟིམ་པ་དང༌། སྦ་བ་དང༌། སྲུང་བའི་ཚུལ་སོགས་རྒྱུད་ལས་རྒྱ་ཆེར་བྱུང་བ་མན་ངག་གིས་ལུང་དུ་བསྡེབས་ནས་བྱིན་རླབས་ཉེ་བརྒྱུད་ཀྱི་གཟི་བྱིན་འབར་བ་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་སྒྲུབ་པའི་ཐོག་མར་དབང་གི་ཆོ་ག་ཟབ་མོས་རྒྱུད་སྨིན་དགོས་པའི་ཕྱིར་དེ་ཉིད་གསན་པའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །སྒྱུ་འཕྲུལ་གཙོ་བོ་དགོངས་སུ་གསོལ། །རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི། །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ལན་གསུམ། ཡན་ལག་བརྒྱད་པས་རྒྱུད་སྦྱང་བ། བླ་མ་རྡོ་རྗེ་སེམས་དཔའ་སོགས། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་སོགས་ནས། ཏིཥྛ་བཛྲས་བརྟན་པར་བྱས་པའི་མོས་པ་མཛོད། བར་དབང་གཞུང་ལྟར་དང༌། ཚེ་འགུགས་ལ། བདག་མདུན་ལྷར་གསལ་བའི་ཐུགས་སྲོག་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་བརྟན་གཡོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཕོག་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་དང༌། སྟོང་ཁམས་འཇིག་རྟེན་ཐམས་ཅད་ཀྱི་འབྱུང་ལྔའི་དྭངས་མ་རྩི་བཅུད་སྐྱེ་འགྲོ་མཐའ་དག་གི་ཚེ་དཔལ་ནུས་སྟོབས་ལས་དང་བསོད་ནམས། ཁྱད་པར་ལྷ་ཀླུ་གནོད་སྦྱིན་རིག་འཛིན་གྲུབ་པ་སོགས་ཚེ་བསྐལ་པ་དང་མཉམ་པར་གནས་པ་རྣམས་ཀྱི་ཚེ་བཅུད་བཀྲག་དང་གཟི་མདངས། བན་བོན་མཐུ་བོ་ཆེས་རིག་སྔགས་ཀྱི་སྦྱོར་བ་དང༌། སྡེ་བརྒྱད་མ་རུང་པས་བླ་དང་ཚེ་སྲོག་ཁྱེར་བ་ལ་སོགས་པ་ཐམས་ཅད་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འུབ་ཀྱིས་བསྡུས་ནས་བསྒྲུབ་བྱའི་སྙིང་གར་ཐིམ་པས་དྭངས་མའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང་བས་སྔོན་ལས་འཕྲལ་རྐྱེན་ལས་བྱུང་བའི་ཚེ་ཐུང་བའི་མཚན་མ་ཐམས་ཅད་རབ་ཏུ་ཞི་ནས། ཚེ་མི་ཤིགས་པ་རྡོ་རྗེ། མི་འགྱུར་བ་གཡུང་དྲུང༌། མི་ནུབ་པའི་རྒྱལ་མཚན་དུ་བྱས་ཏེ་འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཚེ་མདའ་གཡབ་ལ། ཨོཾ། མགོན་པོ་སངས་རྒྱས་ཀུན་གྱི་བདག །སོགས་ཚེ་འགུགས་བྱ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ཏེ་ཚེ་ཡི་དབང་བསྐུར་དངོས་སྦྱིན་པ་ལ། ཚེ་འབྲང་བཀྲ་ཤིས་གཞལ་མེད་ཁང་གི་དབུས་སུ་རྡོ་རྗེ་སེམས་དཔའ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་བཞུགས་པའི་སྐུ་ལས་འོད་ཟེར་འཆི་མེད་བདུད་རྩིའི་ཟིལ་མངར་གྱི་རྒྱུན་ཆར་བབ་པ་ལྟར་བྲུལ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། དྭངས་མ་འཕོ་མེད་དུ་རྒྱས་བཏབ་པས། སྐུ་རྡོ་རྗེ་སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་པར་མོས་མཛོད། ཚེ་འབྲང་སྤྱི་བོར་བཞག་ལ། ཨོཾ། དཔལ་ལྡན་རིགས་རྣམས་ཀུན་གྱི་བདག །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །མི་འགྱུར་རྟག་པའི་དབང་བསྐུར་རོ། །རྩ་སྔགས་ལ་ཚེ་ཤམ་སྦྲེལ་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་དྭངས་མ་མྱངས་བས་མགྲིན་པའི་ལམ་བརྒྱུད་རྩ་གནས་ཐམས་ཅད་གང༌། བདེ་བའི་ཟིལ་གྱིས་ལས་རླུང་གི་འགྲོ་འོང་འཕོ་བའི་རྒྱུ་བ་འཛག་མེད་དུ་བཅིངས། གཞོམ་མེད་གསང་བའི་སྲོག་གྲུབ། གསུང་རྡོ་རྗེ་གཞོམ་གཞིག་མེད་པའི་ཚེ་ཡི་དབང་ཐོབ་པར་མོས་མཛོད། བདུད་རྩི་མགྲིན་པར་བཞག་ལ་མྱངས་ཏེ། ཨཱཿ དཔལ་ལྡན་རིགས་རྣམས་ཀུན་གྱི་བདག །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང༌། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །འགག་མེད་དབྱངས་ཀྱི་དབང་བསྐུར་རོ། །སྔགས་མཐར། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ དྭངས་མ་མི་ཤིགས་པའི་རྡོ་རྗེ་ཚེ་ཡི་རིལ་བུ་ལྕེ་རྡོ་རྗེ་རྩེ་གསུམ་པའི་ལམ་བརྒྱུད། སྙིང་གའི་ཉི་ཟླའི་གའུའི་དབུས་རླུང་རིག་སེམས་གསུམ་དབྱེར་མེད་པའི་ཐུགས་སྲོག་ཧཱུྃ་དང་ནྲྀ་ཨ་ཡིག་བཅས་ལ་ཐིམ། དྭངས་མ་གཡོ་རྩོལ་དང་བྲལ་བའི་བདེ་ཆེན་རྡོ་རྗེར་བརྟན། འཕོ་མེད་ཡེ་ཤེས་ཀྱི་སྲོག་གྲུབ། ཐུགས་རྡོ་རྗེ་གཡོ་འཁྲུལ་མེད་པའི་ཚེ་ཡི་དབང་ཐོབ་པར་མོས་མཛོད། རིལ་བུ་སྙིང་གར་བཞག་ཅིང་ཁར་བྱིན་ལ། ཧཱུྃ། དཔལ་ལྡན་རིགས་རྣམས་ཀུན་གྱི་བདག །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །འཁྲུལ་མེད་ཡེ་ཤེས་དབང་བསྐུར་རོ། །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། མཐར། ཚེ་ཡི་དྭངས་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་ལ་འདུས་སོགས་ནས། ཨ་དྷི་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་པར་བྱ་བའི་བར་ཚེ་འགུགས་མཐའ་བཞིན་སྦྱར་ལ་རྒྱས་གདབ། ཤིས་བརྗོད་ནས་དམ་ཚིག་ཁས་བླང༌། གཏང་རག །ཡོན་འབུལ། དགེ་བསྔོ་བཅས་བྱས་པས་གྲུབ་པོ། །ཀུན་མཁྱེན་དགྱེས་པའི་འཛུམ་འོད་ལས། །ཟབ་གསང་བཀའ་གཏེར་གདམས་པའི་དཔྱིད། །བརྩེ་ཆེན་འོད་ཟེར་མ་སྨད་མཐུས། །འདོད་རྒུའི་དཔལ་དུ་ཅི་དགར་འཇོ། །ཞེས་ཡི་དམ་ཞི་བ་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་བླ་མ་མཆོད་པ་ལ་བརྟེན་པའི་ཚེ་དབང་གི་མཛེས་རྒྱན་ལེའུ་ཚན་གསུམ་པ་སྟེ་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱིས་སྦྱར་བའོ། ༈ ཡེ་ཤེས་བདུད་རྩིའི་ཟེགས་མ་རེག་ཙམ་གྱིས། །འཁྲུལ་རྟོག་སྲིད་པའི་ཟུག་རྔུ་དཔྱིས་འབྱིན་ཏེ། །བདེ་ཆེན་ལང་ཚོའི་བརྟན་པ་རྒྱས་པའི་གཉེན། །རྡོ་རྗེ་སེམས་དངོས་དཔལ་ལྡན་བླ་མ་རྒྱལ། །རྡོར་སེམས་བླ་མཆོད་དེ་ཉིད་ཀྱི་བདུད་རྩི་སྨན་དབང་སྦྱིན་པ་ལ་དངོས་དང་ཞར་བྱུང་ངོ༌། དང་པོ་ནི་ཁྱད་པར་གྱི་ཕྲིན་ལས་ནས་ཇི་ལྟར་འབྱུང་བ་ལྟར་རམ། དབང་རྐྱང་གི་སྐབས་སུ་ཁྲོལ་སྒྲུབ་མ་བྱས་ཀྱང་རུང༌། གང་ལྟར་ཡང་དངོས་གྲུབ་བླང་ཞིང་ཛཔ྄་བཟླ་རིག་པའི་མེ་ཏོག་དོར་བའི་བར་དཀྱུས་ལྟར་གྲུབ་པའི་རྗེས། རྩ་བའི་དབང་གི་མཐའ་རྟེན་ནམ་བདུད་རྩི་སྒྲུབ་པའི་མཇུག་ཏུ་བྱ་བ་སྟེ། དེ་ཡང་རྒྱུད་ལས། བདུད་རྩིའི་མཆོག་ནི་མཉམ་པའི་དབྱིངས། །བདུད་རྩིའི་དོན་ནི་སྐྱེ་འཆི་མེད། །བདུད་རྩིའི་གནས་ནི་བྱང་ཆུབ་སེམས། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང༌། །བདག་དཔལ་ཚོགས་ཤིང་འགྲོ་དོན་མཛད། །སྨན་གྱི་བྱིན་རླབས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་སྔ་འགྱུར་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་གཙོ་བོ་རྡོ་རྗེ་ཉི་མའི་རིགས་ཆེ་མཆོག་བདུད་རྩི་ཡོན་ཏན་གྱི་སྒྲུབ་སྡེའི་མན་ངག་ལ་ངེས་པ་དང་དྲང་བའི་དོན་གྱི་བདུད་རྩི་སྣང་སྲིད་དག་མཉམ་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱར་གཏད་ལ་བླངས་ཏེ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་གསེང་ལམ་རྨད་དུ་བྱུང་བ་སྟེ། གཟུང་འཛིན་གཉིས་སྣང་གི་ལས་ཉོན་གྱི་བདུད་ཚོགས་གདོད་ནས་རྣམ་པར་དག་པའི་གནས་ལུགས་ཀྱི་ལྟ་བ་ཆོས་ཀྱི་རྩི་མཆོག་ཏུ་དག་པའི་དབང་གིས། དུག་ལྔའི་གཅོང་ནད་ཡེ་ཤེས་ལྔ་ཡི་བཅུད་ཀྱིས་ལེན་པའི་སྨན་གྱི་མཆོག་ཏུ་བསྒྱུར་བའི་ཕྱིར་ཕུང་ཁམས་རིགས་ལྔ་ཡབ་ཡུམ་གྱི་དཀྱིལ་འཁོར་དུ་ཤར་བའི་རྟགས་ཀྱི་བདུད་ལ་དེ་དང་རྣམ་པ་མཐུན་པའི་ལྷ་སྔགས་ཏིང་འཛིན་གྱི་གཟེར་གདབ་པ་དོན་གྱི་བདུད་རྩིའི་རྣལ་འབྱོར་ཆེན་པོས། རྫས་ཀྱི་བདུད་རྩི་ཤ་ལྔ་བདུད་རྩི་ལྔ་རྩ་བ་བརྒྱད་དང་ཡན་ལག་སྟོང་གི་རྩི་སྨན་གྱི་སྦྱོར་བས་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་དམ་རྫས་ལ་བརྟེན་ནས་དོན་གཉིས་ལྷུན་གྲུབ་ཀྱི་ཕྲིན་ལས་རྨད་དུ་བྱུང་བའི་ཚུལ་བཀའ་གཏེར་དག་སྣང་གི་ཆོས་སྒོ་དུ་མར་བྱོན་པ་ལས། སྐབས་སུ་བབ་པ་ཆེ་མཆོག་བདུད་རྩི་གྲུབ་པའི་སློབ་དཔོན་པཎ་ཆེན་བི་མ་ལ་མི་ཏྲ་དང༌། མངའ་བདག་ཁྲི་ལྡེ་ཁུ་དབོན་ཟུང་གི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་ཤིང་ཚད་མས་གྲུབ་པ་འབྲེལ་ཚད་དོན་ལྡན་གྱི་རིག་འཛིན་ཆེན་པོ་ཀུན་མཁྱེན་འཇིགས་མེད་གླིང་པ་དང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྣམ་གཉིས་ལ་དབང་དང་སྒྲུབ་ཕྲིན་གྱི་རིམ་པ་ཉེ་བརྒྱུད་བྱིན་རླབས་ཀྱི་བཀའ་བབ་ཆུ་བོ་གཅིག་འདྲེས་རྡོ་རྗེ་སེམས་དཔའི་བླ་མཆོད་བདེ་ཆེན་ལམ་བཟང་ལ་བརྟེན་པའི་མྱོང་གྲོལ་བདུད་རྩི་སྨན་གྱི་དབང་བསྐུར་བགྱི་བ་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ། བདག་གཞན་བླ་མེད་བསྙེན་སྒྲུབ་འདི་དག་གིས། །སྡིག་སྒྲིབ་ཉམས་ཆག་མ་ལུས་ཀུན་བྱང་ནས། །ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཅིང༌། །བྱིན་རླབས་རྩལ་དབང་གཟི་བརྗིད་ནུས་མཐུ་ལྡན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ལན་གསུམ། བཅུད་ལྡན་སྨན་གྱི་ཕོ་བྲང་འདི་ཉིད་བླ་མ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རིགས་ཀུན་འདུས་པའི་བདག་ཉིད་ཆེན་པོའི་ཡེ་ཤེས་ཀྱི་འཁོར་ལོ་ཡན་ལག་བདུན་དང་ཁ་སྦྱོར་བརྒྱད་ལྡན་ལུས་དཀྱིལ་གྱི་ལྷ་དང་བཅས་པ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་ཅིང་གསང་བ་གསུམ་གྱི་རྡོ་རྗེའི་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་ཆོས་ཀྱི་བདུད་རྩིས་སྣང་སྲིད་བདེ་ཆེན་དུ་ཤར། གསུང་རྫས་ཀྱི་བདུད་རྩིས་ཕུང་ཁམས་དྭངས་མར་སྨིན། ཐུགས་རྟགས་ཀྱི་བདུད་རྩིས་དུག་ལྔ་ཡེ་ཤེས་སུ་དག །ཡེ་ཤེས་དོན་གྱི་བདུད་རྩིས་ལྷན་སྐྱེས་རྣམ་པར་མི་རྟོག་རང་བྱུང་རྡོ་རྗེ་སེམས་དཔའི་མཁའ་ཁྱབ་ནམ་མཁའི་རྡོ་རྗེའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག ཧཱུྃ། རྟོག་འདུལ་དམ་ཚིག་བླ་ན་མེད། །དངོས་གྲུབ་ཀུན་གྱི་དབྱིག་ཆེན་པོ། །རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི། །སྐུ་གསུང་ཐུགས་ཀྱི་དབང་བསྐུ་ར་རོ། །ཞེས་དང༌། སྔགས་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གནས་གསུམ་དུ་རེག བདུད་རྩི་སྤྲུལ་པའི་དཀྱིལ་འཁོར་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་རླབས་ཡོངས་རྫོགས་རྒྱུད་ལ་བརྟན་པར་མོས་ཤིག །འཆི་མེད་ཀྱི་ཚེ་སྟེར་བ། ཉམས་ཆག་སྐོང་བ་སོགས་མཆོག་ཐུན་གྱི་དངོས་གྲུབ་མཐའ་དག་བདུད་རྩིའི་མཐུས་གྲུབ་པ་ལ་ངོ་མཚར་བའི་ཆེ་བ་བརྗོད་པ་འདིའི་རྗེས་ཟློས་མཛོད། ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཞེས་རྟོགས་པ་བརྗོད། བདུད་རྩི་བསྡུ་བ་པོ་འཇམ་དཔལ་རྣོན་པོ་ཡིན་པས་དཀྱིལ་འཁོར་བ་རྣམས་ཀྱིས་འཇམ་དཔལ་རྣོན་པོ་ལ་གཏད་ནས་གནང་བ་བྱིན་པར་བསམ་ལ་སློབ་དཔོན་གྱིས། བཛྲ་པྲ་བེ་ཤ་ཡ་ཕཊ། ཞེས་བརྗོད་དེ་སྨན་ཐོད་ལ་དཀྲིས་པའི་སྲད་བུ་བཀྲོལ་ནས་སྨན་ཁ་ཕྱེ་ལ། སརྦ་པཉྩ་ཨ་མྲྀ་ཏ་ཨ་བེ་ཤ་ཡ་ཨཱཿ ཞེས་བརྗོད་པས། བདུད་རྩིའི་དྭངས་མ་དཀར་དམར་མཐིང་གའི་འོད་ཀྱི་རྣམ་པར་བསམ། ནང་མཆོད་དང་སྦྱར་ལ་གཞུང་ལྟར་སྨན་མཆོད་དང༌། བརྒྱུད་པའི་མཚན་དོན་སྦྱར་ན་བརྒྱུད་འདེབས་ལྟར་ལ། ཚིག་རྐང་བཞི་པ། སྨན་མཆོད་འབུལ་ལོ་ཆོས་སྐུའི་ཡེ་ཤེས་སྐྱེད། སོགས་དང༌། ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་སྔགས་བཅས་སྦྱར། རྫོགས་པར་གྲུབ་རྗེས། བདུད་རྩི་སྙིང་པོ་ཅན་གྱི་དབུས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡི་གེ་གསུམ་གྱི་རྣམ་པ་ཅན། །དམ་ཚིག་ཕྱག་རྒྱ་གཉན་པོས་བླངས། །སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་གནས་གསུམ་དུ་ཐིག་ལེ་བྱས་ལ་མྱང༌། སློབ་མ་ལའང་སྦྱིན། དེ་དག་གིས་བདུད་རྩི་སྨན་གྱི་དབང་བསྐུར་གྲུབ་པ་སྟེ་ཕན་ཡོན་གྱི་རིམ་པའང་རྒྱུད་ལས། འཐུང་ན་ངན་སོང་སྒྲིབ་པ་འབྱང༌། །རྟག་བསྟེན་དངོས་གྲུབ་མཆོག་ཀྱང་འགྲུབ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང༌། །ལྷ་ལ་རྟག་ཏུ་མཆོད་བྱས་ན། །བདག་དང་གཉིས་སུ་མེད་པར་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་ན། །དྲག་པོ་གཏུམ་པོའང་ལྷན་ནེར་འགྱུར། །གཞན་ཡང་དངོས་གྲུབ་ཐམས་ཅད་ནི། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཅེས་སོགས་རྒྱ་ཆེར་བསྔགས་པའི་ཕན་ཡོན་ལ་སྤྲོ་བས་ཚུལ་བཞིན་སྒྲུབ་པའི་བདུད་རྩིའི་དམ་རྫས་ཀྱི་ཕུད་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་བདུད་རྩི་དང༌། སྲེག་རྫས་སུ་འབུལ། རིན་པོ་ཆེའི་གྭའུ་ལ་སོགས་པར་དངོས་གྲུབ་ཀྱི་རྟེན་སྤྱི་བོའམ་མགུལ་དུ་བཅངས་ནས་ཐུན་བཞིར་ཆག་མེད་དུ་རྣལ་འབྱོར་དང་ལྡན་པས་བསྟེན། མཁའ་འགྲོ་དང་ཆོས་སྐྱོང་ལ་གཏོར་མ་དང་མཉམ་དུ་འབུལ། སྒྲུབ་པ་པོ་དང་དོན་དུ་གཉེར་བ་གཞན་ལའང་ཅི་ནུས་སུ་སྦྱིན། སྒྲུབ་པའི་གནས་སོགས་ས་ཡི་དཔལ་དུ་མི་འཛད་པའི་གཏེར་དུ་སྦ་བ་དང༌། རྒྱ་མཚོ་དང་ཆུ་ཀླུང་དུ་འདོར་བ། བཟང་ཤིང་གི་བསང་སྤྲིན་རླུང་དང་སྦྱར་བས་སྣོད་བཅུད་ཀུན་ལ་ཁྱབ་པར་སྤེལ་བ་སོགས་འབྱུང་ལྔ་དང་སྦྱར་བའི་ཕྲིན་ལས་རྒྱས་པར་སྤེལ་ཞིང་མཐོང་ཐོས་དྲན་རེག་གྲོལ་བ་དྲུག་གི་ཕྲིན་ལས་རྒྱ་ཆེར་སྐྱོང་བའི་གཡར་དམ་བཟུང་དགོས་པའོ། །གཉིས་པ་ཞར་བྱུང་རིལ་བུའི་དབང་བསྐུར་སྐབས། རྩ་གཞུང་གི་བུམ་དབང་གྲུབ་པའི་རྗེས། རིན་པོ་ཆེའི་བུམ་པ་གཞལ་མེད་ཁང་གི་དབུས་སུ་རིལ་བུ་རྣམས་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ཆེན་པོར་བཞུགས་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་དཔག་ཏུ་མེད་པ་བྱུང༌། སློབ་མའི་སྒོ་གསུམ་ལ་ཐིམ་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས། རྟོག་སྒྲིབ་ཉམས་ཆག་ཐམས་ཅད་དག །བྱིན་རླབས་དང་དངོས་གྲུབ་མཐའ་དག་ཐོབ་པར་མོས་ཤིག །རིལ་བུ་སྤྱི་བོར་བཟུང་སྟེ། དབྱིངས་ཀྱི་བུམ་པར་རིག་པའི་ལྷ་ཚོགས་རྣམས། །ཡེ་ཤེས་ཐུགས་རྗེའི་གཟི་བྱིན་རབ་འབར་བས། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་བརླབས་ནས། །དངོས་གྲུབ་སྩོལ་ཞིང་བརྟན་པར་བཞུགས་སུ་གསོལ། །སྔགས་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བརྗོད་ཅིང་གནས་གསུམ་དུ་གཏུག། རིལ་བུ་ལྷར་གསལ་བ་རྡོ་རྗེ་ལྕེ་ཡི་ལམ་ནས་བརྒྱུད་དེ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་དབྱེར་མེད་པར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བྱང་ཆུབ་བར་དུ་བཞུགས་ཤིང་དབང་དང་དངོས་གྲུབ་སྩོལ་བར་མོས་ལ་ཡི་གེ་བརྒྱ་པ་བཟླ་བཞིན་དུ་རིལ་བུ་མིད། དེ་ལྟར་ཚུལ་བཞིན་བསྒྲུབས་པའི་དམ་རྫས་དེ་ཉིད་མྱང་བའི་ཕན་ཡོན་ཡང༌། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་གཞུང་ལས། དེ་ལྟ་བུ་ཡི་དམ་རྫས་དེ༔ གང་གིས་ཟོས་པས་ཉམས་ཆག་སྦྱངས༔ དམ་ཚིག་དངོས་གྲུབ་ཀུན་ཐོབ་ནས༔ འཕོ་མེད་བདེ་ཆེན་འགྲུབ་པར་འགྱུར༔ ཞེས་གནས་སྐབས་སུ་དམ་ཚིག་ཉམས་ཆག་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་བྱང་ཞིང༌། ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པ་དང༌། མཐར་ཐུག་བདེ་བ་ཆེན་པོ་ཁ་སྦྱོར་ཡན་ལག་བདུན་ལྡན་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་དཀའ་བ་མེད་པར་འགྲུབ་པའི་མ་བསྒོམས་སངས་རྒྱས་ཆོས་ཀྱི་གྲོལ་ལམ་ཕན་ཡོན་བསམ་མི་ཁྱབ་པའི་བདག་ཉིད་ཅན་གྱི་དབང་བསྐུར་གྲུབ་པའོ། །དབང་གཞུང་གི་གསང་དབང་ལ་འཇུག་དགོས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། །སྤྱོད་ཡུལ་ཟབ་རྒྱས་ཆོས་ཀྱི་སྙིང༌། །རྗེས་བརྩེའི་འཆར་ཀའི་འོད་ཟེར་གྱིས། །སྣང་འདི་སྐལ་བཟང་ཀུན་དགའི་དཔྱིད། །དཔལ་རྡོ་རྗེ་སེམས་དཔའི་བླ་མཆོད་དང་འབྲེལ་བའི་བདུད་རྩི་སྨན་གྱི་དབང་ཞར་བྱུང་དང་བཅས་པའི་ལེའུ་ཚན་བཞི་པ་སྟེ་ཕྲིན་ལས་རོལ་པའི་རྡོ་རྗེས་སྦྱར་བའོ། | ༄༅། །གུ་རུ་ཏྲི་མཱུ་ལ་བྷྱཿན་མ་མི། བྱིན་རླབས་བདུད་རྩིའི་སྤྲིན་གྱིས་རབ་སྒེག་སྐུ་གསུམ་སྟོན་མཆོག་པདྨ་སྐྱེས། །གྲུབ་གཉིས་འདོད་རྒུའི་ཆར་བཟང་རྟག་འཇོ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །བདེ་སྟོང་གློག་གི་རྩེ་གར་དང་བཅས་ཕྲིན་ལས་རབ་མྱུར་མཁའ་འགྲོའི་ཚོགས། །མི་ཕྱེད་དད་བརྒྱའི་མཁའ་ལ་རྟག་བཞུགས་བྱང་ཆུབ་བར་དུ་རྗེས་འཛིན་མཛོད། །གསང་བ་ཟབ་མོའི་དགོངས་དོན་མ་ཉམས་ཤིང༌། །མཁས་གྲུབ་ཚད་མའི་ཕྱག་བཞེས་ཀྱིས་བརྒྱན་པ། །མཆོག་གསང་རྡོ་རྗེ་བཞི་ཡི་འཁོར་ལོ་རུ། །སྨིན་བྱེད་ཐབས་ཚུལ་སྐལ་བཟང་དགའ་སྟོན་སྤེལ། །འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐེག་ལེའི་རྩ་གསུམ་བཀའ་སྲུང་དང་བཅས་པའི་དབང་གི་ཕྱག་བཞེས་འདུས་གསལ་དུ་འགོད་པ་ལ། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ལས། གསང་ཆེན་རྡོ་རྗེ་ཐེག་པ་ནི༔ འཇུག་སྒོ་དབང་ལ་དམ་ཚིག་སྲོག༔ རང་བཞིན་གནས་ལུགས་བརྗོད་བྲལ་ཏེ༔ ཞེས་གསུངས་པ་ལྟར་སྔགས་ལམ་ལ་ཐོག་མར་འཇུག་པའི་སྒོ་འབྱེད་མེད་དུ་མི་རུང་བ་འཆད་བྱ་དབང་གི་རྣལ་འབྱོར་ཏེ། དབང་སྐུར་བྱེད་པ་པོ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ། ལྷ་དང༌། བདག་དང༌། གསང་སྔགས་དང༌། བཟླས་བརྗོད་དང༌། འཕྲོ་འདུའི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔ་ལ་རང་བྱན་ཚུད་པའི་ནུས་པ་རྙེད་པས་སློབ་མའི་རྒྱུད་བྱིན་གྱིས་རློབ་ནུས་པ་བདག་པོའི་རྐྱེན། བྱ་བའི་ལས་བཅུད་བཟང་པོ་བླུག་པ་ལ་སྣོད་གཙང་མ་བྱ་བ་བཞིན་རྒྱུ་ཡི་རྐྱེན་དད་བརྩོན་ཤེས་རབ་ཀྱི་སྣོད་དང་ལྡན་པའི་སློབ་མ་ལ། སའི་ཆོ་ག་སྔོན་དུ་འགྲོ་བས་ལྷ་དང༌། བུམ་པ་དང༌། སློབ་མ་ལྷག་པར་གནས་པ། ཐིག་ཚོན་རྒྱན་བཀོད་དཀྱིལ་འཁོར་སྒྲུབ་ཅིང་མཆོད་དེ་བདག་ཉིད་འཇུག་པའམ། རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་པ་བཅས་བྱས་ནས་ཕྱི་མཚན་མ་དང༌། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པས་རྒྱུད་སྦྱང་བ་ལ། བྱེད་པ་བུམ་པ་བདུད་རྩི་ཕྱག་རྒྱ་བརྡ་ཚིག་སོགས་ལྷན་ཅིག་བྱེད་པ་རྒྱུ་ཡི་རྫས་དང༌། སྔགས་དང་ཏིང་ངེ་འཛིན་གསུམ་ཚོགས་པའི་ཆོ་ག་ཁྱད་པར་ཅན་གྱིས་རབ་ཏུ་གནས་པའམ། རབ་གནས་ཀྱི་བྱ་བ་ཟིན་པའི་བྱིན་རླབས་དང་ནུས་པའི་ཁྱད་པར་དང་ལྡན་པ་དམིགས་པའི་རྐྱེན་གྱིས་དབང་བསྐུར་བས། བྱ་བ་ཤིན་ཏུ་རྟོགས་པར་དཀའ་བ་དག་མཉམ་བདེན་པ་དབྱེར་མེད་གཞི་ཡི་དཀྱིལ་འཁོར་ཡེ་ནས་རང་ལ་གནས་པའི་ཆོས་ཉིད་ཀྱིས་ཁྱབ་པའི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་མཚུངས་ལྡན་དུ་གནས་པའི་རྒྱུ་གདོད་ནས་གདན་གསུམ་ཚང་བའི་ལྷའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་དག་པ་ཉིད་ངོ་འཕྲོད་པར་བྱས་པ་ལས་རང་སྐལ་གྱི་སྦྱང་བྱ་གློ་བུར་གྱི་དྲི་མ་ཅི་རིགས་དག་པའི་ཉམས་སད་པར་བྱས་ཤིང༌། ཕར་ཕྱིན་དང་རྒྱུད་སྡེ་འོག་མར་མ་གྲགས་པའི་དབང་དང་ཆོ་ག་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བས་ན་སྔ་མ་སྔ་མ་དེ་མ་ཐག་པའི་རྐྱེན་ཏེ། དེ་ལྟར་རྒྱུ་གཉིས་དང་རྐྱེན་བཞི་སྟེ་དྲུག་ཚོགས་པའི་མཐུ་ལས། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་ཅི་རིགས་གསོས་ཐེབས་པའི་མཐུས་ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ། ཆུ་ལུད་དྲོད་གཤེར་འཛོམ་པ་ལ་ས་བོན་ཐེབས་པ་ལྟར་ཡེ་ཤེས་བཙན་ཐབས་སུ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱས་པས་རྒྱུད་འགྱུར་བའི་ཁྱད་པར་ནི་ཐོབ་པ་སྟེ། དེ་དག་ཀྱང་ཆོས་ཉིད་བདེ་བ་ཆེན་པོ་དང་ཆོས་ཅན་རྟེན་འབྲེལ་བསླུ་མེད་ཀྱི་སྟོབས་བསམ་གྱིས་མི་ཁྱབ་པ་དང༌། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའི་མཐུ་བསམ་གྱིས་མི་ཁྱབ་པ་དང༌། ཐབས་ལ་མཁས་པ་གསང་སྔགས་ཀྱི་སྤྱོད་པ་ཁྱད་པར་ཅན་སྔགས་དང་ཕྱག་རྒྱའི་ནུས་པ་བསམ་གྱིས་མི་ཁྱབ་པ་ལས་བྱུང་བས་ན། རྡོ་རྗེ་བཞིའི་ཡེ་ཤེས་ལ་གོ་མྱོང་རྟོགས་པ་ཅི་རིགས་སྐྱེས་པ་དེ་ཉིད་གོང་ནས་གོང་དུ་སྤེལ་བའི་ལམ་ལ་ཚུལ་བཞིན་འབད་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ནུས་ལ། ཚེ་འདིར་ལམ་ལ་ཆེད་དུ་མ་འབད་ཀྱང་དམ་ཚིག་མ་ཉམས་ན་རིང་པོར་མི་ཐོགས་པར་འཚང་རྒྱ་ནུས་པར་གསུངས་པས། མཐར་འབྲས་བུ་སངས་རྒྱས་སྐུ་བཞིའི་གོ་འཕང་བདེ་མྱུར་དུ་ཐོབ་བྱེད་སྔགས་ལམ་གྱི་རྩ་བ་དབང་ལ་རག་ལས་པས་ཤིན་ཏུ་གནད་ཟབ་པའི་མཐར་ཐུག་རྡོ་རྗེ་ཐེག་པའི་ལམ་གྱི་ཐོག་མའི་འཇུག་སྒོ་གཅིག་པུར་གྱུར་པ་སྟེ། དེ་དག་གི་རྣམ་གཞག་ཤེས་པ་ནི་ཤིན་ཏུ་གལ་ཆེ་བས་ན་དཔལ་སྒྱུ་འཕྲུལ་དྲྭ་བ་རྩ་རྒྱུད་གསང་བ་སྙིང་པོའི་མན་ངག་གི་དགོངས་པ་ལྟར་བཀྲལ་བ་ལེགས་བཤད་ཕྱོགས་བཅུའི་མུན་སེལ། སྤྱི་དོན་རྣམ་པ་གཉིས་དང༌། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་པའི་རྩ་འགྲེལ་གྱི་གཞུང་ལ་བརྟེན་ནས་གཏན་ལ་དབབ་པར་བྱ་དགོས་ལ། སྐབས་འདིར་འཆད་བྱའི་གཙོ་བོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པ་ཉིད་ཀྱིས་ཤིང་རྟའི་ལམ་སྲོལ་གསར་དུ་ཕྱེ་བའི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡོངས་རྫོགས་ཉམས་ལེན་གྱི་ལུས་གཅིག་ལ་རྫོགས་ཤིང་མཐར་ཐུག་གཏན་ལ་དབབ་བྱ་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོ་ཐེག་མཆོག་རྫོགས་པ་ཆེན་པོ་ཐུན་མིན་མན་ངག་སྡེའི་ཟབ་དོན་ཐང་མར་བརྡལ་བས་བཀའ་གཏེར་དག་སྣང་གི་ཆོས་ཚུལ་རྒྱ་མཚོའི་སྲོག་སྙིང་གཅིག་པུར་གྲུབ་པ་ལ། རྒྱ་ཆེ་བ་རྒྱུད་སྡེའི་དགོངས་པ་གཙོ་བོར་བཏོན་པ་རྒྱུད་ལུགས་ཕུར་པ་རྒྱལ་པོའི་ལུགས་དང༌། ཟབ་པ་ཀློང་ཆེན་དགོངས་པའི་གསང་མཛོད་ལས་བྱོན་པའི་ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་གསུམ་ཆོས་སྲུང་དང་བཅས་པའི་སྨིན་གྲོལ་ཡོངས་རྫོགས་སྒྲུབ་སྡེའི་རིང་ལུགས་ཅན་དུ་བཞུགས་པ་ལས་སྐབས་འདིར་འཆད་བྱ་ཕྱི་མ་ཉིད་ཡིན་ལ། འདི་ཉིད་ཁོ་ན་ལའང་སྒྲུབ་བྱའི་ལྷའི་སྒོ་ནས་དབྱེ་ན། བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་འདུས་པ། བླ་མ་དྲག་པོ་རྟ་ཁྱུང་འབར་བ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་བཀའ་བརྒྱད་དཔལ་ཆེན་འདུས་པ། དེའི་ཡན་ལག་གཤིན་རྗེ་འཆི་བདག་ཟིལ་གནོན། རྟ་མགྲིན་ཁམས་གསུམ་རོལ་པ། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་པ་བདུད་དཔུང་ཟིལ་གནོན་ཏེ་ཁྲག་འཐུང་རིགས་བཞི། གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ། ཁྲོ་བོ་རྟ་མགྲིན། ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན། ཞི་ཁྲོ་ཁྲོམ་དཀྲུགས་ངན་སོང་སྦྱོང་བ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཡུམ་ཀ་བདེ་ཆེན་རྒྱལ་མོ། དེའི་ནང་སྒྲུབ་སྒྲོལ་མ་ཉེར་གཅིག །གསང་སྒྲུབ་མཁའ་འགྲོ་སེང་གདོང༌། བཀའ་སྲུང་མ་མགོན་ལྕམ་དྲལ། ཚེ་རིང་མ་བཅས་དང༌། སྒྲུབ་བྱེད་ཐབས་ཀྱི་གསེང་ལམ་ནང་རྒྱུད་ཡོ་ག་གསུམ་གྱི་དགོངས་པ་དང་འབྲེལ་བས། སྒྱུ་འཕྲུལ་དྲྭ་བ་མ་ཧཱའི་དགོངས་པ་དང་འབྲེལ་བའི་དཔལ་ཆེན་རྩ་བ་ཡན་ལག །ཨ་ནུའི་མདོ་ལུང་གི་སྙིང་པོ་རིགས་བརྒྱ་དང་རིག་འཛིན། ཨ་ཏིའི་དགོངས་དོན་གྱི་བསྐྱེད་རྫོགས་ཡུམ་ཀ་དང༌། ཡང་གསང་བླ་སྒྲུབ་ཀྱིས་མཚོན་པའི་དབྱེ་བསྡུའི་གོ་རིམ་དང་རྣམ་གཞག་དུ་མ་ཡོད་ཀྱང༌། སྐབས་འདིར་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལས། འདིར་དང་པོ་སྨིན་བྱེད་གདན་གསུམ་ཚང་བའི་དཀྱིལ་འཁོར་ཞི་ཁྲོ་ལ་བརྟེན་པ་ཡིན་པས། ཅེས་གསུངས་པ་ལྟར་ཐུན་མོང་གི་སློབ་མ་ལ་སྟ་གོན་དང་ཕྱི་ནང་གི་འཇུག་པ་ཕན་ནུས་ཟབ་མོའི་དབང་གི་ཆོ་ག་རྒྱས་པ། རྒྱུ་སྨིན་བྱེད་ཀྱིས་སྒོ་འབྱེད་དགོས་པའི་ཕྱིར་རྒྱུད་སྡེའི་དགོངས་པ་དང་འབྲེལ་ཆེ་བ་ཞི་ཁྲོ་ངན་སོང་སྦྱོང་བའི་དབང་གི་རིམ་པ་ཐོག་མར་འགོད་པ་ལ། གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། མདོར་ན་དབང་གི་སྔོན་འགྲོ་རྗེས། །སྒྲུབ་ཆེན་བསྙེན་སྒྲུབ་ཁོག་དབུབ་ལ། །ལས་ལ་དབང་གིས་སྦྱོར་བ་སྟེ། །ཞེས་པ་ལྟར་སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་ལ་གསུམ། ལྷ། བུམ་པ། སློབ་མ་ལྷག་གནས་སོ། །དང་པོ་ལའང་ས་སློང་བ་དང་ལྷ་སྟ་གོན་དངོས་གཉིས་ལས། དང་པོ་ནི། སྤྱིར་ཀུན་མཁྱེན་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཉིད་ཀྱིས་ཕུར་པ་རྒྱུད་ལུགས་དང༌། གྲོལ་ཐིག་དབང་ཆོག་སོགས་སུ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང༌། བསྙེན་སྒྲུབ་ཡན་ལག་བཞིས་ཁོག་དབུབ། རྗེས་རང་གཞན་སྨིན་གྲོལ་ལ་སྦྱོར་ཚུལ་གྱི་རྣམ་གཞག་ཞིབ་མོ་ལྟར་གསུངས་ཀྱང༌། སྐབས་འདིར་དེང་དུས་ཀྱི་ཕྱག་བཞེས་དཀྱུས་ལྟར་འཆད་པ་ལ། རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་གསང་བའི་དཀྱིལ་འཁོར་འདི་ཉིད་ཀྱི་བསྙེན་སྒྲུབ་མཐར་སོན་པས། སྣོད་ཀྱི་སྐལ་པ་བཟང་པོས་ཟབ་མོའི་བཅུད་འཛིན་ནུས་པའི་སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་སྨིན་པར་བྱ་བའི་ཕྱིར་བཀྲ་ཤིས་བྱིན་ཆགས་པ་མཚན་ཉིད་དང་ལྡན་པའི་གནས་སུ། གཟའ་སྐར་ཚེས་གྲངས་དགེ་ཞིང་ཤིས་པ་ལ་གཞུང་མཐུན་གྱི་རྟེན་དང་རྒྱན་གྱི་ཡོ་བྱད་དུ་མས་སྤྲས་པའི་གུང་དུ་བདག་བསྐྱེད་ཞི་ཁྲོའི་གཏོར་མ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་དང༌། དཀྱིལ་འཁོར་གང་དུ་བྱ་བར་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་རིན་པོ་ཆེའི་མཎྜལ་དྲིའི་ཐིག་ལེ་བཀོད་པ་ལ་མེ་ཏོག་གམ་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་བཞི། དེ་རྒྱབ་བརྒྱད། དེ་རྒྱབ་བཅུ་དྲུག །དེ་རྒྱབ་སུམ་ཅུ་རྩ་གཉིས། དེ་རྒྱབ་བཞི་བཅུ་རྣམས་རིམ་གྱིས་ཇེ་ཆུང་དུ་བཀོད། ཆུ་གཉིས་ཉེར་སྤྱོད་དང་བཅས་པས་བསྐོར། དེའི་མདུན་དུ་སྟེགས་ཅུང་དམའ་བར་མཎྜལ་ལ་བ་བྱུང་དང་དྲིས་བྱུགས་པར་མེ་ཏོག་གི་ཚོམ་བུ་དང༌། མདུན་དུ་ཆུ་གཅིག་སྔོན་འགྲོའི་མཆོད་པ་ལྔ་ས་ལྷ་དང༌། གཉུག་མར་གནས་པ་ལ་དཀར་གཏོར་གསེར་སྐྱེམས་བཅས་བཤམས། གཞན་ཉེར་མཁོའི་ཡོ་བྱད་ཚོགས་པར་བྱས་ལ། ཞི་ཁྲོ་རང་གཞུང་གི་སྐྱབས་སེམས་ནས་བརྩམས་བདག་བསྐྱེད་ཚང་བར་བཏང༌། རྣམ་སྣང་ཐུགས་ཀྱི་དཀྱིལ་འཁོར་སོགས་ཞི་བ་དང༌། བདག་ཉིད་རྣམ་སྣང་གསལ་བའི་ལྗགས། །རྡོ་རྗེ་རྩེ་གསུམ་དམར་པོ་ཡི་སོགས་ཀྱིས་ཁྲོ་བོ་བཅས་ཅུང་ཟད་བཟླ། ལས་སྦྱོར་རྩ་རིག་སྐབས་འདིར་མ་སྦྱར་ཡང་རུང་སྙམ། ས་ལྷའི་གཏོར་མ་བསང་སྦྱངས། ཨོཾ་ཨཱཿཧཱུྃ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། བསྡུ་རྒྱ་སེ་གོལ་གཏོགས་པ་དང་བཅས། པྲི་ཐཱི་དེ་ཝི་ས་མཱ་ཛཿ ཞེས་བརྗོད་པས། སའི་ལྷ་མོ་སེར་མོ་བུམ་པ་འཛིན་པ་དོ་ཤལ་དང་རྐང་གདུབ་ཀྱི་སྒྲ་སྒྲོགས་པ་ས་བདག་གིས་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཨོཾ་པྲི་ཐཱི་དེ་ཝི་ཨརྒྷཾ་པུཥྤེ་སོགས་ནས། ཤབྡ་པཱུ་ཛ་ཧོཿས་མཆོད། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །བདག་རྡོ་རྗེ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ས་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེངས་ཀྱི། སའི་ཕྱོགས་འདི་བདག་ལ་གནང་བར་མཛོད་ཅིག །ཅེས་བརྗོད་པས། དེས་ཀྱང་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་བྱོས་ཤིག །ཅེས་གནང་བ་བྱིན་པར་བསམ། གཉུག་མར་གནས་པ་ལ། ཨ་ཀཱ་རོ་མུ་སོགས་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་བསྩལ་དུ་གསོལ། །ཞེས་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱང་བརྗོད། བཛྲ་མུས་མགྲོན་རྣམས་རང་གནས་སུ་བཏང༌། ཨོཾ་མེ་དི་ནི་བཛྲ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ་ཀྱིས་རྡོ་རྗེའི་གཞིར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ་ཀྱིས་བསྲུང་བར་བྱས་པས་སྒྲུབ་ཁང་རྙིང་པ་དང་རས་བྲིས་ལ་བརྟེན་པས་རུང་ཞིང༌། རྡུལ་ཚོན་ལ་སྦྱང་བ་བཅས་དགོས་པར་གསུངས། དེ་དག་གིས་ས་སློང་གི་དོན་ཚང་བའོ། །དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་པ་ཡིན་ན་སྐབས་འདིར་ཐིག་ལས་འབྱུང་ཡང་དེང་སང་རས་བྲིས་ལ་བརྟེན་པ་མང་བས་མ་སྤྲོས་སོ། །གཉིས་པ་ལྷ་སྟ་གོན་དངོས་ནི། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨརྒྷཾ་པདྱཾ་སོགས། ཤབྡ་ཨཱཿཧཱུྃ། ཡོངས་སུ་གྱུར་པ་ལས་ཕྱི་ནང་གི་མཆོད་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་གང་བར་གྱུར། སྨན་གཏོར་རཀྟའི་སྔགས་ཀྱང་བརྗོད་པས་བྱིན་གྱིས་བརླབས་ལ། དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལས། བདག་བསྐྱེད་ལྡན་པས་ལྷ་ཚོགས་རྣམས། །ཆོ་གས་སྒྲུབ་ཅིང་མ་ནུས་ན། །སྔགས་ཀྱིས་བསྐྱེད་ལ་མཆོད་བསྟོད་འབུལ། །བཟླས་པ་ཅི་རིགས་བགྱིས་པའི་རྗེས། །ཞེས་གསུངས་པས། རྒྱས་པར་སྤྲོ་ན། སྟོང་པའི་ངང་ལས་མདུན་གྱི་ཚོམ་བུའི་དཀྱིལ་འཁོར་ཉིད་ཡོངས་སུ་གྱུར་པ་ལས། ཨེ་ཡཾ་བཾ་ལཾ་སུཾ་རཾ་རྣམས་ཆད། །སྥ་ར་ཎ་ཕཊ་སོགས་ནས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་བསྟིམས། ཕྱག་མཆོད་བསྟོད་པའི་བར་ཞི་ཁྲོའི་ལས་བྱང་ལྟར་མཐར་ཆགས་སུ་བྱ། བསྡུས་པའི་སྐབས། ཧཱུྃ་བཛྲ་སཏྭ། མཱུཾ་དྷ་ཏི་ཤྭ་རི། ཧཱུྃ་བཛྲ་དྷྲྀཀ྄་སོགས་བསྐྱེད་སྔགས་ཚང་བར་བརྗོད་ལ། བདག་ཉིད་ལྷ་ཡི་སྐུར་གསལ་བའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ༔ མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔ ཞེས་བརྗོད་ཅིང་བསམ་ལ། ཨོཾ། མ་ལུས་སེམས་ཅན་སོགས་སྤྱན་འདྲེན་ནས་བསྟོད་པའི་བར་ཞི་ཁྲོའི་ལས་བྱང་ལྟར་བཏང་རྗེས། བོ་དྷི་ཙིཏྟ་དང་རུ་ལུ་ཡིག་བརྒྱ་བཅས་ཅུང་ཟད་བཟླས་མཐར། རྡོར་དྲིལ་དང་སྤོས་ཐོགས། པུས་བཙུགས་ཐལ་མོ་སྦྱར་ལ། རང་གི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་དུ་གྱུར། རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཁྱེད་རྣམས་མཆོད་དང་སེམས་ཅན་དོན། །ནངས་པར་དཀྱིལ་འཁོར་འབྲི་འཚལ་བས། །ཐུགས་ཀྱིས་དགོངས་ཏེ་གནང་བ་མཛོད། །ལན་གསུམ། ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས། རིག་པ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་གྱི་ལས་ཇི་ལྟར་འོས་པ་གྱིས་ཤིག་ཅེས་བཀའི་གནང་བ་བསྩལ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེང་གི་བར་སྣང་འོད་ཀྱི་དྲྭ་བའི་ཀློང་དུ་བཞུགས་པར་བསམ། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པའི་མཛུབ་མོ་བརྐྱང་བ་རྩེ་གཏུགས་ནས་འོག་ཏུ་ཕྱོགས་པ་སྤྱི་བོར་གཏོད་པ་བཅས། ཨོཾ་བཛྲོད་ཏིཥྛ་ལྷན་ཞེས་བརྗོད། དམ་ཚིག་གི་འཁོར་ལོ་རྣམས་རང་ལ་ཐིམ་པར་བསམ་ལ་མཎྜལ་ཚོམ་བུ་དང་བཅས་པ་བསྡུ། ཡིག་བརྒྱ་བརྗོད། གཉིས་པ་བུམ་པ་སྟ་གོན་ནི། རིན་པོ་ཆེའི་བུམ་པ་སུམྦྷ་ནིའི་སྔགས་དང་ཡུངས་ཀར་གྱིས་བྲབ། གུ་གུལ་བདུག །བཀྲ་ཤིས་པའི་ཁྱེའུས་རྒྱུན་འབབ་ཀྱི་ཆུ་ནས་བླང་བའི་ཆུ་གཙང་དང་དྲིའི་ཆབ་དང་སོ་ལྔའི་བཅུད་ལྡན་རྣམ་བུམ་མགུལ་ཆིངས་སྔོན་པོའམ་ཡེ་ཤེས་ལྔ་མཚོན་ཕྱིར་དར་སྣ་ལྔས་བྱ་བར་གྲོལ་ཐིག་དབང་ཆོག་ལས་གསུངས། ལས་བུམ་མགུལ་ཆིངས་ལྗང་གུ། བུམ་མཚན་གཙོ་བུམ་ལ་རིགས་ལྔའི་ཕྱག་མཚན། ལས་བུམ་ལ་རྒྱ་གྲམ་ཅན་གདགས། དུང་ཞལ། གཟུངས་ཐག་བཅས་འདུ་བྱས་ལ། མཆོད་པ་གསར་དུ་བཤམས་པའམ་ཁ་གསོས་ལ་བྱིན་རླབས་ལྷ་སྟ་གོན་སྐབས་ལྟར་བྱ། བུམ་པ་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་གོས་ཀྱི་མགུལ་ཆིངས་དང་དཔག་བསམ་ཤིང་གིས་ཁ་བརྒྱན་པ། ཕྱི་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་བཅུད་ཀྱིས་ཡོངས་སུ་གང་བའི་དབུས་སུ་པདྨ་འདབ་བཞི། བརྒྱད། བཅུ་དྲུག །སོ་གཉིས། བཞི་བཅུ་རྣམས་ཀྱི་སྟེང་དུ་རིན་ཆེན་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་ཉི་ཟླ་པདྨའི་གདན་ལ། ཆོས་སྐུ་ཀུན་བཟང་རྡོ་རྗེ་སེམས་དཔའ་དང་རིགས་ལྔ་ཡབ་ཡུམ་ལ་རང་རང་གི་སེམས་དཔའ་དང་སེམས་མ། ཐུབ་པ་དྲུག །སྒོ་བ་ཡབ་ཡུམ་སྟེ་ཞི་བའི་ལྷ་ཚོགས། དྲེགས་པ་ཅན་དང་བྱོལ་སོང་པད་ཉིའི་གདན་ལ་ཆེ་མཆོག་ཡབ་ཡུམ། ཧེ་རུ་ཀ་རིགས་ལྔ། ཀེའུ་རི་མ་བརྒྱད། སིང་ཧ་མ་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས་མ་འདྲེས་གསལ་རྫོགས་སུ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དེ་ལས་འོད་ཟེར་འཕྲོས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཨོཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༌། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམ་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ཨོཾ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཁཱ་ཧི་ཁཱ་ཧི། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་བསྟོད། །གཟུངས་ཐག་བླངས་ཏེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་བསམ་ལ། ཞི་ཁྲོའི་སྔགས་སུམ་བརྒྱ་ལས་མི་ཉུང་བ་དང༌། ཡིག་བརྒྱ་ཅི་ནུས་བཟླ། ལས་བུམ་བསང་སྦྱངས། ལས་ཀྱི་བུམ་པའི་དབུས་སུ་པད་ཉི་དང༌། །རྒྱ་གྲམ་སྟེང་དུ་ཧཱུྃ་ལས་སྣ་ཚོགས་ཀྱི། །རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་གྱུར་ལས། །བདུད་རྩི་འཁྱིལ་བ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་ལྗང་གུ་ཞབས་གཉིས་དོར་སྟབས་ཅན། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་བསྡིག་པའི་ཚུལ། །གཡོན་པས་དེ་ཡི་ཡུ་བའི་དྲིལ་བུ་འཛིན། །ཁྲོ་ཚུལ་གར་དགུའི་ཉམས་ལྡན་སྦྲུལ་ལ་སོགས། །མི་སྡུག་རྒྱན་གྱིས་སྤྲས་པའི་སྐུ་རུ་གསལ། །སྐུ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་སྤྲིན། །བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་རྩ་བརྒྱད་བཟླ། བུམ་ལྷ་གཉིས་ལ་དམིགས་ནས། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་ཚོགས་བདེ་སྟོང་ཆེན་པོའི་རྣམ་རོལ་དུ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་འདྲེས་པས་རང་རང་གི་བྱེད་ལས་འགྲུབ་པའི་ནུས་པ་ཅན་དུ་གྱུར། ཞེས་བརྗོད་ཅིང་བསམ། འདིར་དབང་གི་སྤྱི་དོན་ལས། གཉིས་པ་བུམ་པ་བཅུད་ལྡན་ལ། །ཆོ་ག་སྔ་མ་ཇི་བཞིན་ལས། །བུམ་ལྷ་འོད་དུ་ཞུ་བ་ཙམ། །བུམ་པ་སྟ་གོན་ཁྱད་པར་རོ། །ཞེས་གསུངས་པ་ཙམ་ལས་ཞི་ཁྲོ་ལ་བུམ་སྒྲུབ་དམིགས་བསལ་མ་བྱུང་བས་བུམ་པ་སྒྲུབ་ཚུལ་འདི་གསང་བ་སྤྱི་ལྟར་བཀོད་པའོ། །སྐུ་རྟེན་ཙཀླི་དབུ་རྒྱན་རྡོར་དྲིལ་སོགས་དབང་རྫས་རྣམས་ཚོགས་པར་བྱས་ལ། དབང་རྫས་རྣམས་ངོ་བོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་རང་བཞིན་ཡེ་ཤེས་ཀྱི་སྣང་བ་ཅིར་ཡང་འཆར་བའི་བྱིན་རླབས་དངོས་གྲུབ་འབྱུང་བའི་དབྱིག་ཏུ་གྱུར་པར་མོས། འདི་ནི་རྒྱུད་ལས་དབང་རྫས་རབ་གནས་དང་ལྡན་པ་ཞེས་གསུངས་པའི་དགོངས་དོན་སྔ་འགྱུར་བཀའ་མའི་དབང་གི་སྟ་གོན་སྐབས་དབང་རྫས་རབ་གནས་ཀྱི་ཆོ་ག་རེ་འབྱུང་བ་ལྟར་བྱིན་རླབས་བསྡུས་པ་འདི་ཙམ་བྱ་བ་ཐམས་ཅད་མཁྱེན་པ་མཉྫུ་གྷོ་ཥའི་ཕྱག་བཞེས་ལས་བྱུང་བ་ལྟར་འདིར་ཡང་བཀོད་པའོ། །གསུམ་པ་སློབ་མ་ལྷག་གནས་ལ་གཉིས་ལས། དང་པོ་སྔོན་དུ་བྱ་བའི་ལས་རིམ་ནི། སོ་ཤིང་སོགས་རྫས་བཞི་དང༌། མཎྜལ་ཚོམ་བུའི་ར་བ། སློབ་མ་མཆོད་པ་བཅས་འདུ་བྱ། དཀྱིལ་འཁོར་གྱི་གཞི་ཡོལ་བས་བསྒྲིབས། སྣོད་དུ་གྱུར་པའི་སློབ་མ་ཟུང་དུ་མ་གྱུར་པའི་གྲངས་ལྡན་རྣམས་སྒོ་དྲུང་དུ་འཁོད་པ་ལ་ཁྲུས་བྱ། གྲལ་དུ་འཁོད་ནས་བགེགས་ལ་གཏོར་མ་བྱིན་ཏེ་བདེན་སྟོབས་ཀྱིས་བསྐྲད། ཡུངས་ཐུན་བྲབ། གུ་གུལ་བདུག །སྲུང་འཁོར་བསྒོམ་ལ་མེ་ཏོག་བཀྱེ་བསྡུ་བྱ། འོ་ཁྱེད་ཅག་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྡེ་ལས་བྱོན་པའི་ཞི་ཁྲོ་ངན་སོང་སྦྱོང་བའི་སྔོན་འགྲོ་སྟ་གོན་གྱི་རིམ་པ་གསན་སྙམ་པའི་ཐུགས་བསྐྱེད་དེ་གསན་འཚལ། དེ་ཡང་ཇི་སྐད་དུ། གསང་སྔགས་དངོས་གྲུབ་དོན་གཉེར་ན། །འཇིག་རྟེན་ཚེ་འདིའི་ཞེན་པ་དོར། །ཕ་རོལ་ལ་ནི་འདུན་པ་བསྐྱེད། །འདི་འབྲས་གཉེར་ན་ཕྱི་མ་འཇིག །ཕྱི་མ་གཉེར་ན་འདི་འབྲས་འགྲུབ། །དེ་བས་རང་གཞན་དོན་བྱའི་ཕྱིར། །སེམས་དཔའ་བཟང་པོ་མཆོག་ལ་སྦྱོར། །ཞེས་གསུངས་པ་ལྟར་གང་ཞིག་མཆོག་གི་དོན་སྒྲུབ་པའི་མི་སློབ་པའི་ཟུང་འཇུག་གི་འབྲས་བུ་དོན་དུ་གཉེར་བ་དག་གིས་འཁོར་བའི་བདེ་སྐྱིད་མངོན་མཐོའི་གོ་འཕང་དང༌། ངེས་འབྱུང་གི་བློ་དང་ལྡན་ཡང་རང་ཉིད་ཞི་བདེ་ཙམ་ལས་སེམས་ཅན་གཞན་དོན་རླབས་པོ་ཆེ་སྒྲུབ་པའི་ནུས་པ་དང་བྲལ་བ་ཉན་རང་གི་འབྲས་བུ་ཙམ་དོན་དུ་གཉེར་བྱ་མ་ཡིན་ཏེ། འདིར་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་ལ། ཕ་མ་དེ་དག་རང་གི་རང་བཞིན་མ་རིག་པའི་ངོ་བོ་བདག་ཉིད་གཅིག་པས་རྒྱུ་བྱས། ཀུན་ཏུ་བཏགས་པའི་མ་རིག་པས་རྐྱེན་སྦྱར་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་བདེ་འདོད་སྡུག་བསྔལ་སྒྲུབ་པའི་ཞེ་འདོད་ཕྱིན་ཅི་ལོག་ལ་རྣམ་པར་འཕྱན་ཞིང༌། བཟོད་དུ་མེད་པའི་སྡུག་བསྔལ་གྱི་རང་བཞིན་ལ་མཐོང་ཆོས་སུ་སྤྱོད་པས་ཤིན་ཏུ་ཉམ་ཐག་པ་འདི་རྣམས་ལ་སྙིང་རྗེ་དྲག་པོས་ཀུན་ནས་བསླངས་ཏེ་འདི་དག་གི་དོན་བྱ་བའི་ཕྱིར་མཁྱེན་བརྩེ་ནུས་གསུམ་གྱི་ཕྲིན་ལས་ཚད་མེད་ཅིང་དོན་གཉིས་ལྷུན་གྲུབ་ཀྱི་བརྟུལ་ཞུགས་བླ་ན་མེད་པས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་མྱུར་ལམ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཟབ་མོ་འདིར་འཇུག་ཅིང་སྨིན་པར་བྱ་སྙམ་པའི་སེམས་བསྐྱེད་ཀྱི་འཕེན་པ་སྔོན་དུ་འགྲོ་བས། ཀུན་འབྱུང་སྲིད་པའི་རྒྱུ་འབྲས་ལ་ངེས་འབྱུང་གི་ཀུན་སློང་དྲག་པོས་འཇིག་རྟེན་ཚེ་འདིའི་སྣང་ཞེན་ལ་བློ་ལྡོག་དགོས་ཏེ། དེ་ལ་རང་ཅག་རྣམས་མི་ལུས་ཀྱི་རྟེན་ཁྱད་པར་ཅན་ཐོབ་པ་ནི་ད་རེས་ཙམ་ཡིན་ཏེ། ད་རེས་ཀྱི་རྟེན་སྟོང་ལོག་ཏུ་སོང་ན་སླད་ནས་འདི་འདྲ་བའི་ལུས་རྟེན་རྙེད་པ་མ་ཡིན་པའི་ཚུལ་འདུལ་བ་རྣམ་འབྱེད་ལས། དགེ་སློང་དག་ངན་སོང་བའི་འགྲོ་བར་ལྟོས། ཕྱི་ཕྱིར་མི་ཉིད་ཀྱི་དངོས་པོ་ཐོབ་པ་ཡང་ཤིན་ཏུ་དཀའོ། །ལོག་པར་ལྟ་བའི་སྟོན་པ་འདི་དག་ལ་ལྟོས། ཡང་དག་པའི་དགེ་བའི་བཤེས་གཉེན་དང་ཤིན་ཏུ་འཕྲད་པར་དཀའོ། །ཞེས་གསུངས་པ་ཡིན་ལ། དེ་ཙམ་དུ་རྙེད་པར་དཀའ་བའི་རྒྱུ་མཚན་གང་ཡིན་ན། སྤྱིར་ངན་སོང་གསུམ་གྱི་འགྲོ་བ་ལ་ལྟོས་ན་མིའི་ལུས་རྟེན་ཐོབ་པ་མི་སྲིད་པའི་ཚོད་ཡིན་པས་མཐོང་ཆོས་སུ་མི་དང་སྲོག་ཆགས་གཞན་གྱི་མང་ཉུང་ཁོ་ནས་ཀྱང་ཤེས་ལ། མི་ཡང་ཆོས་ལྡན་གྱི་བྱ་བ་ལ་ཞུགས་པ་ནི་ཉིན་མོའི་སྐར་མ་ཙམ་ལས་མི་འདུག་ན། གནས་སྐབས་ཀྱི་བདེ་འབྱོར་ནི་རྟག་པ་མ་ཡིན་པར་འགྱུར་བའི་རང་བཞིན་ཅན་དང༌། དེའི་སྟེང་དུ་སྡུག་བསྔལ་གྱི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རྟག་ཏུ་མནར་བས་རི་དྭགས་མཐའ་ལ་གཅུར་པ་ལྟ་བུའི་ངང་ནས་ད་ལྟའི་སྡུག་བསྔལ་ལ་སྤྱོད་ཅིང་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་སྒྲུབ་པ་ནི་མཚང་ཤིན་ཏུ་ཆེ། དེ་བས་ན་འཁོར་བའི་རང་བཞིན་ནི་སྡུག་བསྔལ་གྱི་བཙོན་ར། འཕྲལ་ཉམས་དགའ་ཡང་ཕུགས་མཐའ་སྐྱོ་བ། བྱས་ཚད་སྡིག་པ། བསགས་ཚད་གཞན་དབང༌། བྱ་བ་མང་བ། དོན་ཉུང་བ། བསོད་ནམས་མ་ཡིན་པ་ཁོ་ན་དང་འབྲེལ་ཆེ་བས་འདི་ལས་ཐར་པའི་ཐབས་ལ་མ་འབད་ན་ཤི་འཕོས་ནས་ངན་སོང་དུ་འཁྱམས་པ་ལས་འོས་མེད། ངན་སོང་དུ་སྐྱེས་ན་དམྱལ་བ་ནི་ལྕགས་བསྲེགས་ཀྱི་ས་གཞི་མེ་འབར་བའི་ཀློང་དུ་སོག་ལེ་དང་སྤུ་གྲི་ལ་སོགས་པའི་མཚོན་ཆ་རྣོན་པོའི་དབལ་གྱིས་ལུས་གཤགས། རིའི་བར་དུ་བཅིར། མགོ་ལུས་དབྲལ། ཁྲོ་ཆུར་འཚོད། མཚོན་ཆའི་དབལ་ལ་འདྲེད། གློ་སྙིང་ཡན་ཆད་མེ་འབར་བ་ལ་སོགས་པའི་ཚ་དམྱལ་བརྒྱད། ཁ་ཆར་བུ་ཡུག་རླུང་དང་བཅས་པའི་དཀྱིལ་ན་ལུས་སྦྲེབས་ཤིང་གྲང་ངད་ཀྱིས་ཤ་པགས་དུམ་བུར་གས་པའི་གྲང་དམྱལ་བརྒྱད། སྡུག་བསྔལ་གྱི་རྣམ་གྲངས་འདི་མི་འབྱུང་བྱ་བ་མེད་པའི་ཉི་ཚེ་ཉེ་འཁོར་བ་གཉིས་ཏེ་དམྱལ་ཁམས་བཅོ་བརྒྱད། ལོ་ཟླ་མང་པོར་ཡང་ཟས་སྐོམ་གྱི་མིང་ཡང་མི་ཐོས་ཤིང་ཚ་གྲང་ཁོད་མི་སྙོམས་པའི་ཡི་དྭགས་སྡེ་ཚན་གསུམ། དུད་འགྲོ་ནི་མཐུ་ཆེ་བ་གང་ཡིན་པ་དེས་ཉམ་ཆུང་བ་དེ་ཟ་ཞིང༌། གཞན་ཡང་ལས་ཀྱི་དབང་གིས་གཅིག་ལ་གཅིག་གིས་ཟ་བ་དང༌། མིས་བཀོལ་བ་དང༌། ཤ་དང་པགས་པའི་དོན་དུ་གསོད་པ་དང༌། གསོད་ལུགས་མི་འདྲ་བས་སྡུག་བསྔལ་དང་འཇིགས་སྐྲག་དཔག་ཏུ་མེད་པ་དེ་རང་ཐོག་ཏུ་འབབ་ངེས་ཡིན་ན་དེའི་སྡུག་བསྔལ་ཇི་ལྟར་བཟོད་ནུས། གལ་ཏེ་བདེ་འགྲོ་ཐོབ་ཀྱང་མི་ལ་སྐྱེ་རྒ་ན་འཆི། ཡོད་པ་བྲི་ཡི་དོགས་པ་དང༌། མེད་པ་བཙལ་ཡང་མི་རྙེད་པ་དང༌། དགྲ་དང་འཕྲད་པ་དང༌། གཉེན་དང་འབྲལ་བ་དང༌། དཔྱ་ཁྲལ་གྱིས་གདུང་བ་ལ་སོགས་པ་རང་རེས་མཐོང་ཞིང་མྱོང་བ་འདི་ལགས་མོད། དེ་བཞིན་དུ་འདོད་ཁམས་ཀྱི་ལྷ་རྣམས་ནི་རེ་ཞིག་བདེ་བ་ལྟར་སྣང་ཡང༌། ཧ་ཅང་བག་མེད་པས་གཡེངས་ནས་ཕྱི་མའི་དོན་སྒྲུབ་པ་ལ་གཡེལ་བས། རེ་ཞིག་ན་སྔ་མའི་ལས་ཟད་དེ་སྟན་ལ་མི་དགའ་བ་དང༌། མེ་ཏོག་གི་ཕྲེང་བ་རྙིང་པ་དང༌། ལུས་ལ་རྔུལ་འབྱུང་བ་དང༌། ལྷ་ཟླ་བོས་སྤངས་ཤིང་འདུ་ཤེས་འཁྲུལ་པ་དང༌། ཕྱི་མ་སྐྱེ་འགྱུར་གྱི་གནས་རིས་ངན་པ་མཐོང་ནས་འཇིགས་པ་ལ་སོགས་པའི་འཆི་བའི་ལྟས་ཚང་ནས་སྡུག་བསྔལ་ཤིན་ཏུ་མི་བཟོད་པ་ཡོད་ལ། ཁམས་གོང་མ་དག་ཀྱང་བསམ་གཏན་གྱི་བདེ་བས་འཚོ་བའི་ལས་ཟད་དེ་སྲིད་པ་འོག་མར་ལྟུང་བ་མང་བས་འགྱུར་བའི་སྡུག་བསྔལ་གྱིས་གདུངས་ཤིང༌། སྲིད་པ་ཕྱི་མར་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཉམ་ཐག་ལ། ཁྱད་པར་ལྷ་མ་ཡིན་རྣམས་ནི་ལྷའི་དཔལ་ལ་མི་བཟོད་པའི་ཕྲག་དོག་གིས་སེམས་རྣལ་དུ་མི་གནས་པས་རྟག་ཏུ་འཁྲུག་རྩོད་འབའ་ཞིག་གིས་གདུངས་ཤིང་གཡུལ་ངོར་ཡན་ལག་ཆད་པ་དང༌། མཚོན་ཆས་བསྣད་པ་ལ་སོགས་པས་ཤིན་ཏུ་སྡུག་བསྔལ་བའི་ཕྱིར་ན་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཚུལ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་མོ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །དེ་ལྟ་བུའི་འཁོར་བ་ལས་ཐར་པའི་ཐབས་ནི་དམ་པའི་ཆོས་ཁོ་ན་ལས་གཞན་གང་ཡང་མེད་ཀྱང་རང་ཅག་རྣམས་ནི་ལས་ངན་ལ་གོམས་པས་མི་རྟག་པ་ལ་རྟག་པར་འཛིན། སྡུག་བསྔལ་ལ་བདེ་བར་འཛིན་པས་དགེ་བའི་ཕྱོགས་སུ་ནི་བློ་འཇུག་པར་ཤིན་ཏུ་དཀའ། སྡིག་པའི་ལས་རྣམས་རྩེད་མོའི་ཞོར་ཙམ་དུའང་འདུ་བྱེད་ཅིང༌། ཁྱད་པར་ཚེ་འདི་དོན་དུ་གཉེར་བའི་ལས་ཐམས་ཅད་ནི་དངོས་སམ་བརྒྱུད་ནས་སྡིག་པའི་གཡོ་བཀོལ་འབའ་ཞིག་ལས་མ་འདས་པར་ཡིན་པའི་ཚུལ། ཁྱིམ་པ་རང་བཞིན་པ་གཅིག་ལ་ལྟོས་ཀྱང་ཤ་ཁྲག་ལ་ཆགས་ནས་སྲོག་གཅོད། ཚོང་དང་གཡོ་སྒྱུ་ལ་བརྟེན་ནས་མ་བྱིན་པ་ལེན་པས་མཚོན་མི་དགེ་བ་བཅུ་ལ་རྟག་ཏུ་སྤྱོད་པ་ཡིན་ན་དེའི་འབྲས་བུ་ངན་སོང་དུ་འགྲོ་བ་ལས་འོས་ཅི་ཡོད། དེ་བས་ན་ད་ལྟ་རང་དབང་ཡོད་དུས་སྡིག་པ་སྤང་ཞིང་དགེ་བའི་ལས་སྒྲུབ་པ་ལ་བརྩོན་དགོས་ཏེ། སློབ་དཔོན་ཆེན་པོས། འདི་ནི་འཇིག་རྟེན་སྐྱོ་བའི་ཡུལ་ཡིན་པས། །སྐྱེ་བོའི་བདེ་སྐྱིད་ཕུན་སུམ་ཚོགས་འདྲ་བ། །དབྱར་གྱི་ཆུ་དང་རྨི་ལམ་ནོར་རྫས་ལྟར། །བདེན་པ་མེད་ཅིང་ཡུན་རིང་མི་རྟག་པས། །སྐྱོ་བའི་འདུ་ཤེས་རྟག་ཏུ་བསྐྱེད་འཚལ་ལོ། །འདི་ཉིད་ལམ་ལོག་བག་ཆགས་ཆགས་པ་དང༌། །སྐྱེས་བུའི་དཔལ་ལ་ངོ་མཚར་ཆེར་བྱེད་པ། །དེ་ནི་བསོད་ནམས་དམན་པའི་རིགས་ཅན་ཏེ། །ཁྱེད་ཀྱི་སྙིང་ནི་ཤིང་སྡོང་ཁོང་རུལ་ལྟར། །ཕྱིས་ནས་ཐར་པའི་ལོ་འབྲས་མི་འབྱུང་ངོ༌། །ཀྱེ་མ་ཀྱེ་ཧུད་ཚེ་འདིའི་དཔལ་འབྱོར་ལ། །རྟག་ཅིང་ཕུན་སུམ་ཚོགས་ལྟར་ཤེས་པའི་བློ། །བྱིས་པའི་ནང་ནས་ཐ་ཤལ་སྐྱེས་བུ་སྟེ། །འཇིག་རྟེན་འདི་ན་དེ་བས་བླུན་པ་སུ། །སྔར་ཡང་མ་བྱུང་ཕྱིས་ཀྱང་མི་འབྱུང་ངོ༌། །ཞེས་སོ། །དེ་བས་ན་འཆི་བ་ནམ་འོང་མི་ཤེས་ཤིང༌། དེའི་ཚེ་ད་ལྟའི་ནོར་རྫས་དང༌། དབང་ཐང་དང༌། ཉེ་འབྲེལ་དང༌། མཛའ་བཤེས་དང་འགྲོགས་དབང་ནི་མེད། རང་གི་ལུས་འདི་ཡང་དུར་ཁྲོད་འཇིགས་པར་འདོར་ཞིང་འབྲལ་དགོས། ད་ལྟ་གཏན་དུ་སྡོད་དབང་ཡོད་པ་ལྟ་བུའི་སེམས་ཀྱིས་རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང༌། ལོངས་སྤྱོད་དང་ཁ་དྲག་ལ་སོགས་པ་སྒྲུབ་ཀྱང་དེ་རིང་ཡོད་པ་སང་ཉིན་ནས་མེད་པའི་གནས་སྐབས་ཉམས་སུ་མྱོང་ནས་སྲིད་པ་བར་དོའི་འཕྲང་ལ་གཤར་དགོས། དེའི་ཚེ་དབང་ཡོད་དང༌། ནོར་རྫས་དང༌། གཉེན་བཤེས་ཀྱིས་ཕན་པ་ཏིལ་འབྲུ་ཙམ་མེད་པས། སྐྱབས་དང་རེ་ལྟོས་སུ་གྱུར་པ་ནི་དམ་པའི་ཆོས་ལས་གཞན་སུ་ཡང་མེད་པའི་ཕྱིར་ད་ལྟ་ནས་བླ་མ་དང་དཀོན་མཆོག་ལ་བློ་གཏད་དེ་བློ་གདེང་ཐུབ་པའི་ཆོས་ལ་འབད་དགོས། དེ་ལས་ཀྱང་ཐར་པ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་ཐེག་པ་ཆེན་པོའི་སྒོར་ཞུགས་དགོས། དེ་ལའང་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ནི་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངེས་པར་སྒྲུབ་པར་བྱེད་པ་ཡིན་ཅིང༌། དེ་ལའང་ལྷག་པའི་ལྷ་རབ་འབྱམས་ཀྱི་རྒྱུད་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས་ཁྱད་པར་དུ་འཕགས་པ་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་རྒྱུད་སྡེ་ཀུན་གྱི་རྒྱལ་པོ་ཞི་ཁྲོ་ན་རཀ་དོང་སྤྲུག་རྣལ་འབྱོར་གྱི་སྤྱི་ཁྲུས་ཆེན་པོ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྡེ་ལས་བྱོན་པ། ཞི་ཁྲོ་ངན་སོང་སྦྱོང་བ་བཀའ་གཏེར་ཟུང་འཇུག་གི་དབང་བསྐུར་སྦྱིན་པའི་སྐབས་སུ་བབས་པ་ཡིན་ཏེ། དེ་ལའང་སྔོན་འགྲོ་སློབ་མ་ལྷག་པར་གནས་པ་དང༌། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཁྱེད་རྣམས་དཀྱིལ་འཁོར་ཆེན་པོར་སྨིན་པའི་སྣོད་དུ་བསྒྲུབ་ཕྱིར་ཐུན་མོང་དང་ཁྱད་པར་གྱི་སྡོམ་པའི་གཞི་རྟེན་དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སྡོམ་པ་གསུམ་གྱི་བསླབ་པ་དང་དམ་ཚིག་བཟུང་དགོས་པའི་ཕྱིར་དེ་དག་སྦྱིན་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང༌། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང༌། །སོ་ཐར་བྱང་སེམས་སྔགས་སྡོམ་རྣམས། །མགོན་པོས་བདག་ལ་གནང་དུ་གསོལ། ལན་གསུམ། དེ་ལྟར་ན་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཀུན་ཀྱང་རྡོ་རྗེ་ཐེག་པ་བླ་མེད་ཀྱི་གསེང་ལམ་ལ་བརྟེན་ནས་སོ་བྱང་སྔགས་ཀྱི་བསླབ་པ་ཀུན་རྫོགས་པར་བཞེས་པས་མི་གནས་པའི་བྱང་ཆུབ་མངོན་དུ་མཛད་དེ་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱིར་སྲས་བཅས་རྒྱལ་བ་དགྱེས་པའི་ལམ་བཟང་པོར་གཞུག་པའི་ཕྱིར་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་སྣོད་དང་ལྡན་པའི་བུ། །གསང་སྔགས་ཆོ་ག་ཁྱེད་ལ་བསྟན། །འདས་དང་མ་བྱོན་ད་ལྟ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀྱང༌། །གསང་སྔགས་ཆོ་ག་འདི་མཁྱེན་ནས། །རྫོགས་པའི་བྱང་ཆུབ་བརྙེས་པ་ཡིན། །བདུད་ཀྱི་དཔུང་ཡང་འདི་ཡིས་བཅོམ། །དེ་ལྟར་ཁྱེད་ཀྱང་རྗེས་སུ་ཞུགས། ཞེས་གདམས་ཏེ། མདུན་གྱི་ནམ་མཁར་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་བཟུང་བའི་རྟེན་དཀོན་མཆོག་རྩ་གསུམ་སྐྱབས་ཡུལ་རྒྱ་མཚོ་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་ལམ་ལོག་པ་ལས་ཁྱད་པར་དུ་གྱུར་པ་སོ་ཐར་རིགས་བདུན། ལམ་དམན་པ་ལས་ཁྱད་པར་དུ་གྱུར་པ་བྱང་སེམས་ཀྱི་བསླབ་པ་དང༌། ལམ་རྫོགས་པ་ལས་བྱེ་བྲག་ཏུ་འཕགས་པ་སྔགས་ཀྱི་སྡོམ་པ་དང་དམ་ཚིག་རྣམས་ཚུལ་བཞིན་དུ་བཟུང་ཞིང་སློབ་སྙམ་པས་ཐུན་མོང་གི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། སྐྱེས་བུ་གསུམ་གྱི་བློ་རྩལ་རྣམས། །གོང་ནས་གོང་དུ་སྤར་བའི་བློས། །ཀུན་བཟང་རིགས་ལྔའི་ལྷ་ཚོགས་ལ། །འདི་བཟུང་བླ་མེད་བྱང་ཆུབ་བར། །གུས་པ་ཡིས་ནི་སྐྱབས་སུ་མཆི། །བླ་མ་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པའི་ལས་ལྡོག་དགེ་བ་སྒྲུབ། །དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །སོ་སོར་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུང༌། །ལན་གསུམ། དེ་ལས་ཀྱང་ཆེས་འཕགས་པ་ཐེག་པ་ཆེན་པོ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པ། བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་ལ་བསླབ་པའི་དགེ་བ་ཆོས་སྡུད། གཞན་དོན་རླབས་པོ་ཆེའི་ཕྲིན་ལས་བཞི་སྒྲུབ་པའི་སེམས་ཅན་དོན་བྱེད་ཀྱི་སྡོམ་པའི་ཚུལ་ཁྲིམས། བྱེ་བྲག་པ་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་བླང་བ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༌། །སྡོམ་པ་ལ་ནི་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོང་བར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །ཕ་རོལ་ཕྱིན་དྲུག་སློབ་ཅིང་སྒྲུབ། །ཀུན་དོན་ཚུལ་ཁྲིམས་གསུམ་གྱི་དངོས། །ཐ་མལ་སྣང་ཞེན་ཉེས་སྤྱོད་སྡོམ། །བསྐྱེད་རྫོགས་ཟབ་མོའི་དགེ་ཆོས་སྡུད། །རྣམ་བཞིའི་ཕྲིན་ལས་གཞན་ཕན་སྤྱོད། །སྔགས་ཀྱི་ཆོ་གས་སྡོམ་པར་བགྱི། །ལན་གསུམ། དེ་དག་གིས་དབང་གི་གཞི་འཛིན་པའི་སྡོམ་པ་རྒྱ་མཚོ་མཐའ་ཡས་པ་རྒྱུད་ལ་སྐྱེས་པ་ལ་དགའ་སྤྲོ་བསྐྱེད་དེ་སྡོམ་སེམས་བརྟན་པོ་བཟུང་བས་སྔར་སྡོམ་པ་མ་ཐོབ་པ་ལ་གསར་དུ་ཐོབ། ཐོབ་ཟིན་ཉམས་པ་རྣམས་སོར་ཆུད། གནས་པ་རྣམས་གོང་དུ་འཕེལ་ཞིང་དབང་གི་སྡོམ་པའི་རྒྱུན་འཛིན་པ་ཡིན་ནོ། །གཉིས་པ་སྟ་གོན་དངོས་ལ། དང་པོ་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། ལས་བུམ་གྱི་ཆུས་བསང་གཏོར་བྱས་ཏེ། དེ་ནས་སྒོ་གསུམ་དཀྱིལ་འཁོར་གྱི་ལྷའི་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབ་པའི་ཕྱིར་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་སྐྱིལ་མོ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་སྐུར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གས་མཚན་པར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ཤིང་བརྟན་པར་བྱས་པའི་མོས་པ་མཛོད། གནས་གསུམ་དུ་དྲི་ཡི་ཐིག་ལེ་བྱས་པ་དང་ལྷན་ཅིག ཨོཾ་ཨཱཿཧཱུྃ། སླར་ཡང་མས་ནས་རིམ་བཞིན། ཧཱུྃ་ཨཱཿཨོཾ། ཞེས་རྒྱས་གདབ། དེང་ནས་བཟུང་སྟེ་མཆོད་པའི་གནས་སུ་གྱུར་ཅིང་འདོད་ཡོན་ལ་སྲེད་པས་སྤྱད་མི་དགོས་པར་དབང་ཡུལ་ལྷ་ཡི་རང་བཞིན་བདེ་སྟོང་ཡེ་ཤེས་འབར་བའི་གྲོགས་སུ་ཉེ་བར་སྤྱོད་པ་མཚོན་ཕྱིར་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་ཅིང་མངའ་དབུལ་བར་མོས་མཛོད། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། སོགས་ཉེར་སྤྱོད་ལྔས་མཆོད། འདི་ལྟར་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའི་དབང་ཤེས་རྣམས་ཀྱང་རིགས་ལྔའི་རང་བཞིན་དུ་ཤེས་པས་གཟུང་འཛིན་ཐ་མལ་གྱི་ཞེན་རྟོག་དབྱིངས་སུ་དག་པའི་ཕྱིར་དབང་པོའི་སྒོ་ལྔར་དྲི་ཡི་ཐིག་ལེ་བགོས་ཏེ་རིགས་ལྔའི་ས་བོན་གྱིས་རྒྱས་གདབ་པར་མོས་མཛོད། རྣ་བར་ཏྲཱྃ་ལས་རྣ་བའི་དབང་ཤེས་རིན་ཆེན་འབྱུང་ལྡན་དང༌། ལྕེ་ལ་ཧྲཱིཿལས་ལྕེའི་དབང་ཤེས་སྣང་བ་མཐའ་ཡས། སྙིང་ལ་ཧཱུྃ་ལས་ཡིད་ཀྱི་དབང་ཤེས་རྡོ་རྗེ་མི་བསྐྱོད་པ། ཡན་ལག་བཞི་ལ་ཧྲཱིཿལས་ལས་ཀྱི་དབང་པོ་དོན་ཡོད་གྲུབ་པ། སྙིང་གར་ཧཱ་ལས་ གྲོལ་ཐིག་དབང་ཆོག་ཏུ་ཡན་ལག་བཞིར་ཧཱ། སྙིང་གར་ཨོཾ་འབྱུང་བས་དཔྱད་དགོས། མཆན། རྣམ་ཤེས་ཀྱི་དབང་པོ་རྣམ་པར་སྣང་མཛད་དུ་གསལ་བར་མོས་པས་ས་བོན་རྣམས་བརྗོད་ཅིང་དྲིའི་ཐིག་ལེ་བྱས་པས། སྐྱེ་མཆེད་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་དུ་བྱིན་གྱིས་བརླབས་པར་མོས་མཛོད། གཉིས་པ་སོ་ཤིང་སྦྱིན་པ་ནི། འོ་མ་ཅན་གྱི་སོ་ཤིང་སོར་བཅུ་གཉིས་སམ་བརྒྱད་པ་དྲི་བཟང་གིས་བྱུགས་རྩེ་མོར་མེ་ཏོག་གི་ཕྲེང་བ་སྲད་བུ་དམར་པོས་བཅིངས་པ་ལ་སྔགས་དང་ལས་ཆུས་བསང་བ་སློབ་མའི་གྲངས་དང་མཉམ་པ་དང༌། མཎྜལ་གྱི་ར་བ་པདྨ་འདབ་བརྒྱད་མུ་ཁྱུད་ཀྱིས་བསྐོར་བ་རེ་ཁཱ་དཀར་པོས་བྲིས་པར་ཚོམ་བུ་ལྔ་བཀོད་པ་ཉེར་བསྡོགས་བྱས་ཏེ། ལས་སྔགས་བདུན་བརྗོད་པས། ཧཱུྃ་ལས་བྱུང་བའི་སོ་ཤིང་སློབ་མའི་ལག་གཉིས་མཁའ་དབྱིངས་ཀྱི་རྒྱས་བཟུང་ཞིང༌། རྩེ་མོས་ལྗགས་བཞར་རྩ་བས་སོ་དྲུད་པས་ཚེ་རབས་སུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པ་དང་རང་གི་དངོས་གྲུབ་ཇི་ལྟར་ཐོབ་པའི་མཚན་མ་གསལ་བར་བསྟན་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་མིག་བཙུམས་ལ་དོར་མཛོད། བཛྲ་ཧ་ས་ཧ། དེ་ལྟར་དོར་བས། ཕྱོགས་བཞི་དབུས་དང་ལྔར་བབ་ན། །རིགས་ལྔ་གང་ཡིན་དངོས་གྲུབ་ཐོབ། །མཚམས་སུ་ཕྲན་ཚེགས་སྟེང་མཁའ་སྤྱོད། །འོག་ཏུ་རྩེ་བསྟན་ས་སྤྱོད་དང༌། །རྩ་བ་རང་ལ་བསྟན་པ་ན། །ལན་གསུམ་སླར་ཡང་བསྐྱར་ཞིང་འཕང༌། །གཡས་སུ་ཡོ་ན་ཚེ་ཐར་གཏོང༌། །གཡོན་དུ་ཡོ་ན་སྦྱིན་པ་བཀྱེ། །ཕྲེད་གསགས་མར་མེ་བརྒྱ་རྩ་སྦར། །ཀུན་ངན་སྒྲུབ་ལ་བར་གཅོད་འབྱུང༌། །བསགས་སྦྱང་དགེ་བ་རླབས་ཆེན་བྱ། །ཞེས་གསུངས་སོ། །གསུམ་པ་ཁྱོར་ཆུ་སྦྱིན་པ་ནི། དུང་ཞལ་གྱི་ཆུ་བྃ་ལས་བདུད་རྩིའི་རྒྱ་མཚོར་བསམ་ལ། ཨོཾ་ཨཱཿཧཱུྃ། ཞེས་འབྲུ་གསུམ་གྱིས་བྱིན་བརླབས་ལ། དྲི་བཟང་དང་སྦྱར་བའི་ཁྱོར་ཆུ་ལག་གཡས་སུ་ལན་གསུམ་བྱིན་ཏེ་འཐུང་དུ་བཅུག་པས་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། ལྷག་མ་དཔུང་པ་གཡས་ཕྱོགས་ནས་རྒྱབ་ཏུ་དོར་བས་སྒོ་གསུམ་འཁྲུལ་པའི་བག་ཆགས་དང་བཅས་པ་དག་པར་མོས། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་པཱ་པཾ་བི་ཤུདྡྷ་ནི་ཙ་སྱ་བི་ཤྭ་དྷ་ཡ་སརྦ་བི་ཀལྤནྡ་ཨ་པ་ན་ཡ་ཧཱུྃ། ཞེས་སྔགས་བརྗོད་པས་སྦྱིན། བཞི་པ་སྲུང་སྐུད་བཅིང་བ་ནི། སློབ་བུའི་ལུས་ཚད་དང་མཉམ་པའི་སྲད་བུ་དམར་པོའམ་ཁ་དོག་ལྔ་ལྡན་སུམ་ལྟེབ་ཏུ་བྱས་པ་རྡོ་རྗེའི་མདུད་པ་གསུམ་བོར་བར་ལས་ཆུས་བསང་ཞིང་རྩ་སྔགས་ཀྱིས་བྱིན་གྱིས་བརླབས། ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་མདུད་པ་འདི་ཉིད་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་ཉིས་རིམ་གྱིས་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པའི་ཚོགས་སྤྱི་དང་ཁྱད་པར་ཁམས་འཕོ་བའི་གེགས་ལས་སྲུང་བར་མོས་ཤིག །ཨོཾ་སརྦ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦ་སྭཱ་ཧཱ། ཞེས་བཟླས་ལ་བཅིངས་པ་ལ། རྡོ་རྗེ་དང་བཅས་པའི་དྲི་ཆུས་མདུད་པ་ལ་རྒྱ་གྲམ་དུ་རེག་ནས། ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད་པས་ལུས་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པ་ལ་རྡོ་རྗེ་རྒྱ་གྲམ་གྱི་མདོ་འཛིན་རེས་མཚན་པར་སྒོམ་མོ། །ལྔ་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤའི་ཕོན་པོ་ཆེ་ཆུང་ལ་བསང་ཆུ་འཐོར་ཞིང༌། ཨོཾ་བཛྲ་ཏཱིཀྵྞ་དྷཱི། ཨོཾ་བཛྲ་རཀྵ་ཧཱུྃ། ཀུ་ཤ་མི་དམིགས་པའི་ངང་ལས་ཆེ་བ་ཧཱུྃ་དང་ཆུང་བ་དྷཱི་ལས་བྱུང་བའི་ཀུ་ཤའི་ཆུན་པོ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་པའི་ནུས་པ་ཅན་ཆེ་བ་སྟན་གྱི་དོན་དུ་ལག་གཡོན། ཆུང་བ་སྔས་ཀྱི་དོན་དུ་ལག་གཡས་པར་བསྣོལ་ནས་གཏད་པར་མོས། དྷཱི་ཧཱུྃ། ཞེས་ས་བོན་གཉིས་ལན་བདུན་བརྗོད་ལ། ཨོཾ་བཛྲ་ཏཱིཀྵྞ་དྷཱི། ཞེས་གཏད་པས། ཧཱུྃ་བཛྲ་ཏཱིཀྵྞ་སིདྡྷི་ཧཱུྃ། ཞེས་སློབ་མས་བླངས་ཏེ། འོ་དོ་ནུབ་རྨི་ལམ་མི་འཁྲུགས་པའི་ནུས་པ་ཅན་གྱི་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་སྔས་སུ་གྱིས་ལ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མོས་པ་རྩེ་གཅིག་པས་གློ་གཡས་སར་ཕོབ་ལ་ཉོལ། ནངས་པར་དགེ་མི་དགེའི་རྨི་ལམ་ང་ལ་སྨྲོས་ཤིག །རྗེས་ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་དེ་སྤྲོ་བ་བསྐྱེད་ཅིང་གདམས་ངག་བརྗོད་པ་ལགས་པས་འདི་ལ་གསན་འཚལ། འཇིག་རྟེན་ན་རྙེད་པར་དཀའ་བ་མེ་ཏོག་ཨུ་དུམ་ཝ་ར། དེ་བས་ཀྱང་སངས་རྒྱས་རྙེད་པར་དཀའ། དེ་བས་ཀྱང་གསང་སྔགས་ཀྱི་ཆོས་རྙེད་པར་དཀའ་སྟེ། རྒྱུའི་ཐེག་པར་བསྐལ་པ་གྲངས་མེད་གསུམ་དུ་ངལ་དུབ་ཀྱི་མཐའ་དང༌། རྨོངས་པའི་སྒྲིབ་པ་ཕྱོགས་གཅིག་པ་ཉིད་གསང་སྔགས་ཐབས་མང་བ་དང༌། དཀའ་བ་མེད་པ་དང༌། བྱིན་རླབས་མྱུར་བ་དང༌། དབང་པོ་རྣོན་པོས་ཡེ་ཤེས་ལ་སྤྱོད་པས་ཚེ་གཅིག་ལ་སོགས་པར་མིག་འཕྲུལ་ལྟར་གྲོལ་བའི་ལམ་ཡིན་ཏེ། འདི་ལྟར་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བས་ཀྱང་སྡིག་པའི་ལས་ཇི་སྙེད་པ་ཟད་པར་འགྱུར་ན་སང་ནངས་པར་དཀྱིལ་འཁོར་ཆེན་པོར་ཞུགས་ནས་སྨིན་ཅིང་གྲོལ་བའི་ནུས་པ་རྒྱུད་ལ་འཇོག་པ་འོག་མིན་དུ་མཐར་ལམ་ལ་ཞུགས་པ་དང་སྐལ་པ་མཉམ་པ་ཡིན་པས་སྤྲོ་བ་ཁྱད་པར་ཅན་སྐྱེད་ཅིག །དེ་དག་གིས་སྔོན་འགྲོ་སྟ་གོན་གྱི་བྱ་བ་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་དུ་བསྔོ་བ་དང༌། དངོས་གཞིའི་དབང་བསྐུར་སང་ཉིན་འབྱུང་བ་ལགས་སོ། །ཞེས་དགེ་བ་བསྔོས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས། ཛཿཧཱུྃ་བྃ་ཧོཿས་སྟ་གོན་གྱི་ཡེ་ཤེས་པ་ནམ་མཁར་བཞུགས་པ་རྣམས་དལ་ལ་བསྟིམས་པས་བྱིན་གྱིས་བརླབས་པར་བསམ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བྱས་པས་གྲུབ་པོ། །སྟ་གོན་འདི་ནི་ལྷ་སྔགས་སོགས་ཁ་སྒྱུར་ཅུང་ཟད་བྱས་པས་དཔལ་ཆེན་འདུས་པ་དང༌། ཁྲག་འཐུང་རིགས་བཞིའི་སྒོས་བཀའ་ལ་སྟ་གོན་སྦྱོར་ན་ཚུལ་འདི་དེ་དག་ཐམས་ཅད་ཀྱི་ཁྱབ་བྱེད་དུ་འགྱུར་བའང་ཞར་ལ་འཕྲོས་པའོ། །གཉིས་པ་དངོས་གཞིའི་ལས་རིམ་ལ། དཀྱིལ་འཁོར་དང་དབང་རྫས་འགོད་པ། དབང་དོན་དུ་སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་ཅིང་སློབ་མ་གཞུག་པའོ། །དང་པོ་ནི། སྟེགས་བུའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ། ཅིས་ཀྱང་མ་འབྱོར་ན་གོང་སྨོས་ལྟར་འབྲུའི་ཚོམ་བུ་ལྷ་གྲངས་ཅན་བཀོད་པའི་དབུས་མཉྫིའི་ཁར་སྟ་གོན་བྱས་པའི་རྣམ་བུམ་བཞག །ཤར་དུ་རྡོར་དྲིལ་ལྷན་ཅིག་པ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། དབུས་སུ་ཞི་ཁྲོ་ཡོངས་རྫོགས་ཀྱི་ལྷ་ཙཀ །གཡས་སུ་སྙིང་ཐིག་གི་གླེགས་བམ། གཡོན་དུ་གསང་དབང་གི་རྟེན་ཐོད་པ་རྫས་ལྡན་མ་དཱ་ན་དང་ག་པུར་བདུད་རྩིའི་ཕུར་མ་སོགས་ཀྱིས་གཏམས་པ་དར་དམར་བརྒྱད་ལྟེབ་ཀྱིས་བཀབ་པ། ནུབ་ཏུ་རིག་ཙཀ་མེ་ལོང་ཤེལ་རྡོ་རྣམས་དང༌། ཕྱོགས་གང་བདེར་རྗེས་གནང་གི་ཆས་གདུགས། གླེགས་བམ། དུང་དཀར། དྲིལ་བུ། འཁོར་ལོ་རྣམས་དང༌། གཞུང་མཐུན་སྨན་རཀ་གཏོར་མ། ཆུ་གཉིས་ཉེར་སྤྱོད་བཅས་བསྐོར་བཤམ་བྱ། ལས་བུམ། སྔོན་འགྲོའི་དཀར་བགེགས། ཚོགས་ཀྱི་ཡོ་བྱད། བཀའ་སྲུང་དང་ཆད་བརྟན་གྱི་གཏོར་མ། མིག་དར། མེ་ཏོག །དོར་ར་པདྨ་འདབ་བཞི་དབུས་དང་བཅས་ལ་རིགས་ལྔའི་ཕྱག་མཚན་བྲིས་པ། ཕྱག་ཤིང༌། གུལ་ཡུངས། བྱིན་འབེབས་ཀྱི་བདུག་རྫས་དང༌། རོལ་མོའི་རིགས་བཅས་སྤྱི་ལྟར་ཚོགས་པར་བྱའོ། །གཉིས་པ་ནི། གསོལ་འདེབས་སྔོན་དུ་འགྲོ་བས་ཞི་ཁྲོ་ངན་སོང་སྦྱོང་བའི་ལས་བྱང་བཞིན་བདག་མདུན་དམ་ཚིག་གི་འཁོར་ལོ་བསྒོམ། ཡེ་ཤེས་པ་སྤྱན་དྲངས་བསྟིམས་ཕྱག་མཆོད་བསྟོད་པ་བཅས་གཞུང་ལྟར་དང༌། ཞི་བ་དང་ཁྲོ་བོའི་བསྙེན་པ་ཅི་མང་དང༌། ལས་སྦྱོར་རྩ་རིག་དེའི་བཅུ་ཆ་བཅས་བཟླ། བུམ་བཟླས་ལ་གྲུབ་ན་ལྷ་གསལ་འདེབས་བུམ་པ་སྟ་གོན་གྱི་སྐབས་བཞིན་དང༌། ཡང་ན་མདུན་བསྐྱེད་ཀྱི་སྣང་ཆ་མེ་ལོང་དུ་གཟུགས་བརྙན་ཤར་བ་བཞིན་བུམ་པར་སྐད་ཅིག་གིས་བསྐྱེད་དེ། བདག་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང༌། རྣམ་རྒྱལ་བུམ་པ་མཚན་ཉིད་ཚང་བའི་ནང་གཞལ་མེད་ཁང་གི་རྣམ་པར་རྫོགས་པའི་བརྟེན་པའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་སོ་སོའི་ཐུགས་ཀར་ཨ་ཡིག་རེ་རེ་དང༌། གཙོ་བོ་རྣམ་སྣང་གི་ཐུགས་ཀར་ཟླ་གདན་ལ་ཨཱ་ལི་ཀཱ་ལིའི་ཕྲེང་བ་གཡས་སུ་འཁོར་བ་ལས་འཕྲོས་པའི་འོད་ཟེར་གྱིས་ལྷ་ཚོགས་རྣམས་བསྐུལ། བདེ་བའི་སྒྲ་དང་བཅས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་བུམ་པའི་ཆུ་དང་འདྲེས་པས་སློབ་མའི་སྡིག་སྒྲིབ་སྦྱོང་བའི་ནུས་ལྡན་དུ་གྱུར་པར་བསམ་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿས་འགོ་དྲངས་པའི་དབྱངས་གསལ་མཐར། སརྦ་པཱ་པཾ་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་ཅི་ནུས་དང༌། ལས་བུམ་ལ་དམིགས་པའི་སྔགས་དང༌། ཨ་བྷི་ཥེ་ཀའང་ཅུང་ཟད་བཟླ། མདུན་བསྐྱེད་ལ་ཡིག་བརྒྱའི་བཟླས་པ་བརྒྱ་རྩ་བརྒྱད་ལས་མི་ཉུང་བར་གྲུབ་ནས། ལས་བྱང་ལྟར་མཆོད་བསྟོད་དང༌། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ཏེ་འོད་ཞུ་བྱ་བ་དབང་གི་སྤྱི་དོན་དང༌། ཞི་ཁྲོའི་ཆོ་ག་གཉིས་ཀ་ལས་གསུངས་པས་གང་འགྲུབ་བྱ། ཚོགས་བསགས། སྐོང་བཤགས། ཚོགས་མཆོད། བསྒྲལ་བསྟབ་བཅས་མཐར་ཆགས་སུ་བཏང་ངོ༌། །གསུམ་པ་ལ་གཉིས་ལས་དང་པོ་བདག་ཉིད་འཇུག་པ་ནི། བདག་འཇུག་གི་ཆོ་ག་ནི་ཚོགས་གཉིས་སྤེལ་བ་དང༌། དམ་ཚིག་ཉམས་ཆག་གསོ་ཞིང་རྒྱུད་དག་པས། ལམ་འབྲས་ཀྱི་ཐོབ་བྱའི་རྟེན་འབྲེལ་རྣམས་རྒྱུད་ལ་འཇོག་པའི་དགོས་པ་དུ་མ་དང་ལྡན་པས་དབང་གི་ཆོ་ག་ལས་བྱུང་བ་ལྟར་གྲུབ་ན་ཤིན་ཏུ་ལེགས་ཤིང༌། མི་ནུས་ན་ལྷ་བདག་རང་བཞིན་དབྱེར་མེད་དུ་ཤེས་པས་རིག་པའི་མེ་ཏོག་དོར་བས་ཀྱང་རུང་བ་སྔ་འགྱུར་གྱི་རྒྱུད་སྡེ་སྒྱུ་འཕྲུལ་དྲྭ་བ་ནས་བྱུང་བ་ལྟར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སུའང་མཛད་པས་ན། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང༌། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཞེས་རིག་པའི་མེ་ཏོག་དོར་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ་ལ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དང༌། ཨོཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ་མོ། །གཞན་རྗེས་སུ་འཛིན་པ་དང་འབྲེལ་ན། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གསོལ་ནས་སློབ་མ་འཇུག་པར་གནང་བ་ཞུ། གཉིས་པ་སློབ་མ་རྗེས་འཛིན་ལ་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་གིས་སྨིན་པར་བྱ་བ་གཉིས་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པ་ལའང་ཕྱི་ནང་གི་འཇུག་པ་གཉིས་ལས་སྔ་མ་ལ་བདུན་ལས། དང་པོ་སྒོ་སྲུང་ཞུ་བསྐུལ་ནི། དཀྱིལ་འཁོར་ཡོལ་བས་བསྒྲིབས། སྟ་གོན་བྱས་པའི་སློབ་མ་རྣམས་སྒོའི་ཕྱི་རོལ་དུ་ལས་བུམ་གྱི་ཆུས་ཁྲུས་བྱས། སྔོན་ཆད་གཉིས་འཛིན་མ་རིག་པས་ལྡོང་སྟེ་དཀྱིལ་འཁོར་མ་མཇལ་བའི་བརྡར་མིག་དར་འཆིང་མཛོད། ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། སྔགས་དོན་ཡིད་ལ་མཆོག་ཏུ་བྱ་བའི་ཕྱིར་མིག་དར་འཆིང༌། ཞེས་སོ། མཆན། དཀྱིལ་འཁོར་གྱི་ལྷ་དང་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་དུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་དམར་པོ་རེ་བྱིན་པར་མོས། ཨ་སྣང་མཐའ། ཁཾ་དོན་གྲུབ། ཝི་རྣམ་སྣང༌། ར་རིན་འབྱུང༌། ཧཱུྃ་མི་བསྐྱོད་པ་སྟེ་སྔགས་དོན་ནམ་མཁའི་དཔའ་བོ། མཆན། མེ་ཏོག་ལག་ཏུ་གཏད། དེ་ཡང་ཁྱེད་རང་རྣམས་མཚན་མའི་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ནས་འཇུག་པ་ཡིན་ཀྱང་འདིར་དཀྱིལ་འཁོར་ཡོལ་བས་ཆོད་པ་རྒྱུ་མཐུན་དུ་བྱ་བ་ཡིན་པས་ཕྱག་ཐལ་མོ་སྦྱར་ཏེ་སྒོ་སྲུང་ཕོ་ཉའི་ཚོགས་ལ་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ། ཁྲོ་བོ་མི་བཟད་འཇིགས་པའི་སྐུ། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །བདག་ཅག་འཁོར་བ་ལས་གྲོལ་ཕྱིར། །ཁྱེད་ཀྱིས་གནང་སྟེ་བཏང་དུ་གསོལ། ཞེས་གསོལ་བ་བཏབ་པ་ལ་དཀྱིལ་འཁོར་ཆེན་པོ་འདིར་སྐལ་མེད་རྣམས་ལྟ་བར་མི་རུང་བས། རིགས་དང་སྐལ་པ་འདྲི་བ་འདི་ལ་གསན་པས་ཁྱབ་པར་གདའ། ཁྱེད་རྣམས་སུ་ཡིན་ཅི་ལ་དགའ། །ལས་དང་སྐལ་པ་ལྡན་ནམ་ཅི། །ཞེས་དྲིས་པ་ལ་དེ་ལྟ་བུའི་སྣོད་ཀྱི་སྐྱོན་དང་ལྡན་པ་མ་ལགས་ཤིང་རིགས་དང་སྐལ་པ་ལྡན་པ་ཡིན་པས་ཐུགས་བརྩེ་བས་དགོངས་ནས་འཇུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་དང༌། །དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི། །སྐྱོབ་པ་གཞན་ན་མ་མཆིས་པས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །ལན་གསུམ། ཞེས་གསོལ་བ་ལ། ཁྱེད་ནི་སྣོད་མཆོག་དམ་པ་སྟེ། །ཁྱེད་འདོད་པ་ནི་བདག་གིས་སྦྱིན། །སྤྲོ་བ་བསྐྱེད་ལ་ནང་དུ་ཤོག །དེ་ལྟར་གནང་བ་ནོད་པས་ལྷག་པའི་བསམ་པ་བརྟན་པོས་འཁོད་པའི་མོས་པ་མཛོད། ཅེས་བརྗོད་ཅིང་ནང་དུ་བཏང༌། གཉིས་པ་བགེགས་བསལ་ལོ་རྒྱུས་ཆོས་བཤད་ནི། བགེགས་གཏོར་བཏང་ལ་བཀའ་སྒོ་དྲག་སྔགས་གུལ་ཡུངས་རོལ་མོ་བཅས་པས་བགེགས་བསྐྲད། སྲུང་འཁོར་བསྒོམ། གྲལ་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་བྱ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དེ་གསན་འཚལ། དེ་ལ་རང་ཅག་རྣམས་ཀྱི་མི་ལུས་ཁྱད་པར་ཅན་འདི་ལྟ་བུ་སླན་ཆད་རྙེད་པར་དཀའ་ཞིང༌། ཆོས་སྒྲུབ་པའི་རྟེན་དལ་འབྱོར་ཚང་བ་འབའ་ཞིག་ལ་ལྟོས་དགོས་པའང༌། འཕྲལ་འབྱུང་གི་རྐྱེན་བརྒྱད་དང༌། རིས་ཆད་ཀྱི་བློ་བརྒྱད་ཀྱིས་ཡུད་ཙམ་ཡང་མི་ཁོམ་པར་འགྱུར་ཞིང༌། ལས་མཐའ་ལོག་པའི་རིགས་ལ་ལྟོས་ན་འབྱོར་པ་བཅུ་ཡང་འདུ་འབྲལ་དང་བཅས་པས་ཡོན་ཏན་ཐམས་ཅད་ཚོགས་པའི་མི་ལུས་རིན་པོ་ཆེ་ཡིན་པར་དཀའ་ཞིང༌། སྤྱི་མཐུན་དུ་སྐྱེས་པའི་ནངས་པར་ནས་འཆི་བའི་ཕོ་ཉ་དང་འགྲོགས་པ། འབྱོར་རྒུད་དང་བདེ་སྡུག་སྣ་ཚོགས་པའི་རྟེན་འབྲེལ་ཚོགས་པ་ལས་གཞན་དབང་ཅན་དུ་འགྱུར་བ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བལྟར་མི་མངོན་པ་དང་འགྲོགས་པས་མཐོ་རིས་ཀྱི་བདེ་འབྲས་ནི། རྩྭ་རྩེའི་ཟིལ་པ་ལྟ་བུ་ཤིན་ཏུ་ཡིད་བརྟན་མི་རུང་བ་ཡིན་པས། ངེས་འབྱུང་གི་བློ་ཁྱད་པར་ཅན་གྱིས་བསྐུལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཐབས་ལ་འབད་དགོས། དེ་ལ་སངས་རྒྱས་རྣམས་ནི་ཐུགས་རྗེ་ཚད་མེད་པས་སེམས་ཅན་ཡལ་བར་མི་འདོར་ཞིང༌། ཕྲིན་ལས་ཚད་མེད་པས་གདུལ་བྱའི་ཁམས་དང་དབང་པོ་དང་བསམ་པ་ལ་འཚམ་པའི་ཆོས་སྒོ་ཇི་སྙེད་གསུངས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་འབྲས་བུའི་ཐེག་པ་ཡིན་ཏེ། དེའི་ཆོས་འཁོར་གྱི་གྲངས་ངེས་དང་རྣམ་དབྱེ་བསམ་པར་མི་ནུས་ཀྱང༌། གངས་ཅན་པ་རྣམས་ཀྱིས་འགྱུར་གྱི་བྱེ་བྲག་ལས་གསར་རྙིང་དུ་སྒྲོ་བཏགས་པའི་རྡོ་རྗེ་ཐེག་པ་སྔ་འགྱུར་ལ་མདོ་སྒྱུ་སེམས་གསུམ་གྱི་གྲུབ་པའི་མཐའ་ཆེན་པོ་གསུམ་དུ་ཡོད་པ་ལས། འདི་ནི་སེམས་ཕྱོགས་ཀྱི་གྲུབ་མཐའ་གཙོ་བོར་བཏོན་པས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ཅེས་གྲགས་པ། ནང་གསེས་ཀྱི་དབང་དུ་ན། སྔགས་འོག་མ་ལྟར་ཁམས་ཀྱི་དྲི་མ་བླང་དོར་དང་བཅས་པའི་ངལ་དུབ་ཀྱིས་སྦྱོང་བ་མ་ཡིན་ཡང་སྣང་གྲགས་རིག་པའི་ཆོ་འཕྲུལ་དུ་མངོན་པར་བྱང་ཆུབ་པ་དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་སྙིང་པོ་དཔལ་ཆེན་ཞལ་ལུང་དང་ཧེ་རུ་ཀ་འདུས་པའི་བསྐྱེད་རིམ། དག་པའི་སྣོད་བཅུད་ཀྱང་འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་གཞན་དུ་མི་འགྱུར་བ་ཨ་ནུའི་མདོ་ལུང་གི་སྙིང་པོ་རིགས་བརྒྱ་རིག་འཛིན་གྱི་བསྐྱེད་རྫོགས་རྒྱུད་ལུང་གབ་བྱང་དང་བཅས་པ། རྒྱུ་རྐྱེན་དང་རྩོལ་སྒྲུབ་ལ་མི་ལྟོས་པ་ཕྱི་སེམས་སྡེ། སྐུ་གསུམ་རང་ཆས་ཀྱི་དབྱིངས་ལས་མི་འགྱུར་བ་ནང་ཀློང་སྡེ། མངོན་སུམ་རང་གནས་སུ་སྟོན་པ་གསང་བ་མན་ངག་གི་སྡེ། གནད་ལས་གནད་དུ་བསྡུས་པ་ཡིད་དཔྱོད་དང་འབྲས་བུ་ཕྱི་དུས་ལ་ལྟོས་མི་འཆའ་བ་ཡང་གསང་བླ་ན་མེད་པའི་སྡེ་སྟེ་སེམས་ཕྱོགས་རྒྱ་མཚོའི་སྙིང་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལ་སོགས་པའི་མན་ངག་གི་ཐུས་ཀ་ཚང་ལ་མ་ནོར་བར་སྟོན་པ། དེ་ཉིད་ཀྱང་རྒྱུད་དོན་དང་འབྲེལ་བས་བདེ་བར་གཤེགས་པའི་བཀའ་ཚད་མ། རྡོ་རྗེ་འཛིན་པ་བརྒྱུད་ལྡན་ལས་ཐོས་པས་མན་ངག་ཚད་མ། རྣལ་འབྱོར་དབང་ཕྱུག་གི་ཉམས་མྱོང་ཚད་མ། རྟེན་ཅིང་འབྲེལ་འབྱུང་གི་ལོ་རྒྱུས་ཚད་མ། བཀའ་མ་དང་འབྲེལ་བས་དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། མན་ངག་གི་སྣ་ཁ་མ་ལོག་པ་དག་ལ་མ་བརྟེན་ན། ཟབ་མོར་བཏགས་པ་ཙམ་ལས་ཡང་དག་དང་ལྟར་སྣང་གང་ཡིན་མ་འཚལ་བའི་རྨོངས་པ་ལམ་ནོར་བས་ངལ་བ་འབྲས་མེད་དུ་འགྱུར་ལ། དེའི་ཕྱིར་གཏེར་ལུང་ལས། རྒྱལ་བ་དགོངས་པ་ཉིད་ཀྱི་ཚུལ། །དགོངས་པ་བབ་པ་དབང་གི་མཆོག །ཅེས་གདོད་མའི་མགོན་པོ་སྲས་དང་བཅས་པས་ཆོས་ཀྱི་བདག་པོ་ལ་དགོངས་པས་གནས་ལུགས་ཆོས་སྐུར་རྟོགས་པའི་དབང་ཐོབ། བརྡ་དང་བརྡ་མཚོན་གོ་བ་ནི། །དབང་གི་ནང་ནས་དབང་བཀའོ། །ཞེས་པ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མས་བརྡ་བསྒྱུར་གྱི་ཤོག་སེར་དབྱིབས་དང་རྣམ་པ་ཐམས་ཅད་པ་བྱིན། རྫོགས་པའི་སངས་རྒྱས་དྲི་མེད་འོད་ཟེར་དངོས་དང་ཞལ་མཇལ་ཏེ་སྙན་བརྒྱུད་ཀྱི་ཕ་ཕོག་བསྩལ་བའི་བརྒྱུད་པ་གསུམ་ལྡན་གྱི་སྟེང༌། གོང་འོག་གི་བདག་པོ་རྣམ་གཉིས་ལ་སོགས་ཏེ། སྔོན་གྱི་དུས་ན་བྱོན་པའི་ལམ་སྟོན་ཆེན་པོ་རྣམས་ཀྱིས་བཞེད་པ་བཞིན་རྒྱུད་སྡེ་བཀའ་མ་དང༌། སྒྲུབ་སྡེ་བཀའ་བརྒྱད་ལ་སོགས་པའི་དབང་གི་ཆུ་བོ་མ་ནུབ་པའང་གསན་ཅིང་བྱིན་རླབས་ཀྱི་བརྒྱུད་པ་འདྲེས་པར་མཛད་ནས། ཇི་སྐད་དུ་སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང༌། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་པ་ལ་སོགས་པ་དང་གཞན་དུ་བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་ནི་རང་ཉིད་ཀྱི་སྤྱོད་པ་ཉིད་ལས། མན་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ༌། ཞེས་པ་ལྟར་རྒྱལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པས་དགོངས་ཤིང་མཁའ་འགྲོའི་གསང་མཛོད་ལ་མངའ་དབང་བསྒྱུར་བར་བྱིན་གྱིས་བརླབས་པ་དང་རྗེས་སུ་གནང་བས་བཀའ་རྩོད་པ་མེད་ཅིང༌། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་ཞལ་ནས་གསུངས་པའི་བཀར་བསྙོན་མེད་དུ་གྲུབ་པ་ལ་ཟབ་མོ་གཏེར་གྱི་རིང་ལུགས་མ་ནོར་བ་ཞེས་བྱ་སྟེ། མཆོག་གཟིགས་ཀྱི་བརྒྱུད་པ་མ་ཆད་པ་དང༌། ཉམས་པ་དང་འདྲེས་ཁྱེར་གྱིས་བར་མ་ཆོད་པ་དང༌། ཚིག་ལ་གྲིམ་པའི་སློབ་པ་སོ་སོའི་སྐྱེ་བོས་བསླད་པ་མ་སོང་བས་བྱིན་རླབས་ཆེ་ཞིང་སྒྲུབ་ཐག་ཉེ་བ་ཡིན་ནོ། །དེ་ལྟ་བུའི་སྔགས་ཀྱི་མྱུར་ལམ་ལའང་དབང༌། བསྐྱེད་རིམ། རྫོགས་རིམ། བཤད་པ་སྟེ་སྔ་འགྱུར་བཀའ་བབ་ཆུ་བོ་བཞིའི་ཞལ་ལུང་དང་ལྡན་པ་ལས་དེང་རིམ་པ་དབང་གི་ཆོ་ག་ལས། སྤྱིར་འདི་ཡན་ཆད་སྙིང་ཐིག་སྤྱིའི་དབང་བཤད་ལ་འཇུག་པས་སྐབས་སུ་གང་བབ་འཕྲུལ་ཤེས་པར་བྱ། དམིགས་བསལ། འདིར་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོར་སྨིན་པར་བྱ་བ་སྐབས་སུ་བབ་པ་ཡིན་ལ། འདི་ནི་སྤྱི་སྒོས་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་བ་དང༌། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་པ་ཅན་དུ་བྱེད་པའི་ཐབས་མཆོག་རྨད་དུ་བྱུང་བ་རྣལ་འབྱོར་གྱི་སྤྱི་ཁྲུས་ཞི་ཁྲོ་ན་རཀ་དོང་སྤྲུགས་མཚམས་མེད་ལྔ་སྦྱོང་བ་ཞེས་གྲགས་པ་སྟེ། འགྱོད་ཚངས་ཀྱི་རྒྱལ་པོ་འདི་སྔོན་འདོད་ཁམས་ཀྱི་གནས་འདིར་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་བྱང་བ་ཞིག་ལ་སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་དེས་སློབ་སྦྱོང་རྣམས་མཐར་ཕྱིན་པ་ན། ད་ངའི་གོང་ན་སློབ་དཔོན་འདི་ཙམ་དུ་ཟད་པས་མེད་པར་བྱ་སྙམ་ནས་ཐོ་བརྩམས་པ་སློབ་དཔོན་གྱིས་ཀྱང་ཤེས་ནས་ཞེ་སྡང་གིས་དམོད་བོར་ཏེ། གྲོངས་ནས་གཉིས་ཀ་ངན་སོང་དུ་སྐྱེས་པ་ལ། རྒྱལ་བ་རྣམས་ཀྱིས་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ལྷ་སྔགས་བསྟན་པས་གྲོལ་ཏེ་རིམ་གྱིས་རིག་འཛིན་གྱི་ས་ལ་བཀོད་པ་ཉིད་ལ་བཀའ་གཏེར་དག་སྣང་གི་བབས་སོ་རྒྱས་བསྡུས་མི་འདྲ་བ་དུ་མ་ཞིག་བཞུགས་པ་ལས་འདི་ནི་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པ་སྟེ། གཞུང་རྩ་བ་ལས། བི་མ་ལ་དང་གསང་ཞབས་སོགས༔ པཎ་གྲུབ་རྣམས་ལ་གྲགས་པ་ཡི༔ ཞི་ཁྲོ་ཁྲོམ་དཀྲུག་ཅེས་བྱ་བའི༔ སྔ་འགྱུར་བཀའ་མའི་གཞུང་བཟང་པོ༔ དངོས་ལ་མིང་བཏགས་མཐུ་ཆེ་བ༔ ནུབ་ལ་ཉེ་བ་མ་བཟོད་དེ༔ ན་རཀ་དོང་སྤྲུགས་གང་ཡིན་པའི༔ དངོས་དོན་འཁྲུལ་པ་མེད་པར་བསྡེབས༔ བཀའ་གཏེར་ཟུང་དུ་འཇུག་པ་ལ༔ པདྨའི་རིང་ལུགས་ཞེས་སུ་གྲགས༔ འགྲོ་ཀུན་ཆོས་ཀྱི་མིག་ལྡན་པས༔ ཡང་དག་ལམ་ལ་འཇུག་པར་ཤོག༔ ཅེས་གསུངས་པ་ལྟར་བསྐྱེད་པ་མ་ཧཱ་ཡོ་ག་ལ་རྒྱ་ཆེ་བ་རྒྱུད་སྡེ་དང༌། ཟབ་པ་སྒྲུབ་སྡེ་གཉིས་ལས་སྔ་མ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལ་སོགས་ལྔ། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བའི་རྒྱུད་སྡེ་གཉིས། དེ་ཐམས་ཅད་ཀྱི་ཁྱབ་བྱེད་རྩ་བའི་སྤྱི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོ་སྟེ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་སོ་སོའི་དབང༌། རྒྱུད་བཤད་སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར་སོགས་རིགས་བསྡུས་པའི་དབང༌། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེའི་ནང་ཚན་གླང་ཆེན་རབ་འབོག་གི་དུམ་བུ་དྲི་མེད་བཤགས་པའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་ཞི་ཁྲོ་ཁྲོམ་དཀྲུག་དང༌། ཆ་མཐུན་ཡི་གེ་བརྒྱ་པ་དབང་ཆོག་རྒྱལ་པོའི་རྒྱུད་སོགས་ལ་བརྟེན་པའི་ཞི་ཁྲོ་རིགས་འདུས་ཀྱི་དབང་སོགས་བཞུགས་པ་ལས་འདི་ནི་སྔོན་མ་ཡོ་ག་རྣམ་པ་གསུམ་ཀ་ལ་འཇུག་ཅིང་ཨ་ནུ་ཡོ་ག་དང་རྗེས་སུ་འབྲེལ་བ་སྟེ། དབང་གཞུང་ལས། དག་པའི་སྣོད་བཅུད་ཀྱང་འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་གཞན་དུ་མི་འགྱུར་བ་ཨ་ནུའི་མདོ་ལུང་གི་སྙིང་པོ་རིགས་བརྒྱ་དང་རིག་འཛིན་གྱི་བསྐྱེད་རྫོགས་རྒྱུད་ལུང་གབ་བྱང་དང་བཅས་པ། ཞེས་གསུངས་པའི་སྔ་མ་ཞི་ཁྲོ་ཁྲོམ་དཀྲུག་ངན་སོང་སྦྱོང་བའི་ཆོ་གའི་དངོས་གཞིའི་དབང་བསྐུར་བ་སྦྱིན་པ་སྟེ། དེ་ལ་བདག་ཉིད་སློབ་དཔོན་གྱི་བགྱི་འོས་རྣམས་གྲུབ། ཁྱེད་རང་སློབ་མའི་ངོ་སྐལ་ལ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང༌། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསུམ་པ་སྐྱབས་སེམས་སྡོམ་པ་བཟུང་བ་ནི། རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བཞི་རྫོགས་པར་ནོད་པ་ལ་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་སྔོན་དུ་བཟུང་བ་གལ་ཆེ་བས་ཉན་རང་དང་ཐུན་མོང་གི་ལམ་གྱི་རྨང་རྡོ་སྐྱབས་འགྲོ། ཐེག་ཆེན་དང་གསང་སྔགས་ཀྱི་ཁྱད་ཆོས་བྱང་ཆུབ་སེམས་བསྐྱེད་པ་སྟེ། དེ་དག་གི་སྡོམ་པ་ཐུན་མོང་དུ་བཟུང་བའི་ཕྱིར་མདུན་གྱི་ནམ་མཁར་དུས་གསུམ་རྒྱལ་བ་སྲས་བཅས་སྐྱབས་གསུམ་ཀུན་འདུས་སུ་བཞུགས་པ་ལ། འཁོར་བ་ལ་འཇིགས་པ། དཀོན་མཆོག་ལ་དད་པ། སེམས་ཅན་ལ་སྙིང་རྗེའི་ཀུན་སློང་གསུམ་དང་ལྡན་པས་སྐྱབས་ཡུལ་རྣམས་དཔང་པོར་བཅོལ་ཏེ་རྒྱལ་བ་སྲས་བཅས་ཀྱི་མཛད་པའི་རྗེས་སུ་སློབ་སྙམ་པས་རྗེས་ཟློས་ལན་གསུམ་མཛོད། ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང༌། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །སོགས་ནས། སྔགས་ཀྱི་ཆོ་གས་བསྡམ་པར་བགྱི། །ཞེས་པའི་བར་སྟ་གོན་བཞིན་བྱ། བཞི་པ་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་ནི། གསང་སྔགས་ཀྱི་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་སྟེ། ཁྱེད་རང་རྣམས་ཀྱི་སྙིང་གར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་སྒྲུབ་པའི་བློ་བཅོས་མིན་དེ་ཉིད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་དང་འོད་ཟེར་འབར་བ་རེས་མཚན་པར་མོས་ལ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་ཀྱིས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། ལན་གསུམ། ལྔ་པ་དམ་ལ་བཞག་པ་ནི། རིགས་ཀྱི་བུ་ཁྱོད་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་མཆོག་ཏུ་གསང་བའི་རང་བྱུང་གི་ཡེ་ཤེས་བསྐྱེད་པར་བྱ་ལ། དེའི་སྲོག་ཏུ་གྱུར་པ་དམ་ཚིག་སྲུང་དགོས་པས་རྡོ་རྗེ་བདུད་རྩིའི་མནའ་ཆུ་འདི་ཉིད་བྱིན་པས་དམ་ཚིག་ཉམས་ན་དངོས་གྲུབ་ཐོབ་པའི་སྐབས་མེད་ཅིང་སྡིག་པ་མགོ་དགུར་གྱུར་ནས་སྙིང་ཁྲག་འཇིབས་ཏེ། འདི་དང་ཕྱི་མར་སྡུག་བསྔལ་དུ་མས་ཚར་གཅོད་པས་དམྱལ་བའི་ཆུ་ཞེས་བྱ་ཞིང༌། བསྲུངས་ན་ཡེ་ཤེས་སེམས་དཔར་གྱུར་ནས་འདི་ཕྱིའི་ཕན་བདེ་མ་ལུས་པའི་འབྱུང་གནས་སུ་འགྱུར་བས་བདུད་རྩི་སྟེ། དམ་ཚིག་དང་སྡོམ་པ་རྒྱ་མཚོ་སྲུང་བའི་ཕན་ཡོན། འདས་པའི་ཉེས་དམིགས། དེ་ལེན་པའི་ཡུལ་སློབ་དཔོན་དང་བཅས་བཀའ་གཉན་པའི་ཁེ་ཉེན་ཆེན་པོ་གཉིས་སུ་ཡོད་པར་ཤེས་པས་བདུད་རྩི་འདི་ཉིད་ལྕེ་ལ་བཞག་ཀྱང་འབབ་པ་སྙིང་དབུས་སུ་ཐིམ་པར་མོས་ལ། ནང་མཆོད་བྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །བསྲུངས་ན་དངོས་གྲུབ་ཐམས་ཅད་ཐོབ། །དམ་ཚིག་བདུད་རྩིའི་ཆུ་འདི་འཐུངས། །ས་མ་ཡ་ཨི་དན་ན་ར་ཀན། དྲུག་པ་རིགས་ལྔའི་སྡོམ་བཟུང་ནི། དབང་འདི་ཐོབ་པ་དཀྱིལ་འཁོར་གྱི་བྱ་བས་ཐོབ་ཀྱང༌། དབང་སྲོག་འཛིན་པ་དམ་ཚིག་དང་སྡོམ་པས་འཛིན་དགོས་པས་རྡོ་རྗེ་ཐེག་པའི་དམ་ཚིག་དབྱེ་བསྡུ་ཐམས་ཅད་རིགས་ལྔའི་དམ་ཚིག་ལ་འདུ་བས་ན་ཐུན་མིན་སྔགས་ཀྱི་རིགས་ལྔའི་སྡོམ་པ་དང་དམ་ཚིག་རྩ་བ་སྐུ་གསུང་ཐུགས། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་སྲོག་ལ་བབ་ཀྱང་མི་གཏོང་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ། །རྒྱལ་སྲས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་བསྙེན། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༌། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །ལྷ་ཡི་ཕྱག་རྒྱ་བླ་མའི་སྟན། །བཞོན་པ་ལ་སོགས་མི་སྨད་ཅིང༌། །བསྟན་པ་སྐྱོང་རྣམས་བརྙས་མི་བྱ། །བླ་མ་སངས་རྒྱས་དྲན་བྱེད་ཅིང༌། །བརྟན་གཡོ་ལྷ་དང་མཉམ་པར་སྦྱོར། །མདོར་ན་རྒྱལ་བས་གང་བསྒྲགས་པ། །དེ་དག་ཐམས་ཅད་བདག་གིས་བཟུང༌། །ལན་གསུམ། སྤྱིར་སྟ་གོན་གྱི་སྡོམ་བཟུང་ནས་དམ་ཚིག་སྲུང་བར་དབང་ཞིང༌། དངོས་བསྟན་བསྐྱེད་རྫོགས་ཐུན་མོང་བའི་བྱེ་བྲག་གི་དམ་ཚིག་རྣམས་རིགས་ངེས་པར་ཁས་བླང་བའི་ཆོ་གས་ཐོབ་པ་ཞེས་བརྗོད་ལ། ཁྱད་པར་རིམ་གཉིས་སོ་སོའི་སྔགས་སྡོམ་རྣམས་དབང་བཞི་རང་རང་གི་རྗེས་ཐོག་ཏུ་སོ་སོའི་ས་བོན་རྒྱུད་ལ་ཐེབས་པ་དང༌། ལྷན་ཅིག་ཐོབ་པའི་ཕྱིར་སྔགས་སྡོམ་རྫོགས་པར་ཐོབ་དུས་ནི་དབང་བཞི་པའི་མཐར་ཐུག་ཁོ་ན་ལ་ལྟོས་དགོས་ཤིང༌། མཚུངས་ལྡན་གྱི་སྡོམ་པ་ལ་གནས་དགོས་པའི་ཕྱིར་སྐྱེ་བོ་རང་ག་དང་ནད་གདོན་གྱིས་མནར་བའི་རྐྱེན་སེལ་དང་སྒྲིབ་སྦྱོང་ལ་སྡོམ་པ་ཁྱད་པར་བ་དག་མི་འབོག་ཅིང༌། མཆོག་དབང་གོང་མ་རྣམས་མི་བསྐུར་བ་གསར་རྙིང་གི་རྒྱུད་དང་མཁས་གྲུབ་ཆེན་པོ་རྣམས་ཀྱིས་དགོངས་པ་ཡིན་པས་སོ་མཚམས་འབྱེད་པ་གལ་ཆེ་གསུངས་སོ། །བདུན་པ་དཀྱིལ་འཁོར་དུ་འཇུག་པ་ནི། དེ་ནས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ཡིན་པས་འདིའི་རྗེས་ཟློས་མཛོད། ཀྱཻ། རིགས་ལྔ་བདེ་བར་གཤེགས་པ་དང༌། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །ལན་གསུམ། ཞེས་གསོལ་བས་དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེས་པར་མོས་ཤིག །བླ་མས། ཨ་ཁཾ་ཝི་ར་ཧཱུྃ་དང་དབྱེ་རྒྱ་བཅས་ཡོལ་བ་བསལ། འདུས་པ་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཚེ་བླ་མས་བརྗོད་པའི་སྔགས་སུ་གསུངས། མཆན། གཙོ་བོའི་ཐུགས་ཀ་ནས་བྱུང་བའི་ལས་ཀྱི་རྡོ་རྗེའི་ཕྱག་ལ་འཇུས་ཏེ་ཤར་སྒོ་ནས་བཟུང་རིམ་པར་གཡས་བསྐོར་གྱིས་སྒོ་བཞིར་ཞུགས་ཤིང་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ལན་བཞི་བརྗོད་དོ། །གཉིས་པ་ནང་འཇུག་ལ་བཞི་ལས། དང་པོ་ཡེ་ཤེས་པ་དབབ་པ་ནི། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་དང་དཀྱིལ་འཁོར་གྱི་བདག་པོ་གཉིས་སུ་མེད་པའི་སྲས་སུ་བྱ་བའི་ཕྱིར། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང༌། ངག་གི་རླུང་ཁ་སྦྱོར་དུ་འཆིང༌། ཡིད་རྣམ་པར་མི་རྟོག་པའི་ངང་ནས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སླར་ཡང་གཙོ་བོའི་མདུན་ཐད་ཤར་སྒོའི་དབང་སྟེགས་ལ་འཁོད་པས་དཀྱིལ་འཁོར་གྱི་བདག་པོའི་ཐུགས་ཀ་ནས་འོད་ཟེར་བྱུང༌། སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཧཱུྃ་དུ་གྱུར་པ་ཡབ་ཀྱི་ཞལ་དུ་དྲངས། རྗེས་སུ་ཆགས་པའི་ཡེ་ཤེས་ཀྱིས་བསྐུལ་ཏེ་ཡུམ་གྱི་པདྨོར་ལྷུང༌། སྲས་ཀྱི་ཚུལ་དུ་གཙོ་བོའི་རྣམ་པ་གཉིས་པ་ཞིག་བྱུང་བ་སྔར་གྱི་དབང་སྟེགས་སུ་ ལུགས་འདིའི་དབང་ཆོག་ཕལ་ཆེར་དུ་སློབ་མ་ལྷར་བསྐྱེད་རྒྱས་པ་མི་འབྱུང་ཡང་གསང་བ་སྤྱིའི་འགྲོས་ལྟར་ལེགས་སྙམ་བཀོད་པ་མཁྱེན་ལྡན་རྣམས་ཀྱིས་འོས་མིན་དཔྱད་པར་ཞུ། མཆན། སེང་ཁྲི་པད་ཟླའི་གདན་ལ་འཁོད་པ། དབང་བཞིའི་སྣོད་དུ་རུང་ཕྱིར་སྣོད་རྣམ་པར་དག་པ་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་ལ། བཅུད་རྣམ་པར་དག་པ་ཁྱེད་རང་གི་ཐ་མལ་གྱི་ཕུང་ཁམས་སྐྱེ་མཆེད་སྐད་ཅིག་གིས་རང་བཞིན་གཞིའི་ཀུན་ཏུ་བཟང་པོ་མཐིང་ག་ཡབ་ཡུམ་མཉམ་སྦྱོར་རྡོ་རྗེའི་སྐྱིལ་ཀྲུང་མཉམ་གཞག་གིས་མཚན་པའི་ཐུགས་ཡེ་ཤེས་ཆེན་པོའི་ཀློང་དུ་ཞི་བ་བཞི་བཅུ་རྩ་གཉིས། དེ་དག་གི་སྐུའི་གསལ་སྣང་ལས་སྤྱི་བོའི་དུང་ཁང་དུ་ཡེ་ཤེས་བསྐལ་པའི་མེ་དཔུང་རབ་ཏུ་འཁྲུགས་པའི་ཀློང་ན་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཚོམ་བུའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བའི་གནས་གསུམ་དུ་ཕྱག་མཚན་གསུམ་དང༌། ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལྷའི་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པར་བྱོན་ནས་རང་ཉིད་དམ་ཚིག་སེམས་དཔར་གསལ་བ་ལ་ཡེ་ཤེས་ཀྱི་འཁོར་ལོ་བྱེ་ཚན་ལ་ཁ་བ་བབ་པ་ལྟར་སྙིང་ནང་དུ་སིབ་སིབ་ཐིམ་པར་བསམ་ལ། བདུད་རྩི་ལྔས་སྦགས་པའི་གཞོན་ནུ་མའི་རཀྟ། ཤ་ཆེན། གུ་གུལ། བྱི་ལ་ནག་པོའི་བྲུན། ཀླད་ཆེན། རའི་ཉྭ་བཞིའི་ཤ། རང་གི་སྐྲ་རྣམས་ཐོད་པའི་སྣོད་དུ་སོལ་ཆེན་གྱི་མེ་ལ་བསྲེགས་པའི་འབེབས་རྫས་བདུག །ཐོད་རྔ་དང་དྲིལ་བུ་མྱུར་དལ་སྤེལ་བ་སོགས་རོལ་མོའི་སྒྲ་དང་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ། འཕགས་མཆོག་ཐུགས་རྗེས་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབས་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཧཱུྃ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཛྙཱ་ན་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། སྟྭམྦྷ་ཡ་སྟྭམྦྷ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུྃ་ཨ་ཧ་ཛྷཻཾ། ཞེས་དྲག་ཏུ་བཟླས་ལ་དབབ་པས། ལུས་ངག་ཡིད་ལ་ཕེབས་པའི་རྟགས། །འདར་ཞིང་འཕར་གཡོ་སཾ་སྐྲྀ་ཏའི། །བརྡ་སྐད་གླུ་ལེན་ངུ་བ་དང༌། །བདེ་གསལ་མི་རྟོག་ལྷག་པའི་ལྟས། །ཞེས་གསུངས། དེས་མ་ཕེབས་ན་སྤོག་པའི་ཆོ་ག་ནི། ཁྱེད་རང་རྣམས་ལུས་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་ཀྱིས་རླུང་ལྟེ་བར་བསྐྱིལ་ལ་སླར་ཡང་དམིགས་པ་འདི་ལྟར་བསྒོམ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་གཡུང་དྲུང་དམར་པོའི་ལྟེ་བར་བྃ་དང༌། ཡན་ལག་བཞི་ལ་ཧ་རི་ནི་ས་ལས་མཁའ་འགྲོ་སྡེ་ལྔར་གསལ་བ་ཆི་ལི་ལི་འཁོར་བ་ལ་ཤེས་པ་དྲག་ཏུ་གཏོད་ལ་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ་ཨ་རལླི་ཕཻཾ་གྱི་གླུ་དང་ལྟ་བས་གཅུན། ཕེབས་རྟགས་བྱུང་ན་རྩོལ་མེད་དུ་བསྐྱང་དུ་གཞུག །དེ་ནི་དབང་དོན་རྒྱུད་ལ་འཇོག་པའི་རྟེན་འབྲེལ་གྱི་རྩ་བ་ལྟ་བུ་ཡིན་པས་ནན་ཏན་དུ་གཅེས་པར་གསུངས། བྱིན་དབབ་པའི་ཡེ་ཤེས་པ་རྣམས་རྡོ་རྗེའི་ཆོས་བདུན་གྱི་རྣམ་རོལ་དུ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །གཉིས་པ་མེ་ཏོག་འདོར་བ་ནི། མེ་ཏོག་འདོར་རའི་དཀྱིལ་འཁོར་འདུ་བྱས་ལ། ཁྱེད་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རིགས་ལྔ་ལ་གཙོ་འཁོར་རང་རྒྱུད་པའི་བཟང་ངན་གྱི་དབྱེ་བསལ་མ་མཆིས་ནའང་རང་དང་ལས་ཀྱི་འབྲེལ་པ་གང་ལ་ཡོད་པའི་ལྷག་པའི་ལྷ་མཆོག་དེས་བདག་གི་རིགས་ཀྱི་མེ་ཏོག་འདི་བཞེས་སུ་གསོལ་སྙམ་པས་འདིའི་རྗེས་ཟློས་དང་ལྷན་ཅིག་འདོར་བར་ཞུ། ཀྱཻ། བདེ་གཤེགས་རིགས་ལྔའི་ཕོ་བྲང་འདིར། །འབྲེལ་བའི་མེ་ཏོག་འདི་དོར་བས། །ལས་འཕྲོ་གང་ཡོད་ལྷ་དང་མཇལ་བར་ཤོག །ཨོཾ་པུཥྤེ་སིདྡྷི་ཧཱུྃ། ཞེས་དོར་བས་གང་ལ་བབ་པའི་རིགས་ངོས་བཟུང༌། ཕྱི་རོལ་དུ་ལྷུང་ན་སླར་ཡང་བསྐྱར་ཏེ་བརྟགས་པར་གསུངས། དེ་ལྟར་དོར་བའི་མེ་ཏོག་དབུས་སུ་བབ་ན་བདེ་བར་གཤེགས་པའི་རིགས་ཀྱི་གཙོ་བོ་རྣམ་སྣང༌། ཤར་དུ་རྡོ་རྗེ་མི་བསྐྱོད་པ། ལྷོ་རུ་རིན་ཆེན་འབྱུང་ལྡན། ནུབ་ཏུ་པདྨ་སྣང་མཐའ། བྱང་དུ་ལས་ཀྱི་རིགས་དོན་ཡོད་གྲུབ་པའི་རིགས་ཡིན་པས་གང་ལ་བབ་པ་ཉིད་ལྷག་པའི་ལྷར་ཟུངས་ཤིག །ཐོག་མར་དཔལ་དང༌། ཐ་མར་རྡོ་རྗེ་ཡོད་པའི་རིགས་དང་མཐུན་པའི་གསང་མཚན་སོ་སོའམ། གཙོ་བོའི་མཚན་ལས་བྱུང་བའི་སྤྱི་ལ་གདགས། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་སློབ་མ་ལ་གཏད་པའི་དོན་དུ་མེ་ཏོག་གི་ཕྲེང་བ་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་བས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་མཛོད། པྲ་ཏཱི་གྷྲཱི་ཧ་ན་ཨི་མཾ་སཏྭ་མ་ཧཱ་བ་ལ། གསུམ་པ་མིག་དབྱེ་བ་ནི། རིགས་ཀྱི་བུ་མཚོན་པ་བརྡའི་སྒོ་ནས་མིག་དབྱེ་བས་མ་རིག་པའི་ལིང་ཏོག་བསལ་ཏེ་དག་པ་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པས་ཡེ་ཤེས་རང་སྣང་གི་ལྷ་དང་དཀྱིལ་འཁོར་མངོན་སུམ་དུ་མཇལ་བའི་མོས་པ་མཛོད། སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། །ཁྱེད་ཀྱི་མ་རིག་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བ་ལྟར། །དེ་བཞིན་ཁྱེད་ཀྱིས་འགྲོ་བ་རྣམས། །ཡེ་ཤེས་སྤྱན་དུ་འབྱེད་པར་ཤོག །ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཞེས་གདོང་གཡོགས་བསལ། བཞི་པ་དཀྱིལ་འཁོར་བསྟན་པ་ནི། ཕྱག་ཤིང་གིས་མཚོན་ལ། དེ་ལྟར་རྣམ་དག་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པ་ལ་དཀྱིལ་འཁོར་བསྟན་ཅིང་སྤྲོ་བ་བསྐྱེད་པ་ལགས་ཏེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཁྱེད་ནི་སྡིག་པ་ཀུན་ལས་གྲོལ། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ལུས་ངག་ཡིད་ཀྱིས་དད་པ་བསྐྱེད། །དངོས་གྲུབ་མཐའ་དག་ཁྱེད་ཀྱིས་ཐོབ། །དམ་ཚིག་སྔགས་ལ་བརྩོན་པར་གྱིས། །ཀྱེ་རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས། བརྡ་དོན་རྟགས་ཀྱིས་མཚོན་པའི་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་ཕྱི་ལྟར་རྡུལ་ཚོན་ནམ། རས་བྲིས་འདི་ནི་འབྱུང་བ་རིམ་ལྔ་བརྩེགས་པའི་སྟེང་དུ་འོག་མིན་ལྷུན་གྱིས་གྲུབ་པའི་གཞལ་མེད་ཁང་ཤིན་ཏུ་ཉམས་དགའ་བ། ཕྱི་མཆོད་རྟེན་གྱི་རང་བཞིན་རྩེ་ལྔ་པ་ནང་རང་བྱུང་རྡོ་རྗེའི་གཞལ་ཡས་ཁང་ཕྱི་གསལ་ནང་གསལ། རྒྱ་ཁྱོན་དང་བཀོད་པ་བསམ་གྱིས་མི་ཁྱབ་པའི་མཐའ་བསྐོར་དུ་མཆོད་རྟེན་ཤིང་མེ་ཆུ་སྤྲིན་གྲུབ་པའི་རིག་འཛིན་ཞིང་སྐྱོང་གི་མཁའ་འགྲོ་མ་ལ་སོགས་པ་རྣམ་པ་བརྒྱད་ཀྱིས་མཚན་པའི་དུར་ཁྲོད་བརྒྱད། མཐའ་བསྐོར་དུ་རྡོ་རྗེའི་རྭ་བ་ཡེ་ཤེས་ཀྱི་མེ་དཔུང༌། དབུས་སུ་དག་ཆེན་ཡེ་ཤེས་ཀྱི་རོལ་པ་ཐར་པ་ཆེན་པོའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་གློ་འབུར་དང་བཅས་པ། རྒྱུ་འབྲས་ཀྱི་རྟ་བབ་བརྒྱད་དང་ལྡན་ཞིང༌། གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་པདྨ་འདབ་བཞི། འདབ་བརྒྱད། བཅུ་དྲུག །སུམ་ཅུ་རྩ་གཉིས། བཞི་བཅུ་རྣམས་ཀྱི་དབུས་སུ་སེང་གེའི་ཁྲི་དང་པད་ཟླ་ཉི་མའི་གདན་ལ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་མཐིང་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གིས་རྡོ་རྗེ་འཁོར་ལོ། རིན་པོ་ཆེ། དྲིལ་བུ། པདྨ། རལ་གྲི་འཛིན་པ། ཡུམ་དབྱིངས་ཕྱུག་མ་གཡས་དྲིལ་བུ་དང་གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ་དང་སྦྱོར་བ། དེའི་ཕྱི་རོལ་གྱི་རྩིབས་བཞི་ལ་མི་བསྐྱོད་པ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ། ཀུན་ཏུ་བཟང་པོ་དང་བཟང་མོ་མཐིང་ག །དེའི་ཕྱི་རོལ་གྱི་པད་འདབ་བརྒྱད་ལ་རྣམ་སྣང་དང་སྤྱན་མ་དཀར་མོ། རིན་འབྱུང་དང་མཱ་ཀི་སེར་མོ། སྣང་མཐའ་དང་གོས་དཀར་དམར་མོ། དོན་གྲུབ་དང་སྒྲོལ་མ་ལྗང་གུ་རྣམས་རང་རྟགས་ཀྱི་ཁྲི་ལྔ་བརྩེགས་པ་དང་རིགས་ཀྱི་ཕྱག་མཚན་ཅན། དེའི་ཕྱི་རོལ་པད་འདབ་བཅུ་དྲུག་ལ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། དེའི་ཕྱི་རོལ་འདབ་མ་སོ་གཉིས་ལ་སྒོ་བ་ཁྲོ་བོ་ཡབ་ཡུམ། ཐུབ་པ་དྲུག །ཆེ་མཆོག་རིགས་ལྔ་ཡབ་ཡུམ། གནས་ཀྱི་མ་མོ་བརྒྱད། དེའི་ཕྱི་རོལ་གྱི་པད་འདབ་བཞི་བཅུ་ལ་ཡུལ་གྱི་མ་མོ་བརྒྱད། གདོང་ཅན་བཞི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་རང་རིགས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་འགྱུར་མ་འདྲེས་པ་ཡོངས་སུ་རྫོགས་པ། བར་མཚམས་རྣམས་སུ་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི་རོལ་པ་ཚད་མེད་པར་བཞུགས་པར་ཡང་མཚོན་བྱ་ཡེ་ཤེས་ཀྱི་དཀྱིལ་འཁོར། ནང་དུ་ཕུང་པོ་ཁམས་དང་སྐྱེ་མཆེད་ལས་དབང་དང་བཅས་པ་གདོད་ནས་དག་པའི་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་དུ་ལྷུན་གྱིས་གྲུབ་པར་རང་ལ་ཡེ་ནས་རང་བྱུང་དུ་བཞུགས་པ་མཚོན་ལ། བཞུགས་ཚུལ་དོན་གྱི་དཀྱིལ་འཁོར་རང་གི་སེམས་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་དམ་པ་རིགས་བརྒྱའི་ལྷ་ཚོགས་སུ་བཞུགས་པའི་གནས་ལུགས་མཐར་ཐུག་པ་འདི་ངོ་སྤྲད་པས། ཡིན་ཚུལ་གཤིས་ཀྱི་དཀྱིལ་འཁོར་ཕྱི་ནང་གསང་བ་གཉིས་མེད་རང་བྱུང་གདོད་མའི་གནས་ལུགས་དབྱིངས་རིག་ཟུང་འཇུག་ནང་གསལ་ཐིམ་ལ་མ་རྨུགས་པ་དོན་དམ་དཀོར་བདུན་གྱི་བདག་ཉིད་དུ་ལ་ཟླ་དགོས་པས། རྣམ་པ་དབང་བཞིའི་རྫས་ལ་བསྐྱེད་པའི་བདེ་གཤེགས་རྒྱལ་བ་རབ་འབྱམས་ཞི་ཁྲོ་སྤྲུལ་པའི་འཁོར་ལོ་གཅིག་ཏུ་རྫོགས་པའི་རྟེན་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་ལ་དད་གུས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །དེ་དག་གིས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དུ་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་སྟེ་ཡེ་ཤེས་སྨིན་པའི་སྣོད་དུ་གྱུར་པ་ལ། ཞུགས་ནས་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྐབས་འདིར་དཔོན་སློབ་དད་སྤྲོ་བློ་གྲོས་དང་ལྡན་ན་དབང་བཞིའི་རྣམ་དབྱེ། ངོ་བོ། ངེས་ཚིག །དགོས་པ་སོགས་རྒྱས་བསྡུས་སྐབས་ཕྱེད་པར་འཆད་ན་ལེགས་ཤིང༌། འདིར་སྤྱི་ལྟར། དབང་དངོས་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ནམ་མཁའི་རྡོ་རྗེས་རྒྱལ་བ་ལྔར། །དགོངས་ཤིང་ཇི་ལྟར་དབང་བསྐུར་ལྟར། །མཆོད་པ་ཆེན་པོ་བརྡ་ཡི་དབང༌། །རིག་པ་འཛིན་པ་བདག་ལ་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བུམ་གསང་ཤེས་རབ་ཡེ་ཤེས་བཞི་པ་དང་འབྲེལ་བའི་ཕན་ནུས་ཟབ་མོའི་དབང་རྣམས་རིམ་པར་བསྐུར་བའི་དང་པོ་བུམ་པའི་དབང་ལ་ཕྱི་ཕན་པ་དང་ནང་ནུས་པ་འཇུག་པའི་དབང་གཉིས་ལས། དང་པོ་ཕྱི་ཕན་པ་རྡོ་རྗེ་སློབ་མའི་དབང་ལ་རིག་པའི་དབང་ལྔ་རིམ་པར་བསྐུར་བའི་སླད་དུ་དམིགས་པ་འདི་ལྟར་མཛོད། བདག་མདུན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། པདྱཾ་ནས། ཤབྡའི་བར་བརྗོད། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན༔ དབང་ཤེས་དག་པ་སེམས་དཔའ་སེམས་མ་སྟེ༔ ལས་ཀྱི་བདག་པོ་ཁྲོ་བོ་ཁྲོ་མོའི་ཚོགས༔ གདན་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ གསོལ་བ་གདབ་པ་ནི། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ། ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར། སློབ་བུ་སེང་ཁྲི་པད་ཉི་ཟླ་བའི་གདན་ལ་སྐད་ཅིག་གིས་རྡོ་རྗེ་མི་བསྐྱོད་པར་གནས་གྱུར་པ་ལ་རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རྣམ་རྒྱལ་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་གྱིས་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ། རྣམ་ཤེས་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། རིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུ་ཡི་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མཱ་མ་ཀིར་སངས་རྒྱས། ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེའི་རིགས་ཀྱི་ཐུགས་འཁྲུལ་པ་མེད་པས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རིན་ཆེན་འབྱུང་ལྡན་དུ་གསལ་བ་ལ་རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་འབྱུང་གི་བདག་ཉིད་ཅན་གྱི་དབུ་རྒྱན་སྤྱི་བོར་བཅིངས་ཏེ་དབང་བསྐུར་བར་མོས་ཤིག །དབུ་རྒྱན་བཅིང་ལ། ཧཱུྃ། ཚོར་བའི་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་དུ་དག །ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་སྣང་བ་མཐའ་ཡས་སུ་གསལ་བ་ལ་རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེ་ཕྱག་གཡས་སུ་གཏད་དེ་དབང་བསྐུར་བར་མོས་ཤིག །རྡོ་རྗེས་དབང་བསྐུར་ལ། ཧཱུྃ། འདུ་ཤེས་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེས་དབང་བསྐུར་བས་ངག་གི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོར་སངས་རྒྱས། འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨའི་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་དོན་ཡོད་གྲུབ་པར་གསལ་བ་ལ་རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུ་ཐོགས་ཏེ་དབང་བསྐུར་བར་མོས་ཤིག །དྲིལ་བུ་ལག་གཡོན་དུ་གཏད་ལ། ཧཱུྃ། འདུ་བྱེད་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ། ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་གྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རྣམ་སྣང་དུ་གསལ་བ་ལ་རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རྣམ་སྣང་གི་ངོ་བོ་རྡོ་རྗེའི་མིང་གི་དབང་བསྐུར་བར་མོས་ཤིག །རྡོར་དྲིལ་ལྷན་ཅིག་སྤྱི་བོར་དཀྲོལ་ལ། ཧཱུྃ། གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨོཾ་བུདྡྷ་ཆེ་གེ་མོ་ཨ་བྷི་ཥིཉྩ་མི། མིང་དབང་དངོས་མེ་ཏོག་དོར་བའི་སྐབས་གདགས་ཟིན་ཡང་སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་བདེ་བ་དང་དཀྱིལ་འཁོར་དུ་ཞུགས་ཟིན་ཡང་དབང་བསྐུར་བའི་ངེས་པ་སྟོན་པའི་དགོས་པས་འདིར་ཡང་འབྱུང་བར་གསུངས། མཆན། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས། གཏི་མུག་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །དེ་དག་གིས་མ་རིག་པ་ལྔ་སྦྱངས་ནས་རིག་པ་ཡེ་ཤེས་ལྔ་ཐོབ་པར་བྱེད་པ་ཡིན་པས་སམ། རིག་མ་སྤྱན་ལ་སོགས་པའི་ཐབས་རིག་པ་ཡབ་ལྔའི་ལས་ཡིན་པས་དང༌། རྒྱུད་སྡེ་བཞི་ཐུན་མོང་དུ་གྱུར་པའི་དབང་ཡིན་པའི་ཕྱིར་ཐུན་མོང་རིག་པའི་དབང་ལྔ་ཞེས་གྲགས་པ་སྟེ་དབང་རྫས་ལྔ་གནས་རྣམས་སུ་གཏུགས་པ་ནི་དབང་གི་རྒྱུ་ཡིན་ལ། སློབ་དཔོན་གྱི་དམིགས་པ་དང་སློབ་མའི་མོས་པས་དངོས་གྲུབ་སྒྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ནི་དབང་གི་ངོ་བོ་གསང་སྔགས་ལམ་གྱི་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་དབང་གི་སྒོ་ནས་བསྒྲིགས་པ་སྟེ། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་ལ་གསལ་བར་བྱས། །ཞེས་པ་ལྟར་གསང་སྔགས་ཕྱི་པའི་དབང་ཡང་བླ་མེད་ཀྱི་སྤྲོས་བཅས་བུམ་དབང་གི་ཞར་བྱུང་དུ་རྫོགས་པས་འདི་ཁོ་ན་ཙམ་གྱིས་ཀྱང་ཕྱི་དཀྱིལ་དུ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བའོ། །གཉིས་པ་ནང་ནུས་པ་འཇུག་པའི་དབང་ལ་སྤྱི་དང་བྱེ་བྲག་ཁྱད་པར་གསུམ་ལས། དང་པོ་ཆོས་ཅན་ཕུང་ཁམས་ལྔའི་སྣང་བ་ཐམས་ཅད་ལྷར་བྱིན་གྱིས་བརླབས་ནས། ཆོས་ཉིད་དྲུག་པ་རྡོ་རྗེ་སེམས་དཔར་ངོ་སྤྲད་དེ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པ་བརྟུལ་ཞུགས་ཀྱི་དབང་ངམ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོར་དབང་བསྐུར་ཞིང་དབུགས་དབྱུང་བ་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་སངས་རྒྱས་ཀུན་གྱི་སྤྱི་མེས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་གསལ་བ་ལ། ཐབས་བདེ་བ་ཆེན་པོ་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ལག་གཡས་སུ་གཏད་དེ་གསོར་བ་དང༌། ཤེས་རབ་སྟོང་པ་ཉིད་ཀྱི་དྲིལ་བུ་གསུང་གི་དམ་ཚིག་ལག་གཡོན་དུ་གཏད་དེ་འཁྲོལ་བ་དང༌། བདེ་སྟོང་ཟུང་འཇུག་ཕྱག་རྒྱ་སྐུའི་དམ་ཚིག་འཁྱུད་རྒྱ་བྱས་ལ། ཨོཾ་ཨཱཿཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་ཅིང༌། །སྣང་སྟོང་དབྱེར་མེད་འདི་བཟུང་ནས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་བཟུང་བར་མཛོད། །རིགས་ཀྱི་བུ་ཁྱོད་ལ་གསང་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་དང་དྲིལ་བུ་དཀྱིལ་འཁོར་ཐམས་ཅད་པའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས། རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་སངས་རྒྱས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པར་གྱུར་ཅིག །གཉིས་པ་བྱེ་བྲག་རྗེས་སུ་གནང་བ་ལ། རྒྱལ་ཚབ་ཏུ་འོས་པའི་སློབ་བུ་ཡིན་ན། པུསྟི། དུང་དཀར། ཕྱག་ཤིང༌། འཁོར་ལོ་ལ་སོགས་པ་སྤྲད་ཅིང་ཁྲི་ལ་མངའ་གསོལ་བ་གཞན་དང་མཐུན། དེ་ལྟར་ཐུན་མོང་གི་དབང་དྲུག་གིས་རགས་པ་ཕུང་ཁམས་སྐྱེ་མཆེད་དེ་བཞིན་ཉིད་དང་བཅས་པ་བྱིན་གྱིས་བརླབས་ནས། ཕྲ་བ་དཀྱིལ་འཁོར་བཞིར་སྐུ་བཞིར་བྱིན་གྱིས་རློབ་པར་བྱེད་པ་ཐུན་མོང་མ་ཡིན་པའི་དབང་བཞིའི་དང་པོ་ཕྱིར་མི་ལྡོག་པ་འཁོར་ལོའི་དབང་གི་སླད་དུ། སླར་ཡང་དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྣམ་པར་རྒྱལ་བའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ཤིག །རྣམ་རྒྱལ་བུམ་པས་དབང་བསྐུར་ལ། ཧཱུྃ། བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས། །ལྷ་དང་གཉིས་མེད་བདུད་རྩིའི་ཆུས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང༌། །ཀུན་ཏུ་འོད་ཀྱི་ས་ནོན་ཤོག །ཞི་ཁྲོའི་རྩ་སྔགས་དང༌། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རིགས་ཀྱི་བུ་ཁྱོད་ལ་ཐམས་ཅད་བརྟན་པར་བྱེད་པ་རྣམ་རྒྱལ་བུམ་པས་དབང་བསྐུར་བས། སྣོད་བཅུད་ལྷ་དང་གཞལ་ཡས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་ལྷ་དང་ལྷ་མོར་གནས་དག་པ་ཡིན་པས། ཕྱི་ནང་ཐམས་ཅད་ལ་བརྙས་པར་བྱས་ན་ལྟུང་བར་འགྱུར་བ་ཡིན་པས་དག་སྣང་དང་མོས་པ་གྱིས་ཤིག །རྗེས་གནང་གི་ཆས་རྣམས་གཏད་ན་འདི་ཡང་བརྗོད་དོ། །དེ་ལྟར་དབང་བསྐུར་བས་བྱེད་ལས་སུ་གཞན་དོན་སྒྲུབ་པར་རྗེས་སུ་གནང་བའི་རྟེན་འབྲེལ་དུ་སྐྱེ་འགྲོ་ཐམས་ཅད་ཆོས་ཀྱི་མངའ་འོག་ཏུ་འདུ་བའི་བརྡར་རྐང་འོག་ཏུ་འཁོར་ལོ། ཆོས་སྒྲ་རྒྱུན་མི་འཆད་པར་སྒྲོགས་པའི་ཕྱིར་ལག་གཡས་སུ་དུང༌། བསྡུ་བ་བཞིའི་ཕྲིན་ལས་མཚོན་པའི་ཆོས་ཀྱི་རྔ་བོ་ཆེ་གཎྜིའམ་ཕྱག་ཤིང༌། དེ་ཉིད་བཅུ་ལ་སོགས་པའི་རྡོ་རྗེ་སློབ་དཔོན་གྱི་ཕྲིན་ལས་རབ་འབྱམས་སྒྲུབ་པར་བཀས་གནང་བའི་རྟགས་སུ་རྡོར་དྲིལ་དང་རྒྱུད་ཀྱི་གླེགས་བམ་རྣམས་གཏད་པར་མོས་ཤིག །རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། ཁྱད་པར་བུམ་དབང་དང་རྗེས་སུ་འབྲེལ་བར་སྐུ་ཕྱག་རྒྱའི་དབང་བསྐུར་བ་སྟེ། མདུན་བསྐྱེད་ལྷ་ཚོགས་གཙོ་འཁོར་རྣམས་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་ལ་ཐིམ་པས། ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདན་གསུམ་ཡོངས་རྫོགས་དམ་པ་རིགས་བརྒྱའི་ཡེ་ཤེས་ལྷའི་སྐུ་དང་གཉིས་མེད་དུ་བྱིན་གྱིས་བརླབས་པའི་ནུས་པ་རྒྱུད་ལ་འཇོག་པར་མོས་ཤིག །སོ་སོའི་ཙཀླིས་དབང་བསྐུར་ཏེ། ཧཱུྃ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༌། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། །དབང་གི་སྤྱི་དོན་དུ་འདི་མེད། མཆན། ཀུན་བཟང་ཡབ་ཡུམ་གཉིས་ཀྱིས་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨ། ཨ་བྷི་ཥིཉྩ་མཾ། ཞེས་སོགས་དམ་པ་རིགས་བརྒྱའི་ལྷ་དབང་ཡོངས་རྫོགས་སྦྱར་མཐར། འདི་ལྟར་ཆོས་ཐམས་ཅད་དམ་པ་རིགས་བརྒྱའི་ངོ་བོར་དག་ཅིང༌། དེ་ཡང་རང་སེམས་ལྷག་པའི་བདེན་གཉིས་དབྱེར་མེད་གསང་ཆེན་རིགས་གཅིག་ཏུ་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོག་པ་བསྐྱེད། དེ་ལྟར་བུམ་པའི་དབང་གིས་ལུས་དང་རྩའི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང༌། ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་སྐུ་དང་ཡེ་ཤེས་སུ་འགྱུར་བའི་ས་བོན་ཐེབས། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་གོ །གསུམ་པ་གསང་བ་ཟབ་མོའི་དབང་ལ་སྦྱོར་དངོས་རྗེས་གསུམ་དུ་ཡོད་པའི་དང་པོ་སྦྱོར་བ་རྩ་ཁམས་བྱིན་གྱིས་བརླབ་པ་གསང་དབང་གི་སླད་དུ། བླ་མ་ཡབ་ཡུམ་དང་གཉིས་སུ་མེད་པའི་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་བདེ་བ་ཆེན་པོའི་ངང་དུ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་རྗེས་སུ་ཆགས་པའི་མེས་ཞུ་བ་སོ་སོའི་མཁའ་གསང་ནས་ཐོན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པ་འདི་ཉིད་ཁྱེད་རང་སློབ་མ་རྣམས་ལ་བྱིན་པའི་མོས་པ་མཛོད། གསང་རྫས་མགྲིན་པར་བཞག་སྟེ། ཧཱུྃ། ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ དཀར་དམར་བྷཉྫའི་ནང་དུ་བསྐྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྩ་ཁམས་ཡི་གེའི་རྣམ་པར་སྨིན༔ ཚེ་ལ་དབང་བའི་རིག་འཛིན་ཐོབ༔ པདྨ་ཅན་གྱི་ས་ནོན་ཤོག༔ རྩ་སྔགས་དང༌། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩི་སྦྱིན། དེ་ལྟར་མྱངས་བས་བྱང་སེམས་ཀྱིས་རྩ་ཁམས་ཐམས་ཅད་ལ་ཁྱབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེ་དང་རྗེས་སུ་འབྲེལ་བར་གསུང་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བའི་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང༌། སློབ་མའི་མགྲིན་པ་ནས་ཞུགས་སྙིང་གར་འཁོར་བ་དང་འགྱུ་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོར་རྫོགས་པར་མོས་ལ་ཞི་བར་བསྙེན་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ལན་གསུམ། ཁྲོ་བོར་སྒྲུབ་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ལན་གསུམ། ལས་སྦྱོར་རྩ་རིག་དང་ཞི་ཁྲོ་ཆིག་དྲིལ་ཡི་གེ་བརྒྱ་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པཱ་རི་ཤྭ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱག་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི། སརྦ་པཱ་པཾ་བི་ཤྭ་དྷ་ནི་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས། ས་མ་ཡ་སཏྭ་ཨཱ་ཧཱུྃ་ཕཊ། ལན་གསུམ། དེ་ལྟར་གསང་བའི་དབང་གིས་ངག་གི་ལས་དང་རླུང་གི་སྒྲིབ་པ་དག །བླ་མེད་ཀྱི་དམ་རྫས་ཁྱད་པར་ཅན་སྤྱོད་ཅིང་བཟླས་བརྗོད་དང་གཏུམ་མོའི་རྣལ་འབྱོར་ལ་དབང༌། རླུང་བཅུ་ལས་སུ་རུང་བའི་ཡོན་ཏན་ཐམས་ཅད་ཐོབ། ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་གོ །གཉིས་པ་དངོས་གཞི་དཔེའི་ཡེ་ཤེས་མཚོན་པའི་སླད་དུ། གཟུགས་དང་ལང་ཚོ་མཛེས་སྡུག་ཕུལ་དུ་བྱུང་ཞིང་མཚན་ཉིད་མཆོག་དང་ལྡན་པའི་རིག་མ་ལག་གཡོན་དུ་བྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧོཿ ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ། །བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་བྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་དང༌། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད་པས། རིག་མ་དེས་པདྨ་བྷཉྫ་མོ་ཀྵ་ཧོཿ ཞེས་པའི་སྒྲས་ཐར་པ་བསྟན་པ་ལ་བསྐུལ། རྗེས་སུ་ཆགས་པའི་རོལ་མོས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང༌། རྡོ་རྗེ་ནོར་བུའི་རྩེ་མོར་ལྷན་ཅིག་སྐྱེས་པའི་དཔེ་ཡི་ཡེ་ཤེས་མངོན་དུ་བྱས། སླར་གྱེན་དུ་ལྡོག་པས་མས་བརྟན་འབྲས་བུའི་དགའ་བཞི་དང་ཟུང་དུ་འཇུག་པའི་སྟོང་བཞིའི་འོད་གསལ་མཐར་ཐུག་བརྗོད་བྲལ་ཡེ་ཤེས་མངོན་དུ་མཐོང་བར་མོས་ཤིག །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་དང་ཐིག་ལེའི་སྒྲིབ་པ་དག །རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགགས། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་གོ །གསུམ་པ་རྗེས་དོན་གྱི་ངོ་སྤྲད་པ་བཞི་པ་ཚིག་གི་དབང་ལ་དངོས་དང་བཀའ་གཏད་རིག་པ་རྩལ་གྱི་དབང་གསུམ་ལས་དང་པོ་ནི། དེའང་བསྐུར་མ་ཐག་པའི་དབང་གསུམ་པའི་ཡེ་ཤེས་ཀྱི་དཔེས་ཆོས་དབྱིངས་སྤང་བླང་ལས་འདས་པའི་བརྡལ་བ་ཆེན་པོའི་ཡེ་ཤེས་ཀྱི་ཉམས་མྱོང་དྲན་པར་བྱས་ཏེ་ཐབས་ལ་བརྟེན་པའི་ཤེས་རབ་ཀྱིས་ངོ་སྤྲད་དེ། དབྱིངས་རིག་གཉིས་མེད་ཤེལ་དང་མེ་ལོང་གི་བརྡས་མཚོན་པར་བྱས་ནས་ཉམས་སུ་མྱོང་བར་མོས་ལ། མེ་ལོང་དང་ཤེལ་རྡོ་བསྟན་ལ། ཧོཿ ཀ་དག་མེ་ལོང་གཙང་མའི་ངོགས། །ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ། །བརྡ་རྟགས་རྫོགས་པའི་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང༌། དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ་མཉམ་པར་བཞག །དཔེ་ལས་ཐོབ་པའི་གསུམ་པའི་ཉམས་མྱོང༌། མྱོང་ཞེན་ཤེས་བྱའི་སྒྲིབ་པ་སེམས་རིག་ཤན་མ་ཕྱེ་བ་ཞིག་འཆར་ཉེ་བ་ན། ཕཊ། དྲག་པོ་ཞིག་བརྗོད་འཕྲལ། སེམས་གང་ཡིན། ཞེས་རྟབ་རྟབ་ཏུ་དྲིས་པས། སྣང་བ་ཧད་དེ། ཕྱད་དེ། ཅི་ཟེར་ཆ་མེད་པའི་འབྱུང་ཚོར་གྱི་སྤྲོས་པ་ཞི་བའི་རིག་པ་གུ་ཡངས་བསམ་ལས་འདས་པ་ཞིག་མི་འཆར་བའི་དབང་མེད་པས་དེ་ག་སེམས་ལས་འདས་པའི་རིག་པར་ངོ་སྤྲད་པ་ནི་ལྟ་བ་སྤྱི་འབྱམས་ཀྱི་དབང་ཞེས་བྱ་ཞིང༌། དེ་ལྟར་ངོ་སྤྲད་པའི་ལྟ་བ་ལུང་རིག་དང་འབྲེལ་པ་ཞེས་བྱ་བ་ཡིན་པས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་གསུངས་པའི་དོན་ལགས་སོ། །སློབ་དཔོན་ལྟ་དགོངས་དང་ལྡན་པ་ཡིན་ན། ཐུགས་ཀར་ཨ་གཅིག་བསམ་ལ་སློབ་མས་རིག་པ་གཏད་དེ་མཉམ་པར་བཞག་པའི་ངང་ནས་ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད། དེ་ནི་སྒོམ་པ་ཉམས་མྱོང་དང་འབྲེལ་བར་དགོས་པས་བྱིན་རླབས་འཕོ་བའི་དབང་ཞེས་བྱའོ། །དེས་དབང་བཞི་པ་ཐོབ་པས་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག །རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བསྒོམ་པ་ལ་དབང༌། ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་བཀའ་གཏད་ནི། བཀའ་རྫོགས་ལུང་རྫོགས་བྱ་བའི་ཕྱིར་སྙིང་ཐིག་གི་གླེགས་བམ་སྤྱི་བོར་བཀོད་ལ། ཧོཿ ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སིངྷ། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་པདྨ་ཐོད་ཕྲེང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་དྲི་མེད་འོད་ཟེར། ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས་པ། རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ། ཡི་དམ་མཁའ་འགྲོ་རྒྱ་མཚོ། ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། རྟོགས་པ་སྤར་དུ་གསོལ། བརྟུལ་ཞུགས་བསྐྱེད་དུ་གསོལ། བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ། ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། ཞེས་ལན་གསུམ་བྱ། གསུམ་པ་རིག་པ་རྩལ་གྱི་དབང་ནི། བཤད་སྒྲུབ་ཀྱི་བརྒྱུད་པ་འཛིན་པ་དག་ལ་ཐོད་རྒལ་རིག་པའི་རྩལ་དབང་བསྐུར་བ་ཡེ་ཤེས་བླ་མ་ལས་ཤེས་སོ། །ཞེས་གསུངས་པས་སྐབས་དང་འབྲེལ་ན་དེར་བལྟའོ། །འདིར་སྤྲོ་ཞིང་ནུས་ན་དབང་ཐོབ་པའི་ཕན་ཡོན། མ་ཐོབ་པའི་ཉེས་དམིགས། དམ་ཚིག་གི་རྣམ་བཞག་རྒྱས་པར་བཤད། འོ་དེས་ཞི་ཁྲོ་ངན་སོང་སྦྱོང་བའི་དཀྱིལ་འཁོར་ཆེན་པོར་དབང་བཞི་རྫོགས་པར་ཐོབ་པ་ཡིན་པས། གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་དབང་ལས་འབྱུང་བས་ཡོན་ཏན་བསམ་གྱིས་མི་ཁྱབ། དབང་མ་ཐོབ་ན་ཆོས་འདིའི་དཔེ་ཙམ་བལྟ་བ་ལ་མི་དབང་ཞིང་དབང་མ་ཐོབ་པའི་ཉེས་དམིགས་ཀྱང་ཤིན་ཏུ་ལྕི། ཁེ་ཉེན་གྱི་ནུས་པ་དེ་ལྟ་བུ་བསྐྱེད་པའི་དབང་སྲོག་དམ་ཚིག་དང་སྡོམ་པ་ཁོ་ན་ལ་རག་ལས་པས། དེའི་བསྲུང་བྱའི་རྣམ་གྲངས་ཀྱང་ཐུན་མོང༌། སྤྱི། ཁྱད་པར་དང༌། སྒྲུབ་པ། ལྷག་པ། རྩ་བ། ཡན་ལག་གི་བསྲུང་བྱ་མཐའ་དག་ཚུལ་བཞིན་སྲུང་སྙམ་པས་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། རྩ་བ་སྐུ་གསུང་ཐུགས་མཆོག་དང༌། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། །ཆོ་ག་བཞིན་དུ་སྲུང་བར་བགྱི། །ལན་གསུམ། དབང་བཞི་རྫོགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། སླར་ཡང་ལུས་དང་ལོངས་སྤྱོད་ཐམས་ཅད་བླ་མའི་ཕྱོགས་སུ་བསྔོ་བ་ནི་དམ་ཚིག་གི་ཐ་ཚིག་ཡིན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། །དེ་ལྟར་རིམ་པ་དབང་གི་ཆོ་ག་གསན་པའི་དགེ་བ་ཡང་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་སྤེལ་བའི་ཕྱིར་བསྔོ་སྨོན་ཟུང་འབྲེལ་གྱི་རྒྱས་འདེབས་འདི་ཆབས་ཅིག་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ཅིང་སློབ་མ་རྣམས་གྲོལ། གསུམ་པ་རྗེས་ཀྱི་ལས་ཁྲིགས་ནི། ཚོགས་ལ་རོལ། རྡོ་རྗེའི་གླུ་གར་བྱ། གཏོར་མ་བཏང༌། གཏང་རག་དང་དངོས་གྲུབ་བླང་བ་སོགས་གསང་བ་སྤྱིའི་འགྲོས་ལྟར་བྱའོ། །མཁྱེན་བརྩེའི་ཡེ་ཤེས་དགོངས་བཅུད་ཆེ། །བཀའ་གཏེར་ཟུང་འཇུག་ཞི་ཁྲོ་ཡི། །སྨིན་ལམ་འོད་ཟེར་སྤྲོས་འདིས་ཀྱང༌། །ངེས་གསང་པད་ཚལ་གཉེན་དུ་ངེས། ཅེས་རྒྱུད་སྡེའི་དགོངས་པ་གཙོར་བཏོན་ཞི་ཁྲོ་ངན་སོང་སྦྱོང་བའི་དབང་བསྐུར་གྱི་ལེའུ་ཚན་དང་པོ་སྟེ་འོད་གསལ་ཐུགས་མཆོག་རྡོ་རྗེས་སྦྱར་བའོ། ༈ རིགས་ཀུན་ཁྱབ་བདག་ཀུན་བཟང་འོད་མཐའ་ཡས། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གཅིག་བསྡུས་པ། །རིག་འཛིན་བླ་མའི་ཕྱག་རྒྱར་བཞེངས་པ་དེ། །རབ་དྭངས་ཡིད་ཀྱི་ཆུ་མཚོར་རྟག་པར་མཆོད། །དེ་ལ་འདིར་དབང་གི་སྤྱི་དོན་ལས། འདི་ལྟར་ཞི་ཁྲོ་དང་དཔལ་ཆེན་ཅི་རིགས་པའི་དཀྱིལ་འཁོར་གཅིག་ཏུ་འཇུག་པའི་ཆོ་ག་རྫོགས་པ་དག་ལ། རིག་འཛིན་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པའི་སྒོས་དབང་ནི། སོ་སོའི་ལས་གཞུང་གི་བདག་མདུན་བུམ་གསུམ་སྒྲུབ་ཅིང༌། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ལྟར་ནང་ནུས་པ་འཇུག་པའི་དབང་གི་ཆོག་པ་ཡིན་ནོ། །ཞེས་རྒྱུད་དང་སྒྲུབ་སྡེའི་རིང་ལུགས་ལ་གདམས་ཕྲན་གྱི་ས་ཆོད་ཆུང་བས་ཁོག་ཆེ་ཤོས་ཞི་ཁྲོ་དང་བཀའ་བརྒྱད་གང་རུང་གིས་འཛིན་དགོས་པར་དགོངས་ནས་དེ་ལྟར་གསུངས་ཀྱང་ཀུན་མཁྱེན་ཉིད་རིག་འཛིན་བླ་མའི་སྒྲུབ་སྐོར་གྱི་བཀའ་བབ་ཡིན་པས་རྩ་གསུམ་ཐམས་ཅད་བླ་མའི་ཕྱི་ནང་གསང་བའི་སྒྲུབ་ཚུལ་དུ་གཙོ་བོར་གསུངས་ཕྱིར་སྙིང་ཐིག་གི་ཆོས་སྡེ་ཆེན་པོ་འདིའི་འཕྲོ་གཞི་ལྟ་བུ་བླ་མ་རིག་འཛིན་འདུས་པ་ཉིད་ཡིན་པའི་དབང་གིས་ཕྱི་ནང་གི་འཇུག་པ་གཉིས་དང༌། སློབ་མའི་དབང་ལྔ་སོགས་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལྟར་མན་ངག་གི་དགོངས་པས་ཁ་བཀང་སྟེ་བསྐུར་བས་ལམ་ཀུན་གྱི་ཐོག་མའི་སྨིན་བྱེད་དུ་རུང་བར་མཁྱེན་ནས་རྩ་བའི་ཆོས་བདག་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་མཛད་པ་ཁམས་ཕྱོགས་སུ་དར་སྲོལ་ཤིན་ཏུ་ཆེ་རུང་དེའི་དཔེ་དངོས་མ་རྙེད་པས་དགོངས་དོན་མ་ཉམས་པར་འཆད་ན་དབང་དང་ཕྱག་བཞེས་ཀྱི་རྒྱུན་མི་འཆད་པར་ལེགས་པར་མཐོང་ནས་དོན་གྱི་དགོངས་པ་ནོར་འཁྲུལ་མེད་པར་འཆད་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། འདི་ལ་སྔོན་འགྲོ་སྟ་གོན་མཛད་སྲོལ་མི་འདུག་པས་དངོས་གཞིའི་དབང་བསྐུར་གྱི་རིམ་པ་སྟེ། གང་དུ་བྱ་བའི་གནས་སུ་གཞུང་མཐུན་རས་བྲིས་ཀྱི་དཀྱིལ་འཁོར་དང༌། མ་འབྱོར་ན་མཎྜལ་ལ་ཚོམ་བུ་གཙོ་འཁོར་དགུ་བཀོད་པས་ཀྱང་རུང་ཞིང༌། དལ་དབུས་མཉྫི་ལ་རིན་པོ་ཆེའི་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། གཡས་སུ་འདི་ཉིད་ཀྱི་གཞུང་པོད་གླེགས་བམ། མ་འཛོམས་ན་སྒྲུབ་ཐབས་སོགས་ཆོས་ཚན་དར་གྱིས་དྲིལ་བ། གཡོན་དུ་གསང་དབང་རྟེན་ཐོད་པ་བདུད་རྩིས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་གྱི་སྟེང་དུ་ཤེལ་རྡོ། ཤར་དུ་རྡོར་དྲིལ་བསྣོལ་མ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། དཀྱིལ་འཁོར་པའི་ལྷ་ཙཀ་ཡོངས་རྫོགས། རིག་ཙཀ །མཐའ་རྟེན་ཚེ་དབང་བྱེད་ན་ཚེ་བུམ། ཚེ་རིལ། ཚེ་ཆང༌། མདའ་དར་བཅས་གང་བདེར་བཤམས། །མིག་དར། མེ་ཏོག །རིག་འདུས་རྩ་གཏོར་དར་གདུགས་སྐུ་ཙཀ་གིས་བརྒྱན་པ། སྨན་རཀ །གཏོར་འབུལ། ཚོགས་མཆོད་སོགས་འོག་ཏུ་དགོས་པ་རྣམས་ཚང་བར་འདུ་བྱ། གཉིས་པ་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། སྤྱི་དང་བྱེ་བྲག་གི་བརྒྱུད་འདེབས་ནས་བརྩམས་ལས་བྱང་མཐར་ཆགས་སུ་བཏང་ལ་བདག་མདུན་དབྱེར་མེད་དུ་བསྒོམ། རྟོགས་པ་དམན་ན་ཛབ་ཁང་དབྱེ། བཟླས་པའི་སྐབས་གབ་བྱང་ལྟར་ཏིང་ངེ་འཛིན་གསལ་བཏབ་ལ་བསྙེན་སྒྲུབ་ཀྱི་བཟླས་པ་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་རིག་འཛིན་འདུས་པའི་དཀྱིལ་འཁོར་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཞེས་གསལ་བཏབ་ནས་གཟུངས་ཐག་བླང༌། བསྙེན་སྒྲུབ་ཀྱི་བཟླས་པ་བརྒྱ་རྩ་ལས་མི་ཉུང་བར་བྱ། ལས་བུམ་ནང་དུ་པད་ཉིའི་སྟེང༌། །པདྨ་དབང་ཆེན་སྐུ་མདོག་དམར། །པདྨའི་དབྱུག་ཐོ་ཞགས་པ་འཛིན། །དོར་སྟབས་ཡེ་ཤེས་མེ་ཀློང་འགྱིང༌། །སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན། བབས་པས་བུམ་པ་གང་བར་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་ཙམ་བཟླ། མཐར་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ། རྣམ་རྒྱལ་བུམ་པའི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། བཀའ་སྲུང་གཏོར་འབུལ་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དེ། དབང་དངོས་ལ། དང་པོ་ཕྱི་འཇུག་གི་ཐོག་མ་སློབ་མ་གཞུག་པ་ནི། ཁྲུས་དང་བགེགས་གཏོར་བསྔོ་བ་སྲུང་འཁོར་རྣམས་ལས་བྱང་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ། ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་མཚོན་བྱ་དོན་གྱི་མན་ངག་རང་བྱུང་གི་གསང་བ་ཆེན་པོ་ལ་མཚོན་བྱེད་བརྡ་དང་ཚིག་ཏུ་ཤར་བའི་རྒྱུད་ལུང་མན་ངག་ཐམས་ཅད་རྒྱལ་བ་རྣམས་ཀྱིས་ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས་པ་དང༌། མཁའ་འགྲོ་མས་དགོངས་པའི་རྩལ་གྱིས་ནམ་མཁའི་གཏེར་དུ་སྦས་པ་དང༌། རིག་འཛིན་རྣམས་ཀྱིས་འབྱུང་བས་མི་ཤིགས་པའི་སྒྲོམ་བུ་ལ་བརྟེན་ནས་སའི་གཏེར་དུ་སྦས་ཤིང༌། གདུལ་བྱ་འདུལ་བའི་དུས་སུ་སོན་པ་ན་ལས་ཅན་རྣམས་ཀྱིས་རྡོ་རྗེའི་རྒྱ་བཀྲོལ་ནས་མངོན་དུ་སྣང་བར་མཛད་པ་ལས། འདི་ནི་བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ༔ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེན༔ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པར་འབྱུང༔ ཞེས་དང༌། ཨོ་རྒྱན་ཆོས་རྗེ་གླིང་པའི་ལུང་བྱང་ལས། དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིང༔ བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལ༔ ཞེས་སྙིང་ཐིག་གི་རྫོགས་རིམ་དང༌། རིག་འཛིན་གྱི་བསྐྱེད་རིམ་ལ་བརྟེན་ནས་རིམ་པ་བཞིའི་རྣལ་འབྱོར་ལ་སྦྱོར་བའི་ལམ་སྟོན་དུ་གཏེར་ཁ་གསར་རྙིང་མང་པོ་ནས་རྡོ་རྗེའི་ལུང་གིས་བསྔགས་ཤིང༌། སྐུ་ཚེ་རིལ་པོར་དབེན་པར་སྒྲུབ་པའི་རྒྱལ་མཚན་བཙུགས་པས་འཕགས་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་གཟིགས་པའི་གྲུབ་པ་ཆེན་པོའི་སར་བཞུགས་པ་ལ་རྩོད་པ་མེད་པའི་ཚུལ་རྟོགས་བརྗོད་ཆུ་ཟླའི་གར་མཁན་ལས། མནལ་ལམ་དུ་ལྷོ་མོན་ཁའི་བྲག་གི་གུ་རུའི་ཞབས་རྗེས་ལས་དབང་བཞི་བླངས་པའི་རྐྱེན་གྱིས་ནང་དབྱིངས་ཁྱད་ཆོས་དྲུག་ལྡན་གྱི་གྲོལ་ས་མཐོང་བ་དང༌། རྔ་ཡབ་གླིང་དུ་གུ་རུ་བདེ་བ་ཆེན་པོ་དང་ཐུགས་ཡིད་འདྲེས་ནས་འོད་གསལ་གཞོན་ནུ་བུམ་སྐུའི་ཞིང་ཁམས་གཟིགས་པ་སོགས་ལ་བརྟེན་ནས་རྩ་ཁམས་ཀྱི་ཡི་གེ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བས་དམ་པའི་ཆོས་སྒོ་འཛད་མེད་ཀྱི་རོལ་མོ་འཁྲོལ་བར་གསུངས་པས། འོད་གསལ་བསམ་གྱིས་མི་ཁྱབ་པའི་དགོངས་པ་ལ་དབང་ཐོབ་པས་དོན་བརྒྱུད་རྫོགས་པར་བརྙེས་པ་དང་ཆབས་ཅིག་དེའི་རང་རྩལ་མཁའ་འགྲོའི་བརྡ་ཡིག་གསང་མཛོད་རང་ཤར་དུ་རྙེད་པས་དཔེ་དང་སྙན་བརྒྱུད་ཞར་བྱུང་དུ་རྫོགས་པས་ཐུན་མོང་མ་ཡིན་པའི་དགོངས་ཀློང་གི་གཏེར་རྒྱ་ནམ་མཁའ་མཛོད་ཀྱི་བརྡ་གྲོལ་བ་སྟེ་རང་གཏེར་གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས། དེ་དུས་ད་ལྟའི་རྗེ་འབངས་གྲོགས༔ བི་མ་རྒྱལ་སྲས་ལྷ་རྗེ་རྣམས༔ སྨོན་ལམ་ཐུགས་རྗེས་སྤྲུལ་པའི་སྲས༔ རང་བྱུང་རྡོ་རྗེ་པདྨ་དབང༔ གསང་མཚན་གར་དབང་འཇིགས་མེད་གླིང༔ རྟོགས་གྲོལ་དུས་མཉམ་ཐུགས་གཏེར་བདག༔ འཕགས་པས་རྗེས་སུ་བཟུང་བའི་རྟགས༔ ལག་གཡས་མཐིལ་ན་པདྨའི་སྤྱན༔ དབང་ཆེན་གསུང་གི་རིག་འཛིན་ཆེར༔ མཐེ་བོང་ཐུགས་སྲོག་ཧྱ་ཡིས་མཚན༔ རྟོགས་པ་ཀློང་དུ་གྱུར་པའི་རྟགས༔ ཚེམས་ལ་སྐྱེ་མེད་ཡི་གེ་ཨཿ སྙིང་རྗེ་ཆེ་ཞིང་རིག་པ་ཧུར༔ ཤེས་རབ་ཆེ་ཞིང་འཛིན་ཆགས་ཆུང༔ ཐུགས་སྒམ་ཚིག་བཙུན་བློ་གྲོས་ཟབ༔ ངེས་མེད་སྤྱོད་པ་ཅིར་ཡང་སྟོན༔ འཇིགས་པ་མེད་པའི་བརྟུལ་ཞུགས་ཅན༔ ཞུམ་མེད་སྣང་བ་ཟིལ་གྱིས་གནོན༔ དེ་ལ་ཐུགས་རྒྱུད་དངོས་གཏེར་རམ༔ ཡང་ན་དགོངས་གཏེར་ཚུལ་དུ་འབེབས༔ དངོས་ཉམས་རྨི་ལམ་མ་ངེས་པར༔ ང་དང་ཞལ་མཇལ་དོན་དབང་བསྐུར༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ༔ པད་འབྱུང་ང་དང་རིག་འཛིན་ཉིད༔ དགོངས་པ་གཅིག་དང་དབྱངས་གཅིག་འགྱུར༔ ཐེག་ཀུན་དགོངས་པའི་ཀློང་ནས་ཤར༔ རིག་འཛིན་དཔའ་བོ་མཁའ་འགྲོ་ཡིས༔ བསྐུལ་མ་ཐེང་གསུམ་དག་ཏུ་འོང༔ དེ་ཚེ་མི་བརྗེད་དྲན་པའི་གཟུངས༔ གཟེར་དྲུག་གནད་ཀྱི་ལྡེའུ་མིག་གིས༔ ཀློང་གསལ་དགོངས་པའི་གཏེར་ཁ་འབྱེད༔ ཅེས་རྡོ་རྗེའི་གསུང་གིས་ཇི་ལྟར་བསྔགས་པ་བཞིན་འོད་གསལ་དག་པའི་སྣང་ཆར་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གམ་དུ། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་སུམ་དུ་སྤྲད་པ་ལས་འོད་གསལ་རྡོ་རྗེ་སྙིང་པོ་ཀློང་ཆེན་སྙིང་གི་ཐིག་ལེ། ཟབ་དོན་མན་ངག་གི་བཅུད་མཛོད་འཛད་མེད་ནམ་མཁའ་མཛོད་ཀྱི་ཐུགས་གཏེར་ཆེན་པོ་གཏན་ལ་ཕབ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་སྟེ་གསང་བ་གསུམ་གྱི་བྱིན་རླབས་རྫོགས་པར་ཐོབ་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་ཀློང་དུ་མངོན་པར་བྱང་ཆུབ་པའི་རིག་འཛིན་ཆེན་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རམ། པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེ་ཞེས་འབྲེལ་ཚད་དོན་ལྡན་གྱི་བདག་ཉིད་ཆེན་པོ་གང་ལ་རིག་འཛིན་གྱིས་བསྐུལ་མ་ཀུན་མཁྱེན་ཆོས་རྗེའི་ཞལ་གཟིགས་བར་པ་ལ་གསུང་གིས་བྱིན་གྱིས་བརླབས་ཏེ་བརྡ་གྲོལ་མཛད་པ་དང༌། དཔའ་བོས་བསྐུལ་མ་དང་མཁའ་འགྲོས་བསྐུལ་མ་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ནས་སྨན་བཙུན་མཆེད་ལྔས་རང་གཟུགས་མངོན་སུམ་དུ་བསྟན་ཏེ་ཆོས་སྒོ་འབྱེད་བར་བསྐུལ་བས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་སློབ་དཔོན་ཆེན་པོས་དགྱེས་ཞལ་བསྟན་ཏེ་བར་ཆད་བསལ་བ་དང༌། སྔགས་ཀྱི་སྲུང་མས་སྙོམས་འཇུག་གི་བདེ་ཆེན་བསྟབས་ནས་སྐུ་ཚེ་དང་ཕྲིན་ལས་ཀྱི་རྟེན་འབྲེལ་གསོས་བཏབ་པ་ལ་བརྟེན་ནས། ཆོས་བདག་ལས་ཅན་གྱི་སྐྱེས་བུ་ནི། ཁྱད་པར་ད་ལྟའི་སྨོན་ལམ་མཐུས༔ ནམ་སྙིང་ཉང་བན་མཆོག་དབྱངས་དང༔ ལྷ་སྲས་སྤྲུལ་པས་ཆོས་སྒོ་འབྱེད༔ ཅེས་གསུངས་པས་ནམ་སྙིང་པྲ་ཏིའི་སྔགས་འཆང༌། ཉང་བན་འཇིགས་མེད་ཀུན་གྲོལ། མཆོག་དབྱངས་ཐེག་ཆེན་གླིང་པ། ལྷ་སྲས་མུ་རུབ་བཙད་པོ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་རྣམས་ལ་རིམ་གྱིས་ཆོས་གཏེར་ཆེན་པོ་འདི་ཉིད་འཆད་སྤེལ་གྱིས་སྒོ་ཕྱེ་ཏེ་རྒྱ་ཆེ་ལ་བྱིན་རླབས་ཆགས་པའི་ཕྲིན་ལས་ཀྱི་སྣང་བས་བོད་ཁམས་མཐའ་དབུས་རྒྱ་དཀར་ནག་སོགས་འཛམ་གླིང་གི་ཐ་གྲུར་བརྡལ་པས་སྔོན་ཆད་མ་གྲོལ་བའི་ལུས་ཅན་གྲངས་ལས་འདས་པ་གདོད་མའི་གྲོལ་གཞིར་དབུགས་དབྱུང་བའི་ཟབ་ཆོས་འདི་ཉིད་ལ་བྱིན་རླབས་ཀྱི་རྩ་བ་དཔལ་འདུས་རྩ་གཞུང་ལས། ཕྱི་ལྟར་བྱང་སེམས་ནང་རིག་འཛིན༔ གསང་བ་ལྟར་དུ་སྒྲུབ་སྡེ་བརྒྱད༔ ཅེས་གསུངས་པའི་ནང་སྒྲུབ་རིག་འཛིན་འདུས་པ་བླ་མ་ཞི་བའི་ཐུགས་ཏིག་སྟེ། དེ་ནི་རྩ་བ་གསུམ་ལས་འཁོར་ལོའི་དབང་ཕྱུག་རིག་འཛིན་བླ་མའི་གསང་གསུམ་རྡོ་རྗེའི་དབྱིངས་སུ་སྣང་གྲགས་རིག་པའི་ཆོས་ཉིད་དག་པ་ཆེན་པོར་ལམ་དུ་ཁྱེར་བའི་རིག་འཛིན་ཡབ་ཀའི་སྒྲུབ་སྡེ་འདི་ལའང་བསྐྱེད་རྫོགས་ལས་སྦྱོར་དང་བཅས་པ་ཟབ་རྒྱས་སུ་བཞུགས་པ་ལ། ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ནང་སྒྲུབ་རིག་འཛིན་ཞི་དྲག་གསུམ། །གསང་སྒྲུབ་ཐུགས་རྗེ་ཆེན་པོ། ཡང་གསང་ཀུན་མཁྱེན་བླ་མའི་སྒྲུབ་པ། ཞི་ཁྲོ་ངན་སོང་སྦྱོང་བ་བཅས་བཞུགས་པ་ལས། སྐབས་སུ་བབ་པ་བྱིན་རླབས་ཀྱི་རྩ་བ་བླ་མ་ཞི་བར་སྒྲུབ་པ་རིག་འཛིན་འདུས་པ་སྟེ། དེ་ནི་རྩ་རྒྱུད་ཐོད་པའི་དུམ་བུ་ལས། ཡེ་ཤེས་ལྟར་དུ་ཀློང་དགུའི་རྩལ༔ ཡི་དམ་ལྟར་དུ་སྒྲུབ་སྡེ་བརྒྱད༔ བྱང་སེམས་ལྟར་དུ་ཉེ་བའི་སྲས༔ རིག་འཛིན་ལྟར་དུ་འདི་ལྟར་ཏེ༔ ཨོ་རྒྱན་རང་བྱུང་མཁའ་འགྲོའི་གླིང༔ རོ་གླིང་བསིལ་བའི་ཚལ་ཆེན་དུ༔ གདན་འཛོམས་གདུལ་བྱ་དུས་བབ་ཚེ༔ འོག་མིན་གནས་སུ་ཧེ་རུ་ཀས༔ ལེགས་གསུངས་བདེ་གཤེགས་ཡོངས་རྫོགས་རྒྱུད༔ མཆོད་རྟེན་བདེ་བྱེད་བརྩེགས་པ་རུ༔ བསྩལ་པ་ལས་ཀྱི་དབང་མོ་ཆེས༔ ཕྱུང་སྟེ་རིག་འཛིན་བརྒྱད་ལ་གཏད༔ ཅེས་དང༌། ཀུན་ཀྱང་རང་རྒྱུད་མ་ཡིན་ཏེ༔ ལྷ་དང་བཀའ་བབ་ལྟར་བསྟན་ཡང༔ བསྒྲུབ་བྱ་སྒྲུབ་བྱེད་རོ་གཅིག་སྟེ༔ གདུལ་བྱའི་ངོ་རུ་སྣང་བ་ཙམ༔ དེ་བཞིན་ཡོངས་རྫོགས་རིན་ཆེན་སྒྲོམ༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ རྫུས་ཏེ་བྱོན་པའི་རིག་འཛིན་ལ༔ ལས་ཀྱི་དབང་མོ་ཆེ་ཡིས་གཏད༔ འདི་ནི་རིག་འཛིན་རྡོ་རྗེ་ཆོས༔ སྟོན་པ་རང་ཉིད་སྡུད་བྱེད་ཀྱི༔ ཚུལ་བཟུང་ཟབ་མོའི་གསང་བ་འཛིན༔ གཙོ་དང་འཁོར་གྱི་ཚོམ་བུའི་ཚུལ༔ ལྟར་དུ་བསྟན་པའི་མན་ངག་བཅུད༔ གསང་སྔགས་ཀུན་གྱི་འབྲས་བུ་སྟེ༔ མངའ་བདག་རྒྱལ་པོའི་ཆོས་སྐལ་ཡིན༔ ཞེས་གསུངས་པ་ལྟར་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་བྱེ་བྲག་ནི། སྤྱི་དཔལ་རྣམ་དགུ་རྡོ་རྗེ་སློབ་དཔོན་གྱི་གཟུགས་ཅན་དུ་བྱོན་པ་ལས་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་འདི་ནི་ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཐོག་མའི་མགོན་པོ་འོད་མི་འགྱུར་བ། ལོངས་སྐུ་ཚངས་པ་རྔ་སྒྲ་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ངེས་པ་ལྔ་ལྡན་གྱི་ཁྱབ་བདག་པདྨ་ཀུན་ཏུ་འཆང༌། འགྲོ་འདུལ་སྤྲུལ་པའི་ཆོ་འཕྲུལ་ཕྱོགས་བཅུའི་ཞིང་ཀུན་ན་ཚད་མེད་པའི་ཚུལ། མི་མཇེད་ཀྱི་ཞིང་གཅིག་ཁོ་ན་ལའང་བླ་མ་སྐུ་གསུམ། ཐོད་ཕྲེང་སྡེ་ལྔ། སྤྲུལ་སྐུ་མཚན་བརྒྱད། འཕྲུལ་མཚན་བཞི་བཅུ། མདོ་སྔགས་ཀྱི་སྟོན་པ་བརྒྱ་རྩ་སོགས་སྤྱི་དང་བྱེ་བྲག་གཙོ་དང་འཁོར་སྣ་ཚོགས་སུ་ཤར་བའི་ཆོ་འཕྲུལ་བཀོད་པ་བསམ་ལས་འདས་པའི་གཙོ་བོ་གདུལ་དཀའི་འགྲོ་བ་སྤྱི་དང་གངས་ཅན་གྱི་བླ་མའི་སྐལ་པ་གུ་རུ་རིན་པོ་ཆེ། རིགས་བདག་ཐེག་མཆོག་རྫོགས་པ་ཆེན་པོའི་སྟོན་པ་རྣམ་གཉིས་དང༌། རྡོ་རྗེའི་རིག་འཛིན་དགུ་སོགས་ཟུང་འཇུག་གི་ལམ་ནས་རྡོ་རྗེ་འཆང་གི་གྲལ་བརྙེས་སོ་ཅོག་གི་འཕགས་བོད་རིག་འཛིན་རྩལ་འཆང་ཐམས་ཅད་ཆིག་དྲིལ་གྱི་ཐུགས་སྒྲུབ་ཟབ་མོའི་མཐར་ཐུག་ཆོས་འདིའི་སྲོག་བཅུད་རྩ་སྒྲུབ་རིག་འཛིན་འདུས་པ་ཞེས་བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གཙོས་རྗེ་འབངས་གྲོགས་གསུམ་གྱི་ཆོས་སྐལ་དུ་གདམས་པའི་གནད་ཀྱི་ཞུན་ཐིག །སླར་ཡང་བོད་ཡུལ་ཕྱི་མའི་གདུལ་བྱའི་བགོ་སྐལ་དུ་སྣང་བར་མཛད་པ་སྟེ་འདི་ལའང་རྩ་དབང་རྒྱལ་ཐབས་སྤྱི་བླུགས་དང༌། དེ་ཉིད་མན་ངག་གིས་ཁ་བསྐང་སྟེ་ཆོས་ཀྱི་བདག་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཕྱག་བཞེས་ལྟར་རྒྱས་པར་སྤྲོས་པ་ཕྱི་ནང་གི་འཇུག་པ་དང་ཕན་ནུས་ཟབ་མོའི་དབང་དང་བཅས་པ་གཉིས་སུ་ཡོད་པ་ལས་ཕྱི་མ་ཉིད་སྒྲུབ་པ་ལ་མཎྜལ་ཕུལ། སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པས་དོན་གྱི་ཡེ་ཤེས་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཙཀྵ⁽11e2⁾་བྷནྡྷཝ་ར་མ་ཎ་ཡ་ཧཱུྃ། མིག་དར་འཆིང༌། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གི་ཆུན་པོ་ཁ་དོག་ལྔ་པ་ཕྱག་ཏུ་ཐོགས་མཛོད། ཨ་ཁཾ་བི་ར་ཧཱུྃ་གིས་མེ་ཏོག་གཏད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ ཐུགས་རྗེ་ཆེན་པོས་རྗེས་བཟུང་ལ༔ དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། དམ་ཚིག་སྲུང་བར་བཀའ་བསྒོ་ཞིང་སྣོད་ལྡན་དཀྱིལ་འཁོར་དུ་འཇུག་པར་གནང་བ་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། ཧོཿ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ འཇུག་པར་དཀའ་ལ་ཁེ་ཉེན་ཆེ༔ དམ་ཚིག་ཉམས་ན་བརླག་འགྱུར་བས༔ དམ་སྲུང་དབང་བསྐུར་སྦྱིན་པར་བྱ༔ བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་འགྲོ་བ་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཐའ་ཡས་སོགས་ལན་གསུམ། ཕ་མར་གྱུར་པའི་སེམས་ཅན་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་མ་ལུས་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་སྨོན་སེམས་དང༌། དེའི་ཆེད་དུ་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་རྩེ་མོའི་མྱུར་ལམ་བགྲོད་པར་བགྱིའོ་སྙམ་པའི་འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས། ཧོ༔ རིག་འཛིན་དཀྱིལ་འཁོར་སོགས་ལན་གསུམ། དེ་ནས་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པས་བསགས་སྦྱང་སྤེལ་གསུམ་བགྱི་བ་ལ། སྐྱེ་བ་མེད་པའི་ངང་ལས་སྐྱེ་བའི་ཆོ་འཕྲུལ་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་འོད་གསལ་བསམ་བརྗོད་ལས་འདས་པའི་ཡེ་ཤེས་དབྱིངས་གདོད་ནས་རྣམ་དག་རང་བྱུང་སྐུ་གསུམ་ལྷའི་དཀྱིལ་འཁོར་དུ་བཞུགས་པ་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མས་མཚམས་སྦྱར་ཏེ་རྟེན་ཐིག་ལེ་སྟོང་པའི་སྒྲོན་མས་མཚོན་པའི་དག་པ་དབྱིངས་ཀྱི་སྒྲོན་མའི་ཀློང་དུ་བརྟེན་པ་རིག་གདངས་སྤྲུལ་པའི་རྡོ་རྗེ་ལུ་གུ་རྒྱུད་དབང་པོས་མངོན་སུམ་མཐོང་བས་ལྷ་དང་ལྟ་བ་མཇལ་བའི་ཕྱག་འཚལ་ཞིང༌། དེ་ལས་འཇའ་ཚོན་ཟེར་ཐིག་ཉམས་སྣང་གོང་དུ་འཕེལ་པའི་མཆོད་སྤྲིན་རྒྱ་མཚོ་འབུལ་བ་དང༌། སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་རང་ཤར་བའི་རིག་པ་ཚད་ཕེབས་ཆེན་པོའི་ངང་དུ་འཁོར་གསུམ་གཟུང་འཛིན་གྱི་སྡིག་ལྟུང་བཤགས་ཤིང༌། ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་པའི་དག་པ་གཉིས་ལྡན་གྱི་འབྲས་བུ་ཟག་མེད་ཡེ་ཤེས་ཀྱི་ཚོགས་ཆེན་ཡོངས་སུ་རྫོགས་པ་ལ་རྗེས་སུ་ཡི་རང་བ་དང༌། ཕྱིར་གསལ་འཕོ་ཆེན་ཡེ་ཤེས་ཀྱི་སྐུའི་གསུང་རྡོ་རྗེ་རྒྱུན་གྱི་རྟག་པའི་ཀློང་དུ་རྫོགས་པ་ཆེན་པོའི་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་ཞིང་འཇའ་ལུས་རྡོ་རྗེའི་སྣང་བརྙན་ཆེན་པོ་ཇི་སྲིད་དུ་བཞུགས་པར་གསོལ་བ་འདེབས་པ་དང༌། དེ་ལྟ་བུའི་ཟག་མེད་ཡེ་ཤེས་ཀྱི་དགེ་ཚོགས་སྒྲིབ་གཉིས་རྩད་ནས་དག་པ་གཞོན་ནུ་བུམ་པ་སྐུའི་ཀློང་དུ། ཆོས་ཀྱི་དབྱིངས་ལ་མི་བསྔོ་བར་ཤེས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་སྟེ་ཁྱད་པར་ཅན་གྱི་ལྟ་སྒོམ་གྱི་གནད་དྲན་པས་འདིའི་རྗེས་ཟློས། ཧོ༔ ཆུ་ལས་ཆུ་བུར་སོགས་ལན་གསུམ། དེ་ཡང་དབང་ཐོབ་པ་དཀྱིལ་འཁོར་གྱི་བྱ་བས་ཐོབ་ཀྱང་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་པས་ཚོགས་ཞིང་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་པ་དཔང་པོའི་ཚུལ་དུ་བཞུགས་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་ཡིད་ཅན་སྲིད་ཞིའི་མཐའ་ལ་མི་གནས་པའི་ཟུང་འཇུག་ཆེན་པོའི་གོ་འཕང་ལ་འགོད་པའི་ལྷག་པའི་ཀུན་སློང་བྱང་ཆུབ་སེམས་དང་མ་བྲལ་བས་དམ་ཚིག་དང་སྡོམ་པའི་བསླབ་པ་རྒྱ་མཚོ་མཐའ་ཡས་བཟུང་ནས་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་ལ་བསླབ་པར་དམ་བཅའ་བ་འདིའི་རྗེས་ཟློས། བླ་མ་རིག་འཛིན་སྐྱབས་ཀྱི་མཆོག་ཏུ་འཛིན། །འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་ཅིང༌། །སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི། །དམ་ཚིག་སྡོམ་པ་རྟག་ཏུ་སྲུང་བར་བགྱི། །ལན་གསུམ། དེ་ནས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ། རིགས་ལྔ་བདེ་བར་གཤེགས་པ་དང༌། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། ཞེས་གསོལ་བ་བཏབ་པས། སྒོ་བ་གིང་ཆེན་སྡེ་བཞིས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེ་པར་མོས་ཤིག །ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ། དབྱེ་རྒྱ་བཅས་བརྗོད། ཡོལ་བ་བསལ། ཁྱེད་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས་བརྩམས་རིམ་པར་གཡས་བསྐོར་དུ་ཕྱིན་ཏེ་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་བྱ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱར་ལ་འདིའི་རྗེས་ཟློས། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ལན་བཞི་བརྗོད། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པར་མོས་ལ་ནང་འཇུག་གི་ཐོག་མ་དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད། ཆོས་ཐམས་ཅད་རང་བཞིན་གྱིས་སྤྲོས་བྲལ་འོད་གསལ་སྟོང་པ་ཉིད་ཀྱི་རང་མདངས་ལྷུན་གྲུབ་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་སྐད་ཅིག་གིས་རིག་འདུས་རྗེ་བཙུན་མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཆ་བྱད་ཅན་དཀར་ལ་དམར་བའི་མདངས་ཅན་ཕྱག་གཡས་སྡིགས་མཛུབ་དང་བཅས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་ནམ་མཁར་འཕྱར་བ། གཡོན་མཉམ་གཞག་གི་ཕྱག་རྒྱས་བྷནྡྷ་དང་ཚེ་བུམ་བཅུད་ལྡན་བསྣམས་པ། དབུ་ལ་པདྨའི་མཉེན་ཞུ་དང་སྐུ་ལ་ཕོད་ཀ་ཆོས་གོས་བེར་ཕྱམ་བརྩེགས་མར་གསོལ་བ། མཆན་ཁུང་གཡོན་དུ་རང་འོད་ཡེ་ཤེས་མཁའ་འགྲོས་འཁྱུད་ཅིང་ཞབས་རྒྱལ་པོ་རོལ་སྟབས་ཀྱིས་འཇའ་འོད་ཟེར་ཐིག་གི་ཀློང་ན་འགྱིང་ཞིང་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབ། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་མུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དང་ཁྱད་པར་བླ་མ་སྐུ་གསུམ་གྱི་ཞིང་ཁམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་པར་ནམ་མཁའ་གང་བར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་བརྟན་པོ་མཛོད། སྦྱར་བའི་སྤོས་བསྲེགས། ཌཱ་དྲིལ་དང་དབྱངས་ཀྱིས་བསྐུལ་ལ་ལས་བྱང་ལྟར། སྔོན་བསྐལ་མར་ཐོད་ཕྲེང་རྩལ་གྱི་ཛབ་མཐར། ཧཱུྃ་ཧཱུྃ་ཧཱུྃ་ཨཱ་རལླི་ཕེཾ་ཕེཾ་བཏགས་པ་བརྗོད། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཧཱུྃ་དང་རྡོ་རྗེས་རྒྱས་གདབ། སྔར་བྱིན་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་དོར་བར་ཞུ། ཀྱཻ། རིག་འཛིན་འདུས་པའི་དཀྱིལ་འཁོར་དུ། །འབྲེལ་བའི་མེ་ཏོག་འདི་དོར་བས། །ལས་འཕྲོ་གང་ཡོད་ལྷ་ལ་དབབ་པར་ཤོག །ཨོཾ་པུཥྤེ་སིདྡྷི་ཧཱུྃ། ཞེས་དོར་དུ་གཞུག །མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷས་སླར་ཡང་དབང་རྟགས་ཅོད་པན་དུ་བྱིན་པར་མོས་ཤིག །པྲ་ཏི་གྷྲྀ་ཧ་ན་ཨི་མཾ་སཏྭ་མ་ཧཱ་བཱ་ལ། རིགས་དང་མཐུན་པའི་གསང་མཚན་གདགས། མེ་ཏོག་སྤྱི་བོར་བཅིངས། དག་པ་ཡེ་ཤེས་ཀྱི་སྤྱན་གྱིས་ལྷ་དང་དཀྱིལ་འཁོར་མངོན་སུམ་དུ་མཇལ་བའི་རྟེན་འབྱུང་དུ་མིག་དབྱེ་བར་མོས་མཛོད། མིག་ཐུར་ཐོགས་ལ། སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། །ཁྱེད་ཀྱི་མ་རིག་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བ་ལྟར། །དེ་བཞིན་ཁྱེད་ཀྱིས་འགྲོ་བ་རྣམས། །ཡེ་ཤེས་སྤྱན་དུ་འབྱེད་པར་ཤོག །ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་གདོང་གཡོགས་བསལ། ཕྱག་ཤིང་གིས་མཐོང་བ་བསྟན་ཏེ། ཀྱཻ། རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བརྡའི་དོན་རྟགས་ཀྱིས་མཚོན་པའི་མཚོན་བྱེད་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དངོས་སུ་བཤམས་པ་དང་གཉིས་སུ་མེད་པའི་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡེ་ཤེས་རྡོ་རྗེ་སྲུང་བའི་འཁོར་ལོའི་ནང་དུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ་པདྨ་ཉི་མ་སྣ་ཚོགས་རྡོ་རྗེའི་རྭ་བཅུ་གཉིས་པའི་ལྟེ་བར་གནས་པ། རིན་པོ་ཆེའི་རྩིག་པ་ལྔའི་སྟེང་དུ་ཕ་གུ་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། ནང་ཀ་བ་བརྒྱད་ཀྱིས་བཏེགས་ཅིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབ་ཕྱུར་བུའི་རྩེར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། ཚད་དང་མཚན་ཉིད་ཐམས་ཅད་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ནང་དུ་སྣ་ཚོགས་པདྨ་ཉི་མ་ཟླ་བའི་སྟེང་དུ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་རིགས་ཀུན་འདུས་པའི་སྤྱི་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་མཆོག་སྣང་སྲིད་ཟིལ་གནོན་མ་ཧཱ་གུ་རུ་ཞལ་གཅིག་ཕྱག་གཉིས་མཚན་དཔེའི་གཟི་བརྗིད་དཔལ་དུ་འབར་བ། རྡོ་རྗེའི་གསང་གོས་དཀར་པོ། ཆོས་གོས་དམར་པོ། བེར་མདུང་སྔོན་པོ། ཕོད་ཆེན་མཐིང་ག་རྣམས་བརྩེགས་མར་གསོལ་བ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཕྱར་སྟབས་སུ་སྡིགས་མཛུབ་ཀྱིས་བསྣམས་ཤིང༌། གཡོན་མཉམ་བཞག་གིས་བྷནྡྷ་ཚེ་བུམ་བསྣམས་པ། ཞབས་རྒྱལ་པོ་རོལ་སྟབས་ཀྱིས་ལྷ་ལྕམ་མནྡྷཱ་ར་བ་གཅེར་བུ་གཞོན་མཛེས་ཅན་དང་གཉིས་མེད་དུ་འཁྲིལ་བ། རིགས་ལྔའི་དབང་རྟགས་རྫོགས་པས་དབུ་ལ་པདྨའི་མཉེན་ཞུ་ཅན། དབུ་གཙུག་ཏུ་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་རིག་འཛིན་དགའ་རབ་རྡོ་རྗེ། དེའི་དབུ་གཙུག་ཏུ་ཆོས་སྐུ་ཀུན་ཏུ་བཟང་པོ་བཅས་ཐེག་པ་མཆོག་གི་སྟོན་པ་རྣམ་གཉིས་ཐོ་བརྩེགས་སུ་བཞུགས་པ། ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ངོ་བོ་བཀའ་བབ་རིག་འཛིན་ཆེན་པོ་བརྒྱད་བརྟུལ་ཞུགས་གྲུབ་པའི་ཧེ་རུ་ཀའི་ཆས་ཀྱིས་ཌཱ་དྲིལ་དང་བཅས་རྡོ་རྗེའི་གར་སྟབས་བསྒྱུར་བ། སྟེང་ཕྱོགས་སུ་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་དྲུག་གི་ཡི་དམ། སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་སོགས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་དང༌། གཞལ་ཡས་ཁང་གི་སྒོ་བཞིར་རིགས་ཀྱི་གིང་ཆེན་བཞི་དང༌། དཀྱིལ་འཁོར་ཕྱིའི་ཁོར་ཡུག་ལ་དཔལ་མགོན་བདུན་ཅུ་རྩ་ལྔ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་པས་མཚོན་ཕྱོགས་དུས་སྐྱབས་ཡུལ་རབ་འབྱམས་མཐའ་དག་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་གཅིག་གི་ཡེ་ཤེས་ཀྱི་ཀློང་དུ་རྫོགས་པ་འདིས་མཚོན་བྱེད་དུ་བྱས་ཏེ་དབང་གིས་སྨིན་ཅིང་རིམ་པ་གཉིས་ཀྱི་ལམ་ལ་བརྩོན་པས་མཚོན་བྱ་དོན་གྱི་དཀྱིལ་འཁོར་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་ཀྱི་རྩ་རླུང་ཐིག་ལེའི་རྣམ་པར་དག་པའི་རང་བཞིན་དུ་རང་ལ་བཞུགས་པར་ཤེས་པས། ཡིན་ཚུལ་གཤིས་ཀྱི་དཀྱིལ་འཁོར་རང་རིག་གདོད་ནས་དག་པའི་བདག་ཉིད་དུ་ངོ་འཕྲོད་དེ་ཟུང་འཇུག་རྡོ་རྗེའི་གོ་འཕང་མྱུར་དུ་ཐོབ་པའི་ཕྱི་ནང་གཞན་གསུམ་གཉིས་མེད་དུ་ངོ་སྤྲད་པ་ཡིན་པས་དད་གུས་སྤྲོ་བ་རྒྱ་ཆེན་པོ་མཛོད་ཅིག །དེ་དག་གིས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་ནས། ད་དངོས་གཞི་དབང་བསྐུར་ཞུ་བའི་ཕྱིར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ནམ་མཁའ་རྡོ་རྗེས་རྒྱལ་བ་ལྔར། །སོགས་ནས་བརྩམས་ཐུན་མོང་རིགས་དབང་ལྔ་དང༌། ནང་ནུས་འཇུག་གི་དབང་དམ་ཚིག་གསུམ་སྦྱིན་པ། བུམ་དབང་རྗེས་གནང་དང་བཅས་པ་དང༌། བུམ་དབང་སྐབས་རྩ་སྔགས་མ་ཧཱ་གུ་རུ་སྦྱར་བའི་ཁྱད་པར་ལས་གཞན་ཞི་ཁྲོའི་སྐབས་ལྟར་མཐར་ཆགས་སུ་བཏང༌། དབང་གི་སྐབས་ཀུན་གཟིགས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་རྩ་སྔགས་མ་ཧཱ་གུ་རུ་སྦྱར་བར་མཛད་པ་རིག་འཛིན་སྣ་ཚོགས་རང་གྲོལ་ནས་དེ་ལྟར་མཛད་གསུངས་པས་སྒྲུབ་སྔགས་གཙོ་བོར་སྦྱར་ན་ལེགས་དགོངས་པ་དང༌། ཚེ་སྒྲུབ་ཀྱང་སྒྲུབ་སྔགས་ལ་སྦྱར་བའི་དགོངས་པ་ཡིན་ནམ་སྙམ། མཆན། རྗེས་འབྲེལ་སྐུ་ཕྱག་རྒྱའི་དབང་ལ། ཁྱད་པར་དུ་བུམ་དབང་དང་རྗེས་སུ་འབྲེལ་བར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་རང་འདྲའི་སྐུ་གཉིས་པ་སྤྲོས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ནས་དབང་བསྐུར་བས་རིག་འཛིན་བླ་མ་རྣམས་ཀྱི་བྱིན་རླབས་དང་གསང་བ་གསུམ་གྱི་ཡོན་ཏན་ཆིག་རྫོགས་སུ་རྒྱུད་ལ་འཕོས་པར་མོས་ཤིག །ལྷ་དབང་པདྨ་རཱ་གའི་ཕྲེང་བ་ལྟར་ཡོངས་རྫོགས་སྦྱར་ཏེ་སོ་སོའི་ཙཀླིས་དབང་བསྐུར་མཐར། དེང་ནས་བཟུང་སྟེ་རང་ལུས་སྣང་སྟོང་ལྷའི་སྐུ་བསྒོམ་པ་དང་མ་བྲལ་བས་སྣང་སྲིད་གཞིར་བཞེངས་རིག་འཛིན་བླ་མ་སྒྱུ་འཕྲུལ་དྲྭ་བའི་དག་ཆེན་ཡེ་ཤེས་ཀྱི་འཁོར་ལོར་ཤེས་པའི་བསྐྱེད་རིམ་དང་མ་བྲལ་བར་མཛོད་ཅིག །དེ་རྣམས་ཀྱིས་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་གསང་བ་ཟབ་མོའི་དབང་གསུམ་མཐའ་རྟེན་དང་ཡོངས་རྫོགས་གཏོར་མའི་དབང་བཅས་ལྔ་ལས། དང་པོ་གསང་དབང་གི་སླད་དུ་སློབ་དཔོན་རིགས་འདུས་ཐོད་ཕྲེང་རྩལ་རང་འོད་ཡེ་ཤེས་ཀྱི་མཁའ་འགྲོ་དང་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་བཅུད་བྷནྡྷའི་བདུད་རྩི་དང་རོ་གཅིག་ཏུ་བྱས་པ་མགྲིན་པར་བཞག་ཅིང་མྱང་བར་མོས་ཤིག །གསང་རྫས་བྱིན་ལ། ཧཱུྃ༔ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ དཀར་དམར་བྷནྡྷའི་ནང་དུ་བསྐྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྩ་ཁམས་ཡི་གེའི་རྣམ་པར་དག༔ ཚེ་ལ་དབང་བའི་རིག་འཛིན་ཐོབ༔ པདྨ་ཅན་གྱི་ས་ནོན་ཤོག༔ མ་ཧཱ་གུ་རུའི་མཐར། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་དུ་བཟླས་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བའི་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང༌། སློབ་མའི་མགྲིན་པ་ནས་ཞུགས་སྙིང་གར་འཁོར་བས་འགྱུ་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོར་རྫོགས་པར་མོས་ལ་འདིའི་རྗེས་ཟློས་མཛོད། བསྙེན་སྒྲུབ་ཀྱི་སྔགས་ལན་གསུམ་རྗེས་ཟློས་བྱར་གཞུག །དེ་ལྟར་བླ་མ་གསུང་རྡོ་རྗེ་ལོངས་སྐུའི་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་གཟུགས་དང་ལང་ཚོ་མཛེས་པ་ཕུལ་དུ་ཕྱིན་ཞིང་རིགས་དང་སྐལ་པ་མཆོག་དང་ལྡན་པའི་ཤེས་རབ་མ་ལག་ཏུ་བྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ ཆོས་རྣམས་ཀུན་གྱི་འབྱུང་གནས་ནི༔ བདེ་བ་ཆེན་པོ་གསང་བའི་ཡུམ༔ རིགས་ཀྱི་བུ་ལ་བྱིན་པ་ཡིས༔ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ འཁོར་ལོ་ཚོགས་ཆེན་ས་ནོན་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བྱིན་པའི་རིག་མ་དེས། པདྨ་བྷཉྫ་མོ་ཀྵ་ཧོ། ཞེས་ཐར་པ་བསྟན་པར་བསྐུལ་ཏེ་པང་དུ་བྱོན་པ་དང་འདུ་ཤེས་གསུམ་ལྡན་གྱི་རྗེས་སུ་ཆགས་པའི་རོལ་མོས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟར་བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེས་བྱིན་རླབས་ཞུགས། བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་བརྡ་ཚིག་གི་དབང་ལ། གཞི་ཀ་དག་གི་ལྟ་བ་མཚོན་པའི་མེ་ལོང་དྭངས་གསལ། ལམ་ལྷུན་གྲུབ་ཀྱི་སྒོམ་པ་མཚོན་པའི་འཇའ་ཚོན་ལ་བརྟེན་ནས་དཔེ་དོན་འབྲེལ་བའི་འོད་གསལ་གྱི་རང་ངོ་ལ་མཉམ་པར་ཞོག་ཅིག །ཤེལ་རྡོ་དང་མེ་ལོང་བསྟན་ལ། ཧོ༔ ཀ་དག་མེ་ལོང་གཙང་མའི་ངོགས༔ ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ༔ བརྡ་རྟགས་རྫོགས་པས་དབང་བསྐུར་བས༔ དྲི་མེད་རིག་པའི་གནས་ལུགས་རྟོགས༔ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས༔ བདེ་བ་ཆེན་པོའི་ས་ནོན་ཤོག༔ སྔགས་མཐར། དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ ཁྱེད་རང་རྣམས་ལུས་གནད་བསྲང་ལ་ཀ་དག་སྤྲོས་མཐའ་བྲལ་བའི་ངང་དུ་མཉམ་པར་འཇོག་འཚལ། ཞེས་རེ་ཞིག་བཞག་དེའི་ངང་ལ། ཕཊ། དྲག་པོ་ཞིག་བརྗོད། སེམས་གང་ཡིན། རྟབ་རྟབ་ཏུ་དྲིས་པས། སྣང་བ་ཧད་དེ་ཕྱད་དེ་ཅི་ཟེར་ཆ་མེད་པ་བྱུང་ཚོར་གྱི་སྤྲོས་པ་འགགས་པ་དེ་ཉིད་རང་གནས་ཀྱི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །དེའང་ལྟ་བ་ལུང་རིག་དང་འབྲེལ་བ་ཞེས་བྱ་བ་ཡིན་པས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་གསུངས་པའི་དོན་ལགས་སོ། །དེ་ནས་སློབ་དཔོན་ལྟ་དགོངས་ཅན་ཡིན་ན། ཐུགས་ཀར་ཨ་ཡིག་ཞིག་གསལ་བ་ལ་སློབ་མའི་རིག་པ་གཏད་དུ་གཞུག་ལ་དཔོན་སློབ་གཉིས་ཀ་མཉམ་པར་བཞག །སྒོམ་པ་ཉམས་མྱོང་དང་འབྲེལ་བའི་གཤིས་ནས་ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་དོ། །དེ་ལྟར་བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་དེ་ཁོ་ན་ཉིད་དོན་དམ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་མཐའ་རྟེན་བཀའ་ལུང་ཡོངས་རྫོགས་གཏད་པ་ཡིན་པས། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས་དེ་དག་གི་དགོངས་རྒྱུད་བྱིན་རླབས་མཐའ་དག་ཁྱེད་རང་གི་རྒྱུད་ལ་འཕོས། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཚིག་དང་དོན་གྱི་གསང་བ་མཐའ་དག་གི་དབང་ཆེན་ཐོབ་པར་མོས་ཤིག །གླེགས་བམ་མགོ་བོར་བཞག་ལ། ཧོཿ ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སིངྷ། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་པདྨ་ཐོད་ཕྲེང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་དྲི་མེད་འོད་ཟེར། ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས་པ་རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ། ཡི་དམ་མཁའ་འགྲོ་རྒྱ་མཚོ། ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། རྟོགས་པ་སྤར་དུ་གསོལ། བརྟུལ་ཞུགས་བསྐྱེད་དུ་གསོལ། བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་ཅིང་རིག་པ་གཏད་མེད་ངང་དུ་བཞག་ལ་དོན་བརྒྱུད་འཕོ། ལྔ་པ་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ། སྤྱིར་གཏོར་མ་ལ་བསྙེན་སྒྲུབ་ཀྱི་དུས་སུ་དཀྱིལ་འཁོར་དུ་ཤེས་པ་དང༌། མཆོད་པའི་དུས་སུ་འདོད་ཡོན་དུ་ཤེས་པ། དབང་གི་དུས་སུ་ལྷར་ཤེས་པ། རྗེས་དངོས་གྲུབ་ཏུ་ཤེས་པ་རྣམས་སུ་ཡོད་པ་ལས། འདིར་དབང་དུས་ལྷར་ཤེས་པར་བྱ་བ་ཡིན་པས་ཐུགས་དམིགས་འདི་བཞིན་དུ་མཛོད། རིག་འཛིན་བླ་མའི་གཏོར་ཆེན་འདི་ཉིད་ཕྱི་ལྟར་རིན་ཆེན་འབར་བའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ནང་ལྟར་ཐེག་མཆོག་རྫོགས་པ་ཆེན་པོའི་བླ་མ་སྐུ་གསུམ་ཐོ་བརྩེགས་སུ་བཞུགས་ཤིང༌། འཁོར་བཀའ་བབ་རིག་འཛིན་བརྒྱད་དང་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་ལྟར་གཏིབས་པ། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ལས་མཛད་པའི་བླ་མ་རིག་འཛིན་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། གཙོ་འཁོར་ཐམས་ཅད་ཀྱི་གནས་བཞིར་ཨོཾ་ཨཱཿཧཱུྃ་དང་ཧྲཱིཿཡིག་གིས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པ་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་འགལ་རྐྱེན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང༌། གནས་སྐབས་སུ་དབང་བཞིའི་ལམ་བསྒོམ་པ་དང༌། མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ལ། ཧཱུྃ། དཀྱིལ་འཁོར་གཙོ་བོ་པད་འབྱུང་ཡབ་ཡུམ་དང༌། འདི་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་རྡོ་རྗེའི་གསུང༌། མཆན། རིགས་བདག་དགའ་རབ་རྡོ་རྗེ་སེམས་དཔའ་ཆེ། །ཀུན་བཟང་ཡབ་ཡུམ་རྒྱ་གར་རིག་འཛིན་བརྒྱད། །རྗེ་རྒྱལ་འབངས་རིགས་ཉེར་ལྔ་ཡི་དམ་ལྷ། །རྒྱུད་སྡེ་བཞི་དྲུག་དཔའ་བོ་མཁའ་འགྲོའི་ཚོགས། །དཔལ་མགོན་བདུན་ཅུ་རྩ་ལྔ་དབང་ཕྱུག་མ། །ཉེར་བརྒྱད་སྒོ་སྐྱོང་གིང་ཆེན་བཞི་བཅས་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་རྣམས་ཀུན། །སྐལ་ལྡན་ལས་ཅན་རྣམས་ལ་བསྐུར་བ་ཡིས། །ལུས་ངག་ཡིད་གསུམ་སྒོ་གསུམ་ཆ་མཉམ་བཞིའི། །སྒྲིབ་བཞི་ཡོངས་དག་རིག་འཛིན་རྣམ་བཞིའི་ལམ། །སྐུ་བཞིའི་གོ་འཕང་ཐོབ་པའི་རྟེན་འབྲེལ་བསྒྲིགས། །མཐར་ཐུག་གཞོན་ནུ་བུམ་སྐུ་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གུ་ཎ་སིདྡྷི་ཏྲཱཾ། སརྦ་སིདྡྷི་ཧྲཱིཿ གཏོར་མ་གནས་སོ་སོར་བཞག རྗེས་དངོས་གྲུབ་ཏུ་ཤེས་པའི་ཕྱིར་གཏོར་མའི་ལྷ་འོད་དུ་ཞུ་བའི་གཏོར་ཟན་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་བ་མྱངས་བས་རྩ་ཁམས་ཐམས་ཅད་ལ་ཁྱབ། ཟག་མེད་ཀྱི་བདེ་བས་རྒྱུད་གང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་གཏོར་ཟན་དངོས་སམ། མཐའ་སྐོར་གྱི་མཐེབ་ཀྱུ་ལྟ་བུ་བདུད་རྩི་དང་སྦྱར་ནས་སྦྱིན། དེ་དག་གིས་དབང་བསྐུར་གྱི་རིམ་པ་ཡོངས་སུ་རྫོགས་པས་སྒོ་གསུམ་བྱ་བ་དང་བཅས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གསང་གསུམ་ཕྲིན་ལས་དང་བཅས་པ་གཉིས་སུ་མེད་པར་གྱུར་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་གོ་འཕང་ཐོབ་པར་གྱུར་པ་ལ། རྒྱལ་སྲིད་བདུན་གཏད་ལ། ཕྱིའི་རྟེན་འབྲེལ་བསྐལ་པ་རྫོགས་ལྡན་གྱི་དགའ་སྟོན་ལ་སྤྱོད་པའི་འཁོར་ལོས་བསྒྱུར་རྒྱལ་རྣམས་ལ་སྔོན་གྱི་རྣམ་དཀར་གྱི་མཐུ་ལས་སྣང་བའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་ས་གསུམ་འཇིག་རྟེན་ཀུན་ཏུ་དབང་བསྒྱུར་བ་དང༌། ནང་དུ་འཕགས་པའི་ནོར་བདུན་གྱི་འབྱོར་པས་ལམ་ལྔའི་ཡོན་ཏན་ལ་དབང་བསྒྱུར་བའི་བརྡར་རྒྱལ་སྲིད་རིན་ཆེན་བདུན་གྱི་འབྱོར་པས་མངའ་གསོལ་བར་མོས་ཤིག །བཀྲ་ཤིས་རྟགས་བརྒྱད་གཏད་ལ། བསོད་ནམས་བརྒྱ་ལས་གྲུབ་པའི་སངས་རྒྱས་རྣམས་ཀྱི་མཚན་དཔེའི་དཔལ་ལས་སྣང་བའི་བཀྲ་ཤིས་པའི་རྟགས་མཆོག་བརྒྱད་ཀྱིས་དབང་བསྐུར་བས་བདུད་དང་མུ་སྟེགས་སོགས་ཕས་རྒོལ་གྱི་གཡུལ་ལས་རྒྱལ་ཞིང་འགྲོ་ཀུན་དེ་བཞིན་གཤེགས་པའི་མཚན་རྟགས་སོགས་སྤྱོད་ཡུལ་རླབས་པོ་ཆེ་ལ་འཇུག་པའི་དབང་ཐོབ་པར་མོས་ཤིག །བཀྲ་ཤིས་རྫས་བརྒྱད་གཏད་ལ། སྟོན་མཆོག་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་འདྲེན་པར་བྱོན་ནས་འདུལ་བ་བཞི་ཡི་ཕྲིན་ལས་དང༌། མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་འདྲེན་པར་བྱོན་པའི་ཚེ་ལྷ་མིའི་དབང་པོ་དག་གིས་རྟེན་འབྲེལ་གྱི་རྫས་ཕུལ་བ་རྣམས་དུས་ཀུན་ཤིས་པ་སྤེལ་བའི་བཀྲ་ཤིས་གྲུབ་པའི་རྫས་མཆོག་བརྒྱད་དུ་བྱིན་གྱིས་བརླབས་པས་དབང་བསྐུར་བས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་རྟགས་ཀྱི་ཉི་མ་ཁོར་ཡུག་ཏུ་འཆར་བའི་དབང་ཐོབ་པར་མོས་མཛོད། དེ་དག་ནི་སྤྲོས་པ་མཚམས་པའི་དབང་དུ་བྱས་ཀྱི་རྒྱས་པར་གྲུབ་ཆེན་ཕྲིན་ལས་འོད་ཟེར་གྱི་གསུང་ལྟར་སྦྱར་དགོས་སོ། །ལས་བྱང་ནས་འབྱུང་བ་ལྟར་ཤིས་པ་བརྗོད། དེ་དག་རྣམས་ཀྱིས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་གི་ཐིག་ལེའི་ནང་སྒྲུབ་རིག་འཛིན་འདུས་པའི་དབང་བསྐུར་རྒྱས་པ་གྲུབ་ཆེན་རིན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་མན་ངག་ལུགས་ལྟར་ལེགས་པར་གྲུབ་པ་ལགས་པས་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཅི་ནུས་སུ་འབད་པས་བསྲུང་སྙམ་པས་འདིའི་རྗེས་ཟློས། རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་དང་གཅིག་པུ་ཕྱལ་བ་སོགས༔ ཆོ་ག་བཞིན་དུ་སྲུང་བར་བགྱི༔ ལན་གསུམ། གཏང་རག་གི་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཁྱབ་བདག་བླ་མ་ཉིད་ལ་འབུལ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཁྱེད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། །ལན་གསུམ། དགེ་བསྔོ་བྱས་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་ཚོགས་མཆོད། སྤྲོ་ན་བསྐང་བཤགས་རྡོ་རྗེའི་ཐོལ་གླུ་དང༌། རིག་འདུས་རང་གི་བསྐང་བ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གསུང་སོགས་སྦྱར་ཞིང་ཚོགས་ལ་རོལ། ལྷག་མ་ནས་ཤིས་བརྗོད་བར་གསང་བ་སྤྱི་ལྟར་མཐར་དབྱུང་བས་གྲུབ་བོ། །དེ་དག་གིས་འོད་གསལ་སྙིང་ཐིག་གི་རྩ་བའི་ཆོས་བདག་གྲུབ་ཆེན་རིན་པོ་ཆེ་ཀུན་བཟང་གཞན་ཕན་གྱི་གསུང་གི་དགོངས་པ་ལྟར་ཡིད་རྟོན་འོས་པ་ཡིན་ལ། གྲུབ་རྗེས་གསུང་དངོས་རྙེད་ན་དེ་ཉིད་གཙོ་བོར་བྱ་བ་ལས་ཡན་ལག་བརྒྱད་པའི་མཚོ་འགྲམ་དུ་བ་ཚྭའི་ཁྲོན་པ་ལ་ཡིད་གདུང་བར་མི་བྱའོ། །འདི་ལ་གཏེར་གཞུང་རྩ་བའི་དགོངས་པ་དངོས་བསྟན་རྒྱལ་ཐབས་སྤྱི་བླུགས་ལྟར་འབོག་ན་འཇམ་མགོན་པདྨ་གར་དབང་གི་གསུང་པདྨའི་དོ་ཤལ་ལྟར་ཤེས་པར་བྱའོ། །ཀུན་མཁྱེན་ཡེ་ཤེས་ཀློང་ལྔའི་མཛོད། །བརྩེ་ཆེན་ཐུགས་ཀྱི་ཐིག་ལེའི་བཅུད། །བྱིན་རླབས་རྩ་བ་བླ་མ་ཡི། །ཐུགས་སྒྲུབ་སྨིན་བྱེད་འོད་ཟེར་རྨད། །ཅེས་སྒྲུབ་སྡེའི་ཐོག་མ་བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་འདུས་པའི་དབང་བསྐུར་རྒྱས་པར་སྤྲོས་པའི་ལེའུ་ཚན་གཉིས་པ་སྟེ་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་སྦྱར་བའོ། ༈ བླ་མ་དྲག་པོ་དམར་ཆེན་རྟ་ཁྱུང་འབར་བའི་དབང་ལ་གྲུབ་ཆེན་རིན་པོ་ཆེ་ཀུན་བཟང་གཞན་ཕན་གསུང་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་རྡོ་རྗེའི་དོ་ཤལ། མཁྱེན་བརྩེ་རིན་པོ་ཆེའི་དབང་བསྡུས་གྲངས་བསགས་བཅས་རྡོ་རྗེའི་གསུང་དུ་མ་བཞུགས་བཞིན་པའོ། ༈ བདེ་ཆེན་སྣང་བ་རྒྱས་པའི་གཟི་འོད་ཀྱིས། །ས་གསུམ་ནང་གི་མུན་པ་སེལ་མ་ཐག །གྲུབ་གཉིས་ཀུན་དགའི་དགའ་སྟོན་རབ་གསལ་གཉེན། །བླ་མ་རྡོ་རྗེ་སེམས་དཔའ་རྒྱལ་གྱུར་ཅིག །རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མཆོད་བདེ་ཆེན་ལམ་བཟང་གི་ཁྱད་པར་གྱི་ཕྲིན་ལས་བདེ་ཆེན་སྙིང་པོའི་བྱེ་བྲག་རྡོ་རྗེའི་ཚེ་སྒྲུབ་པའི་ཆོ་ག་དང་འབྲེལ་བར་སློབ་མ་རྗེས་སུ་འཛིན་པའི་ཚུལ་ལ། ཁྱད་པར་གྱི་ཕྲིན་ལས་ལྟར་གཞུང་བསྲང༌། ཚེ་རྫས་ལ་ཚེ་འགུགས་བསྟིམ། ལས་བུམ་སྒྲུབ་པ། ཚོགས་བསགས་བཅས་གྲུབ་པ་དང་སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམས་ནས། དེ་ལ་འདིར་ཐེག་མཆོག་རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་གསེང་ལམ ལས་སྐུ་ཚེ་གཅིག་ལ་བདེ་ཆེན་རྡོ་རྗེ་སེམས་དཔའི་གསང་གསུམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་དབང་འབྱོར་བའི་ཀུན་མཁྱེན་གྲུབ་བརྒྱའི་དཔྱིད་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ལ་དབྱིངས་ཀྱི་མཁའ་འགྲོས་ཟབ་རྒྱས་ཆོས་ཀྱི་གསང་མཛོད་གཏད་པའི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྐོར་ཟབ་རྒྱས་བཞུགས་པའི་ཡང་སྙིང་རྡོར་སེམས་མངོན་དགའི་ཞིང་སྦྱོང་གི་བླ་སྒྲུབ་རྩ་བ་ཙམ་རྒྱལ་བའི་དགོངས་བཅུད་མངོན་དུ་ཕྱུངས་པ། སླར་ཡང་རྗེ་དེ་ཉིད་ཀྱི་སྨོན་ལམ་ཐུགས་རྗེའི་ཆོ་འཕྲུལ་ཟད་མི་ཤེས་པའི་རོལ་རྩེད་གངས་ཅན་མཁས་གྲུབ་ཡོངས་ཀྱི་དད་དཔོན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་སྣང་དུ་ཀུན་མཁྱེན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་ཉེ་བརྒྱུད་དུ་བསྩལ་ནས་བླ་མ་མཆོད་པའི་གཞུང་རྩ་བ་ཡན་ལག་དང་བཅས་པའི་ཆོས་བཀའ་ཟབ་རྒྱས་ངོ་མཚར་རྨད་བྱུང་གི་ཚུལ་དུ་བཞུགས་པ་ལས་འདིར་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་རྒྱས་པ་ལས། བུམ་པ་མཆོག་ནི་བཟང་པོ་ཉིད། །ཚེ་བཞག་གནས་ནི་འདི་ཡིན་ཏེ། །ཡང་ནས་ཡང་དུ་འགུགས་བྱ་ཞིང༌། །མངོན་སུམ་སྨིན་པར་གྱུར་པ་དང༌། །དབྱིངས་སུ་ཡང་ནི་སྦ་བར་བྱ། །རྡོ་རྗེའི་གོ་ཆ་སྲུང་བ་ཡིས། །བརྟན་ཅིང་འཁོར་ལོས་དགག་པར་བྱ། །ཞེས་རྡོ་རྗེའི་ཚེ་སྒྲུབ་པའི་རྟེན་དང༌། འགུགས་པ་དང༌། བསྟིམ་པ་དང༌། སྦ་བ་དང༌། སྲུང་བའི་ཚུལ་སོགས་རྒྱུད་ལས་རྒྱ་ཆེར་བྱུང་བ་མན་ངག་གིས་ལུང་དུ་བསྡེབས་ནས་བྱིན་རླབས་ཉེ་བརྒྱུད་ཀྱི་གཟི་བྱིན་འབར་བ་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་སྒྲུབ་པའི་ཐོག་མར་དབང་གི་ཆོ་ག་ཟབ་མོས་རྒྱུད་སྨིན་དགོས་པའི་ཕྱིར་དེ་ཉིད་གསན་པའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །སྒྱུ་འཕྲུལ་གཙོ་བོ་དགོངས་སུ་གསོལ། །རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི། །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ལན་གསུམ། ཡན་ལག་བརྒྱད་པས་རྒྱུད་སྦྱང་བ། བླ་མ་རྡོ་རྗེ་སེམས་དཔའ་སོགས། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་སོགས་ནས། ཏིཥྛ་བཛྲས་བརྟན་པར་བྱས་པའི་མོས་པ་མཛོད། བར་དབང་གཞུང་ལྟར་དང༌། ཚེ་འགུགས་ལ། བདག་མདུན་ལྷར་གསལ་བའི་ཐུགས་སྲོག་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་བརྟན་གཡོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཕོག་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་དང༌། སྟོང་ཁམས་འཇིག་རྟེན་ཐམས་ཅད་ཀྱི་འབྱུང་ལྔའི་དྭངས་མ་རྩི་བཅུད་སྐྱེ་འགྲོ་མཐའ་དག་གི་ཚེ་དཔལ་ནུས་སྟོབས་ལས་དང་བསོད་ནམས། ཁྱད་པར་ལྷ་ཀླུ་གནོད་སྦྱིན་རིག་འཛིན་གྲུབ་པ་སོགས་ཚེ་བསྐལ་པ་དང་མཉམ་པར་གནས་པ་རྣམས་ཀྱི་ཚེ་བཅུད་བཀྲག་དང་གཟི་མདངས། བན་བོན་མཐུ་བོ་ཆེས་རིག་སྔགས་ཀྱི་སྦྱོར་བ་དང༌། སྡེ་བརྒྱད་མ་རུང་པས་བླ་དང་ཚེ་སྲོག་ཁྱེར་བ་ལ་སོགས་པ་ཐམས་ཅད་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འུབ་ཀྱིས་བསྡུས་ནས་བསྒྲུབ་བྱའི་སྙིང་གར་ཐིམ་པས་དྭངས་མའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང་བས་སྔོན་ལས་འཕྲལ་རྐྱེན་ལས་བྱུང་བའི་ཚེ་ཐུང་བའི་མཚན་མ་ཐམས་ཅད་རབ་ཏུ་ཞི་ནས། ཚེ་མི་ཤིགས་པ་རྡོ་རྗེ། མི་འགྱུར་བ་གཡུང་དྲུང༌། མི་ནུབ་པའི་རྒྱལ་མཚན་དུ་བྱས་ཏེ་འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཚེ་མདའ་གཡབ་ལ། ཨོཾ། མགོན་པོ་སངས་རྒྱས་ཀུན་གྱི་བདག །སོགས་ཚེ་འགུགས་བྱ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ཏེ་ཚེ་ཡི་དབང་བསྐུར་དངོས་སྦྱིན་པ་ལ། ཚེ་འབྲང་བཀྲ་ཤིས་གཞལ་མེད་ཁང་གི་དབུས་སུ་རྡོ་རྗེ་སེམས་དཔའ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་བཞུགས་པའི་སྐུ་ལས་འོད་ཟེར་འཆི་མེད་བདུད་རྩིའི་ཟིལ་མངར་གྱི་རྒྱུན་ཆར་བབ་པ་ལྟར་བྲུལ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། དྭངས་མ་འཕོ་མེད་དུ་རྒྱས་བཏབ་པས། སྐུ་རྡོ་རྗེ་སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་པར་མོས་མཛོད། ཚེ་འབྲང་སྤྱི་བོར་བཞག་ལ། ཨོཾ། དཔལ་ལྡན་རིགས་རྣམས་ཀུན་གྱི་བདག །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །མི་འགྱུར་རྟག་པའི་དབང་བསྐུར་རོ། །རྩ་སྔགས་ལ་ཚེ་ཤམ་སྦྲེལ་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་དྭངས་མ་མྱངས་བས་མགྲིན་པའི་ལམ་བརྒྱུད་རྩ་གནས་ཐམས་ཅད་གང༌། བདེ་བའི་ཟིལ་གྱིས་ལས་རླུང་གི་འགྲོ་འོང་འཕོ་བའི་རྒྱུ་བ་འཛག་མེད་དུ་བཅིངས། གཞོམ་མེད་གསང་བའི་སྲོག་གྲུབ། གསུང་རྡོ་རྗེ་གཞོམ་གཞིག་མེད་པའི་ཚེ་ཡི་དབང་ཐོབ་པར་མོས་མཛོད། བདུད་རྩི་མགྲིན་པར་བཞག་ལ་མྱངས་ཏེ། ཨཱཿ དཔལ་ལྡན་རིགས་རྣམས་ཀུན་གྱི་བདག །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང༌། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །འགག་མེད་དབྱངས་ཀྱི་དབང་བསྐུར་རོ། །སྔགས་མཐར། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ དྭངས་མ་མི་ཤིགས་པའི་རྡོ་རྗེ་ཚེ་ཡི་རིལ་བུ་ལྕེ་རྡོ་རྗེ་རྩེ་གསུམ་པའི་ལམ་བརྒྱུད། སྙིང་གའི་ཉི་ཟླའི་གའུའི་དབུས་རླུང་རིག་སེམས་གསུམ་དབྱེར་མེད་པའི་ཐུགས་སྲོག་ཧཱུྃ་དང་ནྲྀ་ཨ་ཡིག་བཅས་ལ་ཐིམ། དྭངས་མ་གཡོ་རྩོལ་དང་བྲལ་བའི་བདེ་ཆེན་རྡོ་རྗེར་བརྟན། འཕོ་མེད་ཡེ་ཤེས་ཀྱི་སྲོག་གྲུབ། ཐུགས་རྡོ་རྗེ་གཡོ་འཁྲུལ་མེད་པའི་ཚེ་ཡི་དབང་ཐོབ་པར་མོས་མཛོད། རིལ་བུ་སྙིང་གར་བཞག་ཅིང་ཁར་བྱིན་ལ། ཧཱུྃ། དཔལ་ལྡན་རིགས་རྣམས་ཀུན་གྱི་བདག །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །འཁྲུལ་མེད་ཡེ་ཤེས་དབང་བསྐུར་རོ། །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། མཐར། ཚེ་ཡི་དྭངས་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་ལ་འདུས་སོགས་ནས། ཨ་དྷི་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་པར་བྱ་བའི་བར་ཚེ་འགུགས་མཐའ་བཞིན་སྦྱར་ལ་རྒྱས་གདབ། ཤིས་བརྗོད་ནས་དམ་ཚིག་ཁས་བླང༌། གཏང་རག །ཡོན་འབུལ། དགེ་བསྔོ་བཅས་བྱས་པས་གྲུབ་པོ། །ཀུན་མཁྱེན་དགྱེས་པའི་འཛུམ་འོད་ལས། །ཟབ་གསང་བཀའ་གཏེར་གདམས་པའི་དཔྱིད། །བརྩེ་ཆེན་འོད་ཟེར་མ་སྨད་མཐུས། །འདོད་རྒུའི་དཔལ་དུ་ཅི་དགར་འཇོ། །ཞེས་ཡི་དམ་ཞི་བ་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་བླ་མ་མཆོད་པ་ལ་བརྟེན་པའི་ཚེ་དབང་གི་མཛེས་རྒྱན་ལེའུ་ཚན་གསུམ་པ་སྟེ་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱིས་སྦྱར་བའོ། ༈ ཡེ་ཤེས་བདུད་རྩིའི་ཟེགས་མ་རེག་ཙམ་གྱིས། །འཁྲུལ་རྟོག་སྲིད་པའི་ཟུག་རྔུ་དཔྱིས་འབྱིན་ཏེ། །བདེ་ཆེན་ལང་ཚོའི་བརྟན་པ་རྒྱས་པའི་གཉེན། །རྡོ་རྗེ་སེམས་དངོས་དཔལ་ལྡན་བླ་མ་རྒྱལ། །རྡོར་སེམས་བླ་མཆོད་དེ་ཉིད་ཀྱི་བདུད་རྩི་སྨན་དབང་སྦྱིན་པ་ལ་དངོས་དང་ཞར་བྱུང་ངོ༌། དང་པོ་ནི་ཁྱད་པར་གྱི་ཕྲིན་ལས་ནས་ཇི་ལྟར་འབྱུང་བ་ལྟར་རམ། དབང་རྐྱང་གི་སྐབས་སུ་ཁྲོལ་སྒྲུབ་མ་བྱས་ཀྱང་རུང༌། གང་ལྟར་ཡང་དངོས་གྲུབ་བླང་ཞིང་ཛཔ྄་བཟླ་རིག་པའི་མེ་ཏོག་དོར་བའི་བར་དཀྱུས་ལྟར་གྲུབ་པའི་རྗེས། རྩ་བའི་དབང་གི་མཐའ་རྟེན་ནམ་བདུད་རྩི་སྒྲུབ་པའི་མཇུག་ཏུ་བྱ་བ་སྟེ། དེ་ཡང་རྒྱུད་ལས། བདུད་རྩིའི་མཆོག་ནི་མཉམ་པའི་དབྱིངས། །བདུད་རྩིའི་དོན་ནི་སྐྱེ་འཆི་མེད། །བདུད་རྩིའི་གནས་ནི་བྱང་ཆུབ་སེམས། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང༌། །བདག་དཔལ་ཚོགས་ཤིང་འགྲོ་དོན་མཛད། །སྨན་གྱི་བྱིན་རླབས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་སྔ་འགྱུར་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་གཙོ་བོ་རྡོ་རྗེ་ཉི་མའི་རིགས་ཆེ་མཆོག་བདུད་རྩི་ཡོན་ཏན་གྱི་སྒྲུབ་སྡེའི་མན་ངག་ལ་ངེས་པ་དང་དྲང་བའི་དོན་གྱི་བདུད་རྩི་སྣང་སྲིད་དག་མཉམ་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱར་གཏད་ལ་བླངས་ཏེ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་གསེང་ལམ་རྨད་དུ་བྱུང་བ་སྟེ། གཟུང་འཛིན་གཉིས་སྣང་གི་ལས་ཉོན་གྱི་བདུད་ཚོགས་གདོད་ནས་རྣམ་པར་དག་པའི་གནས་ལུགས་ཀྱི་ལྟ་བ་ཆོས་ཀྱི་རྩི་མཆོག་ཏུ་དག་པའི་དབང་གིས། དུག་ལྔའི་གཅོང་ནད་ཡེ་ཤེས་ལྔ་ཡི་བཅུད་ཀྱིས་ལེན་པའི་སྨན་གྱི་མཆོག་ཏུ་བསྒྱུར་བའི་ཕྱིར་ཕུང་ཁམས་རིགས་ལྔ་ཡབ་ཡུམ་གྱི་དཀྱིལ་འཁོར་དུ་ཤར་བའི་རྟགས་ཀྱི་བདུད་ལ་དེ་དང་རྣམ་པ་མཐུན་པའི་ལྷ་སྔགས་ཏིང་འཛིན་གྱི་གཟེར་གདབ་པ་དོན་གྱི་བདུད་རྩིའི་རྣལ་འབྱོར་ཆེན་པོས། རྫས་ཀྱི་བདུད་རྩི་ཤ་ལྔ་བདུད་རྩི་ལྔ་རྩ་བ་བརྒྱད་དང་ཡན་ལག་སྟོང་གི་རྩི་སྨན་གྱི་སྦྱོར་བས་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་དམ་རྫས་ལ་བརྟེན་ནས་དོན་གཉིས་ལྷུན་གྲུབ་ཀྱི་ཕྲིན་ལས་རྨད་དུ་བྱུང་བའི་ཚུལ་བཀའ་གཏེར་དག་སྣང་གི་ཆོས་སྒོ་དུ་མར་བྱོན་པ་ལས། སྐབས་སུ་བབ་པ་ཆེ་མཆོག་བདུད་རྩི་གྲུབ་པའི་སློབ་དཔོན་པཎ་ཆེན་བི་མ་ལ་མི་ཏྲ་དང༌། མངའ་བདག་ཁྲི་ལྡེ་ཁུ་དབོན་ཟུང་གི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་ཤིང་ཚད་མས་གྲུབ་པ་འབྲེལ་ཚད་དོན་ལྡན་གྱི་རིག་འཛིན་ཆེན་པོ་ཀུན་མཁྱེན་འཇིགས་མེད་གླིང་པ་དང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྣམ་གཉིས་ལ་དབང་དང་སྒྲུབ་ཕྲིན་གྱི་རིམ་པ་ཉེ་བརྒྱུད་བྱིན་རླབས་ཀྱི་བཀའ་བབ་ཆུ་བོ་གཅིག་འདྲེས་རྡོ་རྗེ་སེམས་དཔའི་བླ་མཆོད་བདེ་ཆེན་ལམ་བཟང་ལ་བརྟེན་པའི་མྱོང་གྲོལ་བདུད་རྩི་སྨན་གྱི་དབང་བསྐུར་བགྱི་བ་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ། བདག་གཞན་བླ་མེད་བསྙེན་སྒྲུབ་འདི་དག་གིས། །སྡིག་སྒྲིབ་ཉམས་ཆག་མ་ལུས་ཀུན་བྱང་ནས། །ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཅིང༌། །བྱིན་རླབས་རྩལ་དབང་གཟི་བརྗིད་ནུས་མཐུ་ལྡན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ལན་གསུམ། བཅུད་ལྡན་སྨན་གྱི་ཕོ་བྲང་འདི་ཉིད་བླ་མ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རིགས་ཀུན་འདུས་པའི་བདག་ཉིད་ཆེན་པོའི་ཡེ་ཤེས་ཀྱི་འཁོར་ལོ་ཡན་ལག་བདུན་དང་ཁ་སྦྱོར་བརྒྱད་ལྡན་ལུས་དཀྱིལ་གྱི་ལྷ་དང་བཅས་པ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་ཅིང་གསང་བ་གསུམ་གྱི་རྡོ་རྗེའི་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་ཆོས་ཀྱི་བདུད་རྩིས་སྣང་སྲིད་བདེ་ཆེན་དུ་ཤར། གསུང་རྫས་ཀྱི་བདུད་རྩིས་ཕུང་ཁམས་དྭངས་མར་སྨིན། ཐུགས་རྟགས་ཀྱི་བདུད་རྩིས་དུག་ལྔ་ཡེ་ཤེས་སུ་དག །ཡེ་ཤེས་དོན་གྱི་བདུད་རྩིས་ལྷན་སྐྱེས་རྣམ་པར་མི་རྟོག་རང་བྱུང་རྡོ་རྗེ་སེམས་དཔའི་མཁའ་ཁྱབ་ནམ་མཁའི་རྡོ་རྗེའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག ཧཱུྃ། རྟོག་འདུལ་དམ་ཚིག་བླ་ན་མེད། །དངོས་གྲུབ་ཀུན་གྱི་དབྱིག་ཆེན་པོ། །རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི། །སྐུ་གསུང་ཐུགས་ཀྱི་དབང་བསྐུ་ར་རོ། །ཞེས་དང༌། སྔགས་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གནས་གསུམ་དུ་རེག བདུད་རྩི་སྤྲུལ་པའི་དཀྱིལ་འཁོར་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་རླབས་ཡོངས་རྫོགས་རྒྱུད་ལ་བརྟན་པར་མོས་ཤིག །འཆི་མེད་ཀྱི་ཚེ་སྟེར་བ། ཉམས་ཆག་སྐོང་བ་སོགས་མཆོག་ཐུན་གྱི་དངོས་གྲུབ་མཐའ་དག་བདུད་རྩིའི་མཐུས་གྲུབ་པ་ལ་ངོ་མཚར་བའི་ཆེ་བ་བརྗོད་པ་འདིའི་རྗེས་ཟློས་མཛོད། ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཞེས་རྟོགས་པ་བརྗོད། བདུད་རྩི་བསྡུ་བ་པོ་འཇམ་དཔལ་རྣོན་པོ་ཡིན་པས་དཀྱིལ་འཁོར་བ་རྣམས་ཀྱིས་འཇམ་དཔལ་རྣོན་པོ་ལ་གཏད་ནས་གནང་བ་བྱིན་པར་བསམ་ལ་སློབ་དཔོན་གྱིས། བཛྲ་པྲ་བེ་ཤ་ཡ་ཕཊ། ཞེས་བརྗོད་དེ་སྨན་ཐོད་ལ་དཀྲིས་པའི་སྲད་བུ་བཀྲོལ་ནས་སྨན་ཁ་ཕྱེ་ལ། སརྦ་པཉྩ་ཨ་མྲྀ་ཏ་ཨ་བེ་ཤ་ཡ་ཨཱཿ ཞེས་བརྗོད་པས། བདུད་རྩིའི་དྭངས་མ་དཀར་དམར་མཐིང་གའི་འོད་ཀྱི་རྣམ་པར་བསམ། ནང་མཆོད་དང་སྦྱར་ལ་གཞུང་ལྟར་སྨན་མཆོད་དང༌། བརྒྱུད་པའི་མཚན་དོན་སྦྱར་ན་བརྒྱུད་འདེབས་ལྟར་ལ། ཚིག་རྐང་བཞི་པ། སྨན་མཆོད་འབུལ་ལོ་ཆོས་སྐུའི་ཡེ་ཤེས་སྐྱེད། སོགས་དང༌། ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་སྔགས་བཅས་སྦྱར། རྫོགས་པར་གྲུབ་རྗེས། བདུད་རྩི་སྙིང་པོ་ཅན་གྱི་དབུས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡི་གེ་གསུམ་གྱི་རྣམ་པ་ཅན། །དམ་ཚིག་ཕྱག་རྒྱ་གཉན་པོས་བླངས། །སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་གནས་གསུམ་དུ་ཐིག་ལེ་བྱས་ལ་མྱང༌། སློབ་མ་ལའང་སྦྱིན། དེ་དག་གིས་བདུད་རྩི་སྨན་གྱི་དབང་བསྐུར་གྲུབ་པ་སྟེ་ཕན་ཡོན་གྱི་རིམ་པའང་རྒྱུད་ལས། འཐུང་ན་ངན་སོང་སྒྲིབ་པ་འབྱང༌། །རྟག་བསྟེན་དངོས་གྲུབ་མཆོག་ཀྱང་འགྲུབ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང༌། །ལྷ་ལ་རྟག་ཏུ་མཆོད་བྱས་ན། །བདག་དང་གཉིས་སུ་མེད་པར་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་ན། །དྲག་པོ་གཏུམ་པོའང་ལྷན་ནེར་འགྱུར། །གཞན་ཡང་དངོས་གྲུབ་ཐམས་ཅད་ནི། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཅེས་སོགས་རྒྱ་ཆེར་བསྔགས་པའི་ཕན་ཡོན་ལ་སྤྲོ་བས་ཚུལ་བཞིན་སྒྲུབ་པའི་བདུད་རྩིའི་དམ་རྫས་ཀྱི་ཕུད་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་བདུད་རྩི་དང༌། སྲེག་རྫས་སུ་འབུལ། རིན་པོ་ཆེའི་གྭའུ་ལ་སོགས་པར་དངོས་གྲུབ་ཀྱི་རྟེན་སྤྱི་བོའམ་མགུལ་དུ་བཅངས་ནས་ཐུན་བཞིར་ཆག་མེད་དུ་རྣལ་འབྱོར་དང་ལྡན་པས་བསྟེན། མཁའ་འགྲོ་དང་ཆོས་སྐྱོང་ལ་གཏོར་མ་དང་མཉམ་དུ་འབུལ། སྒྲུབ་པ་པོ་དང་དོན་དུ་གཉེར་བ་གཞན་ལའང་ཅི་ནུས་སུ་སྦྱིན། སྒྲུབ་པའི་གནས་སོགས་ས་ཡི་དཔལ་དུ་མི་འཛད་པའི་གཏེར་དུ་སྦ་བ་དང༌། རྒྱ་མཚོ་དང་ཆུ་ཀླུང་དུ་འདོར་བ། བཟང་ཤིང་གི་བསང་སྤྲིན་རླུང་དང་སྦྱར་བས་སྣོད་བཅུད་ཀུན་ལ་ཁྱབ་པར་སྤེལ་བ་སོགས་འབྱུང་ལྔ་དང་སྦྱར་བའི་ཕྲིན་ལས་རྒྱས་པར་སྤེལ་ཞིང་མཐོང་ཐོས་དྲན་རེག་གྲོལ་བ་དྲུག་གི་ཕྲིན་ལས་རྒྱ་ཆེར་སྐྱོང་བའི་གཡར་དམ་བཟུང་དགོས་པའོ། །གཉིས་པ་ཞར་བྱུང་རིལ་བུའི་དབང་བསྐུར་སྐབས། རྩ་གཞུང་གི་བུམ་དབང་གྲུབ་པའི་རྗེས། རིན་པོ་ཆེའི་བུམ་པ་གཞལ་མེད་ཁང་གི་དབུས་སུ་རིལ་བུ་རྣམས་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ཆེན་པོར་བཞུགས་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་དཔག་ཏུ་མེད་པ་བྱུང༌། སློབ་མའི་སྒོ་གསུམ་ལ་ཐིམ་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས། རྟོག་སྒྲིབ་ཉམས་ཆག་ཐམས་ཅད་དག །བྱིན་རླབས་དང་དངོས་གྲུབ་མཐའ་དག་ཐོབ་པར་མོས་ཤིག །རིལ་བུ་སྤྱི་བོར་བཟུང་སྟེ། དབྱིངས་ཀྱི་བུམ་པར་རིག་པའི་ལྷ་ཚོགས་རྣམས། །ཡེ་ཤེས་ཐུགས་རྗེའི་གཟི་བྱིན་རབ་འབར་བས། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་བརླབས་ནས། །དངོས་གྲུབ་སྩོལ་ཞིང་བརྟན་པར་བཞུགས་སུ་གསོལ། །སྔགས་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བརྗོད་ཅིང་གནས་གསུམ་དུ་གཏུག། རིལ་བུ་ལྷར་གསལ་བ་རྡོ་རྗེ་ལྕེ་ཡི་ལམ་ནས་བརྒྱུད་དེ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་དབྱེར་མེད་པར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བྱང་ཆུབ་བར་དུ་བཞུགས་ཤིང་དབང་དང་དངོས་གྲུབ་སྩོལ་བར་མོས་ལ་ཡི་གེ་བརྒྱ་པ་བཟླ་བཞིན་དུ་རིལ་བུ་མིད། དེ་ལྟར་ཚུལ་བཞིན་བསྒྲུབས་པའི་དམ་རྫས་དེ་ཉིད་མྱང་བའི་ཕན་ཡོན་ཡང༌། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་གཞུང་ལས། དེ་ལྟ་བུ་ཡི་དམ་རྫས་དེ༔ གང་གིས་ཟོས་པས་ཉམས་ཆག་སྦྱངས༔ དམ་ཚིག་དངོས་གྲུབ་ཀུན་ཐོབ་ནས༔ འཕོ་མེད་བདེ་ཆེན་འགྲུབ་པར་འགྱུར༔ ཞེས་གནས་སྐབས་སུ་དམ་ཚིག་ཉམས་ཆག་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་བྱང་ཞིང༌། ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པ་དང༌། མཐར་ཐུག་བདེ་བ་ཆེན་པོ་ཁ་སྦྱོར་ཡན་ལག་བདུན་ལྡན་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་དཀའ་བ་མེད་པར་འགྲུབ་པའི་མ་བསྒོམས་སངས་རྒྱས་ཆོས་ཀྱི་གྲོལ་ལམ་ཕན་ཡོན་བསམ་མི་ཁྱབ་པའི་བདག་ཉིད་ཅན་གྱི་དབང་བསྐུར་གྲུབ་པའོ། །དབང་གཞུང་གི་གསང་དབང་ལ་འཇུག་དགོས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། །སྤྱོད་ཡུལ་ཟབ་རྒྱས་ཆོས་ཀྱི་སྙིང༌། །རྗེས་བརྩེའི་འཆར་ཀའི་འོད་ཟེར་གྱིས། །སྣང་འདི་སྐལ་བཟང་ཀུན་དགའི་དཔྱིད། །དཔལ་རྡོ་རྗེ་སེམས་དཔའི་བླ་མཆོད་དང་འབྲེལ་བའི་བདུད་རྩི་སྨན་གྱི་དབང་ཞར་བྱུང་དང་བཅས་པའི་ལེའུ་ཚན་བཞི་པ་སྟེ་ཕྲིན་ལས་རོལ་པའི་རྡོ་རྗེས་སྦྱར་བའོ། | ||
Latest revision as of 09:09, 1 June 2024
Wylie title | rdzogs pa chen po klong chen snying gi thig le'i rtsa gsum spyi dang bye brag gi dbang bskur gyi phreng ba bklag chog tu bkod pa zab gsang bdud rtsi'i sgo 'byed skal bzang kun dga'i rol ston | |
---|---|---|
Location | dil mgo mkhyen brtse bka' 'bum Volume 11, Text 27, Pages 158-325 (Folios 1a to 168b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇིགས་མེད་གླིང་པ་ ('jigs med gling pa) | |
Citation | Khyentse, Dilgo. Rdzogs pa chen po klong chen snying gi thig le'i rtsa gsum spyi dang bye brag gi dbang bskur gyi phreng ba bklag chog tu bkod pa zab gsang bdud rtsi'i sgo 'byed skal bzang kun dga'i rol ston. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 158-325. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le) | |
Colophon |
།དེ་ལྟར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྐོར་གྱི་དབང་འདི་དག་ལ་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལས། དེའང་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་དག་ལ་ནི་ཡི་གེ་འདི་ཙམ་གྱིས་མཚོན་ལ། གཞན་དུ་ལྷོངས་སུ་མ་གྱུར་པའི་གང་ཟག་རྣམས་ལ་ནི་མདོ་སྔགས་ཀྱི་ལམ་སྤྱི་དང་བྱེ་བྲག་དབང་གི་སྒྲོམ་ནས་ཁོང་དུ་ཆུད་པའི་སྐལ་པ་ཅན་ཉུང་བས་རང་དང་སློབ་མའི་དངོས་གྲུབ་ཀྱི་གེགས་སུ་འགྱུར་ཕྱིར་མདོ་སྒྱུ་སེམས་གསུམ་གྱི་རྒྱུད་སྡེའི་གནད་ལ་ངེས་པ་རྙེད་པར་མ་ནུས་ཀྱང༌། ཁོ་བོས་བྱས་པའི་གྲོལ་ཏིག་གི་དབང་ཆོག་མཁྱེན་བརྩེའི་དགོངས་རྒྱན་ལས་སྤྱི་དོན་ཤེས་པར་བྱ་བ་ཁོ་ནའོ། །ཞེས་རྗེས་སུ་བརྩེ་བས་བཀའ་བསྩལ་པ་བཞིན་ལགས་ཀྱང་རང་བཞིན་བརྒྱད་ལྡན་གྱི་དྲི་ཙམ་ཡང་མི་བྲོ་བ་བདག་ལྟ་བུ་ལས་ངན་གྱིས་དབང་བསྐུར་བྱེད་པའི་སློབ་དཔོན་བྱ་བའི་དུས་ཀྱི་མཐར་སླེབས་པའི་ཚེ། ཌཱ་ཀིའི་ཞལ་རླངས་འཐུལ་ཞིང་གསེར་ཞུན་མ་ལྟ་བུའི་ཟབ་ཆོས་འདི་དག་ལ་གཟུ་ལུམ་གྱིས་སྤྱོད་པའི་ཉེས་པས་རང་གཞན་ལ་ཕན་པ་ལས་གནོད་ཚབས་ཆེ་བ་འབྱུང་བར་རིག་ནས་གཏེར་གཞུང་རྡོ་རྗེའི་ཚིག་རྐང་ཧ་ཅང་བསྡུས་དྲགས། ཆོས་ཀྱི་སྤྱན་ལྡན་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་ཡིད་རྟོན་འོས་དག་དཔེ་ཐོབ་པའི་སྐལ་བ་མ་བྱུང་བས་འདི་ལྟ་བུ་ཞིག་མི་བྲི་ཀ་མེད་དུ་གྱུར་པ་སྟེ། སྔར་མདོ་ཁམས་སུ་རང་གནས་ལ་འཁོད་པའི་སྐབས་ཀུན་མཁྱེན་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཡང་གསང་བླ་མའི་སྒྲུབ་ཐབས་ཐིག་ལེའི་རྒྱ་ཅན་དང༌། ཡུམ་ཀའི་ནང་སྒྲུབ་བདེ་ཆེན་གཏེར་བུམ་གྱི་དབང༌། ཁྲག་འཐུང་རིགས་བཞིའི་སྒོས་དབང་རྣམས་བཀླག་ཆོག་ཏུ་བྲི་དགོས་པར་རྟེན་དང་བཅས་ཆེད་དུ་བཀའ་བསྩལ་ཞིང༌། ཁྲག་འཐུང་རིགས་བཞིའི་དབང་གི་སྤྱི་ཆིངས་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོས་མཛད་པ་བཅས་གནང་བ་བཞིན་བྲིས་ཏེ་སྤྱན་བསྟར་ཞུས་པས་དགྱེས་པའི་དབྱུག་དབྱུང་ཐོབ་ནའང་དེ་དག་ཀྱང་དཔེ་བརླག་པས་ཡིད་ཡུལ་དུ་གང་མཆིས་ལ་ཞིབ་དཔྱོད་དང༌། གཙོ་བོ་སྙིང་ཐིག་རང་གཞུང་དང་གྲོལ་ཏིག་དབང་ཆེན་རྣམས་གོ་བསྡུར་གྱིས་དོན་ཚང་འཇུག་བདེའི་ཁུལ་དུ་བྲིས་པ་འདི་ཡང་སྔ་འགྱུར་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་མཁྱེན་དཔྱོད་ཀྱི་ཆོས་སྤྱན་ཡངས་པ་རྡོ་རྗེའི་མཆེད་པོ་དར་ཐང་སྤྲུལ་པའི་སྐུ་ཀུན་དགའམ། མཚན་གཞན་ཡེ་ཤེས་རྡོ་རྗེར་གྲགས་པས་རིང་མོ་ནས་བསྐུལ་བ་བཞིན་སྙིགས་མའི་སྔགས་བན་ཧྲུལ་པོ་འཁོས་ཆུང་གྱི་ན་བ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རབ་གསལ་ཟླ་བར་འབོད་པའི་རྒྱལ་ཁམས་པ་དེས་རབ་བྱུང་བཅུ་དྲུག་པའི་བྱེ་བྲག་ཟིལ་གནོན་ཞེས་པ་མེ་རྟ་ལོའི་ས་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུ། ཐེག་མཆོག་ཆོས་ཀྱི་རྒྱལ་རྔ་སྒྲོགས་པའི་འཇིགས་བྲལ་གྱི་པཎྜི་ཏ་ཆེན་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་དུས་ཀྱི་མཆོད་པའི་ཉིན་དབུ་བརྩམས་ཏེ་རིམ་གྱིས་རྫོགས་པར་བྱས་པའི་གནས་རང་བྱུང་པདྨའི་སྒྲུབ་གནས་སྤ་གྲོ་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་རྡོ་རྗེའི་ཀེའུ་ཚང་དང་འདབས་འབྱོར་ཞིང༌། ཆོས་རྒྱལ་བྱང་ཆུབ་སེམས་དཔའ་སྲོང་བཙན་སྒམ་པོའི་སྐུའི་རིང་ལ་བཞེངས་པའི་མཐའ་འདུལ་གྱི་གཙུག་ལག་ཁང༌། བོད་ཡུལ་ཕན་བདེའི་བཙས་གྱུར་གྱི་ས་གནད། ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་འབྲུག་སྤ་གྲོ་སྐྱེར་ཆུའི་ལྷ་ཁང་དུ་སངས་རྒྱས་གཉིས་པ་མཁན་སློབ་ཆོས་གསུམ་གྱི་སྣང་བརྙན་གསར་བསྐྲུན་གྱི་ཞབས་ཏོག་བགྱིས་པའི་སྐབས་གསེང་རྣམས་སུ་བྲིས་ཤིང༌། སྙིང་པོའི་བསྟན་དང་བསྟན་འཛིན་ལ་དད་མོས་མཆོག་ཏུ་གྱུར་པ་བླ་མ་ཀུན་བཟང་རིག་འཛིན་རྡོ་རྗེས་ཀྱང་བསྐུལ་བ་བཞིན་སླར་ཡང་ཞིབ་དཔྱོད་དང་བཅས་ཡི་གེ་གཉིས་པར་འདུ་བར་མཛད་པ་པོ་ངེས་དོན་སྙིང་པོའི་རྣལ་འབྱོར་དབྱིངས་རིག་བྱང་ཆུབ་དབང་པོས་མཛད་པ་འདིས་ཀྱང༌། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླང་ནས་འབྲེལ་ཚད་ཀུན་བཟང་གདོད་མའི་གྲོལ་གཞིར་དབུགས་དབྱུང་ཞིང་གྲོལ་བ་དྲུག་ལྡན་གྱི་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བའི་རྒྱུ་ཁོ་ནར་གྱུར་ཅིག། | |
/de ltar rdzogs pa chen po klong chen snying gi thig le'i chos skor gyi dbang 'di dag la dbang gi spyi don snying po don gsal las/_de'ang rang bzhin brgyad ldan gyi rdo rje slob dpon dag la ni yi ge 'di tsam gyis mtshon la/_gzhan du lhongs su ma gyur pa'i gang zag rnams la ni mdo sngags kyi lam spyi dang bye brag dbang gi sgrom nas khong du chud pa'i skal pa can nyung bas rang dang slob ma'i dngos grub kyi gegs su 'gyur phyir mdo sgyu sems gsum gyi rgyud sde'i gnad la nges pa rnyed par ma nus kyang*/_kho bos byas pa'i grol tig gi dbang chog mkhyen brtse'i dgongs rgyan las spyi don shes par bya ba kho na'o/_/zhes rjes su brtse bas bka' bstsal pa bzhin lags kyang rang bzhin brgyad ldan gyi dri tsam yang mi bro ba bdag lta bu las ngan gyis dbang bskur byed pa'i slob dpon bya ba'i dus kyi mthar slebs pa'i tshe/_DA ki'i zhal rlangs 'thul zhing gser zhun ma lta bu'i zab chos 'di dag la gzu lum gyis spyod pa'i nyes pas rang gzhan la phan pa las gnod tshabs che ba 'byung bar rig nas gter gzhung rdo rje'i tshig rkang ha cang bsdus drags/_chos kyi spyan ldan mkhas grub gong ma rnams kyi gsung yid rton 'os dag dpe thob pa'i skal ba ma byung bas 'di lta bu zhig mi bri ka med du gyur pa ste/_sngar mdo khams su rang gnas la 'khod pa'i skabs kun mkhyen 'jam pa'i dbyangs chos kyi blo gros rin po ches yang gsang bla ma'i sgrub thabs thig le'i rgya can dang*/_yum ka'i nang sgrub bde chen gter bum gyi dbang*/_khrag 'thung rigs bzhi'i sgos dbang rnams bklag chog tu bri dgos par rten dang bcas ched du bka' bstsal zhing*/_khrag 'thung rigs bzhi'i dbang gi spyi chings thams cad mkhyen gzigs mkhyen brtse'i dbang pos mdzad pa bcas gnang ba bzhin bris te spyan bstar zhus pas dgyes pa'i dbyug dbyung thob na'ang de dag kyang dpe brlag pas yid yul du gang mchis la zhib dpyod dang*/_gtso bo snying thig rang gzhung dang grol tig dbang chen rnams go bsdur gyis don tshang 'jug bde'i khul du bris pa 'di yang snga 'gyur rdo rje snying po'i ring lugs la rgyu mtshan shes pa'i mkhyen dpyod kyi chos spyan yangs pa rdo rje'i mched po dar thang sprul pa'i sku kun dga'am/_mtshan gzhan ye shes rdo rjer grags pas ring mo nas bskul ba bzhin snyigs ma'i sngags ban hrul po 'khos chung gyi na ba 'jigs med mkhyen brtse'i 'od zer rab gsal zla bar 'bod pa'i rgyal khams pa des rab byung bcu drug pa'i bye brag zil gnon zhes pa me rta lo'i sa zla'i dmar phyogs kyi tshes bcu/_theg mchog chos kyi rgyal rnga sgrogs pa'i 'jigs bral gyi paN+Di ta chen po mi pham 'jam dbyangs rnam rgyal rgya mtsho'i dus kyi mchod pa'i nyin dbu brtsams te rim gyis rdzogs par byas pa'i gnas rang byung pad+ma'i sgrub gnas spa gro stag tshang seng ge bsam grub kyi rdo rje'i ke'u tshang dang 'dabs 'byor zhing*/_chos rgyal byang chub sems dpa' srong btsan sgam po'i sku'i ring la bzhengs pa'i mtha' 'dul gyi gtsug lag khang*/_bod yul phan bde'i btsas gyur gyi sa gnad/_lho ljongs chos kyi rgyal khab 'brug spa gro skyer chu'i lha khang du sangs rgyas gnyis pa mkhan slob chos gsum gyi snang brnyan gsar bskrun gyi zhabs tog bgyis pa'i skabs gseng rnams su bris shing*/_snying po'i bstan dang bstan 'dzin la dad mos mchog tu gyur pa bla ma kun bzang rig 'dzin rdo rjes kyang bskul ba bzhin slar yang zhib dpyod dang bcas yi ge gnyis par 'du bar mdzad pa po nges don snying po'i rnal 'byor dbyings rig byang chub dbang pos mdzad pa 'dis kyang*/_'od gsal rdo rje snying po'i bstan pa gzhir bzhengs su bslang nas 'brel tshad kun bzang gdod ma'i grol gzhir dbugs dbyung zhing grol ba drug ldan gyi phrin las rtag khyab lhun grub tu 'byung ba'i rgyu kho nar gyur cig/_ |