འདོད་དོན་རྗེས་སུ་བསྐུལ་བའི་བདེན་ཚིག་ངོ་མཚར་བཀྲ་ཤིས་གྲུབ་པའི་རོལ་མོ།

From Khyentse Lineage - A Tsadra Foundation Project
Wylie title 'dod don rjes su bskul ba'i bden tshig ngo mtshar bkra shis grub pa'i rol mo DKR-KABUM-11-DA-026.pdf
Location dil mgo mkhyen brtse bka' 'bum
Volume 11, Text 26, Pages 155-157 (Folios 1a to 3b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. 'dod don rjes su bskul ba'i bden tshig ngo mtshar bkra shis grub pa'i rol mo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 155-157. Delhi: Shechen Publications, 1994.
Genre Invocations - bskul ba
Colophon

།ཅེས་པའང་རབ་ཚེས་ཆུ་ཁམས་དཔལ་གྱི་གདོང་པའི་མཁའ་ལྡིང་དབང་པོ་ཀུན་ཏུ་དྲེགས་པས་བཟུང་བའི་གནམ་ལོའི་དབྱར་གྱི་དཔལ་མོའི་ལང་ཚོ་ཤིན་ཏུ་བརྡོ་བའི་སྙེམས་པས་ཛམ་བུའི་བྲིཀྵའི་སྐྱེ་དགུ་མཐའ་དག་ལ་ཀུན་དགའི་དུས་སྟོན་མི་ཟད་པར་སྟེར་བའི་སྣྲོན་ཟླ་བའི་ཚེས་དབང་བཅུ་ལ་བཀྲ་ཤིས་པའི་རྟགས་ཀྱིས་སྤུད་པའི་ཉིན་གཟའ་མཆོག་བདུད་རྩིའི་གོང་བུ་དང་རྒྱུ་སྐར་གྲོ་བཞིན་རྩེན་པའི་གྲུབ་པའི་སྦྱོར་བ་ནས་ཟླ་བའི་ཕུང་པོ་དྲུག་ཟུང་སྦྱོར་བའི་ཡུན་དུ་འདག་སྦྱར་གྱི་དམ་བཅའ་ལྷུར་བླང་བའི་སྐབས་བདེན་ཚིག་ཏུ་སྨོན་པ་རྟེན་འབྱུང་དགེ་མཚན་མི་ཟད་པའི་གནས་སུ་འགྱུར་བ་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱིས་དབུགས་འབྱིན་པར་མཛད་དུ་གསོལ།།

/ces pa'ang rab tshes chu khams dpal gyi gdong pa'i mkha' lding dbang po kun tu dregs pas bzung ba'i gnam lo'i dbyar gyi dpal mo'i lang tsho shin tu brdo ba'i snyems pas dzam bu'i brik+Sha'i skye dgu mtha' dag la kun dga'i dus ston mi zad par ster ba'i snron zla ba'i tshes dbang bcu la bkra shis pa'i rtags kyis spud pa'i nyin gza' mchog bdud rtsi'i gong bu dang rgyu skar gro bzhin rtsen pa'i grub pa'i sbyor ba nas zla ba'i phung po drug zung sbyor ba'i yun du 'dag sbyar gyi dam bca' lhur blang ba'i skabs bden tshig tu smon pa rten 'byung dge mtshan mi zad pa'i gnas su 'gyur ba kun mkhyen bla ma yab sras kyis dbugs 'byin par mdzad du gsol//

[edit]
