DKR-KABUM-11-DA-011: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=དག་སྣང་གེ་སར་སྐྱེས་བུ་རྡོ་རྗེ་ཚེ་ཡི་རྒྱལ་པོའི་བསང་མདོས་དང་རླུང་རྟ་ཀ་འཛུགས་ཀྱི་ཆོ་ག་ཟུང་འབྲེལ་ཕྱོགས་ལས་རྣམ་རྒྱལ་ལྷ་ཡི་རྔ་སྒྲ། | |||
|fulltitle=dag snang ge sar skyes bu rdo rje tshe yi rgyal po'i bsang mdos dang rlung rta ka 'dzugs kyi cho ga zung 'brel phyogs las rnam rgyal lha yi rnga sgra | |||
|citation=[[Khyentse, Dilgo]]. ''Dag snang ge sar skyes bu rdo rje tshe yi rgyal po'i bsang mdos dang rlung rta ka 'dzugs kyi cho ga zung 'brel phyogs las rnam rgyal lha yi rnga sgra''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 11: 48-71. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Ritual and Liturgical Texts - cho ga phyag len, Smoke Offerings - bsangs mchod - lha bsang, Thread-cross Ceremonies - mdos chog | |||
|terma=No | |||
|dkroutline=Three | |||
|deity=ge sar | |||
|language=Tibetan | |language=Tibetan | ||
| | |volumenumber=011 | ||
| | |volnumtib=༡༡ | ||
|volyigtib=ད་ | |||
|totalvolumes=25 | |||
|textnuminvol=011 | |textnuminvol=011 | ||
|pagenumbers=48-71 | |||
|totalpages=47 | |||
|beginfolioline=1a | |||
|endfolioline=24a6 | |||
|totalfolios=24 | |||
|multivolumework=No | |||
|rectonotes=bsang mdos | |||
|versonotes=ge sar skor | |||
|colophontib=།ཅེས་པའང་ལྷ་རིགས་བདེ་ཆེན་རོལ་པ་རྩལ་གྱི་དག་སྣང་བསང་མདོས་དམ་ཅན་དགྱེས་སྐོང་དང༌། འཇམ་པའི་དབྱངས་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་རྡོ་རྗེའི་གསུང་གི་མན་ངག་གུང་སྡེབས་ཀྱིས་བཀྲ་ཤིས་དཔལ་འབྱོར་དོན་ཐམས་ཅད་གྲུབ་པའི་སྡེས་རང་ལོ་ཉེར་དྲུག་གི་སྟེང༌། གྲུབ་བརྒྱའི་སྤྱི་མེས་དམ་པ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་དཀར་པོ་ནང་གི་དབེན་ཁྲོད་རང་གནས་བསམ་གཏན་གྱི་ཁང་བུ་བདུད་འདུལ་རྣམ་པར་རྒྱལ་བའི་དགའ་ཚལ་དུ་བྲིས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེའི་དབུ་འཕང་སྲིད་རྩེར་བསྒྲེང་བའི་རྟེན་འབྱུང་དུ་སྨོན་པ་བཞིན་འགྲུབ་ཅིང་ཤྲཱི་བི་ཛ་ཡནྟུ། དགེའོ། །མངྒ་ལཾ།། | |||
|colophonwylie=/ces pa'ang lha rigs bde chen rol pa rtsal gyi dag snang bsang mdos dam can dgyes skong dang*/_'jam pa'i dbyangs mi pham phyogs las rnam rgyal gyi rdo rje'i gsung gi man ngag gung sdebs kyis bkra shis dpal 'byor don thams cad grub pa'i sdes rang lo nyer drug gi steng*/_grub brgya'i spyi mes dam pa sangs rgyas kyi byin gyis brlabs pa'i dkar po nang gi dben khrod rang gnas bsam gtan gyi khang bu bdud 'dul rnam par rgyal ba'i dga' tshal du bris pa 'dis kyang rgyal bstan rin po che'i dbu 'phang srid rtser bsgreng ba'i rten 'byung du smon pa bzhin 'grub cing shrI bi dza yan+tu/_dge'o/_/mang+ga laM// | |||
|pdflink=File:DKR-KABUM-11-DA-011.pdf | |pdflink=File:DKR-KABUM-11-DA-011.pdf | ||
}} | }} | ||
Line 17: | Line 36: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །དག་སྣང་གེ་སར་སྐྱེས་བུ་རྡོ་རྗེ་ཚེ་ཡི་རྒྱལ་པོའི་བསང་མདོས་དང་རླུང་རྟ་ཀ་འཛུགས་ཀྱི་ཆོ་ག་ཟུང་འབྲེལ་ཕྱོགས་ལས་རྣམ་རྒྱལ་ལྷ་ཡི་རྔ་སྒྲ་ཞེས་བྱ་བ་བཞུགས།། | {{TibP|༄༅། །དག་སྣང་གེ་སར་སྐྱེས་བུ་རྡོ་རྗེ་ཚེ་ཡི་རྒྱལ་པོའི་བསང་མདོས་དང་རླུང་རྟ་ཀ་འཛུགས་ཀྱི་ཆོ་ག་ཟུང་འབྲེལ་ཕྱོགས་ལས་རྣམ་རྒྱལ་ལྷ་ཡི་རྔ་སྒྲ་ཞེས་བྱ་བ་བཞུགས།། | ||
<br> | |||
༄༅། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། རྒྱལ་ཀུན་ཕྲིན་ལས་གོ་ཆ་འཆང༌། །མཁྱེན་བརྩེ་ནུས་གཏེར་མཚན་ཆེན་པོས། །སྙིགས་དུས་འགྲོ་སྐྱོབ་མཚོ་སྐྱེས་རྗེ། །དབྱེར་མེད་དགྲ་བླའི་རྒྱལ་པོར་གུས། །ཆོས་སྲིད་ལས་ཀྱི་ཤིང་རྟ་ལ། །བརྟེན་ནས་དཔལ་གྱི་རྒྱལ་ཐབས་ཆེར། །འཛེགས་འདོད་ཕྱོགས་ལས་རྣམ་རྒྱལ་གྱི། །ལྷ་ཡི་རྔ་གསང་བརྗིད་པར་འཁྲོལ། །ལྷ་རིགས་བདེ་ཆེན་རོལ་པ་རྩལ་གྱི་དག་སྣང་གེ་སར་བསང་མདོས་དང༌། ཐམས་ཅད་མཁྱེན་གཟིགས་མི་ཕམ་འཇམ་པའི་དབྱངས་ཀྱི་མན་ངག་རླུང་རྟའི་ཀ་འཛུགས་གཉིས་དགོངས་པ་གཅིག་དྲིལ་གྱི་ལས་རིམ་ཇི་ལྟར་བྱ་བའི་ཚུལ་ལ་གཉིས། མདོས་ཀྱི་གཤོམ་དང༌། གྱེར་གྱི་ལས་རིམ་དངོས་བཤད་པའོ། །དང་པོ་ནི། གཙང་ཞིང་མཐོ་ལ་དྭངས་བའི་གནས་བཀྲ་ཤིས་དགེ་བ་རུ། དུས་རྒྱལ་གྱི་ཟླ་བ་ལ་སོགས་པའི་ཚེས་གྲངས་ཡར་ངོ་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན། གནས་ཁང་རྒྱན་བཀོད་མཛེས་པའི་གུང་དུ་རྩ་གསུམ་སྤྱི་དང་སྐྱེས་བུ་ཆེན་པོའི་སྐུ་བྲིས་འབུར་གང་རིགས་ཀྱི་སྤྱན་སྔར་མདོས་སྟེགས་གྲུ་བཞི་རྒྱ་ཁྱོན་ཡངས་པ་རས་དཀར་གྱིས་བཀབ་པའི་སྟེང་བཀྲ་ཤིས་པའི་ས་སྣ་འབྲུ་སྨན་རིན་ཆེན་ཉེར་ལྔའི་རྫས་ལས་བཅོས་པའི་རི་རབ་བང་རིམ་བཞི་ཁ་ཁྱེར་དང༌། རྩ་བར་གླིང་བཞི། གླིང་ཕྲན་བརྒྱད། རྒྱ་མཚོ་ལྕགས་རི་དང་བཅས་པ་ཚོན་གྱིས་ཕྱོགས་མདོག་ཏུ་ཕྱེ་ཞིང་མཛེས་པར་བྱ། རི་རབ་ཀྱི་སྟེང་ནོར་བུའི་ཁང་བཟང་སུམ་བརྩེགས་ཀྱི་འོག་མར་གེ་སར་གྱི་སྐུ་བླ་རྡོ་སྲོག་འཁོར་ལྡན་པ་གཞུང་མཐུན། བར་མར་གུ་རུ་རིན་པོ་ཆེ་རིགས་གསུམ་མགོན་པོ་དང་སྒྲོལ་མ་ལྗང་ཁུའི་མཐོང་གྲོལ་འཁོར་ལོ་ཅན། སྟེང་ཁང་དུ་དུས་འཁོར་ལྷན་སྐྱེས་ཀྱི་སྐུ་རྣམས་གཟུངས་དང་ལྡན་པར་བྱ། ཁང་བཟང་གི་སྟེང་དར་གདུགས་དཀར་པོ། རྨ་བྱའི་སྒྲོ་ཆུན་གྱིས་བརྒྱན། ཕོ་བྲང་གི་ངོས་དང༌། གཡས་གཡོན་དུ། ལྕགས་རིའི་ཕྱོགས་བཞིར་རྟ་གཡག་ར་ལུག་བཞིའི་གཟུགས་བཀོད། རྡོ་རྗེ་ཚེ་རྒྱལ་གྱི་ཕྲིན་ལས་ལ་གཙོ་བོར་བརྟེན་ན་སྐུ་རྟེན་གྱི་མདུན་དུ་གཙོ་བོའི་གཏོར་མ་དཔུང་རོང་ཆེ་ལེགས་རྒྱན་སྤྲོས་ཅན་དང༌། གཡས་སུ་དམ་ཅན་སྐྱེས་བུ་ཆེན་པོ་ལ་དམར་གཏོར་དཔུང་རོང་ར་མགོས་མཚན་པ། གཡོན་དུ་གཡུ་སྒྲོན་མར་སྨན་ལེབ་དཀར་ཟླུམ་པད་འདབ་བཞི་ཅན་མེ་ཏོག་གི་རྒྱན་སྤྲོས་གང་མཛེས་ཅན་དང༌། གཡས་སུ་དམ་ཅན་སྐྱེས་མིག་དམར་ཆེན་པོར་དམར་གཏོར་ཟུར་གསུམ་མདུན་དུ་ཁྲོ་ཞལ་ཕྱུངས་བ་རྩེར་ར་མགོས་མཚན་པ་ཅན་དང༌། གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་ཀྱི་དགོངས་པ་ལྟར་ན་གཙོ་བོའི་གཏོར་མ་སྔར་ལྟར་ལ་མདུན་དུ་དཀར་ཟླུམ་མཐེབ་རིལ་གྱིས་བརྒྱན་པ་གསུམ། གཡས་སུ་གཏོར་མ་གྲུ་བཞི་སེར་པོ་གཉིས། རྒྱབ་ཏུ་ཟླ་གམ་དམར་པོ་དང་དཀར་གཏོར་སྦྲུལ་དཀྲིས་ཅན། གཡོན་དུ་གྲུ་གསུམ་ནག་པོ་གཉིས་རྣམས་ལ་འཁོར་སུམ་ཅུའམ་མ་ཤོང་ན་མཐེབ་ཀྱུ་སུམ་ཅུས་བསྐོར་བ་རྒྱན་སྤྲོས་དར་གདུགས་ལྷ་རང་རང་གི་རིགས་དང་མཐུན་པའི་རྒྱན་སྤྲོས་གང་མཛེས་ཅན་བྱ། རི་རབ་ཀྱི་རྨང་དུ་ཤར་གླིང་དབུས་ཤིང་ཁམས་རླུང་གི་ཀ་བ་ལྗང་ཁུའི་ཤིང་ལོ་ལོ་འབྲས་རྒྱས་པའི་ཁོང་གསེང་རླུང་རྟའི་ལྷ་བྱ་ཁྱུང་ལྡིང་བ། ཀ་བའི་རྩ་བར་ཤིང་ནགས་སུ་བྱི་འབྲུག་སྤྲེལ་གསུམ་མཐུན་གསུམ་གྱི་རླུང་རྟའི་ལྷ་མིའི་ལུས་ལྗང་གུ། སྨད་སྦྲུལ་མཇུག་ཅན་ལྕགས་ཀྱི་རླུང་རྟ་དཀར་པོ་ལ་ཞོན་པ། མགོ་བོ་སྟག་ལག་པ་བྱ་སྡེར་ཐལ་སྦྱར་གྱིས་དཔག་བསམ་ཤིང་གི་སྡོང་པོ་འཛིན་པ་དར་སྣ་ལྔའི་གོས་དང༌། ལ་ཐོད་བཅིངས་བ། རྒྱབ་ཏུ་གཤོག་པ་ཅན་གྱི་རྒྱབ་ཏུ་ཤིང་སྣའི་ཆུན་པོ་བཙུགས། གཏོར་མ་ལྗང་ཁུ་ལྗོན་ཤིང་གི་དབྱིབས་ཅན་མདུན་དུ་བཀོད། དེས་འགྲེས་ཏེ་ལྷོ་གླིང་དབུས་མེ་ཁམས་རླུང་གི་ཀ་བ་དམར་པོའི་སྟེང་མེ་རིའི་དབུས་སུ་སྟག་མོ་དམར་ཁྲ། རྩ་བར་མེ་དཔུང་དབུས་ཕག་ལུག་ཡོས་གསུམ་གྱི་རླུང་རྟའི་ལྷ་མི་ལུས་སྦྲུལ་མགོ་དམར་སྐྱ་དར་སྣ་ལྔའི་གོས་དང་ཐོད་ཅན་ལག་པ་སྤྱང་སྡེར་གྱིས་མེ་སྒྲོན་འཛིན་པ། གཤོག་པ་དང་སྦྲུལ་མཇུག་ཅན་ཆུ་རྟ་དཀར་པོ་ལ་ཞོན་པ་བཅས་ཀྱི་རྒྱབ་ཏུ་མར་མེ་དང་མདུན་དུ་མེ་གཏོར་དམར་པོ་གྲུ་གསུམ། ནུབ་ཏུ་ལྕགས་ཁམས་རླུང་གི་ཀ་བ་དཀར་པོའི་སྟེང་གངས་བྲག་གི་རི་རྩེར་སེང་གེ །རྩ་བར་སྟག་རྟ་ཁྱི་གསུམ་གྱི་རླུང་རྟའི་ལྷ་མི་ལུས་ལྕགས་སྤྲེལ་གྱི་གདོང་ཅན་དཀར་པོ་ཕྱག་ན་ལྕགས་ཀྱི་རལ་གྲི་ཐོགས་པ། མེ་རྟ་དམར་པོ་ལ་ཞོན་པ། དར་སྣ་ལྔའི་ཐོད་དང་གོས་ཅན་རི་བྲག་ལ་འཛེགས་པའི་རྒྱབ་ཏུ་ལྕགས་རིགས་མཚོན་ཆ་དང༌། མདུན་ལྕགས་གཏོར་གྲུ་བཞི་དཀར། བྱང་དུ་ཆུ་ཁམས་རླུང་གི་ཀ་བ་སྔོན་པོའི་སྟེང་ཆར་སྤྲིན་དབུས་གཡུ་འབྲུག །རྩ་བར་རྒྱ་མཚོའི་ནང་བྱ་གླང་སྦྲུལ་གསུམ་གྱི་རླུང་རྟ་མི་ལུས་ཕག་གདོང་སྔོ་སྐྱ་ཆུས་བཀང་བའི་བུམ་པ་བསྣམས་པ། དར་སྣ་ལྔའི་ཐོད་དང་གོས་ཅན་ས་ཡི་རྟ་སེར་ལ་ཞོན་པའི་རྒྱབ་ཏུ་ཆུ་སྣས་བཀང་བའི་བུམ་པ། མདུན་དུ་ཆུ་གཏོར་དཀར་ཟླུམ། མཚམས་བཞིར་ས་ཁམས་རླུང་གི་ཀ་བ་སེར་པོ་བཞི། རིའི་ངོས་རླུང་རྟའི་ལྷ་རྟ་མཆོག་བརྒྱན་ལྡན། རྩ་བར་ཤར་ལྷོ་མི་ལུས་འབྲུག་མགོ་ཅན། ལྷོ་ནུབ་མི་ལུས་ལུག་མགོ་ཅན། ནུབ་བྱང་མི་ལུས་ཁྱི་མགོ་ཅན། བྱང་ཤར་མི་ལུས་གླང་མགོ་ཅན་དར་སྣ་ལྔའི་གོས་དང་ཐོད། ཀུན་ཀྱང་ཤིང་རྟ་ལྗང་གུ་ལ་ཞོན་པ། ལག་ན་གསེར་གྱི་རི་རབ་ཐོགས་པ། རྒྱབ་ཏུ་ས་སྣའི་རི་རབ། མདུན་དུ་ས་གཏོར་གྲུ་བཞི་སེར་པོ་བཞི་རེ་རེ་ས་སེར་རམ་གསེར་གྱིས་བཀང་བའི་སྣོད་རེ་བཅས་བཀོད། རླུང་རྟའི་ལྷ་དེ་དག་གདོང་ནམ་མཁར་བཏེགས་ཏེ་བར་སྣང་དུ་འཕྱོ་བ་དར་སྣའི་ཅོད་པན་གྱིས་བརྒྱན་པར་བྱ། དེ་དག་ལ་རང་མདོག་གི་འབྱུང་ཁམས་དང་མཐུན་པའི་བ་དན་ཆེ་བ་རེ་རེ་དང་ཆུང་བ་གྲངས་མང་གིས་ཕྲེང་བ་ཕྱོགས་མཚམས་སུ་འཐེན་པས་མཛེས་པར་བྱ། རི་རབ་ཀྱི་བང་རིམ་དང་པོ་བྱ་རིགས། གཉིས་པར་རི་དྭགས། གསུམ་པར་གཅན་ཟན། བཞི་པར་རྟ་ནོར། རྒྱ་མཚོའི་ནང་དུ་ཆུ་གནས་དང༌། ཁྱད་པར་ཤར་དུ་ཞི་བའི་རྫས་ཏིལ་དཀར་པོ། ཞོ་ཟན། འབྲས་མ་གྲུས་པ། སོ་བ། ནས། སྲན་མ་དཀར་པོ། གྲོ། རྩྭ་དཱུརྦ། ཀུ་ཤ། ལུམྦིའི་ཚལ་དང༌། ཝཱ་ར་ཎཱ་སི། མཉན་ཡོད་སོགས་དང་གུ་རུའི་བྱིན་གྱིས་བརླབས་པའི་གནས་ཀྱི་བཀྲ་ཤིས་པའི་ས་སྣ། ཆུ་སྣ། ལྷོར་རྒྱས་པའི་རྫས། རིན་ཆེན་སྣ་ཚོགས། འབྲུ་སྣ་ཚོགས། སྨན་སྣ་ཚོགས། དར་ཟབ། སྟག་གཟིག་གི་རས་མ། ས་སྣ། ཆུ་སྣ། གཏེར་གྱི་བུམ་པ། དཔག་བསམ་གྱི་ཤིང༌། མ་རྨོས་པའི་ལོ་ཏོག་སོགས། ནུབ་ཏུ་དབང་གི་རྫས། མྱོས་བྱེད་ཀྱི་ཕུད། མངར་གསུམ། མེ་ཏོག་དམར་པོའི་ཆུན་འཕྱང༌། ལན་ཚྭ། ལ་དུ། མཛེས་མའི་གཟུགས། བརྗིད་པའི་ཁྱེའུ། སྨད་འཚོང་མའི་ལག་ནས་བྱུང་བའི་དར་གོས། ལི་ཁྲི། ཁྲག་སྐྱེམས་སོགས་དང༌། བྱང་དུ་དྲག་པོའི་རྫས། དུག་སྣ། ཁྲག་སྣ། ཤ་སྣ། སྙིང་སྣ། དབང་པོའི་མེ་ཏོག་སོགས་ཉེར་སྤྱོད། ཞིང་གླང་ལྤགས། རུས་རྒྱན། མགོ་ཕྲེང༌། གོ་མཚོན་སོགས་དང༌། མདོས་ཀྱི་ར་བར་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། རིན་ཆེན་བདུན་དང༌། ནམ་མཁའ། རྒྱང་བུ། ཕོ་ཏོང༌། མོ་ཏོང༌། ཤིང་རིས། རྩང༌། ཡུལ་མཁར་སོགས་མདོས་རྫས་ཀྱིས་བསྐོར་ཞིང་མདོས་ཐག་བྲན། མདོས་ཀྱི་རྒྱབ་ཏུ་བདག་བསྐྱེད་གང་ལ་བརྟེན་པའི་གཏོར་མ་ཆོས་སྐྱོང་གེ་སར་གཙོ་འཁོར། ཕོ་རྒྱུད། མོ་རྒྱུད་སོགས་སྲུང་མ་སྤྱི་བྱེ་བྲག་བཤམས་དགོས་གང་ཡོད། དེའི་མདུན་དུ་ཞི་དྲག་གི་མཆོད་པ། སྲུང་མའི་གཏོར་འབུལ། ཆད་བརྟན། ཇ་ཆང་འོ་ཕུད། བཟང་ཤིང་གི་བསང་སྣ། སྤོས་ཁང༌། ཕྱོགས་གང་བདེར་གཡང་རྟེན་དང༌། སྒྲུབ་པ་པོའི་མདུན་དུ་རོལ་མོ་ཁྲུས་བུམ་སོགས་དགོས་པའི་ཡོ་བྱད་རིགས་འདུ་བྱའོ། །གཉིས་པ་གྱེར་གྱི་ལས་རིམ་དངོས་ལ། སྤྱིའི་ལས་གཞུང་དང༌། བྱེ་བྲག་མདོས་ཀྱི་ཆོ་ག་དངོས་སོ། །དང་པོ་ནི། བདག་བསྐྱེད་གུ་རུ་ཞི་དྲག །རྟ་མགྲིན་སོགས་རྩ་གསུམ་གང་འོས་ཀྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས་སྲུང་མའི་གསོལ་ཕྲིན་རིགས་དང༌། ཁྱད་པར་གེ་སར་རྡོ་རྗེ་ཚེ་རྒྱལ་སོགས་ཀྱི་ཕྲིན་ལས་ཚོགས་བསྐང་བཤགས་བཅས་རྒྱས་པར་བྱའོ། །གཉིས་པ་བྱེ་བྲག་མདོས་ཀྱི་ཆོ་ག་དངོས་ལ། དང་པོ་མདོས་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷྭཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་ཆེན་གྱི། །ལྷུན་པོ་གླིང་བཞི་གླིང་ཕྲན་བཅས། །རྒྱ་ཆེ་བཀོད་ལེགས་ཁྱད་པར་འཕགས། །སྟེང་དུ་དགྲ་ལྷའི་སྐུ་མཁར་བརྩེགས། །སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །ལས་བཞིའི་རྫུ་འཕྲུལ་ཅིར་ཡང་སྟོན། །ཕྱག་ན་བ་དན་དུང་དཀར་བསྣམས། །རྟ་སེང་ཁྱུང་འབྲུག་སྟག་ལ་ཆིབས། །དཔའ་རྔམས་གཟི་བྱིན་མཚུངས་མེད་པས། །གཞན་སྡེ་ཟིལ་གནོན་དབང་དུ་སྡུད། །སྐུ་ཡི་གནས་གསུམ་རིག་གསུམ་མགོན། །ལྟེ་བར་རྗེ་བཙུན་སྒྲོལ་མ་ལྗང༌། །རིགས་ཀྱི་བདག་པོ་གུ་རུ་རྗེ། །སྤྱི་བོར་དུས་ཀྱི་འཁོར་ལོར་བཞུགས། །འཁོར་དུ་དགྲ་ལྷ་ཝེར་མ་དང༌། །རྫུ་འཕྲུལ་རླུང་རྟ་ལྷ་ལྔ་སོགས། །གནམ་ས་བར་སྣང་ཀུན་ཏུ་ཁྱབ། །ཉི་ཟེར་རྡུལ་བཞིན་བསམ་མི་ཁྱབ། །ལྷུན་པོའི་སྤོ་དང་རྒྱ་མཚོའི་ཀློང༌། །གླིང་བཞིའི་ཁྱོན་ཀུན་ཁྱབ་པ་ཡི། །སྲིད་གསུམ་དཔལ་འབྱོར་ཕྱུར་བུར་གཏམས། །མཁོ་དགུའི་ལོངས་སྤྱོད་ཟད་མི་ཤེས། །ཆོས་སྐྱོང་དགྲ་བླ་ཝེར་མ་དང༌། །རླུང་རྟའི་ལྷ་མཆོག་དགྱེས་པའི་རྫས། །གཡུ་བྱེར་ཤེལ་དང་ཨིནྡྲ་ནི། །གསེར་གྱི་ཀ་བས་ནམ་མཁའ་བཏེགས། །སྟེང་དུ་རླུང་རྟ་ལྷ་ལྔ་དང༌། །རྩ་བར་འབྱུང་བའི་རླུང་ལྷ་རྣམས། །རང་རང་རྒྱན་ཆས་དར་གྱིས་སྤྲས། །རྒྱལ་དང་ལེགས་དང་ཤིས་པའི་གླུ། །ཀི་བསྭོ་ཆ་སྒྲ་འབྲུག་ལྟར་སྒྲོག །བར་སྣང་ལྷ་རྫས་ཆར་དུ་འབེབས། །དྲི་ཞིམ་རླུང་གི་བ་དན་བསྐུལ། །གོ་མཚོན་དཔའ་བོའི་ཆས་གོས་རྔམས། །དགྱེས་པའི་མཐུན་རྫས་མ་ཚང་མེད། །སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་མདོས། །འདོད་ཡོན་རྒྱ་མཚོའི་གཏེར་དུ་གྱུར། །གཉིས་པ་མགྲོན་སྤྱན་དྲངས་བ་ནི། སྤོས་བསང་བཏང༌། དབྱངས་རོལ་དར་སྣའི་གཡབ་མོ་དང་བཅས་ཏེ། བསྭཽ། དགུང་ལ་མཁའ་དབྱིངས་འཇའ་ཚོན་འཁྱིལ་བ་ལས༔ རྩ་བརྒྱུད་བླ་མའི་བྱིན་ཆེན་འབེབས༔ མེ་ཏོག་འབྲུ་ཆར་སི་ལི་ལི༔ ཡི་དམ་ཞི་ཁྲོ་དངོས་གྲུབ་སྟེར༔ དྲི་བཟང་སྤོས་ངད་ཐུ་ལུ་ལུ༔ མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་སྒྲུབ༔ འོད་དང་འོད་ཟེར་ཁྱུགས་སེ་ཁྱུག༔ བཀྲ་ཤིས་བྱིན་གཡང་ཐིབས་སེ་ཐིབ༔ འདི་འདྲའི་གནས་མཆོག་ཁྱད་པར་ཅན༔ ཨ་ལ་ལ་སྟེ་ངོ་མཚར་ཆེ༔ ཀྱཻ། ཡུལ་གྱི་མིང་ནི་འཛམ་བུ་གླིང༌། །བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །མདོ་ཁམས་གླིང་ཁྲི་བར་པའི་ཡུལ། །རིགས་གསུམ་རྒྱལ་བའི་རྣམ་པར་འཕྲུལ། །སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ། །ནག་ཕྱོགས་བདུད་སྲིན་ཚར་གཅོད་ཅིང༌། །དཀར་ཕྱོགས་དབུ་འཕང་བསྟོད་པའི་ཕྱིར། །དགྲ་བླའི་རྒྱལ་པོའི་སྐུར་བཞེངས་ཚེ། །བོད་ཡུལ་སེང་ཆེན་ནོར་བུ་རྒྱན། །སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ། །ནག་ཕྱོགས་བདུད་སྲིན་ཚར་གཅོད་ཅིང༌། །དཀར་ཕྱོགས་དབུ་འཕང་བསྟོད་པའི་ཕྱིར། །དགྲ་བླའི་རྒྱལ་པོའི་སྐུར་བཞེངས་ཚེ། །བོད་ཡུལ་སེང་ཆེན་ནོར་བུ་རྒྱལ། །ཙི་ནས་བཀྭན་ལོ་ཡན་དུ་འབོད། །ཞང་ཞུང་དགྲ་བླ་ཆེན་པོ་ཞེས། །ཕྲིན་ལས་དགྱེས་རྒུའི་རོལ་རྩེད་ཀྱིས། །བཞུགས་པའི་གནས་མཆོག་རྨད་བྱུང་བ། །མཁའ་སྤྱོད་མཐོང་བ་ཀུན་སྨོན་ཞེས། །རི་གླིང་བཀོད་པ་ཉམས་རེ་དགའ། །དགྲ་བླའི་འདུ་བ་བག་རེ་དྲོ། །མཁའ་འགྲོའི་འདུ་ཚོགས་བག་རེ་བཀྲ། །སྟེང་ན་མེ་ཏོག་ཆར་པ་འབེབས། །སྙན་པ་ཆོས་ཀྱི་འབྲུག་སྒྲ་སྒྲོག །བར་སྣང་དྲི་ཞིམ་སྤོས་ངད་རླུང༌། །ལྷ་རྫས་འདོད་དགུ་ཆར་དུ་འབེབས། །བདེ་སྐྱིད་ཉི་ཟླས་མེ་འོད་སྤྲོ། །རྒྱལ་དང་ལེགས་དང་གྲུབ་ལ་སོགས། །རང་བྱུང་ཤིས་པའི་སྒྲ་སྙན་སྒྲོག །ས་གཞི་བཀོད་མཛེས་སྨན་ལྗོངས་ཐང༌། །བདུད་རྩིའི་ཆུ་རྫིང་རིན་ཆེན་ལྷུན། །ནོར་བུའི་བྲག་སྐྱིབས་གངས་ཀྱི་རི། །སྣ་ཚོགས་མེ་ཏོག་མ་རྨོས་འབྲུ། །འདོད་འཇོའི་བ་དང་རྟ་དྲེལ་ཁྱུ། །གནག་ཕྱུགས་རི་དྭགས་བྱ་ཚོགས་རྩེ། །དེ་འདྲའི་གནས་མཆོག་དམ་པ་ནས། །རང་སྣང་རིག་པའི་སྐྱེས་བུ་ནི། །ཕྱི་ལྟར་སེང་ཆེན་དགྲ་བླའི་རྒྱལ། །ནང་དུ་འཕགས་མཆོག་རིགས་གསུམ་མགོན། །དོན་ལ་ཨོ་རྒྱན་ཐོད་ཕྲེང་རྩལ། །ནག་ཕྱོགས་བདུད་དགྲ་འཇོམས་པའི་གཤེད། །དམ་པ་ཆོས་ཀྱི་དགྲ་བླ་སྟེ། །སྙིགས་དུས་བསྟན་འགྲོའི་མགོན་དཔུང་ཆེ། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །གནས་འདིར་བརྩེ་བས་དགྱེས་དགོངས་ལ། །དར་སྣའི་གཡབ་མོས་འབོད་ལ་གཟིགས། །སྙན་འགྱུར་དབྱངས་ཀྱིས་བསྐུལ་ལ་གསོན། །མཁྱེན་བརྩེའི་ཡེ་ཤེས་རྗེས་དགོངས་ཏེ། །སྟེང་ནས་ཆར་སྤྲིན་འཐིབས་བཞིན་སྤྱོན། །བར་སྣང་རླུང་བསིལ་ལྡང་བཞིན་བྱོན། །ས་གཞི་རྩི་ཤིང་རྒྱས་བཞིན་བྱོན། །དགྲ་བླ་སྐྱེས་བུ་བྱོན་ཙ་ན། །གཡས་ནས་མཛེས་འཛུམ་ཁྱེའུ་ཚོགས། །བརྗིད་ལྡེམ་བྲོ་གར་ཁྲིགས་སེ་ཁྲིག །གཡོན་ན་མོ་སྨན་གཞོན་ནུ་རྣམས། །གླུ་གར་གླིང་བུ་ཀྱུ་རུ་རུ། །མདུན་དུ་གཏུམ་རྔམས་དམག་གི་དཔུང༌། །གོ་མཚོན་རུ་དར་ཕྱ་ར་ར། །རྒྱབ་ཏུ་དགྲ་བླ་ཝེར་མའི་ཚོགས། །ཀི་བསྭོ་ཆ་སྒྲ་དི་རི་རི། །རོལ་དུ་སེང་སྟག་འབྲུག་ཁྱུང་རྟ། །མཆེ་སྡེར་ངར་སྐད་ཁྲ་ལ་ལ། །རྩེ་གྲོགས་དགྲ་བླ་བཅུ་གསུམ་རྣམས། །འཕུར་ལྡེམ་རྒྱུག་འཕྱང་ཐགས་སེ་ཐག །འཁོར་དང་བཅས་པ་མ་ལུས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བརྩེ་བའི་ཐུགས་ཀྱིས་རྗེས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་དྲ་འབར་ར་ཧཾ༔ ཨ་ལ་ལི་ལ་མོ༔ གཏུང་བ་ཁྱེ་ཨ་ཧོ་ཡེ་སིདྡྷི་ཧཱུྃ༔ ཏྲཀྵེར་ཁྱེམ༔ སྲོག་དུང་དུང་ཛཿ སརྦ་ས་མ་ཡ་ཐིབ་ཐིབ་འདུ་འདུ་དུང་དུང་ཡེད་ཡེད་ཛཿཛཿ བཛྲ་ས་མ་ཡ་ཛཿ ཀྱེ། ཡིད་འོང་ལྷ་ཡི་ཀུན་དགའི་ཚལ། །མཁའ་སྤྱོད་མཐོང་བ་ཀུན་སྨོན་གླིང༌། །རིན་ཆེན་གཞལ་མེད་དར་ཟབ་ཁྲིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷན། གསུམ་པ་དམ་བསྒྲགས་པ་ནི། ཀྱཻ། ཡེ་ཐོག་བསྐལ་པའི་དང་པོ་ལ། །འཁོར་འདས་གཞི་གྲོལ་ཧེ་རུ་ཀས། །རང་རྩལ་རང་སྣང་དྲེགས་པ་བཏུལ། །ཆོས་ཉིད་གཞི་ཀློང་བྱང་ཆུབ་པའི། །སྟོབས་བཅུའི་བཙན་རྫོང་ཟིན་པའི་ཚེ། །ཡེ་ཤེས་རྩལ་གྱི་མཁྱེན་བརྩེ་ནུས། །ཀུན་ཁྱབ་ཐུགས་རྗེའི་དབང་བཅུ་བརྙེས། །ཡེ་གདངས་འོད་ལྔའི་རླུང་གི་ཟེར། །བདུད་འདུལ་དགྲ་ལྷ་ཝེར་མའི་ཚོགས། །རྫུ་འཕྲུལ་རླུང་རྟའི་ལྷ་རུ་བཞེངས། །སྣང་སྲིད་སྒྱུ་མའི་ཆོས་ཀུན་ལ། །གཏད་མེད་རིག་པས་དབང་བསྒྱུར་ཏེ། །དོན་གྲུབ་རྡོ་རྗེ་རྟ་ཡི་རྒྱལ། །རྟག་ཁྱབ་ལྷུན་གྲུབ་གཞན་ཕན་གྱི། །ཕྲིན་ལས་རྩོལ་མེད་འབྱུང་བའི་ཚེ། །ཞལ་བཞེས་ཡལ་གམ་མ་བསྙེལ་བར། །དབང་གི་རྒྱལ་པོ་རྟ་མཆོག་དཔལ། །སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ། །ལྷ་རིགས་བདེ་ཆེན་རོལ་པ་དང༌། །འཇིགས་བྲལ་ཟིལ་གནོན་དགྱེས་རྩལ་སོགས། །རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །ནག་ཕྱོགས་བདུད་སྲིན་རྒྱལ་བསེན་ཐུལ། །སངས་རྒྱས་བསྟན་པའི་རྒྱལ་མཚན་སྒྲེངས། །རིག་འཛིན་རྣལ་འབྱོར་དགྲ་ལྷ་མཛོད། །དམ་པ་ཆོས་ཀྱི་དབུ་འཕང་བསྟོད། །ཚེ་དཔལ་བསོད་ནམས་རླུང་རྟ་སྐྱེད། །དབང་ཐང་ཕྲིན་ལས་ལྷུན་གྲུབ་མཛོད། །ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་དྲ་འབར་ར་ཧཾཿ ཨ་ལ་ལི་ཐིམ་པར་གྱུརཿ བཛྲ་ས་མ་ཡ་རཀྵ་ཧཱུྃཿ ན་མོ་ན་མ་མིཿ བཞི་པ་མདོས་འབུལ་བ་ནི། ཀྱཻ། རི་རབ་གླིང་བཞི་གླིང་ཕྲན་གྱི། །བཀོད་པ་ཡངས་པའི་སྐུ་མཁར་ནི༔ གསེར་ཟངས་རྒྱ་ཕིབས་ལམས་སེ་ལམ༔ ནོར་བུའི་བ་གམ་ཁྲིགས་སེ་ཁྲིག༔ མེ་ཏོག་སྣ་ཚོགས་འཇའ་ལྟར་བཀྲ༔ རྒྱ་མཚོའི་ཆུ་འབབ་ཁྱི་ལི་ལི༔ འོད་ལྔ་གདངས་གསལ་མེ་རེ་རེ༔ འཇའ་འོད་འཁྱིལ་བའི་ཕོ་བྲང་ན༔ བཞིན་བཟང་གེ་སར་སྐྱེས་བུ་བཞུགས༔ ཕོ་སྐྱེས་དགྲ་ལྷའི་གཙོ་བོ་ཡིན༔ མོ་སྐྱེས་ཡིད་ཀྱི་ཆགས་རྟེན་ཏེ༔ སེང་ཆེན་འགྲན་གྱི་ཟླ་མེད་ཞུ༔ ཞལ་ནས་འོད་འཕྲོ་གསུང་དབྱངས་སྙན༔ དར་གྱི་ཕང་ཕུང་སྐུ་ལ་གསོལ༔ རིན་ཆེན་ཁྲི་ལ་བདེ་ལུགས་བཞུགས༔ དགྱེས་པའི་འཛུམ་མདངས་མུ་ལུ་ལུ༔ བརྩེ་བའི་སྤྱན་མིག་ཧྲིགས་སེ་ཧྲིག༔ མཛེས་སྡུག་འོད་བཀྲག་འཚེ་རེ་རེ༔ དཀར་ཡོལ་འབྲུག་རྒྱ་བཟང་པོ་རུ༔ རྒྱ་ཇ་ཁམ་པ་ཧུབ་ཀྱིས་གསོལ༔ རིན་པོ་ཆེ་ཡི་གར་བུ་རུ༔ གར་ཆང་ངར་མ་འཕྱུར་རུ་རུ༔ འདོད་ཡོན་ལྷ་མོ་འཇོ་སྒེག་མ༔ སྣ་ཚོགས་མཆོད་པ་སྤྲོ་བར་བརྩོན༔ དྲི་ཞིམ་ངད་པ་ཐུ་ལུ་ལུ༔ སྟག་ཤར་མདའ་རྩེད་སྤྲིངས་སེ་སྤྲིང༔ སྨན་ཆུང་གླུ་སྙན་ཀྱུ་རུ་རུ༔ འཁོར་ཚོགས་འདུ་ལོང་ཁྱི་ལི་ལི༔ དཔོན་གཡོག་སྐུ་འཁོར་ལྷན་རྒྱས་པར༔ འབྲུ་བཅུད་འདུས་པ་གསང་བའི་མདོས༔ ནམ་མཁའ་མཛོད་དུ་ཅིར་ཡང་སྤེལ༔ ལྷ་ཀླུ་མི་སོགས་སྲིད་པའི་བཅུད༔ གཡང་ཞག་འཁྱིལ་བའི་གཏེར་འདི་འབུལ༔ ཕྱི་ནང་གསང་རྟེན་དགྱེས་པར་བཞེས༔ དབུལ་བའི་སྐུ་མཁར་བདག་གིར་མཛོད༔ བཅོལ་བའི་ལས་དང་དངོས་གྲུབ་སྩོལ༔ ཀྱཻ། སེང་ཆེན་དགྲ་བླའི་སྐུ་མཁར་གྱི༔ བར་སྣང་མཁའ་སྤྱོད་མཐོང་སྨོན་ན༔ སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ༔ རིགས་གསུམ་སྤྲུལ་པའི་ཚོམ་བུ་བཅས༔ སྣང་སྟོང་སྐུ་ཡི་གཟི་བྱིན་འབར༔ མཚན་དཔེ་འོད་ཀྱི་ཁོང་གསེང་ན༔ རྩ་བརྒྱུད་བླ་མའི་སྤྲིན་ཕུང་འཁྲིགས༔ བྱིན་རླབས་ཆར་རྒྱུན་སི་ལི་ལི༔ རྡོ་རྗེའི་སྐུ་ལས་འཕྲོས་པའི་འོད༔ འཇའ་ཟེར་མེ་ཏོག་སྤྲིན་ཆར་ཀློང༔ ཡི་དམ་ལྷ་ཚོགས་འཇའ་ལྟར་བཀྲ། །དངོས་གྲུབ་འབྲུག་སྒྲ་འུ་རུ་རུ། །ཕྲིན་ལས་འགག་མེད་རྒྱན་གྱི་སྤྲིན། །མཁའ་འགྲོ་ཆོས་སྐྱོང་བསམ་མི་ཁྱབ། །ཚར་གཅོད་རྗེས་སུ་འཛིན་པའི་ལས། །ཐོག་མེད་གློག་ལྟར་ཁྱུགས་སེ་ཁྱུག །དགྱེས་པའི་མཆོད་སྤྲིན་ཉེར་སྤྱོད་བདུན། །སྨན་གཏོར་རཀྟ་བདེ་སྟོང་གར། །མཆོད་རྟེན་སྒྲུབ་སྐོང་དམ་རྫས་ཚོགས། །རི་རབ་རྩི་ཤིང་རྒྱས་ལྟར་འབུལ། །རྒྱ་མཚོ་ཆུ་རླབས་འཁྲུགས་བཞིན་འབུལ། །བར་སྣང་ཆར་སྤྲིན་དཀྲིགས་ལྟར་འབུལ། །ཐུགས་ལ་ཇི་ལྟར་བཞེད་དགུ་འབུལ། །ཁྱད་པར་རྟེན་འབྲེལ་མཐུན་པའི་རྫས། །བཀྲ་ཤིས་ཚེ་ཡི་རྨུ་ཐག་ལ། །ཁམས་མཐུན་རླུང་གི་བ་དན་འཕྱར། །མ་བུ་དགྲ་གྲོགས་སྣ་ཚོགས་མདོག །དྲི་ཞིམ་རླུང་གིས་འཕུར་ཞིང་གཡེང༌། །མདའ་མདུང་གོ་མཚོན་རྣོ་ངར་ལྡན། །བརྗིད་བརྟན་རྡོ་རྗེའི་ཁྲབ་རྨོག་བཙན། །གཏུམ་རྔམས་དམག་གི་དཔུང་བཞི་བརྗིད། །མཛེས་སྡུག་དར་བབ་མོ་སྨན་གྱིས། །གླུ་གར་གླིང་བུའི་བདེ་ཆེན་བསྐྱེད། །སྟག་སེང་ཁྱུང་འབྲུག་རྟ་མཆོག་སོགས། །རླུང་རྟའི་ལྷ་རྣམས་རྒྱུག་མཆོང་འཕུར། །ཀི་བསྭོ་རྒྱལ་གྲུབ་ལེགས་པ་སོགས། །ཕྱོགས་ལས་རྣམ་རྒྱལ་རྔ་གསང་སྙན། །དྲི་ཞིམ་བཟང་ཤིང་སྤོས་དྲི་ལྡང༌། །ཕྱོགས་ལས་རྣམ་རྒྱལ་རུ་མཚོན་བསྒྲེངས། །སྲིད་ཞིའི་དཔལ་འབྱོར་མི་ཟད་པས། །དགྱེས་པའི་དམ་ཚིག་བླ་ན་མེད། །འབུལ་ལོ་རྩ་གསུམ་ལྷ་ལ་འབུལ། །བདག་གིར་བཞེས་ཤིག་རིགས་གསུམ་རྒྱལ། །ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ། །ཕྲིན་ལས་ལྷ་མཆོག་སྒྲོལ་མ་ཡུམ། །རིགས་ཀྱི་སྤྲུལ་འཁོར་དང་བཅས་པར། །སྐུ་གསུང་ཐུགས་ལ་མཉེས་མཆོད་འབུལ། །ལས་ཀུན་ཐོགས་མེད་འགྲུབ་མཛད་གསོལ། །ཀྱཻ། བདུད་འདུལ་དཔལ་གྱི་གཞལ་མེད་ཁང༌། །ཕྱོགས་ལས་རྣམ་རྒྱལ་དབུ་རྩེ་རུ། །རྒྱལ་ཀུན་ཡེ་ཤེས་རྡོ་རྗེའི་དབྱིངས། །དང་པོའི་སངས་རྒྱས་དུས་འཁོར་ལོ། །ཕྱི་ནང་གཞན་གསུམ་གཉིས་མེད་པའི། །མཆོག་ཏུ་མི་འགྱུར་བདེ་ཆེན་གར། །ཡེ་ཤེས་རྣམ་པ་ཐམས་ཅད་པ། །ཀུན་ཁྱབ་ཀུན་ལས་འདས་པའི་རྩལ། །མ་འགགས་རྟེན་འབྱུང་སྒྱུ་མའི་འཕྲུལ། །ཡུམ་ལྔའི་བདག་ཉིད་འབྱུང་ཆེན་ལྔ། །ཕུང་པོ་རིགས་དྲུག་རྒྱལ་བ་དང༌། །སྐྱེ་མཆེད་ཕྱག་ཞབས་སྲས་ཁྲོ་བོ། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ཆེའི། །འདས་དང་མ་འདས་ཚུལ་སྟོན་ལྷ། །ཕྱི་ནང་གཞན་གསུམ་གཉིས་མེད་པས། །འཕགས་ལམ་སྤར་ཁ་རྣམ་ཐར་སྒོ། །བདེན་དོན་ལོ་ཟླ་བཅུ་གཉིས་སོགས། །ཀུན་ཀྱང་གཉིས་མེད་དཀྱིལ་འཁོར་ལྷར། །དག་དང་མ་དག་མཚན་རྟོག་བྲལ། །ཡེ་ཤེས་བདེ་བ་ཆེན་པོར་གཅིག །ཀུན་བཟང་འཇམ་དཔལ་ཆོས་ཀྱི་དབྱིངས། །གསུང་གི་དབང་ཕྱུག་རིགས་ཀུན་བདག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་དུ། །མཉམ་པ་ཆེན་པོ་དེ་བཞིན་ཉིད། །སྣང་སྲིད་བདེ་སྟོང་ཕྱག་རྒྱའི་གར། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །མཆོད་བྱ་མཆོད་བྱེད་བྲལ་བས་མཆོད། །རྟག་ཏུ་དགྱེས་པའི་དམ་ཚིག་གི །དགོངས་པ་ཉིད་ལས་མི་གཡོ་བས། །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །བཀྲ་ཤིས་མཆོག་ཏུ་གྲུབ་པ་ཡི། །སྣང་བ་ཀུན་ཏུ་ཁྱབ་བརྡལ་མཛོད། །ཀྱཻ། ཤར་ཕྱོགས་འབྱུང་བ་ཤིང་གི་ཁམས། །རྡོ་རྗེ་རིགས་ཀྱི་འོག་མིན་ཆེ། །བཀོད་པ་ཚད་མེད་རིན་ཆེན་རྒྱན། །ཡིད་འོང་ངོ་མཚར་ཞིང་གི་དབུས། །རིན་ཆེན་གཡུ་ཡི་རླུང་གི་ཀ །མཐོན་པོ་དགུང་གི་དབྱིངས་སུ་སྙེགས། །སྣ་ཚོགས་ནོར་བུའི་རྒྱན་ཕྲེང་དང༌། །མེ་ཏོག་པ་ཏྲའི་རི་མོ་བཀྲ། །ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། །ཀ་རྨང་བུམ་བཟང་འོད་དགུ་འབྱུང༌། །ཀ་གཞུ་ལས་བཞིའི་དཀྱིལ་འཁོར་རྫོགས། །ཀ་མཐོང་ཆུ་སྲིན་པིར་གྱིས་མཚན། །ཐུགས་རྗེས་ཟིན་ནས་གཏོང་མི་སྲིད། །ཀ་བའི་སྟེང་དུ་དཔག་བསམ་ཤིང༌། །ཡིད་འོང་ལོ་འབྲས་རྒྱས་པའི་ཀློང༌། །ཤིང་ཁམས་ཨིནྡྲ་ནཱི་ལའི་ཁྱུང༌། །ཐབས་ཤེས་གཤོགས་པས་སྲིད་ཞིའི་གཡང༌། །གཅོད་ཅིང་བྱང་ཆུབ་ས་ལམ་བགྲོད། །ཕྲིན་ལས་མཆུ་སྡེར་རྭ་ཀུན་རྣོ། །ཤིང་ཁམས་རླུང་རྟ་རྒུད་པ་གསོ། །མཁྱེན་གཉིས་ཡེ་ཤེས་གསེར་མིག་འཁྱིལ། །སྟོབས་བཅུའི་ནོར་བུས་གཙུག་ན་བརྒྱན། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་གཟུགས། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །གུ་རུ་པདྨ་ཐོད་ཕྲེང་རྩལ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་དང༌། །འཇིག་རྟེན་དབང་ཕྱུག་སྙིང་རྗེའི་གཏེར། །གསང་བའི་བདག་པོ་རྡོ་རྗེ་འཛིན། །རྗེ་བཙུན་ཡིད་བཞིན་འཁོར་ལོ་དང༌། །ཧཱུྃ་ཆེན་ཀ་ར་ནམ་མཁའི་སྙིང༌། །རྡོ་རྗེ་སེམས་དཔའ་མི་བསྐྱོད་པ། །ཡང་དག་སངས་རྒྱས་མཉམ་པར་སྦྱོར། །རྡོ་རྗེ་ཁྲག་འཐུང་མཱ་མ་ཀི །ཞི་བྱེད་དཀར་མོ་རྫུ་འཕྲུལ་ཅན། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཕོ་རྒྱུད་མགོན་པོ་དགྲ་ལྷའི་ཚོགས། །སྨན་བཙུན་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔ་བརྟན་མ་སྐྱོང་མ་བཅས། །མོ་སྨན་བྱེ་བ་འབུམ་དང་བཅས། །ཀུན་ཀྱང་རྡོ་རྗེའི་རིགས་ཅན་གྱི། །དགྲ་བླ་ཝེར་མའི་ཚོགས་ཀྱི་རྗེ། །ཨ་དཀར་འོད་ཀྱི་ཝེར་མ་ནི། །དཀར་གསལ་ཟླ་བ་ཞུན་མའི་མདངས། །ཕྱག་ན་ཤིང་སྣ་མེ་ལོང་བསྣམས། །ཆིབས་སུ་རྡོ་རྗེའི་ཁྱུང་ལ་ཆིབས། །སྤྲུལ་པའི་ཕྲ་མེན་འབུམ་ཕྲག་སྤྲོ། །ལས་བྱེད་ཤིང་སྟག་རི་མོ་ཅན། །སྐུ་གཟུགས་མཉམ་ཉིད་མི་ཡི་ལུས། །ཆོས་དབྱིངས་ཡེ་ཤེས་སྟག་གི་གདོང༌། །སོར་རྟོག་གཤོག་པ་བྱ་སྡེར་རྣམས། །མེ་ལོང་ཡེ་ཤེས་སྦྲུལ་མཇུག་ཅན། །བྱ་གྲུབ་ཡེ་ཤེས་ཕྲ་མེན་གཟུགས། །ཁམས་ལྔའི་དབང་ཐང་གོས་སུ་གྱོན། །འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས། །ལྕགས་ཀྱི་རྟ་དཀར་ཆིབས་སུ་ཆིབས། །དཔག་བསམ་ཤིང་གི་ཚལ་ལ་རྒྱུ། །སྟེང་གི་གཟའ་ཆེན་ཕུར་བུ་དང༌། །སྨིན་དྲུག་ལ་སོགས་ཤར་སྐར་བདུན། །ཤར་གྱི་ཕྱོགས་སྐྱོངས་དྲི་ཟའི་གདོན། །བདུན་ཟུར་བྱེད་པ་སྟག་ཡོས་ལོ། །དེ་ལ་འཁོར་བའི་སྤར་ཁ་ཟིན། །འགྲམ་འཁྲུགས་བྱེད་པ་གསུམ་མཐིང་སྨེ། །འོག་གི་ཀླུ་ཆེན་དམངས་རིགས་སོགས། །ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་འཁོར། །མཆོད་དོ་བསྟོད་དོ་ལས་ལ་བཞེངས། །སྟོན་ཀའི་ཟླ་ཤེལ་ནོར་བུའི་སྒྲོན། །གངས་ཀྱི་རི་བོ་བདུད་རྩིའི་སྤྲིན། །དཀར་དམར་སྐྱེམས་ཕུད་མཚོ་ལྟར་བསྐྱིལ། །དར་སྣ་བ་དན་སྤྲིན་ལྟར་ལྡིང༌། །རབ་སྙན་གླུ་སྙན་གླིང་བུ་སྒྲོག །ཕྱེ་མར་ཞལ་ཟས་ལྷུན་པོར་བརྩེགས། །མཛེས་སྡུག་མེ་ཏོག་སྐྱེད་མོའི་ཚལ། །སྤོས་དཀར་ཙནྡན་དྲི་ཞིམ་ལྡང༌། །བདུད་རྩི་ཤིང་གི་བསང་དུད་འཁྲིགས། །བཀྲ་ཤིས་རྫས་རྟགས་དགེ་ལེགས་དཔལ། །ཁྱད་པར་ཤིང་ཁམས་རླུང་བསྐྱེད་ཀྱི། །གཡུ་མདོག་བ་དན་བར་སྣང་ཁྱབ། །ལས་ཀུན་ཐོགས་མེད་གྲུབ་པ་ཡིས། །སྙན་གྲགས་བ་དན་ས་གསུམ་ཁྱབ། །མ་རླུང་ཆུ་ཡི་བ་དན་སྔོ། །མོ་སྨན་མེ་ཏོག་འཇའ་ལྟར་མཛེས། །བུ་རླུང་མེ་ཡི་བ་དན་དམར། །ཁྱེའུ་ཆུང་རླུང་རྟ་སྐར་ལྟར་བཀྲ། །གྲོགས་རླུང་ས་ཡི་བ་དན་སེར། །གཉེན་གྲོགས་སྲིད་སྡེ་རི་ལྟར་བརྟེན། །དགྲ་རླུང་ལྕགས་ཀྱི་བ་དན་དཀར། །ནག་ཕྱོགས་དགྲ་སྡེ་ཆམ་ལ་འབེབས། །ཀུན་ཀྱང་ཚེ་ཡི་རྨུ་ཐག་བརྒྱུད། །ཤར་ཕྱོགས་ཤིང་རིའི་རྩེ་མོར་འཐེན། །ཚེ་དཔལ་རིགས་བརྒྱུད་ཡོན་ཏན་ཚོགས། །རྒྱུན་མི་འཆད་ཅིང་བརྟན་པར་མཛོད། །དྲི་ཞིམ་རླུང་གིས་པུ་རུ་རུ། །དེ་ལས་བཛྲ་ཨཾ་གིས་སྒྲས། །ཡིད་ཚང་རླུང་གི་དཔལ་ཡོན་བསྐྱེད། །རྒྱལ་དང་ལེགས་དང་ཤིས་པ་དང༌། །གྲུབ་པའི་ལྷ་ཡི་རྔ་གསང་ལྡིར། །མེ་ཏོག་མཛེས་པའི་ཆར་ཟིམ་འབེབས། །འཇའ་ཚོན་འོད་ཀྱི་གུར་ཁང་ནས། །ལྷ་མཆོག་ཁྱུང་གི་རྩེ་འཇོ་བསྒྱུར། །བྱི་འབྲུག་སྤྲེལ་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་དཔལ་ཀུན་སྤེལ། །རྩ་གསུམ་ལྷ་ཡི་རྒྱབ་རྟེན་མཛོད། །ཆོས་སྐྱོང་དགྲ་བླས་དཔའ་སྟོབས་བསྐྱེད། །ཕས་རྒོལ་དགྲ་སྡེ་ཟིལ་གྱིས་གནོན། །བྱད་ཕུར་རྦོད་གཏོང་ཀེག་སྲི་ཐུལ། །ཁྱུང་གིས་ཀླུ་རྣམས་ཟིལ་གནོན་བཞིན། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཀྱཻ། ལྷོ་ཕྱོགས་འབྱུང་བ་མེ་ཡི་ཁམས། །རིན་ཆེན་རིགས་ཀྱི་འོག་མིན་ཆེ། །བཀོད་པ་ཚད་མེད་རིན་ཆེན་རྒྱན། །ཡིད་འོད་ངོ་མཚར་ཞིང་གི་དབུས། །རིན་ཆེན་བྱི་རུའི་རླུང་གི་ཀ །མཐོན་པོ་དགུང་གི་དབྱིངས་སུ་སྙེགས། །སྣ་ཚོགས་ནོར་བུའི་རྒྱན་ཕྲེང་དང༌། །མེ་ཏོག་པ་ཏྲའི་རི་མོ་བཀྲ། །ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། །ཀ་རྨིང་བུམ་བཟང་འདོད་རྒུ་འབྱུང༌། །ཀ་གཞུ་ལས་བཞིའི་དབྱིབས་སུ་རྫོགས། །མཛེས་བརྗིད་ཆུ་སྲིན་པིར་གྱིས་མཚན། །ཐུགས་རྗེས་ཟིན་ནས་མི་གཏོང་རྟགས། །ཀ་བའི་སྟེང་དུ་འབར་བའི་མེ། །གློག་ཞགས་ཚ་ཚའི་ཟེར་འཁྲུགས་དབུས། །མེ་ཁམས་པདྨ་ར་གའི་སྟག །སྡེར་བཞི་རྫུ་འཕྲུལ་རྐང་བཞིའི་ཚུལ། །ས་ལམ་ལ་ཀླུང་ཡུད་ཀྱིས་ཉུལ། །ཕར་ཕྱིན་དྲུག་གི་འཛུམ་དྲུག་གྲྭ། །རབ་རྒྱས་གཞན་སྡེ་ཟིལ་གྱིས་གནོན། །ཕྱོགས་ལས་རྣམ་རྒྱལ་སྙན་སྒྲ་ཡིས། །ཕ་རོལ་བདུད་སྡེའི་སྙིང་ཡང་འགགས། །མེ་ཁམས་རླུང་རྟ་རྒུད་པ་གསོ། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་གཟུགས། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །གུ་རུ་རཏྣ་ཐོད་ཕྲེང་རྩལ། །འཇམ་དཔལ་འདོད་འབྱུང་ནོར་བུ་འཆང༌། །འཕགས་མཆོག་དོན་ཡོད་ཞགས་པ་ཆེ། །གསང་བདག་གནོད་སྦྱིན་སྡེ་དཔོན་ཆེ། །སེར་མོ་བསོད་ནམས་མཆོག་སྟེར་མ། །འཇམ་དཔལ་བཤེས་གཉེན་གནུབས་ཆེན་པོ། །རྡོ་རྗེ་ཉི་མ་རིན་ཆེན་འབྱུང༌། །འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ལྷ། །གཤིན་རྗེ་རིགས་ལྔ་སངས་རྒྱས་སྤྱན། །སེར་མོ་དོན་གྲུབ་ཌཱ་ཀིའི་གཙོ། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །ཡེ་ཤེས་མགོན་པོ་སྟག་ཞོན་ཆེ། །ཕོ་རྒྱུད་མགོན་པོ་དགྲ་བླའི་ཚོགས། །མ་གཅིག་ལྷ་མོ་རེ་མ་ཏི། །མོ་རྒྱུད་བྱེ་བ་འབུམ་དང་བཅས། །ཀུན་ཀྱང་རིན་ཆེན་ཉི་མའི་རིགས། །དགྲ་བླ་ཝེར་མའི་ཚོགས་ཀྱི་རྗེ། །སེང་ཆེན་ཡིད་བཞིན་ནོར་བུ་ནི། །སྐུ་མདོག་སེར་གསལ་ཉི་འབུམ་གཟི། །ཕྱག་ན་ནོར་བུ་གཏེར་བུམ་བསྣམས། །ཆིབས་སུ་མེ་སྟག་དམར་མོ་ཆིབས། །སྤྲུལ་པའི་ཕྲ་མེན་འབུམ་ཕྲག་སྤྲོ། །ལས་བྱེད་མེ་སྦྲུལ་འཁྱུག་ཅིང་རྔམས། །སྐུ་གཟུགས་མཉམ་ཉིད་མི་ཡི་ལུས། །ཆོས་དབྱིངས་ཡེ་ཤེས་སྦྲུལ་གྱི་གདོང༌། །སོར་རྟོག་གཤོག་པ་བྱ་སྡེར་རྣོ། །མེ་ལོང་ཡེ་ཤེས་སྦྲུལ་མཇུག་ཅན། །བྱ་གྲུབ་ཡེ་ཤེས་ཕྲ་མེན་གཟུགས། །ཁམས་ལྔའི་དབང་ཐང་གོས་སུ་གྱོན། །འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས། །ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས། །བསྐལ་པའི་མེ་དཔུང་འཁྱིལ་དབུས་རོལ། །སྟེང་གི་གཟའ་ཆེན་ཉི་མ་མིག །བྲ་ཉེ་ལ་སོགས་ལྷོ་སྐར་བདུན། །ལྷོ་ཡི་ཕྱོགས་སྐྱོང་གཤིན་རྗེའི་གདོན། །བདུན་ཟུར་རྟ་སྦྲུལ་ལོ་ཡི་ལྷ། །དེ་ལ་འཁོར་བའི་སྤར་ཁ་ལི། །འགྲམ་འཁྲུགས་བྱེད་པ་དགུ་དམར་སྨེ། །འོག་གི་ཀླུ་ཆེན་རྗེ་རིགས་སོགས། །ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་ཏེ། །མཆོད་དོ་བསྟོད་དོ་ལས་ལ་བཞེངས། །ས་གཞི་རིན་ཆེན་ནོར་བུའི་རི། །དཔག་བསམ་ཤིང་གི་ནགས་ཚལ་རྒྱས། །འདོད་འབྱུང་གཏེར་གྱི་ཁུང་བུ་བརྡོལ། །མ་རྨོས་སྙེ་མ་གཡུར་དུ་ཟ། །མདངས་མཛེས་མེ་ཏོག་སྦྲང་མངར་རྒྱས། །ཉིན་བྱེད་སྣང་བས་མཁའ་དབྱིངས་བརྡལ། །སྟེང་དུ་རིན་པོ་ཆེ་ཡི་སྤྲིན། །སྣ་ཚོགས་ལྷ་རྫས་ཆར་དུ་འབེབས། །བར་སྣང་རྒྱལ་སྲིད་རིན་ཆེན་བདུན། །རིན་ཆེན་སྣ་ཚོགས་འདོད་ཡོན་ལྔ། །དཔལ་འབྱོར་འབྲུ་སྨན་ནོར་བུའི་དབྱིག །མི་ཟད་ནམ་མཁའ་མཛོད་དུ་ཀླུབས། །རྣམ་བཀྲའི་གོས་ཀྱི་ཕྱོགས་མཚམས་གཡོགས། །རྟ་དྲེལ་གཅན་གཟན་གནག་ཕྱུགས་ཁྱུ། །སྲིད་ཞིའི་དཔལ་འབྱོར་ཕུན་ཚོགས་དཔལ། །ཁྱད་པར་མེ་ཁམས་རླུང་བསྐྱེད་ཀྱི། །དབང་མདོག་བ་དན་བར་སྣང་ཁྱབ། །ཕོ་རླུང་ཡིད་ཚངས་རླུང་རྟ་བསྐྱེད། །བསོད་ནམས་མེ་ལྟར་འབར་བར་མཛོད། །མ་རླུང་ཤིང་ཁམས་བ་དན་ལྗང༌། །མོ་སྨན་རིགས་རྒྱུད་མེ་འབྲས་རྒྱས། །བུ་རླུང་ས་ཁམས་བ་དན་སེར། །དཔའ་བོའི་རིགས་རྒྱུད་འཛངས་པར་མཛོད། །གྲོགས་རླུང་ལྕགས་ཀྱི་བ་དན་དཀར། །གཉེན་གྲོགས་ལྕགས་རིས་སྲུང་ནུས་མཛོད། །དགྲ་རླུང་ཆུ་ཡི་བ་དན་སྔོ། །དགྲ་སྡེའི་གནོད་སྦྱོར་ཞི་བར་མཛོད། །ཀུན་ཀྱང་ཚེ་ཡི་རྨུ་ཐག་བརྒྱུས། །ལྷོ་ཕྱོགས་མེ་རིའི་རྩེ་མོར་འཐེན། །དྲི་ཞིམ་རླུང་གིས་པུ་རུ་རུ། །དེ་ལས་རཏྣ་ཡཾ་གྱི་སྒྲས། །ངོ་མཚར་རླུང་གི་དཔལ་ཡོན་བསྐྱེད། །རྒྱལ་དང་ལེགས་དང་ཤིས་པ་དང༌། །གྲུབ་པའི་ལྷ་ཡི་རྔ་གསང་ལྡིར། །མེ་ཏོག་མཛེས་པ་ཆར་ཟིམ་འབེབས། །འཇའ་ཚོན་འོད་ཀྱི་གུར་ཁང་ནས། །ལྷ་མཆོག་མེ་སྟག་རྩེ་འཇོ་བསྒྱུར། །ཕག་ལུག་ཡོས་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་དཔལ་ཀུན་སྤེལ། །རྩ་གསུམ་ལྷ་ཡི་རྒྱབ་བརྟེན་མཛོད། །ཆོས་སྐྱོང་དགྲ་བླས་དཔལ་སྟོབས་སྐྱེད། །ཕས་རྒོལ་དགྲ་སྡེ་ཟིལ་གྱིས་ནོན། །བྱད་ཕུར་རྦོད་གཏོང་ཀེག་སྲི་ཐུལ། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཀྱཻ། ནུབ་ཕྱོགས་འབྱུང་བ་ལྕགས་ཀྱི་ཁམས། །པདྨའི་རིགས་ཀྱི་འོག་མིན་ཆེ། །བཀོད་པ་ཚད་མེད་རིན་ཆེན་རྒྱན། །ཡིད་འོང་ངོ་མཚར་ཞིང་གི་དབུས། །རིན་ཆེན་ལྕགས་ཀྱི་རླུང་གི་ཀ །མཐོན་པོ་དགུང་གི་དབྱིངས་སུ་སྙོགས། །སྣ་ཚོགས་ནོར་བུའི་རྒྱན་ཕྲེང་དང༌། །མེ་ཏོག་པ་ཏྲའི་རེ་ཁཱ་བཀྲ། །ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། །ཀ་རྨང་བུམ་བཟང་འདོད་རྒུ་འབྱུང༌། །ཀ་ཞུ་ལས་བཞིའི་དཀྱིལ་འཁོར་རྫོགས། །མཛེས་བརྗིད་ཆུ་སྲིན་པིར་གྱིས་མཚན། །ཐུགས་རྗེས་ཟིན་ནས་གཏོང་མི་སྲིད། །ཀ་བའི་སྟེང་དུ་རྡོ་རྗེའི་བྲག །རྩེ་མོ་ཤེལ་གྱི་གངས་རི་མཛེས། །ལྕགས་ཁམས་དུང་གི་སེང་གེ་དཀར། །མཁྱེན་གཉིས་མིག་གི་ཉི་ཟླ་གསལ། །གཞན་སྡེ་ཟིན་གནོན་ངར་སྐད་སྒྲོག །བྱང་ཆུབ་ལམ་གྱི་གཡུ་རལ་བརྗིད། །ཕྲིན་ལས་རྣམ་བཞིའི་མཆེ་སྡེར་རྣོ། །ལྕགས་ཁམས་རླུང་རྟ་རྒུད་པ་གསོ། །ཕས་རྒོལ་རི་སྐྱེས་ཀླད་པ་འགེམས། །དབང་བཅུའི་ལུས་རྩལ་ཡོངས་སུ་རྫོགས། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་གཟུགས། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །གུ་རུ་པདྨ་ཐོད་ཕྲེང་རྩལ། །འཇམ་དཔལ་བདེ་ཆེན་རྒྱལ་པོ་དང༌། །དཔལ་ལྡན་པདྨ་གར་གྱི་དབང༌། །གསང་བའི་བདག་པོ་རྡོ་རྗེ་ཆོས། །དབང་མཛད་ཀུ་རུ་ཀུ་ལུལླེ་དང༌། །ནཱ་གརྫུ་ན་རྒྱལ་མཆོག་དབྱངས། །གསུང་གི་རྡོ་རྗེ་སྣང་མཐའ་ཡས། །དབང་ཆེན་རྟ་མཆོག་ཧེ་རུ་ཀ །འདོད་པའི་རྒྱལ་པོ་ན་བཟའ་དཀར། །དམར་མོ་སྒྲ་སྒྲོགས་དབང་མཛད་ལྷ། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །ཕོ་རྒྱུད་མགོན་པོ་དགྲ་ལྷའི་ཚོགས། །ཙཎྜ་ལི་དང་དབང་ཕྱུག་ཆེ། །ཨུ་མ་ལ་སོགས་དབང་གི་ལྷ། །ཀུན་ཀྱང་པདྨའི་རིགས་ཅན་ཏེ། །དགྲ་བླ་ཝེར་མའི་ཚོགས་ཀྱི་རྗེ། །དབང་མཛད་རྡོ་རྗེའི་ལྕགས་ཀྱུ་ནི། །སྐུ་མདོག་ཨུཏྤལ་དམར་པོའི་མདངས། །ཕྱག་གཉིས་ལྕགས་ཀྱུ་ཞགས་དམར་གདེངས། །ཆིབས་སུ་གདོང་ལྔའི་དབང་པོ་ཆིབས། །སྤྲུལ་པའི་ཕྲ་མེན་འབུམ་ཕྲག་སྤྲོ། །ལས་བྱེད་འཕྲུལ་གྱི་ལྕགས་སྤྲེལ་ནི། །སྐུ་གཟུགས་མཉམ་ཉིད་མི་ཡི་གཟུགས། །ཆོས་དབྱིངས་ཡེ་ཤེས་སྤྲེལ་གྱི་གདོང༌། །སོར་རྟོག་ཡེ་ཤེས་བྱ་སྡེར་རྣོ། །མེ་ལོང་ཡེ་ཤེས་སྦྲུལ་མཇུག་ཅན། །བྱ་གྲུབ་ཡེ་ཤེས་ཕྲ་མེན་གཟུགས། །ཁམས་ཀྱི་དབང་ཐང་གོས་སུ་གྱོན། །འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས། །ཆིབས་སུ་མེ་རྟ་དམར་པོ་ཆིབས། །གནམ་ལྕགས་བྲག་རིའི་ཟོམ་ན་རྒྱུ། །སྟེང་གི་གཟའ་ཆེན་ལྷག་པ་དང༌། །ལྷ་མཚམས་ལ་སོགས་ནུབ་སྐར་བདུན། །ནུབ་ཀྱི་ཕྱོགས་སྐྱོང་ཆུ་བདག་གདོན། །བདུན་ཟུར་བྱ་སྤྲེལ་ལོ་ཡི་ལྷ། །དེ་ལ་འཁོར་བའི་སྤར་ཁ་དྭ། །འགྲམ་འཁྲུགས་བྱེད་པ་བདུན་དམར་སྨེ། །འོག་གི་ཀླུ་ཆེན་བྲམ་ཟེའི་རིགས། །ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་འཁོར། །མཆོད་དོ་བསྟོད་དོ་ལས་ལ་བཞེངས། །བདེ་སྟོང་སྒྱུ་མ་ཆེན་པོའི་དཔྱིད། །མཛེས་འཛུམ་ལང་ཚོའི་མེ་ཏོག་བཀྲ། །ག་བུར་ཙནྡན་བསུང་ཞིམ་དྲི། །ཧ་སིད་མྱོས་ཤིང་འཁུན་པའི་སྒྲ། །ཞིམ་མངར་སྦྲང་རྩི་མྱོས་བྱེད་རོ། །འཇམ་འཁྲིལ་མཉེན་ལྕུག་རེག་བྱས་འཁྱུད། །ཟུར་མིག་ལྕགས་ཀྱུས་གཞན་ཡིད་འགུགས། །མཚར་སྡུག་གླུ་བྲོ་རྒྱུན་མི་འཆད། །ཀུན་ཏུ་སིམས་བྱེད་དགའ་བཞིའི་ཉམས། །ཅིར་ཡང་འཆར་ཞིང་འབྱུང་བ་འདིས། །སྐུ་གསུང་ཐུགས་ལ་དགྱེས་པ་བསྐྱེད། །ཁྱད་པར་ལྕགས་ཁམས་རླུང་བསྐྱེད་ཀྱི། །ཤེལ་མདོག་བ་དན་བར་སྣང་ཁྱབ། །ཕོ་རླུང་ཡིད་ཚངས་རླུང་རྟ་བསྐྱེད། །རླུང་སྲོག་ལྕགས་ལྟར་བརྟན་པར་མཛོད། །མ་རླུང་ས་ཡི་བ་དན་སེར། །མོ་སྨན་དཔལ་འབྱོར་བརྟན་རྒྱས་མཛོད། །བུ་རླུང་ཆུ་ཡི་བ་དན་མཐིང༌། །རིགས་རྒྱུད་ཆུ་ལས་རིང་བར་མཛོད། །གྲོགས་རླུང་ཤིང་གི་བ་དན་ལྗང༌། །གཉེན་སྡེ་ཤིང་ལྟར་རྒྱས་པར་མཛོད། །དགྲ་རླུང་མེ་ཡི་བ་དན་དམར། །དགྲ་བགེགས་མིང་མེད་བསྲེག་པར་མཛོད། །ཀུན་ཀྱང་ཚེ་ཡི་རྨུ་ཐག་བརྒྱུས། །ནུབ་ཕྱོགས་མེ་རི་རྩེ་མོར་འཐེན། །ཚེ་དཔལ་རིགས་རྒྱུད་ཡོན་ཏན་གྱིས། །རྒྱུན་ཀུན་འཕེལ་རྒྱས་མཛེས་པར་མཛོད། །དེ་ལས་པདྨ་ཡཾ་གི་སྒྲས། །ངོ་མཚར་རླུང་གི་དཔལ་ཡོན་བསྐྱེད། །རྒྱལ་དང་ལེགས་དང་ཤིས་པ་དང༌། །གྲུབ་པའི་ལྷ་ཡི་རྔ་གསང་ལྡིར། །མེ་ཏོག་མཛེས་པའི་ཟིམ་ཆར་འབེབས། །འཇའ་ཚོན་འོད་ཀྱི་གུར་ཁང་ནས། །ལྷ་མཆོག་དུང་སེང་རྩེད་འཇོ་སྒྱུར། །སྟག་རྟ་ཁྱི་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་དཔལ་ཀུན་སྤེལ། །རྩ་གསུམ་ལྷ་ཡི་རྒྱབ་བརྟེན་མཛོད། །ཆོས་སྐྱོང་དགྲ་བླས་དཔལ་སྟོབས་སྐྱེད། །ཕས་རྒོལ་དགྲ་སྡེ་ཟིལ་གྱིས་ནོན། །བྱད་ཕུར་རྦོད་གཏོང་ཀེག་སྲི་ཐུལ། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཀྱཻ། བྱང་ཕྱོགས་འབྱུང་བ་ཆུ་ཡི་ཁམས། །ལས་ཀྱི་རིགས་ཀྱི་འོག་མིན་ཆེ། །བཀོད་པ་ཚད་མེད་རིན་ཆེན་རྒྱན། །ཡིད་འོང་ངོ་མཚར་ཞིང་གི་དབུས། །རིན་ཆེན་བཻ་ཌཱུའི་རླུང་གི་ཀ །མཐོན་པོ་དགུང་གི་དབྱིངས་སུ་བཏེགས། །སྣ་ཚོགས་ནོར་བུའི་རྒྱན་ཕྲེང་ཅན། །མེ་ཏོག་པ་ཏྲའི་རི་མོ་བཀྲ། །ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། །ཀ་རྨིང་བུམ་བཟང་འདོད་རྒུ་འབྱུང༌། །ཀ་གཞུ་ལས་བཞིའི་དཀྱིལ་འཁོར་རྫོགས། །ཀ་མཐོང་ཆུ་སྲིན་པིར་གྱིས་མཚན། །ཐུགས་རྗེས་ཟིན་ནས་བཏང་མི་སྲིད། །ཀ་བའི་སྟེང་དུ་ཆར་ལྡན་སྤྲིན། །མཐོན་མཐིང་ནོར་བུས་རི་བཞིན་བརྗིད། །མཛེས་རྔམས་གློག་གི་ཞགས་པ་གཡོ། །སིམ་བྱེད་སྦྲང་ཆར་ཟིམ་བུའི་དབུས། །ཆུ་ཁམས་ཨིནྡྲ་ནཱི་ལའི་འབྲུག །རྣམ་བཞིའི་ཕྲིན་ལས་རྐང་ལག་མཐིལ། །འདོད་འབྱུང་ནོར་བུའི་དབྱིག་གིས་སྤྲས། །སོག་ཕྲག་འཕྲུལ་ལྡན་གློག་ཞགས་འཁྱུགས། །མུན་སྤྲིན་མཐར་བྱེད་སྣང་བ་སྤྲོ། །ང་རོས་སྟོང་གསུམ་འཇིག་རྟེན་ཁམས། །རྫུ་འཕྲུལ་ས་གསུམ་ཁྱབ་པར་སྤྲོ། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །ཀུན་ཕན་ཕྲིན་ལས་རང་གཟུགས་ཏེ། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །གུ་རུ་ཀརྨ་ཐོད་ཕྲེང་རྩལ། །འཇམ་དཔལ་རྡོ་རྗེ་རྣོན་པོ་དང༌། །རྡོ་རྗེ་སྙིང་པོ་སྤྱན་རས་གཟིགས། །གསང་བདག་འབྱུང་པོ་འདུལ་མཛད་ལྷ། །རྗེ་བཙུན་མྱུར་མ་དཔལ་མོ་དང༌། །པྲ་བྷ་ཧསྟི་མཁར་ཆེན་བཟའ། །རྟ་ཡི་རྒྱལ་པོ་དོན་ཡོད་གྲུབ། །རྡོ་རྗེ་གཞོན་ནུ་རྣམ་པར་འཇོམས། །བདུད་རྩི་འཁྱིལ་པ་དམ་ཚིག་སྒྲོལ། །སྣ་ཚོགས་མཐར་ཕྱིན་དྷཱ་ཀིའི་རྒྱལ། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །ཡེ་ཤེས་མགོན་པོ་མ་ནིང་ནག །ཕོ་རྒྱུད་མགོན་པོ་དགྲ་བླའི་ཚོགས། །ཤྭ་ན་ཆེན་མོ་ཕྲ་མེན་ཚོགས། །མོ་རྒྱུད་འབུམ་ཕྲག་བསམ་ཡས་དང༌། །ཀུན་ཀྱང་ལས་ཀྱི་རིགས་ཅན་གྱི། །དགྲ་བླ་ཝེར་མའི་ཚོགས་ཀྱི་རྗེ། །དམག་དཔོན་ནོར་བུ་དགྲ་འདུལ་ནི། །ཕྱག་ན་ལྕགས་ཀྱི་མདའ་གཞུ་བསྣམས། །ཆིབས་སུ་གཡུ་འབྲུག་སྔོན་པོ་ཆིབས། །སྦྲུལ་པའི་ཕྲ་མེན་འབུམ་ཕྲག་སྤྲོ། །ལས་བྱེད་ཆུ་ཕག་ནག་པོའི་ཚུལ། །སྐུ་གཟུགས་མཉམ་ཉིད་མི་ཡི་ལུས། །ཆོས་དབྱིངས་ཡེ་ཤེས་ཕག་གི་གདོང༌། །སོར་རྟོག་གཤོག་པ་བྱ་སྡེར་རྣོ། །མེ་ལོང་ཡེ་ཤེས་སྦྲུལ་མཇུག་ཅན། །བྱ་གྲུབ་ཡེ་ཤེས་ཕྲ་མེན་གཟུགས། །ཁམས་ལྔའི་དབང་ཐང་གོས་སུ་གྱོན། །འབྱུང་ལྔའི་ལུས་ཀྱི་དར་ཐོད་བཅིངས། །ཆིབས་སུ་ས་རྟ་སེར་པོ་ཆིབས། །རྒྱ་མཚོ་ཆེན་པོའི་ཀློང་ན་འཕྱོ། །སྟེང་གི་གཟའ་ཆེན་ཟླ་བ་དང༌། །མེ་བཞི་ལ་སོགས་བྱང་སྐར་བདུན། །བྱང་གི་ཕྱོགས་སྐྱོང་གནོད་སྦྱིན་ཆེ། །བདུན་ཟུར་བྱེད་པ་བྱི་ཕག་ལོ། །དེ་ལ་འཁོར་བའི་སྤར་ཁ་ཁཾ། །འགྲམ་འཁྲུགས་བྱེད་པ་གཅིག་དཀར་སྨེ། །འོག་གི་ཀླུ་ཆེན་གདོལ་པའི་རིགས། །ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་འཁོར། །མཆོད་དོ་བསྟོད་དོ་ལས་ལ་བཞེངས། །དྲག་པོ་སྒྲོལ་བའི་ཕྲིན་ལས་ཀྱིས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །དབང་ལྔའི་མེ་ཏོག་ཚིལ་ཆེན་སྤོས། །ཞུན་གྱི་མར་མེ་མྃ་སའི་ཟས། །རྐང་གླིང་ཀི་བསྭོ་དམག་རྔ་དུང༌། །ཐོག་སེར་ཆར་དང་སྤྲིན་ནག་སོགས། །འཇིགས་རྔམས་མི་ཟད་འདོད་ཡོན་ཚོགས། །ཅིར་ཡང་འཆར་ཞིང་འབྱུང་བ་འདིས། །སྐུ་གསུང་ཐུགས་ལ་དགྱེས་པ་བསྐྱེད། །ཁྱད་པར་ཆུ་ཁམས་རླུང་བསྐྱེད་ཀྱི། །མཐིང་མདོག་བ་དན་བར་སྣང་ཁྱབ། །ཕོ་རླུང་ཡིད་ཚངས་རླུང་རྟ་བསྐྱེད། །རླུང་སྲོག་ཆུ་ལྟར་བརྟན་པར་མཛོད། །མ་རླུང་ལྕགས་ཀྱི་བ་དན་དཀར། །མོ་སྨན་སྲོག་རྩ་བརྟན་པར་མཛོད། །བུ་རླུང་ཤིང་ཁམས་བ་དན་ལྗང༌། །རིགས་བཟང་ལོ་འབྲས་ལྟར་བཀྲ་མཛོད། །གྲོགས་རླུང་ས་ཡི་བ་དན་སེར། །མཐུན་གྲོགས་རི་རྒྱལ་ལྟར་བརྟན་མཛོད། །དགྲ་རླུང་ལྕགས་ཀྱི་བ་དན་དཀར། །ཕས་རྒོལ་གནོད་པས་མི་ཚུགས་མཛོད། །ཀུན་ཀྱང་ཚེ་ཡི་རྨུ་ཐག་བརྒྱུས། །བྱང་ཕྱོགས་ཆུ་རིའི་རྩེ་མོར་འཐེན། །ཚེ་དཔལ་རིགས་རྒྱུད་ཡོན་ཏན་གྱི། །རྒྱུན་མི་འཆད་ཅིང་བརྟན་པར་མཛོད། །དེ་ལས་ཀརྨ་ཡཾ་གིས་སྒྲས། །ངོ་མཚར་རླུང་རྟའི་དཔལ་ཡོན་སྐྱེད། །རྒྱལ་དང་ལེགས་དང་ཤིས་པ་དང༌། །གྲུབ་པའི་ལྷ་ཡི་རྔ་གསང་ལྡིང༌། །མེ་ཏོག་མཛེས་པའི་ཟིལ་ཆར་འབེབས། །འཇའ་ཚོན་འོད་ཀྱི་གུར་ཁང་ནས། །ལྷ་མཆོག་གཡུ་འབྲུག་རྩེད་འཇོ་བསྒྱུར། །བྱ་གླང་སྦྲུལ་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་དཔལ་ཀུན་སྤེལ། །རྩ་གསུམ་ལྷ་ཡི་རྒྱབ་བརྟེན་མཛོད། །ཆོས་སྐྱོང་དགྲ་བླས་དཔའ་སྟོབས་སྐྱེད། །ཕས་རྒོལ་དགྲ་སྡེ་ཟིལ་གྱིས་ནོན། །བྱད་ཕུར་རྦོད་གཏོང་ཀེག་སྲི་ཐུལ། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཀྱཻ། མཚམས་བཞིར་འབྱུང་བ་ས་ཡི་ཁམས། །སྒྱུ་འཕྲུལ་དྲྭ་བའི་འོག་མིན་ཆེ། །བཀོད་པ་ཚད་མེད་རིན་ཆེན་རྒྱན། །ཡིད་འོང་ངོ་མཚར་ཞིང་གི་དབུས། །རིན་ཆེན་གསེར་གྱི་རླུང་གི་ཀ །མཐོན་པོ་དགུང་གི་དབྱིངས་སུ་བསྙེགས། །སྣ་ཚོགས་ནོར་བུའི་རྒྱན་ཕྲེང་དང༌། །མེ་ཏོག་པ་ཏྲའི་རི་མོ་བཀྲ། །ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། །ཀ་རྨང་བུམ་བཟང་འདོད་རྒུ་འབྱུང༌། །ཀ་ཞུ་ལས་བཞིའི་དབྱིབས་སུ་རྫོགས། །མཛེས་བརྗིད་ཆུ་སྲིན་པིར་གྱིས་མཚན། །ཐུགས་རྗེས་ཟིན་ནས་མི་གཏོང་རྟགས། །ཀ་བའི་སྟེང་དུ་གསེར་གྱི་རི། །ལྷུན་ཆགས་ནོར་བུའི་རྩི་ཤིང་རྒྱས། །ས་ཁམས་གསེར་གྱི་མྱུར་འགྲོ་རྟ། །རྫུ་འཕྲུལ་རྐང་བཞིས་ཞིང་ཀུན་ཉུལ། །འཕགས་ལམ་གླིང་བཞི་བསྐོར་ཞིང་བགྲོད། །དཔལ་གྱི་རྔ་རྔོག་རྒྱས་ཤིང་སྡུག །མྱུར་བའི་ཕྲིན་ལས་དར་སྣས་བརྒྱན། །ཕྱོགས་ལས་རྣམ་རྒྱལ་འཚེར་སྒྲ་སྒྲོགས། །ནག་ཕྱོགས་བདུད་སྡེའི་སྙིང་རྩ་འདར། །ས་ཁམས་རླུང་རྟ་རྒུད་པ་གསོ། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་གཟུགས། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །གུ་རུ་བུདྡྷ་ཐོད་ཕྲེང་རྩལ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་ཚུལ། །འཇིག་རྟེན་དབང་ཕྱུག་པད་དཀར་འཆང༌། །གསང་བའི་བདག་པོ་ཁྲོ་རྒྱལ་ཆེ། །སྒྲོལ་མ་རྣམ་འཕྲུལ་ཉེར་གཅིག་ལྷ། །དྷ་ན་སཾ་སྐྲྀ་བི་མ་ལ། །རཾ་བུ་གུ་ཧྱ་ཤནྟིཾ་གྷར། །འབྲོག་མི་དཔལ་ཡེ་གཉགས་ལོ་ཆེ། །རླངས་ཆེན་དཔལ་སེང་བཻ་རོ་དང༌། །རྒྱལ་བ་རྟག་པ་རྣམ་སྣང་མཛད། །དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ། །ཤུགས་འགྲོ་གནས་ཡུལ་མཁའ་འགྲོ་མ། །ལས་དང་དམ་ཚིག་ཌཱ་ཀི་འབུམ། །ལེགས་ལྡན་ཕྱག་དྲུག་སྟག་ཞོན་མགོན། །ཕོ་རྒྱུད་མགོན་པོ་དགྲ་ལྷའི་ཚོགས། །རྡོ་རྗེ་ཧཱུྃ་མཛད་སྟོབས་པོ་ཆེ། །མི་གཡོ་མགོན་པོ་རྣམ་པར་རྒྱལ། །ཤུགས་འགྲོ་ཕྲ་མེན་དམ་ཚིག་ལས། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །ཚོགས་བདག་ཞལ་བཞི་དམ་ཅན་ཆེ། །ཕོ་རྒྱུད་མགོན་པོ་དགྲ་བླའི་ཚོགས། །ཨེ་ཀ་ཛཱ་ཏི་ཡེ་ཤེས་ལས། །སྣང་སྲིད་མ་མོའི་ཚོགས་རྣམས་དང༌། །ཀུན་ཀྱང་ལས་ཀྱི་རིགས་ཅན་ཏེ། །དགྲ་ལྷ་ཝེར་མའི་ཚོགས་ཀྱི་རྗེ། །སེང་ཆེན་བདུད་འདུལ་དཔའ་བོ་ནི། །ཕྱག་ན་བ་དན་དུང་དཀར་བསྣམས། །ཆིབས་སུ་རྫུ་འཕྲུལ་རྟ་ལ་ཆིབས། །སྤྲུལ་པའི་ལས་བྱེད་འབུམ་ཕྲག་སྤྲོ། །ལས་བྱེད་འབྲུག་ལུག་ཁྱི་གླང་གདོང༌། །སྐུ་གཟུགས་མཉམ་ཉིད་མི་ཡི་ལུས། །ཆོས་དབྱིངས་ཡེ་ཤེས་དུད་འགྲོའི་གདོང༌། །སོར་རྟོག་ཡེ་ཤེས་བྱ་སྡེར་རྣོ། །མེ་ལོང་ཡེ་ཤེས་སྦྲུལ་མཇུག་ཅན། །བྱ་གྲུབ་ཡེ་ཤེས་ཕྲ་མེན་གཟུགས། །ཁམས་ལྔའི་དབང་ཐང་གོས་སུ་གྱོན། །འབྱུང་ལྔའི་ལུས་ཀྱི་དར་ཐོད་བཅིངས། །ཆིབས་སུ་གསེར་རྟ་སེར་པོ་ཆིབས། །ལྷུན་ཆགས་རི་བོའི་སྤོ་ན་རྒྱུ། །སྟེང་འོག་ཚངས་པ་བརྟན་མ་དང༌། །ལྷག་པ་པ་སངས་སྤེན་སྒྲ་ཅན། །མེ་ལྷ་སྲིན་པོ་རླུང་དབང་ལྡན། །འབྲུག་ལུག་ཁྱི་གླང་བདུན་ཟུར་ལོ། །དེ་ལ་འཁོར་བའི་སྤར་ཁ་ནི། །ཟོན་ཁོན་ཁེན་གིང་རྣམ་པ་བཞི། །བཞི་ལྗང་གཉིས་ནག་དྲུག་བརྒྱད་དཀར། །སྨེ་བའི་ལྷ་མཆོག་རྣམ་པ་བཞི། །ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་འཁོར། །མཆོད་དོ་བསྟོད་དོ་ལས་ལ་བཞེངས། །ཨརྒྷཾ་དཀར་སྔོན་རྒྱ་མཚོ་བསྐྱིལ། །དར་སྣ་བ་དན་སྤྲིན་ལྟར་འཁྲིགས། །སྣ་ཚོགས་མཐུན་རྫས་སྐར་ལྟར་བཀྲ། །རྔ་དབྱངས་རོལ་མོ་འབྲུག་ལྟར་སྒྲོགས། །མཛེས་སྡུག་ཕོ་མོའི་བྲོ་གར་བསྒྱུར། །ཞིམ་མངར་ཟས་ཕུད་རི་ལྟར་སྤུངས། །འཇམ་འཁྲིལ་ན་བཟའ་སྣ་ཚོགས་བྲེས། །དར་གོས་རིན་ཆེན་འབྲུ་སྨན་དབྱིག །རྟ་ཕྱུགས་སྲོག་ཆགས་མ་ངེས་པ། །འདབ་ཆགས་སྡེར་ཆགས་རྨིག་ཟླུམ་དཔྲལ། །བྱེ་བ་བརྒྱ་སྟོང་ཁྱུ་ཡིས་རྩེན། །སྟག་སེང་ཁྱུང་འབྲུག་རྟ་ལ་སོགས། །རླུང་རྟའི་ལྷ་ཕྲུག་རྩེ་གར་གཡོ། །ཁྱད་པར་ས་ཁམས་རླུང་བསྐྱེད་ཀྱི། །གསེར་མདོག་བ་དན་བར་སྣང་ཁྱབ། །ལས་ཀུན་ཐོགས་མེད་གྲུབ་པ་ཡི། །སྙན་གྲགས་བ་དན་ས་གསུམ་ཁྱབ། །མ་རླུང་མེ་ཡི་བ་དན་དམར། །མོ་རྒྱུད་མཛངས་འཕྲུལ་མེ་ལྟར་འབར། །བུ་རླུང་ལྕགས་ཀྱི་བ་དན་དཀར། །རིགས་རྒྱུད་སྲོག་རྩ་ལྕགས་ལྟར་སྲ། །གྲོགས་རླུང་ཆུ་ཡི་བ་དན་སྔོ། །གཉེན་ཚན་ཆུ་ལྟར་བརྡོལ་བར་མཛོད། །དགྲ་རླུང་ཤིང་གི་བ་དན་ལྗང༌། །དགྲ་སྡེའི་གདུང་བ་སྐྱོབས་པར་མཛོད། །ཀུན་ཀྱང་ཚེ་ཡི་རྨུ་ཐག་བརྒྱུས། །མཚམས་བཞིར་ས་ཡི་རི་རྩེར་འཐེན། །ཚེ་དཔལ་རིགས་བརྒྱུད་ཡོན་ཏན་ཚོགས། །རྒྱུན་མི་ཆད་པ་བརྟན་པར་མཛོད། །དྲི་ཞིམ་རླུང་གིས་པུ་རུ་རུ། །དེ་ལས་བུདྡྷ་ཡཾ་གིས་སྒྲས། །ཡིད་ཚངས་རླུང་རྟའི་དཔལ་ཡོན་བསྐྱེད། །རྒྱལ་དང་ལེགས་དང་ཤིས་པ་དང༌། །གྲུབ་པའི་ལྷ་ཡི་རྔ་གསང་ལྡིར། །མེ་ཏོག་མཛེས་པའི་ཆར་ཟིམ་འབེབས། །འཇའ་ཚོན་འོད་ཀྱི་གུར་ཁང་ནས། །ལྷ་མཆོག་རྟ་ཡི་རྩེ་གར་བསྒྱུར། །གླང་འབྲུག་ལུག་ཁྱིའི་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་དཔལ་ཀུན་སྤེལ། །རྩ་གསུམ་ལྷ་ཡི་རྒྱབ་རྟེན་མཛོད། །ཆོས་སྐྱོང་དགྲ་ལྷས་དཔའ་སྟོབས་སྐྱེད། །ཕས་རྒོལ་དགྲ་སྡེ་ཟིལ་གྱིས་ནོན། །བྱད་ཕུར་རྦོད་གཏོང་ཀེག་སྲི་ཐུལ། །རྟ་ཡིས་རི་གླིང་ཡུད་བརྒལ་བཞིན། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཅེས་གྱེར་ཞིང་ཚིགས་མཚམས་སོ་སོར་འབྲུ་སྨན་གསེར་སྐྱེམས་ཕུད་གཏོར་མ་སོགས་ཕྱོགས་སོ་སོར་འབུལ་ཞིང་རོལ་མོ་འཁྲོལ་བར་བྱའོ། །ལྔ་པ་རླུང་རྟ་བསྐྱེད་པའི་བཟླས་དམིགས་ནི། བདག་ཉིད་ཡི་དམ་ཐུགས་སྲོག་ལས། །འོད་ཟེར་འཇའ་ཚོན་ལྟ་བུ་སྤྲོས། །མདུན་གྱི་སེང་ཆེན་དཔའ་བོ་ཡི། །ཐུགས་ཀར་ཟླ་སྟེང་སྙིང་པོ་ལ། །ཡེ་ཤེས་ལྔ་ཡི་འོད་འཕྲོ་བར། །རེག་པས་སྔོན་གྱི་ཐུགས་དམ་དྲན། །སྐུ་ནི་བདེ་ཆེན་གཟི་བྱིན་རྒྱས། །གསུང་གིས་སྔགས་སྒྲ་ཀི་བསྭོ་སྒྲོགས། །ཐུགས་ཀྱི་མཁྱེན་བརྩེའི་ཡེ་ཤེས་ཀྱི། །འོད་ཀྱིས་སྣང་བས་རིགས་གསུམ་མགོན། །མྱུར་མ་དཔལ་མོ་པདྨ་འབྱུང༌། །དུས་ཀྱི་འཁོར་ལོའི་ཐུགས་བརྒྱུད་བསྐུལ། །ལྷ་ཚོགས་ཀུན་གྱི་གསང་གསུམ་གྱི། །ཡེ་ཤེས་འོད་ཟེར་མཁའ་ཁྱབ་སྤྲོས། །སྣོད་བཅུད་སྲིད་ཞིའི་རྒུད་པ་བསལ། །དྭངས་མའི་གཟི་བརྗིད་དཔལ་ཡོན་རྒྱས། །སྲས་བཅས་རྒྱལ་བའི་གསང་གསུམ་བྱིན། །ཁྱད་པར་ཕྲིན་ལས་མི་ཟད་པའི། །དབང་དང་སྟོབས་བཅུ་གཞན་ཕན་གྱི། །ཐུགས་བསྐྱེད་ཕྲིན་ལས་འོད་ལྔའི་ཚུལ། །བསྡུས་ཏེ་མདུན་གྱི་རླུང་རྟའི་ལྷ། །རྣམས་ལ་ཐིམ་པས་ལྷ་ཚོགས་ཀུན། །སྐུ་ནི་དགྱེས་པའི་གར་གྱིས་གཡོས། །ཀི་བསྭོ་གླུ་བྲོ་ཅིར་ཡང་བསྒྱུར། །ཐུགས་ཀྱི་སྤོབས་པ་སྟོབས་བསྐྱེད་ཅིང༌། །བསྒྲུབ་བྱའི་ཚེ་དཔལ་སྟོབས་འབྱོར་དང༌། །ཁྱད་པར་རླུང་རྟའི་འཕྲུལ་སྟོབས་བསྐྱེད། །བྱད་ཕུར་མི་མཐུན་རྒུད་པ་བསལ། །སྟོབས་ནུས་དཔལ་ཡོན་བསྐྱེད་པར་བསྒྱུར། །ཨོཾ་མ་ཧཱ་སེང་ཧ་མ་ཎི་རཱ་ཛ་ཧཱུྃ། ཞེས་བསྙེན་སྔགས་དང༌། ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་སརྦ་ཨརྠ་སིདྡྷི་ཧཱུྃ་ཨཱཿ ཞེས་དགྲ་བླའི་བཞད་པ་བརྒྱད་ཀྱི་སྔགས་སྤེལ་ཚིག་ཅན་སྦྱར་བ་སྒྲུབ་སྔགས། ཛ་ཡ་ཛ་ཡ་བི་ཛ་ཡནྟུ། ཞེས་སྒྲུབ་སྔགས་ཀྱི་གཤམ་དུ་སྦྱར་བ་ལས་སྔགས་བཅས་རིམ་པས་བཟླ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གུ་རུ་རིན་པོ་ཆེ། ཨོཾ་མཉྫུ་ཤྲཱི་ཛྙཱ་ན་ཀཱ་ཡ་ན་མཿ འཇམ་དཔལ་དོན་ཡོད་གྲུབ་པ་ཡེ་ཤེས་སྐུ་ཅན་གྱི་སྔགས་དང༌། ཨོཾ་པདྨ་ཙིནྟ་མ་ཎི་ཛྭ་ལ་ཧཱུྃཿ ཞེས་སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་སྔགས། ཨོཾ་བཛྲ་ཙཎྜ་སརྦ་དུཥྚ་ན་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄ཿ ཞེས་ཕྱག་ན་རྡོ་རྗེའི་རིགས་སྔགས་བཅོ་བརྒྱད་པ་དང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ཨརྠ་སིདྡྷི་ཡེ་སྭཱ་ཧཱ། ཞེས་སྒྲོལ་མ་དོན་ཐམས་ཅད་གྲུབ་པའི་སྔགས་དང༌། ཨོཾ་ཨཱཿཧཱུྃ་ཧོ་ཧྃ ཀྵམལཝརཡ སྭཱ་ཧཱ། ཞེས་རྡོ་རྗེ་བཞིའི་སྔགས་བརྩེགས་དང་སྦྱར་བའི་དུས་ཀྱི་འཁོར་ལོའི་སྔགས་དང༌། ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ་བྷནྡྷ་ནི་རུནྡྷ་གབྷནྡྷ་དྷཱ་ར་ཡ་ནི་རུནྡྷ་ཨུརྞཱ་མ་ཎི་ཡེ་སྭཱ་ཧཱ། ཞེས་གཙུག་ཏོར་ནོར་བུའི་གཟུངས་ཕན་ཡོན་ཚད་མེད་པ་དང་ལྡན་པ་དང༌། ཨོཾ་ཨཱཿཧཱུྃ་ཧེ་ཧེ་སྟག་སེང་ཁྱུང་འབྲུག་ལྡིར་ཡར་བསྐྱེད་ཀུན་འདུས་སརྦ་འདུ་འདུ་ཧོཿ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་རླུང་རྟ་བསྐྱེད་པའི་སྔགས་ཀྱང་ཅུང་ཟད་བཟླའོ། །དྲུག་པ་རླུང་རྟ་བསྐྱེད་པའི་ཕྲིན་ལས་བཅོལ་བ་ནི། ཀྱཻ། ཡེ་ཐོག་སྲིད་པའི་དང་པོ་ལ། །ཆོས་དབྱིངས་བསམ་མི་ཁྱབ་པའི་ཀློང༌། །དངོས་མཚན་སྤྲོས་པ་མ་དམིགས་པའི། །འོད་གསལ་ཤིན་ཏུ་ཞི་བའི་དབྱིངས། །ཐུགས་རྗེ་མ་འགག་ཆོ་འཕྲུལ་ལས། །ཡེ་ཤེས་རླུང་ལྔའི་རྩལ་གཡོས་པས། །དག་པ་རྒྱལ་བའི་ཕྲིན་ལས་ཀྱིས། །སྲིད་ཞི་ཉེར་འཚོའི་སྲོག་སྨན་གྲུབ། །འགྲོ་ལ་རྟག་ཁྱབ་ལྷུན་གྲུབ་ཀྱི། །མཛད་པ་ནམ་མཁའ་མཉམ་པར་སྟོན། །རིགས་ལྔ་ལྷ་ཡི་ཕྱག་རྒྱ་ལས། །དོན་ཡོད་རྒྱལ་པོ་རྟ་ཡི་རིགས། །ལས་ཀུན་བྱེད་པའི་ལྷ་མཆོག་གྲགས། །གང་འདུལ་ཐབས་ཀྱི་མཛད་པ་ལས། །ཕྱི་ནང་གཞན་གསུམ་དབྱེར་མེད་པའི། །ཐབས་དང་རྟེན་འབྲེལ་དུ་མའི་སྒོ། །འཕགས་པ་འཇམ་དཔལ་དབྱངས་ཀྱིས་བསྟན། །གནས་པའི་རུས་སྦལ་ཆོས་ཀྱི་དབྱིངས། །ཡེ་ཤེས་རིགས་ལྔའི་ཀློང་དུ་འཁྱིལ། །ཆགས་པའི་རུས་སྦལ་འབྱུང་བ་ལྔ། །སྣོད་བཅུད་ལེགས་ཉེས་རྟེན་འབྲེལ་ཤར། །སྲིད་པའི་རུས་སྦལ་སྤར་སྨེ་ལོའི། །ལེགས་ཉེས་དཔྱད་དང་རྟེན་འབྲེལ་བྱུང༌། །ཀུན་ཀྱང་ངོ་བོ་བདེ་བ་ཆེ། །དང་པོའི་སངས་རྒྱས་འཇམ་དཔའི་དཔལ། །རྣམ་པ་སྟོང་དང་རྟེན་འབྱུང་གི །ཐ་སྙད་བཀོད་པ་འཇའ་ལྟར་བཀྲ། །ཕྲ་རགས་འབྱུང་བ་ལྔ་ཡི་ཁམས། །རླུང་རྟའི་ལྷ་ཆེན་ལྔ་རུ་ཤར། །མ་བུ་དགྲ་གྲོགས་མཐུན་སྡེབས་ཀྱིས། །ལེགས་ཚོགས་སྤེལ་ཞིང་འགལ་རྐྱེན་སེལ། །སྟོབས་ནུས་ཡོན་ཏན་བསྐྱེད་པ་ཡི། །ཐབས་འདི་ཡེ་སྨོན་རྒྱལ་པོས་མཛོད། །ཤར་ནས་ཤིང་ཁམས་རླུང་རྟའི་ལྷ། །དཔག་བསམ་ལྗོན་ཤིང་རྒྱས་བཞིན་བྱོན། །རྡོ་རྗེའི་ཁྱུང་གིས་ནམ་མཁའ་གང༌། །སྟེང་ཕྱོགས་ལྷ་རྣམས་ཟིལ་གྱིས་གནོན། །དེ་ལ་ནོར་བུ་དགྲ་འདུལ་གྱི། །ཐུགས་མཆོག་གསང་བའི་བདག་པོ་མཆོག །གཞན་སྡེ་ཟིལ་གྱིས་གནོན་པའི་ལྷ། །མཆོད་དོ་བསྟོད་དོ་ལས་ལ་བཞེངས། །ལྷོ་ནས་མེ་ཁམས་རླུང་རྟའི་ལྷ། །བསྐལ་པའི་མེ་ཆེན་འབར་བཞིན་བྱོན། །རྡོ་རྗེའི་མེ་སྟག་རི་ཀླུང་འཕྱོ། །ས་སྟེང་མི་རྣམས་ཟིལ་གྱིས་གནོན། །དོན་ལ་སེང་ཆེན་ཡོན་ཏན་འཕྲུལ། །དང་པོའི་སངས་རྒྱས་དུས་འཁོར་ལོ། །དཔའ་རྔམས་ཆེ་བའི་དགྲ་ལྷ་ཆེ། །དགྲ་སྡེ་རྩད་ནས་གཅོད་པར་མཛོད། །ནུབ་ནས་ལྕགས་ཁམས་རླུང་གི་ལྷ། །རྡོ་རྗེའི་རི་བྲག་བརྩེགས་བཞིན་བྱོན། །རྡོ་རྗེའི་སེང་ཆེན་རི་ལྟར་འགྱིངས། །ཕྱོགས་བཅུའི་འཇིག་རྟེན་ཟིལ་གྱིས་གནོན། །དོན་ལ་དགྲ་ལྷའི་གསུང་རྡོ་རྗེ། །དོན་ཡོད་ཞགས་པ་སྤྱན་རས་གཟིགས། །སུས་ཀྱང་མི་ཚུགས་དགྲ་ལྷ་སྟེ། །འགྲན་འདོད་ཆམ་ལ་འབེབས་པར་མཛོད། །བྱང་ནས་ཆུ་ཁམས་རླུང་གི་ལྷ། །དབྱར་གྱི་ཆུ་མཚོ་རྒྱས་བཞིན་བྱོན། །རྡོ་རྗེའི་གཡུ་འབྲུག་ངར་ཞིང་འཁྱུག །བར་སྣང་གཉན་རྣམས་ཟིལ་གྱིས་གནོན། །དོན་ལ་སྐྱེས་བུའི་ཕྲིན་ལས་འཕྲུལ། །མྱུར་མཛད་འཕགས་མ་སྒྲོལ་མཛད་ཡུམ། །སྙན་གྲགས་སྤེལ་བའི་མྱུར་མགྱོགས་ལྷ། །གྲགས་པའི་དབྱངས་ཀྱིས་འཁྱུད་པར་མཛོད། །མཚམས་ནས་ས་ཁམས་རླུང་གི་ལྷ། །ནོར་བུའི་གཏེར་ཁ་བརྡོལ་བཞིན་བྱོན། །གསེར་གྱི་རྟ་མཆོག་རླུང་ལྟར་རྒྱུ། །ས་འོག་ཀླུ་རྣམས་ཟིལ་གྱིས་གནོན། །དོན་ལ་དཔའ་བོའི་སྐུ་ལས་སྤྲུལ། །རང་བྱུང་འཇམ་དཔལ་གཞོན་ནུ་སྟེ། །མྱུར་སྟོབས་ལྡན་པའི་རླུང་གི་ལྷ། །ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །སྣང་བ་འཇམ་དཔལ་སྐུ་ཡི་ལྷ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་དབྱིངས། །སྒྲ་སྒྲོགས་པདྨ་གསུང་གི་དབྱིངས། །སྨྲས་ཚད་རྡོ་རྗེ་ཛཔ་ཀྱི་སྒྲ། །དྲན་རྟོག་མཁྱེན་བརྩེའི་ཡེ་ཤེས་ཐུགས། །གསང་བ་རྡོ་རྗེ་ཐུགས་ཀྱི་དབྱིངས། །བྱ་བྱེད་དུས་ཀྱི་འཁོར་ལོ་དང༌། །འཕགས་མ་སྒྲོལ་མ་གཉིས་སུ་མེད། །སྣང་སྲིད་བདེ་བ་ཆེན་པོ་དང༌། །ཉམས་དང་རྒུད་པ་མ་མཆིས་ཤིང༌། །བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་རྔ། །འཆི་མེད་ལྷ་ཡི་གནས་ལྟར་སྙན། །དགེ་ལེགས་དཔལ་གྱི་རྒྱ་མཚོ་འཁྱིལ། །ཕན་བདེའི་འདོད་དགུ་འགྲུབ་གྱུར་ཅིག །བདུན་པ་མདོས་འབུལ་བ་ནི། ཉི་ཤར་སོགས་དུས་དགེ་བའི་སྔ་ཆར་མདོས་ཕྲིན་རྒྱས་པར་གྲུབ་པར་བྱས་ནས། མཁར་གྱི་ཡང་ཐོག་གམ་རྒྱབ་རིའི་རྩེར་བསྐྱལ་ཏེ་བསང་དང་གསེར་སྐྱེམས་སྔོན་དུ་འགྲོ་བས། ཀྱཻ། བཀྲ་ཤིས་གཙང་ཞིང་དགེ་བའི་གནས། །དཔྱད་ལེགས་རི་བོའི་སྤོ་འདི་རུ། །མཐུ་ཆེན་དགྲ་བླའི་དཔུང་ཚོགས་རྣམས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དབུས་རི་ལྷུན་པོ་དགུང་དང་མཉམ། །ཉི་མ་ཟླ་བའི་རྣ་ཆ་ཅན། །རྩི་ཤིང་ནགས་བྲག་བཀོད་མཛེས་སུ། །སྐུ་གསུམ་དགྲ་བླའི་རྟེན་མཁར་བརྩེགས། །དབུ་འཕང་དགུང་དུ་བསྟོད་པའི་ཕྱིར། །དགྱེས་པར་བཞུགས་ལ་ཕྲིན་ལས་མཛོད། །ཤར་ཕྱོགས་འབྱུང་བ་ཤིང་གི་རི། །རི་རྒྱུད་རིང་ཞིང་རི་སུལ་མང༌། །བྲག་དང་ནགས་ཀྱི་ནེ་འབྲས་བཀྲ། །སྤོས་ངད་ལྡན་གྱི་ལྷུན་པོའི་སྤོར། །ཤིང་ཁམས་དགྲ་བླའི་དཔུང་དང་བཅས། །བྱ་རྒྱལ་ཁྱུང་གི་ཚུལ་དུ་བཞུགས། །ཕྲིན་ལས་ཐོགས་མེད་འགྲུབ་པ་ཡི། །བཀྲ་ཤིས་རླུང་གི་ཀ་བ་ཚུགས། །ལྷོ་ཕྱོགས་འབྱུང་བ་མེ་ཡི་རི། །རྩེ་མོ་རྣོ་ཞིང་གཡས་སུ་འཁྱིལ། །བྲག་དམར་ཕྲེང་བོགས་ཁ་དོག་དམར། །འབར་ཞིང་མཆེད་པའི་གནས་འདི་རུ། །མེ་ཁམས་དགྲ་བླའི་དཔུང་དང་བཅས། །མེ་སྟག་དམར་པོའི་ཚུལ་དུ་བཞུགས། །དཔའ་ཟིལ་སྙིང་སྟོབས་ཆེ་ལྡན་པའི། །བཀྲ་ཤིས་རླུང་གི་ཀ་བ་ཚུགས། །ནུབ་ཕྱོགས་འབྱུང་བ་ལྕགས་ཀྱི་རི། །ལྷུན་སྡུག་སྲ་བརྟན་བརྗིད་རེ་ཆགས། །གནམ་ལྕགས་རྡོ་རྗེའི་ཐོག་སོ་བརྩེགས། །མི་ཤིགས་གཞོམ་གཞིག་བྲལ་བའི་རྩེར། །ལྕགས་ཁམས་དགྲ་ལྷའི་དཔུང་དང་བཅས། །གངས་ཀྱི་སེང་ཆེན་ཚུལ་དུ་བཞུགས། །གཞན་སྡེ་ཟིལ་གནོན་རྔམས་བརྗིད་ཀྱི། །བཀྲ་ཤིས་རླུང་གི་ཀ་བ་ཚུགས། །བྱང་ཕྱོགས་འབྱུང་བ་ཆུ་ཡི་རི། །འཇམ་མཉེན་རླབས་ཕྲེང་ལུང་པའི་གཏིང༌། །ཤྭ་མོང་སུལ་བཞིན་བརྡོལ་བ་ལ། །ཆུ་མིག་མུ་ཏིག་དར་ཐག་ཅན། །ཆུ་ཁམས་དགྲ་བླའི་དཔུང་དང་བཅས། །གཡུ་འབྲུག་སྔོན་མོའི་ཚུལ་དུ་བཞུགས། །སྙན་གྲགས་ངར་སྐད་ས་གསུམ་ཁྱབ། །བཀྲ་ཤིས་རླུང་གི་ཀ་བ་ཚུགས། །མཚམས་བཞིར་འབྱུང་བ་ས་ཡི་རི། །མཛེས་བརྗིད་ལྷུན་ཆགས་ངོས་ཡངས་པ། །གསེར་གྱི་གོང་བུ་ལྟ་བུ་ཡི། །རྩེ་མོ་མཐོ་ཞིང་ཡངས་པ་རུ། །ས་ཁམས་དགྲ་ལྷའི་དཔུང་དང་བཅས། །སྟོབས་ལྡན་རྟ་མཆོག་ཚུལ་དུ་བཞུགས། །མྱུར་བདེའི་སྟོབས་ཀྱིས་ལས་ཀུན་འགྲུབ། །བཀྲ་ཤིས་རླུང་གི་ཀ་བ་ཚུགས། །མཛེས་པའི་སྤྱན་གཟིགས་འཇའ་ལྟར་བཀྲ། །མཐུན་པའི་དམ་རྫས་མཛོད་ལྟར་བསགས། །རྒྱུན་མི་འཆད་དུ་འབུལ་ལགས་ན། །དགྱེས་པར་བཞུགས་ལ་བྱ་ར་མཛོད། །སྟོབས་ལྡན་དཔལ་གྱི་དགྲ་བླ་ནི། །ཕྱི་ནང་འབྱུང་ལྔའི་དྭངས་མའི་དཔྱིད། །འདུ་འབྲལ་མེད་པར་དགྱེས་རྩེན་པས། །ཕྱོགས་ལས་རྣམ་རྒྱལ་དཔལ་ཐོབ་ཤོག །ཉམས་རྒུད་བར་ཆད་མིང་ཡང་མེད། །ཚེ་དཔལ་བསོད་ནམས་ལེགས་ཚོགས་རྒྱས། །ཁམས་གསུམ་དབང་འདུས་བྲན་དུ་ཁོལ། །ཕྱོགས་དུས་ཀུན་ཏུ་དགེ་ཞིང་ཤིས། །མདོར་ན་སྒོ་གསུམ་བྱ་བ་བཅས། །གང་བརྩམས་བྱང་ཆུབ་ལམ་གྱི་གྲོགས། །བསྟན་འགྲོར་སྨན་པའི་དཔལ་གྱུར་པ། །ལྕགས་ལ་གསེར་རྩིས་ཐེབས་བཞིན་མཛོད། །ཕན་བདེ་མི་ཟད་ནོར་བུའི་གཏེར། །སྲིད་ཞིའི་གཡུལ་ལས་རྣམ་རྒྱལ་བས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡི། །གོ་འཕང་མཆོག་ལ་བསྒྱིངས་གྱུར་ཅིག །རྫུ་འཕྲུལ་རླུང་རྟའི་ལྷ་མཆོག་ལྔ། །སེང་ཆེན་དགྲ་ལྷའི་ཡེ་ཤེས་རྩལ། །ཕྱི་ལྟར་འབྱུང་ལྔའི་ཁམས་ལ་བཞུགས། །འབྱུང་ལྔས་གར་ཁྱབ་རླུང་རྟས་ཁྱབ། །འབྱུང་ལྔ་མ་བུ་གྲོགས་སུ་ཤར། །རྫོགས་ལྡན་དགའ་སྟོན་འཕེལ་བ་ཡི། །སྣོད་བཅུད་དཔལ་རྒྱས་བརྟན་པར་མཛོད། །ནང་ལྟར་སྐྱེ་འགྲོའི་ལུས་ལ་བཞུགས། །ཤ་ཁྲག་དྲོད་དབུགས་རིག་རྩལ་རྒྱས། །འཆི་མེད་ཚེ་དང་རྡོ་རྗེའི་སྲོག །ནད་མེད་ལང་ཚོ་སྟོབས་རྒྱས་མཛོད། །དོན་དམ་དབྱིངས་རིག་ཡེ་ཤེས་སྲོག །ཆོས་དབྱིངས་ཀུན་ཁྱབ་འདུས་མ་བྱས། །སྣང་སྲིད་བདེ་ཆེན་ཆོས་སྐུའི་ཀློང༌། །འདུ་འབྲལ་མེད་པའི་དཔལ་དུ་བཞུགས། །ཨ་ཧོ་འཁོར་འདས་མཉམ་པ་ཉིད། །བདེ་ཆེན་ཆོས་སྐུའི་དཀྱིལ་འཁོར་ལ། །འདུ་འབྲལ་མེད་པས་དགྱེས་པའི་དཔལ། །རྟག་ཁྱབ་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད་ལ་རླུང་རྟའི་མདོས་ཆེན་རི་པོའི་རྩེ། །མཁར་གྱི་ཐོག །ཁང་ཁྱིམ་གྱི་མཆོད་གྲལ་སོགས་སུ་གཙང་སྦྲ་དང་བཅས་ཏེ་བཞུགས་སུ་གསོལ། །ཤིས་བརྗོད་དང་བརྟན་བཞུགས་བྱ། དུས་བཟང་རྣམས་སུ་གསོལ་མཆོད་དང༌། ཁྲུས་གསོལ། རབ་གནས་བྱས་པས་ཆོས་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་འཕེལ་རྒྱས་བརྟན་པར་འགྱུར་ཏེ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཨ་ཛི་ཏས། དེང་སང་ཕལ་ཆེར་རླུང་རྟ་ཉམས། །བཙུན་པའི་འདུལ་ཁྲིམས་ཞིག་པ་དང༌། །སྨན་དཔྱད་རྩིས་ཀྱི་རྣོ་མྱུར་ཆུང༌། །སྐྱེས་པ་མནའ་སྡིག་ཀུན་གྱིས་བརྙས། །དེ་འདྲའི་ཕྱོགས་མང་འབྱུང་བ་དང༌། །མ་ཉེས་དགྲས་འཚེ་བསམ་པ་ནི། །ལོག་པར་གྱུར་པའི་དུས་འདི་ན། །འདི་ལས་ཟབ་པ་མེད་དོ་བུ། །རང་གི་ལག་ཏུ་ལོངས་དང་ཤེས། །ཞེས་དང༌། འདི་བརྩམས་གང་བྱས་ལམ་དུ་འགྲོ། །སྙན་དང་གྲགས་པས་ཀུན་ཏུ་ཁྱབ། །ལོག་པར་བྱས་ཀྱང་ལེགས་པར་འགྲོ། །ས་སྟེང་མི་ཡི་ནོར་བུའོ། །ཞེས་རྡོ་རྗེའི་གསུང་གིས་བསྔགས་པ་ལྟར་ངེས་པའོ། །ཆོས་ཉིད་ལྟ་བའི་གདིང་ལྡན་ཞིང༌། །ཆོས་ཅན་རྟེན་འབྲེལ་ལྷ་སྔགས་རྫས། །ཏིང་འཛིན་ལྡན་པའི་བྱེད་ལས་ཀྱིས། །ཅི་འདོད་འགྲུབ་པ་གདོན་མི་ཟ། །ཁྱད་པར་མཁས་དང་གྲུབ་མཆོག་གི །མན་ངག་གནད་ལ་བྱན་ཚུད་ན། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ཀྱིས། །བསྟན་འགྲོའི་དོན་གཉིས་ལྷུན་གྲུབ་འགྱུར། །དེ་ཕྱིར་ཚད་མར་གྱུར་པའི་གཞུང༌། །འཁྱེར་བདེ་ཁྲིགས་སུ་བསྡེབས་པ་ཡིས། །བཀྲ་ཤིས་བདེ་ལེགས་དཔལ་གྱི་ཟླ། །འཕེལ་རྒྱས་རྟག་བརྟན་ལྷུན་གྲུབ་ཤོག །ཅེས་པའང་ལྷ་རིགས་བདེ་ཆེན་རོལ་པ་རྩལ་གྱི་དག་སྣང་བསང་མདོས་དམ་ཅན་དགྱེས་སྐོང་དང༌། འཇམ་པའི་དབྱངས་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་རྡོ་རྗེའི་གསུང་གི་མན་ངག་གུང་སྡེབས་ཀྱིས་བཀྲ་ཤིས་དཔལ་འབྱོར་དོན་ཐམས་ཅད་གྲུབ་པའི་སྡེས་རང་ལོ་ཉེར་དྲུག་གི་སྟེང༌། གྲུབ་བརྒྱའི་སྤྱི་མེས་དམ་པ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་དཀར་པོ་ནང་གི་དབེན་ཁྲོད་རང་གནས་བསམ་གཏན་གྱི་ཁང་བུ་བདུད་འདུལ་རྣམ་པར་རྒྱལ་བའི་དགའ་ཚལ་དུ་བྲིས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེའི་དབུ་འཕང་སྲིད་རྩེར་བསྒྲེང་བའི་རྟེན་འབྱུང་དུ་སྨོན་པ་བཞིན་འགྲུབ་ཅིང་ཤྲཱི་བི་ཛ་ཡནྟུ། དགེའོ། །མངྒ་ལཾ།། །།}} | |||
༄༅། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། རྒྱལ་ཀུན་ཕྲིན་ལས་གོ་ཆ་འཆང༌། །མཁྱེན་བརྩེ་ནུས་གཏེར་མཚན་ཆེན་པོས། །སྙིགས་དུས་འགྲོ་སྐྱོབ་མཚོ་སྐྱེས་རྗེ། །དབྱེར་མེད་དགྲ་བླའི་རྒྱལ་པོར་གུས། །ཆོས་སྲིད་ལས་ཀྱི་ཤིང་རྟ་ལ། །བརྟེན་ནས་དཔལ་གྱི་རྒྱལ་ཐབས་ཆེར། །འཛེགས་འདོད་ཕྱོགས་ལས་རྣམ་རྒྱལ་གྱི། །ལྷ་ཡི་རྔ་གསང་བརྗིད་པར་འཁྲོལ། །ལྷ་རིགས་བདེ་ཆེན་རོལ་པ་རྩལ་གྱི་དག་སྣང་གེ་སར་བསང་མདོས་དང༌། ཐམས་ཅད་མཁྱེན་གཟིགས་མི་ཕམ་འཇམ་པའི་དབྱངས་ཀྱི་མན་ངག་རླུང་རྟའི་ཀ་འཛུགས་གཉིས་དགོངས་པ་གཅིག་དྲིལ་གྱི་ལས་རིམ་ཇི་ལྟར་བྱ་བའི་ཚུལ་ལ་གཉིས། མདོས་ཀྱི་གཤོམ་དང༌། གྱེར་གྱི་ལས་རིམ་དངོས་བཤད་པའོ། །དང་པོ་ནི། གཙང་ཞིང་མཐོ་ལ་དྭངས་བའི་གནས་བཀྲ་ཤིས་དགེ་བ་རུ། དུས་རྒྱལ་གྱི་ཟླ་བ་ལ་སོགས་པའི་ཚེས་གྲངས་ཡར་ངོ་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན། གནས་ཁང་རྒྱན་བཀོད་མཛེས་པའི་གུང་དུ་རྩ་གསུམ་སྤྱི་དང་སྐྱེས་བུ་ཆེན་པོའི་སྐུ་བྲིས་འབུར་གང་རིགས་ཀྱི་སྤྱན་སྔར་མདོས་སྟེགས་གྲུ་བཞི་རྒྱ་ཁྱོན་ཡངས་པ་རས་དཀར་གྱིས་བཀབ་པའི་སྟེང་བཀྲ་ཤིས་པའི་ས་སྣ་འབྲུ་སྨན་རིན་ཆེན་ཉེར་ལྔའི་རྫས་ལས་བཅོས་པའི་རི་རབ་བང་རིམ་བཞི་ཁ་ཁྱེར་དང༌། རྩ་བར་གླིང་བཞི། གླིང་ཕྲན་བརྒྱད། རྒྱ་མཚོ་ལྕགས་རི་དང་བཅས་པ་ཚོན་གྱིས་ཕྱོགས་མདོག་ཏུ་ཕྱེ་ཞིང་མཛེས་པར་བྱ། རི་རབ་ཀྱི་སྟེང་ནོར་བུའི་ཁང་བཟང་སུམ་བརྩེགས་ཀྱི་འོག་མར་གེ་སར་གྱི་སྐུ་བླ་རྡོ་སྲོག་འཁོར་ལྡན་པ་གཞུང་མཐུན། བར་མར་གུ་རུ་རིན་པོ་ཆེ་རིགས་གསུམ་མགོན་པོ་དང་སྒྲོལ་མ་ལྗང་ཁུའི་མཐོང་གྲོལ་འཁོར་ལོ་ཅན། སྟེང་ཁང་དུ་དུས་འཁོར་ལྷན་སྐྱེས་ཀྱི་སྐུ་རྣམས་གཟུངས་དང་ལྡན་པར་བྱ། ཁང་བཟང་གི་སྟེང་དར་གདུགས་དཀར་པོ། རྨ་བྱའི་སྒྲོ་ཆུན་གྱིས་བརྒྱན། ཕོ་བྲང་གི་ངོས་དང༌། གཡས་གཡོན་དུ། ལྕགས་རིའི་ཕྱོགས་བཞིར་རྟ་གཡག་ར་ལུག་བཞིའི་གཟུགས་བཀོད། རྡོ་རྗེ་ཚེ་རྒྱལ་གྱི་ཕྲིན་ལས་ལ་གཙོ་བོར་བརྟེན་ན་སྐུ་རྟེན་གྱི་མདུན་དུ་གཙོ་བོའི་གཏོར་མ་དཔུང་རོང་ཆེ་ལེགས་རྒྱན་སྤྲོས་ཅན་དང༌། གཡས་སུ་དམ་ཅན་སྐྱེས་བུ་ཆེན་པོ་ལ་དམར་གཏོར་དཔུང་རོང་ར་མགོས་མཚན་པ། གཡོན་དུ་གཡུ་སྒྲོན་མར་སྨན་ལེབ་དཀར་ཟླུམ་པད་འདབ་བཞི་ཅན་མེ་ཏོག་གི་རྒྱན་སྤྲོས་གང་མཛེས་ཅན་དང༌། གཡས་སུ་དམ་ཅན་སྐྱེས་མིག་དམར་ཆེན་པོར་དམར་གཏོར་ཟུར་གསུམ་མདུན་དུ་ཁྲོ་ཞལ་ཕྱུངས་བ་རྩེར་ར་མགོས་མཚན་པ་ཅན་དང༌། གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་ཀྱི་དགོངས་པ་ལྟར་ན་གཙོ་བོའི་གཏོར་མ་སྔར་ལྟར་ལ་མདུན་དུ་དཀར་ཟླུམ་མཐེབ་རིལ་གྱིས་བརྒྱན་པ་གསུམ། གཡས་སུ་གཏོར་མ་གྲུ་བཞི་སེར་པོ་གཉིས། རྒྱབ་ཏུ་ཟླ་གམ་དམར་པོ་དང་དཀར་གཏོར་སྦྲུལ་དཀྲིས་ཅན། གཡོན་དུ་གྲུ་གསུམ་ནག་པོ་གཉིས་རྣམས་ལ་འཁོར་སུམ་ཅུའམ་མ་ཤོང་ན་མཐེབ་ཀྱུ་སུམ་ཅུས་བསྐོར་བ་རྒྱན་སྤྲོས་དར་གདུགས་ལྷ་རང་རང་གི་རིགས་དང་མཐུན་པའི་རྒྱན་སྤྲོས་གང་མཛེས་ཅན་བྱ། རི་རབ་ཀྱི་རྨང་དུ་ཤར་གླིང་དབུས་ཤིང་ཁམས་རླུང་གི་ཀ་བ་ལྗང་ཁུའི་ཤིང་ལོ་ལོ་འབྲས་རྒྱས་པའི་ཁོང་གསེང་རླུང་རྟའི་ལྷ་བྱ་ཁྱུང་ལྡིང་བ། ཀ་བའི་རྩ་བར་ཤིང་ནགས་སུ་བྱི་འབྲུག་སྤྲེལ་གསུམ་མཐུན་གསུམ་གྱི་རླུང་རྟའི་ལྷ་མིའི་ལུས་ལྗང་གུ། སྨད་སྦྲུལ་མཇུག་ཅན་ལྕགས་ཀྱི་རླུང་རྟ་དཀར་པོ་ལ་ཞོན་པ། མགོ་བོ་སྟག་ལག་པ་བྱ་སྡེར་ཐལ་སྦྱར་གྱིས་དཔག་བསམ་ཤིང་གི་སྡོང་པོ་འཛིན་པ་དར་སྣ་ལྔའི་གོས་དང༌། ལ་ཐོད་བཅིངས་བ། རྒྱབ་ཏུ་གཤོག་པ་ཅན་གྱི་རྒྱབ་ཏུ་ཤིང་སྣའི་ཆུན་པོ་བཙུགས། གཏོར་མ་ལྗང་ཁུ་ལྗོན་ཤིང་གི་དབྱིབས་ཅན་མདུན་དུ་བཀོད། དེས་འགྲེས་ཏེ་ལྷོ་གླིང་དབུས་མེ་ཁམས་རླུང་གི་ཀ་བ་དམར་པོའི་སྟེང་མེ་རིའི་དབུས་སུ་སྟག་མོ་དམར་ཁྲ། རྩ་བར་མེ་དཔུང་དབུས་ཕག་ལུག་ཡོས་གསུམ་གྱི་རླུང་རྟའི་ལྷ་མི་ལུས་སྦྲུལ་མགོ་དམར་སྐྱ་དར་སྣ་ལྔའི་གོས་དང་ཐོད་ཅན་ལག་པ་སྤྱང་སྡེར་གྱིས་མེ་སྒྲོན་འཛིན་པ། གཤོག་པ་དང་སྦྲུལ་མཇུག་ཅན་ཆུ་རྟ་དཀར་པོ་ལ་ཞོན་པ་བཅས་ཀྱི་རྒྱབ་ཏུ་མར་མེ་དང་མདུན་དུ་མེ་གཏོར་དམར་པོ་གྲུ་གསུམ། ནུབ་ཏུ་ལྕགས་ཁམས་རླུང་གི་ཀ་བ་དཀར་པོའི་སྟེང་གངས་བྲག་གི་རི་རྩེར་སེང་གེ །རྩ་བར་སྟག་རྟ་ཁྱི་གསུམ་གྱི་རླུང་རྟའི་ལྷ་མི་ལུས་ལྕགས་སྤྲེལ་གྱི་གདོང་ཅན་དཀར་པོ་ཕྱག་ན་ལྕགས་ཀྱི་རལ་གྲི་ཐོགས་པ། མེ་རྟ་དམར་པོ་ལ་ཞོན་པ། དར་སྣ་ལྔའི་ཐོད་དང་གོས་ཅན་རི་བྲག་ལ་འཛེགས་པའི་རྒྱབ་ཏུ་ལྕགས་རིགས་མཚོན་ཆ་དང༌། མདུན་ལྕགས་གཏོར་གྲུ་བཞི་དཀར། བྱང་དུ་ཆུ་ཁམས་རླུང་གི་ཀ་བ་སྔོན་པོའི་སྟེང་ཆར་སྤྲིན་དབུས་གཡུ་འབྲུག །རྩ་བར་རྒྱ་མཚོའི་ནང་བྱ་གླང་སྦྲུལ་གསུམ་གྱི་རླུང་རྟ་མི་ལུས་ཕག་གདོང་སྔོ་སྐྱ་ཆུས་བཀང་བའི་བུམ་པ་བསྣམས་པ། དར་སྣ་ལྔའི་ཐོད་དང་གོས་ཅན་ས་ཡི་རྟ་སེར་ལ་ཞོན་པའི་རྒྱབ་ཏུ་ཆུ་སྣས་བཀང་བའི་བུམ་པ། མདུན་དུ་ཆུ་གཏོར་དཀར་ཟླུམ། མཚམས་བཞིར་ས་ཁམས་རླུང་གི་ཀ་བ་སེར་པོ་བཞི། རིའི་ངོས་རླུང་རྟའི་ལྷ་རྟ་མཆོག་བརྒྱན་ལྡན། རྩ་བར་ཤར་ལྷོ་མི་ལུས་འབྲུག་མགོ་ཅན། ལྷོ་ནུབ་མི་ལུས་ལུག་མགོ་ཅན། ནུབ་བྱང་མི་ལུས་ཁྱི་མགོ་ཅན། བྱང་ཤར་མི་ལུས་གླང་མགོ་ཅན་དར་སྣ་ལྔའི་གོས་དང་ཐོད། ཀུན་ཀྱང་ཤིང་རྟ་ལྗང་གུ་ལ་ཞོན་པ། ལག་ན་གསེར་གྱི་རི་རབ་ཐོགས་པ། རྒྱབ་ཏུ་ས་སྣའི་རི་རབ། མདུན་དུ་ས་གཏོར་གྲུ་བཞི་སེར་པོ་བཞི་རེ་རེ་ས་སེར་རམ་གསེར་གྱིས་བཀང་བའི་སྣོད་རེ་བཅས་བཀོད། རླུང་རྟའི་ལྷ་དེ་དག་གདོང་ནམ་མཁར་བཏེགས་ཏེ་བར་སྣང་དུ་འཕྱོ་བ་དར་སྣའི་ཅོད་པན་གྱིས་བརྒྱན་པར་བྱ། དེ་དག་ལ་རང་མདོག་གི་འབྱུང་ཁམས་དང་མཐུན་པའི་བ་དན་ཆེ་བ་རེ་རེ་དང་ཆུང་བ་གྲངས་མང་གིས་ཕྲེང་བ་ཕྱོགས་མཚམས་སུ་འཐེན་པས་མཛེས་པར་བྱ། རི་རབ་ཀྱི་བང་རིམ་དང་པོ་བྱ་རིགས། གཉིས་པར་རི་དྭགས། གསུམ་པར་གཅན་ཟན། བཞི་པར་རྟ་ནོར། རྒྱ་མཚོའི་ནང་དུ་ཆུ་གནས་དང༌། ཁྱད་པར་ཤར་དུ་ཞི་བའི་རྫས་ཏིལ་དཀར་པོ། ཞོ་ཟན། འབྲས་མ་གྲུས་པ། སོ་བ། ནས། སྲན་མ་དཀར་པོ། གྲོ། རྩྭ་དཱུརྦ། ཀུ་ཤ། ལུམྦིའི་ཚལ་དང༌། ཝཱ་ར་ཎཱ་སི། མཉན་ཡོད་སོགས་དང་གུ་རུའི་བྱིན་གྱིས་བརླབས་པའི་གནས་ཀྱི་བཀྲ་ཤིས་པའི་ས་སྣ། ཆུ་སྣ། ལྷོར་རྒྱས་པའི་རྫས། རིན་ཆེན་སྣ་ཚོགས། འབྲུ་སྣ་ཚོགས། སྨན་སྣ་ཚོགས། དར་ཟབ། སྟག་གཟིག་གི་རས་མ། ས་སྣ། ཆུ་སྣ། གཏེར་གྱི་བུམ་པ། དཔག་བསམ་གྱི་ཤིང༌། མ་རྨོས་པའི་ལོ་ཏོག་སོགས། ནུབ་ཏུ་དབང་གི་རྫས། མྱོས་བྱེད་ཀྱི་ཕུད། མངར་གསུམ། མེ་ཏོག་དམར་པོའི་ཆུན་འཕྱང༌། ལན་ཚྭ། ལ་དུ། མཛེས་མའི་གཟུགས། བརྗིད་པའི་ཁྱེའུ། སྨད་འཚོང་མའི་ལག་ནས་བྱུང་བའི་དར་གོས། ལི་ཁྲི། ཁྲག་སྐྱེམས་སོགས་དང༌། བྱང་དུ་དྲག་པོའི་རྫས། དུག་སྣ། ཁྲག་སྣ། ཤ་སྣ། སྙིང་སྣ། དབང་པོའི་མེ་ཏོག་སོགས་ཉེར་སྤྱོད། ཞིང་གླང་ལྤགས། རུས་རྒྱན། མགོ་ཕྲེང༌། གོ་མཚོན་སོགས་དང༌། མདོས་ཀྱི་ར་བར་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། རིན་ཆེན་བདུན་དང༌། ནམ་མཁའ། རྒྱང་བུ། ཕོ་ཏོང༌། མོ་ཏོང༌། ཤིང་རིས། རྩང༌། ཡུལ་མཁར་སོགས་མདོས་རྫས་ཀྱིས་བསྐོར་ཞིང་མདོས་ཐག་བྲན། མདོས་ཀྱི་རྒྱབ་ཏུ་བདག་བསྐྱེད་གང་ལ་བརྟེན་པའི་གཏོར་མ་ཆོས་སྐྱོང་གེ་སར་གཙོ་འཁོར། ཕོ་རྒྱུད། མོ་རྒྱུད་སོགས་སྲུང་མ་སྤྱི་བྱེ་བྲག་བཤམས་དགོས་གང་ཡོད། དེའི་མདུན་དུ་ཞི་དྲག་གི་མཆོད་པ། སྲུང་མའི་གཏོར་འབུལ། ཆད་བརྟན། ཇ་ཆང་འོ་ཕུད། བཟང་ཤིང་གི་བསང་སྣ། སྤོས་ཁང༌། ཕྱོགས་གང་བདེར་གཡང་རྟེན་དང༌། སྒྲུབ་པ་པོའི་མདུན་དུ་རོལ་མོ་ཁྲུས་བུམ་སོགས་དགོས་པའི་ཡོ་བྱད་རིགས་འདུ་བྱའོ། །གཉིས་པ་གྱེར་གྱི་ལས་རིམ་དངོས་ལ། སྤྱིའི་ལས་གཞུང་དང༌། བྱེ་བྲག་མདོས་ཀྱི་ཆོ་ག་དངོས་སོ། །དང་པོ་ནི། བདག་བསྐྱེད་གུ་རུ་ཞི་དྲག །རྟ་མགྲིན་སོགས་རྩ་གསུམ་གང་འོས་ཀྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས་སྲུང་མའི་གསོལ་ཕྲིན་རིགས་དང༌། ཁྱད་པར་གེ་སར་རྡོ་རྗེ་ཚེ་རྒྱལ་སོགས་ཀྱི་ཕྲིན་ལས་ཚོགས་བསྐང་བཤགས་བཅས་རྒྱས་པར་བྱའོ། །གཉིས་པ་བྱེ་བྲག་མདོས་ཀྱི་ཆོ་ག་དངོས་ལ། དང་པོ་མདོས་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷྭཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་ཆེན་གྱི། །ལྷུན་པོ་གླིང་བཞི་གླིང་ཕྲན་བཅས། །རྒྱ་ཆེ་བཀོད་ལེགས་ཁྱད་པར་འཕགས། །སྟེང་དུ་དགྲ་ལྷའི་སྐུ་མཁར་བརྩེགས། །སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །ལས་བཞིའི་རྫུ་འཕྲུལ་ཅིར་ཡང་སྟོན། །ཕྱག་ན་བ་དན་དུང་དཀར་བསྣམས། །རྟ་སེང་ཁྱུང་འབྲུག་སྟག་ལ་ཆིབས། །དཔའ་རྔམས་གཟི་བྱིན་མཚུངས་མེད་པས། །གཞན་སྡེ་ཟིལ་གནོན་དབང་དུ་སྡུད། །སྐུ་ཡི་གནས་གསུམ་རིག་གསུམ་མགོན། །ལྟེ་བར་རྗེ་བཙུན་སྒྲོལ་མ་ལྗང༌། །རིགས་ཀྱི་བདག་པོ་གུ་རུ་རྗེ། །སྤྱི་བོར་དུས་ཀྱི་འཁོར་ལོར་བཞུགས། །འཁོར་དུ་དགྲ་ལྷ་ཝེར་མ་དང༌། །རྫུ་འཕྲུལ་རླུང་རྟ་ལྷ་ལྔ་སོགས། །གནམ་ས་བར་སྣང་ཀུན་ཏུ་ཁྱབ། །ཉི་ཟེར་རྡུལ་བཞིན་བསམ་མི་ཁྱབ། །ལྷུན་པོའི་སྤོ་དང་རྒྱ་མཚོའི་ཀློང༌། །གླིང་བཞིའི་ཁྱོན་ཀུན་ཁྱབ་པ་ཡི། །སྲིད་གསུམ་དཔལ་འབྱོར་ཕྱུར་བུར་གཏམས། །མཁོ་དགུའི་ལོངས་སྤྱོད་ཟད་མི་ཤེས། །ཆོས་སྐྱོང་དགྲ་བླ་ཝེར་མ་དང༌། །རླུང་རྟའི་ལྷ་མཆོག་དགྱེས་པའི་རྫས། །གཡུ་བྱེར་ཤེལ་དང་ཨིནྡྲ་ནི། །གསེར་གྱི་ཀ་བས་ནམ་མཁའ་བཏེགས། །སྟེང་དུ་རླུང་རྟ་ལྷ་ལྔ་དང༌། །རྩ་བར་འབྱུང་བའི་རླུང་ལྷ་རྣམས། །རང་རང་རྒྱན་ཆས་དར་གྱིས་སྤྲས། །རྒྱལ་དང་ལེགས་དང་ཤིས་པའི་གླུ། །ཀི་བསྭོ་ཆ་སྒྲ་འབྲུག་ལྟར་སྒྲོག །བར་སྣང་ལྷ་རྫས་ཆར་དུ་འབེབས། །དྲི་ཞིམ་རླུང་གི་བ་དན་བསྐུལ། །གོ་མཚོན་དཔའ་བོའི་ཆས་གོས་རྔམས། །དགྱེས་པའི་མཐུན་རྫས་མ་ཚང་མེད། །སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་མདོས། །འདོད་ཡོན་རྒྱ་མཚོའི་གཏེར་དུ་གྱུར། །གཉིས་པ་མགྲོན་སྤྱན་དྲངས་བ་ནི། སྤོས་བསང་བཏང༌། དབྱངས་རོལ་དར་སྣའི་གཡབ་མོ་དང་བཅས་ཏེ། བསྭཽ། དགུང་ལ་མཁའ་དབྱིངས་འཇའ་ཚོན་འཁྱིལ་བ་ལས༔ རྩ་བརྒྱུད་བླ་མའི་བྱིན་ཆེན་འབེབས༔ མེ་ཏོག་འབྲུ་ཆར་སི་ལི་ལི༔ ཡི་དམ་ཞི་ཁྲོ་དངོས་གྲུབ་སྟེར༔ དྲི་བཟང་སྤོས་ངད་ཐུ་ལུ་ལུ༔ མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་སྒྲུབ༔ འོད་དང་འོད་ཟེར་ཁྱུགས་སེ་ཁྱུག༔ བཀྲ་ཤིས་བྱིན་གཡང་ཐིབས་སེ་ཐིབ༔ འདི་འདྲའི་གནས་མཆོག་ཁྱད་པར་ཅན༔ ཨ་ལ་ལ་སྟེ་ངོ་མཚར་ཆེ༔ ཀྱཻ། ཡུལ་གྱི་མིང་ནི་འཛམ་བུ་གླིང༌། །བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །མདོ་ཁམས་གླིང་ཁྲི་བར་པའི་ཡུལ། །རིགས་གསུམ་རྒྱལ་བའི་རྣམ་པར་འཕྲུལ། །སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ། །ནག་ཕྱོགས་བདུད་སྲིན་ཚར་གཅོད་ཅིང༌། །དཀར་ཕྱོགས་དབུ་འཕང་བསྟོད་པའི་ཕྱིར། །དགྲ་བླའི་རྒྱལ་པོའི་སྐུར་བཞེངས་ཚེ། །བོད་ཡུལ་སེང་ཆེན་ནོར་བུ་རྒྱན། །སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ། །ནག་ཕྱོགས་བདུད་སྲིན་ཚར་གཅོད་ཅིང༌། །དཀར་ཕྱོགས་དབུ་འཕང་བསྟོད་པའི་ཕྱིར། །དགྲ་བླའི་རྒྱལ་པོའི་སྐུར་བཞེངས་ཚེ། །བོད་ཡུལ་སེང་ཆེན་ནོར་བུ་རྒྱལ། །ཙི་ནས་བཀྭན་ལོ་ཡན་དུ་འབོད། །ཞང་ཞུང་དགྲ་བླ་ཆེན་པོ་ཞེས། །ཕྲིན་ལས་དགྱེས་རྒུའི་རོལ་རྩེད་ཀྱིས། །བཞུགས་པའི་གནས་མཆོག་རྨད་བྱུང་བ། །མཁའ་སྤྱོད་མཐོང་བ་ཀུན་སྨོན་ཞེས། །རི་གླིང་བཀོད་པ་ཉམས་རེ་དགའ། །དགྲ་བླའི་འདུ་བ་བག་རེ་དྲོ། །མཁའ་འགྲོའི་འདུ་ཚོགས་བག་རེ་བཀྲ། །སྟེང་ན་མེ་ཏོག་ཆར་པ་འབེབས། །སྙན་པ་ཆོས་ཀྱི་འབྲུག་སྒྲ་སྒྲོག །བར་སྣང་དྲི་ཞིམ་སྤོས་ངད་རླུང༌། །ལྷ་རྫས་འདོད་དགུ་ཆར་དུ་འབེབས། །བདེ་སྐྱིད་ཉི་ཟླས་མེ་འོད་སྤྲོ། །རྒྱལ་དང་ལེགས་དང་གྲུབ་ལ་སོགས། །རང་བྱུང་ཤིས་པའི་སྒྲ་སྙན་སྒྲོག །ས་གཞི་བཀོད་མཛེས་སྨན་ལྗོངས་ཐང༌། །བདུད་རྩིའི་ཆུ་རྫིང་རིན་ཆེན་ལྷུན། །ནོར་བུའི་བྲག་སྐྱིབས་གངས་ཀྱི་རི། །སྣ་ཚོགས་མེ་ཏོག་མ་རྨོས་འབྲུ། །འདོད་འཇོའི་བ་དང་རྟ་དྲེལ་ཁྱུ། །གནག་ཕྱུགས་རི་དྭགས་བྱ་ཚོགས་རྩེ། །དེ་འདྲའི་གནས་མཆོག་དམ་པ་ནས། །རང་སྣང་རིག་པའི་སྐྱེས་བུ་ནི། །ཕྱི་ལྟར་སེང་ཆེན་དགྲ་བླའི་རྒྱལ། །ནང་དུ་འཕགས་མཆོག་རིགས་གསུམ་མགོན། །དོན་ལ་ཨོ་རྒྱན་ཐོད་ཕྲེང་རྩལ། །ནག་ཕྱོགས་བདུད་དགྲ་འཇོམས་པའི་གཤེད། །དམ་པ་ཆོས་ཀྱི་དགྲ་བླ་སྟེ། །སྙིགས་དུས་བསྟན་འགྲོའི་མགོན་དཔུང་ཆེ། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །གནས་འདིར་བརྩེ་བས་དགྱེས་དགོངས་ལ། །དར་སྣའི་གཡབ་མོས་འབོད་ལ་གཟིགས། །སྙན་འགྱུར་དབྱངས་ཀྱིས་བསྐུལ་ལ་གསོན། །མཁྱེན་བརྩེའི་ཡེ་ཤེས་རྗེས་དགོངས་ཏེ། །སྟེང་ནས་ཆར་སྤྲིན་འཐིབས་བཞིན་སྤྱོན། །བར་སྣང་རླུང་བསིལ་ལྡང་བཞིན་བྱོན། །ས་གཞི་རྩི་ཤིང་རྒྱས་བཞིན་བྱོན། །དགྲ་བླ་སྐྱེས་བུ་བྱོན་ཙ་ན། །གཡས་ནས་མཛེས་འཛུམ་ཁྱེའུ་ཚོགས། །བརྗིད་ལྡེམ་བྲོ་གར་ཁྲིགས་སེ་ཁྲིག །གཡོན་ན་མོ་སྨན་གཞོན་ནུ་རྣམས། །གླུ་གར་གླིང་བུ་ཀྱུ་རུ་རུ། །མདུན་དུ་གཏུམ་རྔམས་དམག་གི་དཔུང༌། །གོ་མཚོན་རུ་དར་ཕྱ་ར་ར། །རྒྱབ་ཏུ་དགྲ་བླ་ཝེར་མའི་ཚོགས། །ཀི་བསྭོ་ཆ་སྒྲ་དི་རི་རི། །རོལ་དུ་སེང་སྟག་འབྲུག་ཁྱུང་རྟ། །མཆེ་སྡེར་ངར་སྐད་ཁྲ་ལ་ལ། །རྩེ་གྲོགས་དགྲ་བླ་བཅུ་གསུམ་རྣམས། །འཕུར་ལྡེམ་རྒྱུག་འཕྱང་ཐགས་སེ་ཐག །འཁོར་དང་བཅས་པ་མ་ལུས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བརྩེ་བའི་ཐུགས་ཀྱིས་རྗེས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་དྲ་འབར་ར་ཧཾ༔ ཨ་ལ་ལི་ལ་མོ༔ གཏུང་བ་ཁྱེ་ཨ་ཧོ་ཡེ་སིདྡྷི་ཧཱུྃ༔ ཏྲཀྵེར་ཁྱེམ༔ སྲོག་དུང་དུང་ཛཿ སརྦ་ས་མ་ཡ་ཐིབ་ཐིབ་འདུ་འདུ་དུང་དུང་ཡེད་ཡེད་ཛཿཛཿ བཛྲ་ས་མ་ཡ་ཛཿ ཀྱེ། ཡིད་འོང་ལྷ་ཡི་ཀུན་དགའི་ཚལ། །མཁའ་སྤྱོད་མཐོང་བ་ཀུན་སྨོན་གླིང༌། །རིན་ཆེན་གཞལ་མེད་དར་ཟབ་ཁྲིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷན། གསུམ་པ་དམ་བསྒྲགས་པ་ནི། ཀྱཻ། ཡེ་ཐོག་བསྐལ་པའི་དང་པོ་ལ། །འཁོར་འདས་གཞི་གྲོལ་ཧེ་རུ་ཀས། །རང་རྩལ་རང་སྣང་དྲེགས་པ་བཏུལ། །ཆོས་ཉིད་གཞི་ཀློང་བྱང་ཆུབ་པའི། །སྟོབས་བཅུའི་བཙན་རྫོང་ཟིན་པའི་ཚེ། །ཡེ་ཤེས་རྩལ་གྱི་མཁྱེན་བརྩེ་ནུས། །ཀུན་ཁྱབ་ཐུགས་རྗེའི་དབང་བཅུ་བརྙེས། །ཡེ་གདངས་འོད་ལྔའི་རླུང་གི་ཟེར། །བདུད་འདུལ་དགྲ་ལྷ་ཝེར་མའི་ཚོགས། །རྫུ་འཕྲུལ་རླུང་རྟའི་ལྷ་རུ་བཞེངས། །སྣང་སྲིད་སྒྱུ་མའི་ཆོས་ཀུན་ལ། །གཏད་མེད་རིག་པས་དབང་བསྒྱུར་ཏེ། །དོན་གྲུབ་རྡོ་རྗེ་རྟ་ཡི་རྒྱལ། །རྟག་ཁྱབ་ལྷུན་གྲུབ་གཞན་ཕན་གྱི། །ཕྲིན་ལས་རྩོལ་མེད་འབྱུང་བའི་ཚེ། །ཞལ་བཞེས་ཡལ་གམ་མ་བསྙེལ་བར། །དབང་གི་རྒྱལ་པོ་རྟ་མཆོག་དཔལ། །སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ། །ལྷ་རིགས་བདེ་ཆེན་རོལ་པ་དང༌། །འཇིགས་བྲལ་ཟིལ་གནོན་དགྱེས་རྩལ་སོགས། །རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །ནག་ཕྱོགས་བདུད་སྲིན་རྒྱལ་བསེན་ཐུལ། །སངས་རྒྱས་བསྟན་པའི་རྒྱལ་མཚན་སྒྲེངས། །རིག་འཛིན་རྣལ་འབྱོར་དགྲ་ལྷ་མཛོད། །དམ་པ་ཆོས་ཀྱི་དབུ་འཕང་བསྟོད། །ཚེ་དཔལ་བསོད་ནམས་རླུང་རྟ་སྐྱེད། །དབང་ཐང་ཕྲིན་ལས་ལྷུན་གྲུབ་མཛོད། །ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་དྲ་འབར་ར་ཧཾཿ ཨ་ལ་ལི་ཐིམ་པར་གྱུརཿ བཛྲ་ས་མ་ཡ་རཀྵ་ཧཱུྃཿ ན་མོ་ན་མ་མིཿ བཞི་པ་མདོས་འབུལ་བ་ནི། ཀྱཻ། རི་རབ་གླིང་བཞི་གླིང་ཕྲན་གྱི། །བཀོད་པ་ཡངས་པའི་སྐུ་མཁར་ནི༔ གསེར་ཟངས་རྒྱ་ཕིབས་ལམས་སེ་ལམ༔ ནོར་བུའི་བ་གམ་ཁྲིགས་སེ་ཁྲིག༔ མེ་ཏོག་སྣ་ཚོགས་འཇའ་ལྟར་བཀྲ༔ རྒྱ་མཚོའི་ཆུ་འབབ་ཁྱི་ལི་ལི༔ འོད་ལྔ་གདངས་གསལ་མེ་རེ་རེ༔ འཇའ་འོད་འཁྱིལ་བའི་ཕོ་བྲང་ན༔ བཞིན་བཟང་གེ་སར་སྐྱེས་བུ་བཞུགས༔ ཕོ་སྐྱེས་དགྲ་ལྷའི་གཙོ་བོ་ཡིན༔ མོ་སྐྱེས་ཡིད་ཀྱི་ཆགས་རྟེན་ཏེ༔ སེང་ཆེན་འགྲན་གྱི་ཟླ་མེད་ཞུ༔ ཞལ་ནས་འོད་འཕྲོ་གསུང་དབྱངས་སྙན༔ དར་གྱི་ཕང་ཕུང་སྐུ་ལ་གསོལ༔ རིན་ཆེན་ཁྲི་ལ་བདེ་ལུགས་བཞུགས༔ དགྱེས་པའི་འཛུམ་མདངས་མུ་ལུ་ལུ༔ བརྩེ་བའི་སྤྱན་མིག་ཧྲིགས་སེ་ཧྲིག༔ མཛེས་སྡུག་འོད་བཀྲག་འཚེ་རེ་རེ༔ དཀར་ཡོལ་འབྲུག་རྒྱ་བཟང་པོ་རུ༔ རྒྱ་ཇ་ཁམ་པ་ཧུབ་ཀྱིས་གསོལ༔ རིན་པོ་ཆེ་ཡི་གར་བུ་རུ༔ གར་ཆང་ངར་མ་འཕྱུར་རུ་རུ