༄༅། །འདོད་དོན་རྗེས་སུ་བསྐུལ་བའི་བདེན་ཚིག་ངོ་མཚར་བཀྲ་ཤིས་གྲུབ་པའི་རོལ་མོ་བཞུགས།།

༄༅། །ཨེ་མ་ཧོ། ཟབ་ཞི་འཕོ་མེད་ཆོས་དབྱིངས་བདེ་བ་ཆེའི། །རང་སྣང་སྐུ་གསུམ་ཤེས་རབ་སྒྲོན་མའི་སྤྲིན། །མཉམ་ཉིད་འཇམ་དཔལ་དགྱེས་པའི་ལང་ཚོ་དེས། །རྟག་ཏུ་སྙིང་གི་དཔལ་མོར་འཁྱུད་གྱུར་ཅིག །ཤིན་ཏུ་ཕྲ་བའི་ནང་དབྱིངས་བུམ་སྐུའི་སྦུབས། །རྒྱལ་ཀུན་འདུས་པའི་ཡེ་ཤེས་ཐིག་ལེའི་དཔྱིད། །ངེས་དོན་ཟུང་འཇུག་གྲུབ་པའི་རྡོ་རྗེ་བཞིས། །སྒོ་གསུམ་གསང་བའི་དབྱིག་ཏུ་བསྡོམས་པར་མཛོད། །སྤྲོས་ཀུན་ཀ་དག་རིག་པ་དྭངས་མའི་མདངས། །ལྷུན་གྲུབ་སྣང་བཞིའི་ལྟད་མོར་འབྱམས་པའི་མཐུས། །འོད་གསལ་འཇའ་ལུས་རྡོ་རྗེའི་མཚན་པའི་དཔྱིད། །མཐོང་བའི་ཆོས་སུ་གྲུབ་པའི་སྐལ་བཟང་སྩོལ། །རྣམ་པ་ཀུན་གྱི་མཆོག་ལྡན་བདེ་བའི་གཤིས། །སྐྱེ་མེད་གཉུག་མའི་དབྱིངས་དང་མི་ཕྱེད་པའི། །ཁ་སྦྱོར་རྡོ་རྗེ་སེམས་དཔའི་གྲུབ་པ་ཆེར། །འགྲོ་ཀུན་ངལ་འཚོའི་དབུགས་འབྱིན་ཆར་དུ་བསྙིལ། །དགོངས་པའི་ཀློང་ཆེན་ཞི་ལ་དགྱེས་བཞིན་དུ། །སྙིང་རྗེའི་རང་རྩལ་འབར་བའི་ཕྱག་རྒྱའི་གར། །རྡོ་རྗེ་གཞོན་ནུའི་ཕྲིན་ལས་ཕུར་བུའི་ཀློང༌། །རོ་གཅིག་ཟླུམ་པའི་དགའ་སྟོན་ལོངས་སུ་སྤྱོད། །བློ་བྲལ་དེ་བཞིན་ཉིད་ཀྱི་ཐིག་ལེ་ནི། །ཕྱིར་གསལ་ཡེ་གདངས་འོད་ལྔའི་དྲ་བའི་གར། །ཞིང་ཀུན་ཁྱབ་པའི་མཁའ་འགྲོའི་དབང་ཕྱུག་དེས། །ཆོས་ཀུན་ཟད་སར་འཁྱོལ་བའི་གཉེར་འཛིན་སྐྱོངས། །འགྱུར་མེད་བློ་མཆོག་བརྟན་པའི་སྐྱེད་མོས་ཚལ། །དད་གསུམ་ཡལ་འདབ་དར་བའི་མྱུ་གུའི་རྩེར། །ཁྱབ་བདག་བླ་མ་དགྱེས་པའི་སྣང་བ་དང༌། །ལྷན་ཅིག་གདམས་པའི་བདེ་ཆེན་བདུད་རྩིའི་སྙེམས། །སྒོ་གསུམ་སྲོག་དང་བཅས་པའི་གཉིས་སྐྱེས་དབང༌། །མོས་གུས་རྟེན་འབྱུང་ཟབ་མོའི་རིག་སྔགས་ཀྱིས། །དབང་བྱས་རྣམ་འདྲེན་བཀའ་ལུང་དབྱར་གྱི་རྔས། །ཐར་གྲོལ་སྒྲོ་རིས་ངོམས་ལ་དགའ་བས་དགོད། །གཅིག་ཆོག་རང་ཚུགས་བརྟན་པོའི་ཆུ་བའི་རྩེར། །ནོར་བའི་ཆོ་གས་བསྐྱོད་མིན་བློ་གཏད་ཀྱི། །སྒྲུབ་པའི་རྒྱལ་མཚན་རྣམ་པར་རྒྱལ་བའི་གོས། །སྲིད་འདིར་མི་ཉམས་རྟག་ཏུ་བརྟན་ལ་རེངས། །ངེས་འབྱུང་སྨན་ལྗོངས་རྒྱས་པའི་ལང་ཚོའི་ཟིལ། །ངོམས་པ་མིན་པས་རོལ་པའི་ཤ་ར་བྷ། །ཆོས་བརྒྱད་དགྲ་ཡི་ཕྲུ་མ་ལས་རྒྱལ་བཞིན། །གཏད་སོ་བཞི་ཡི་སྙེམས་པ་རྒུད་དུས་ཅི། །ཆགས་སྡང་འདུ་འཛིའི་སྤྲིན་རུམ་ལས་གྲོལ་བའི། །རིས་སུ་ལྷུང་མིན་ཕྲིན་ལས་འོད་སྣང་འབུམ། །ཕྱོགས་བྲལ་བསྟན་འགྲོའི་གཉེན་དུ་ངོམས་བཞིན་དུ། །གཅིག་ཏུ་མི་གནས་ཉིན་བྱེད་རྒྱུ་བ་སྤངས། །དགོངས་པའི་རྩལ་གསུམ་རྫོགས་པའི་གདོང་ལྔ་པ། །ཞི་བའི་རི་ངོགས་ཀེ་ལ་ཤར་འགྱིང་བཞིན། །སྒྲུབ་པའི་ཆེ་ཚུགས་ཚེ་དང་མཉམ་པའི་འགྱིང༌། །གཅིག་ཏུ་རྔམ་ལ་གོ་ཆའི་རྩེ་མོར་སོན། །ཟག་མེད་སྤང་རྟོགས་རིན་ཐང་དཔག་དཀའི་དབྱིག །གསང་བ་རྟོགས་དཀའི་སྒྲོམ་བུར་ལེགས་བཅུག་ནོར། །མི་མངོན་རང་བྱུང་མཛོད་དུ་བལྟམས་པ་འདིས། །ཕན་བདེའི་དཔལ་དང་འབྱོར་པས་བཏང་མི་སྲིད། །བགྲང་ཡས་ཆོས་ཚུལ་ལྷུན་པོའི་རྩེར་བཀོད་པའི། །རྡོ་རྗེ་སྙིང་པོའི་མཚོན་གྱིས་དཔའ་བའི་ལྷ། །གློ་བུར་སྦྱིན་སྐྱེས་ལྷག་མེད་བསྡོམ་པའི་མཐུས། །སྐུ་གསུམ་འབྲས་བུའི་འཆི་མེད་བདེ་བས་དྲེགས། །མཁས་པའི་ཕུལ་སོན་དགོངས་པ་ཀློང་ནས་བརྡོལ། །གྲུབ་པའི་རྩེར་ཕྱིན་རིག་པའི་རྒྱལ་ཐབས་སྐྱོངས། །ཟུང་འཇུག་རྣམ་ཐར་སྲིད་ཞི་ཡོངས་ཀྱི་རྒྱན། །དགེ་མཚན་སྣང་བས་ས་འདིར་བརྡལ་བར་མཛོད། །ཁྱད་པར་དགོངས་བརྒྱུད་ཡེ་ཤེས་སྣང་བའི་གཏེར། །གཞོམ་བྲལ་རྡོ་རྗེའི་མཁའ་ལ་འཆར་བའི་མཐུས། །ཐེག་མཆོག་ལྟ་སྒོམས་སྤྱོད་འབྲས་པད་དཀར་ཚལ། །འཕོ་ཆེན་སྦྲང་རྩིའི་ཟིལ་བས་གཏམས་གྱུར་ཅིག །བཀྲ་ཤིས་འཆི་མེད་ཟག་པ་རང་ཟད་དབྱིངས། །བདེ་བ་ཆེན་པོ་ཀུན་ཁྱབ་དམ་པའི་དཔལ། །སྲིད་ཞིའི་སྟོང་སྲོག་དུས་གཅིག་དབང་འབྱོར་ནས། །དོན་ཀུན་གྲུབ་པའི་བདེན་པས་མཛེས་གྱུར་ཅིག །ཅེས་པའང་རབ་ཚེས་ཆུ་ཁམས་དཔལ་གྱི་གདོང་པའི་མཁའ་ལྡིང་དབང་པོ་ཀུན་ཏུ་དྲེགས་པས་བཟུང་བའི་གནམ་ལོའི་དབྱར་གྱི་དཔལ་མོའི་ལང་ཚོ་ཤིན་ཏུ་བརྡོ་བའི་སྙེམས་པས་ཛམ་བུའི་བྲིཀྵའི་སྐྱེ་དགུ་མཐའ་དག་ལ་ཀུན་དགའི་དུས་སྟོན་མི་ཟད་པར་སྟེར་བའི་སྣྲོན་ཟླ་བའི་ཚེས་དབང་བཅུ་ལ་བཀྲ་ཤིས་པའི་རྟགས་ཀྱིས་སྤུད་པའི་ཉིན་གཟའ་མཆོག་བདུད་རྩིའི་གོང་བུ་དང་རྒྱུ་སྐར་གྲོ་བཞིན་རྩེན་པའི་གྲུབ་པའི་སྦྱོར་བ་ནས་ཟླ་བའི་ཕུང་པོ་དྲུག་ཟུང་སྦྱོར་བའི་ཡུན་དུ་འདག་སྦྱར་གྱི་དམ་བཅའ་ལྷུར་བླང་བའི་སྐབས་བདེན་ཚིག་ཏུ་སྨོན་པ་རྟེན་འབྱུང་དགེ་མཚན་མི་ཟད་པའི་གནས་སུ་འགྱུར་བ་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱིས་དབུགས་འབྱིན་པར་མཛད་དུ་གསོལ།། །།
[edit]

'dod don rjes su bskul ba'i bden tshig ngo mtshar bkra shis grub pa'i rol mo bzhugs// e ma ho/_zab zhi 'pho med chos dbyings bde ba che'i/_/rang snang sku gsum shes rab sgron ma'i sprin/_/mnyam nyid 'jam dpal dgyes pa'i lang tsho des/_/rtag tu snying gi dpal mor 'khyud gyur cig_/shin tu phra ba'i nang dbyings bum sku'i sbubs/_/rgyal kun 'dus pa'i ye shes thig le'i dpyid/_/nges don zung 'jug grub pa'i rdo rje bzhis/_/sgo gsum gsang ba'i dbyig tu bsdoms par mdzod/_/spros kun ka dag rig pa dwangs ma'i mdangs/_/lhun grub snang bzhi'i ltad mor 'byams pa'i mthus/_/'od gsal 'ja' lus rdo rje'i mtshan pa'i dpyid/_/mthong ba'i chos su grub pa'i skal bzang stsol/_/rnam pa kun gyi mchog ldan bde ba'i gshis/_/skye med gnyug ma'i dbyings dang mi phyed pa'i/_/kha sbyor rdo rje sems dpa'i grub pa cher/_/'gro kun ngal 'tsho'i dbugs 'byin char du bsnyil/_/dgongs pa'i klong chen zhi la dgyes bzhin du/_/snying rje'i rang rtsal 'bar ba'i phyag rgya'i gar/_/rdo rje gzhon nu'i phrin las phur bu'i klong*/_/ro gcig zlum pa'i dga' ston longs su spyod/_/blo bral de bzhin nyid kyi thig le ni/_/phyir gsal ye gdangs 'od lnga'i dra ba'i gar/_/zhing kun khyab pa'i mkha' 'gro'i dbang phyug des/_/chos kun zad sar 'khyol ba'i gnyer 'dzin skyongs/_/'gyur med blo mchog brtan pa'i skyed mos tshal/_/dad gsum yal 'dab dar ba'i myu gu'i rtser/_/khyab bdag bla ma dgyes pa'i snang ba dang*/_/lhan cig gdams pa'i bde chen bdud rtsi'i snyems/_/sgo gsum srog dang bcas pa'i gnyis skyes dbang*/_/mos gus rten 'byung zab mo'i rig sngags kyis/_/dbang byas rnam 'dren bka' lung dbyar gyi rngas/_/thar grol sgro ris ngoms la dga' bas dgod/_/gcig chog rang tshugs brtan po'i chu ba'i rtser/_/nor ba'i cho gas bskyod min blo gtad kyi/_/sgrub pa'i rgyal mtshan rnam par rgyal ba'i gos/_/srid 'dir mi nyams rtag tu brtan la rengs/_/nges 'byung sman ljongs rgyas pa'i lang tsho'i zil/_/ngoms pa min pas rol pa'i sha ra b+ha/_/chos brgyad dgra yi phru ma las rgyal bzhin/_/gtad so bzhi yi snyems pa rgud dus ci/_/chags sdang 'du 'dzi'i sprin rum las grol ba'i/_/ris su lhung min phrin las 'od snang 'bum/_/phyogs bral bstan 'gro'i gnyen du ngoms bzhin du/_/gcig tu mi gnas nyin byed rgyu ba spangs/_/dgongs pa'i rtsal gsum rdzogs pa'i gdong lnga pa/_/zhi ba'i ri ngogs ke la shar 'gying bzhin/_/sgrub pa'i che tshugs tshe dang mnyam pa'i 'gying*/_/gcig tu rngam la go cha'i rtse mor son/_/zag med spang rtogs rin thang dpag dka'i dbyig_/gsang ba rtogs dka'i sgrom bur legs bcug nor/_/mi mngon rang byung mdzod du bltams pa 'dis/_/phan bde'i dpal dang 'byor pas btang mi srid/_/bgrang yas chos tshul lhun po'i rtser bkod pa'i/_/rdo rje snying po'i mtshon gyis dpa' ba'i lha/_/glo bur sbyin skyes lhag med bsdom pa'i mthus/_/sku gsum 'bras bu'i 'chi med bde bas dregs/_/mkhas pa'i phul son dgongs pa klong nas brdol/_/grub pa'i rtser phyin rig pa'i rgyal thabs skyongs/_/zung 'jug rnam thar srid zhi yongs kyi rgyan/_/dge mtshan snang bas sa 'dir brdal bar mdzod/_/khyad par dgongs brgyud ye shes snang ba'i gter/_/gzhom bral rdo rje'i mkha' la 'char ba'i mthus/_/theg mchog lta sgoms spyod 'bras pad dkar tshal/_/'pho chen sbrang rtsi'i zil bas gtams gyur cig_/bkra shis 'chi med zag pa rang zad dbyings/_/bde ba chen po kun khyab dam pa'i dpal/_/srid zhi'i stong srog dus gcig dbang 'byor nas/_/don kun grub pa'i bden pas mdzes gyur cig_/ces pa'ang rab tshes chu khams dpal gyi gdong pa'i mkha' lding dbang po kun tu dregs pas bzung ba'i gnam lo'i dbyar gyi dpal mo'i lang tsho shin tu brdo ba'i snyems pas dzam bu'i brik+Sha'i skye dgu mtha' dag la kun dga'i dus ston mi zad par ster ba'i snron zla ba'i tshes dbang bcu la bkra shis pa'i rtags kyis spud pa'i nyin gza' mchog bdud rtsi'i gong bu dang rgyu skar gro bzhin rtsen pa'i grub pa'i sbyor ba nas zla ba'i phung po drug zung sbyor ba'i yun du 'dag sbyar gyi dam bca' lhur blang ba'i skabs bden tshig tu smon pa rten 'byung dge mtshan mi zad pa'i gnas su 'gyur ba kun mkhyen bla ma yab sras kyis dbugs 'byin par mdzad du gsol//__//

Footnotes

Other Information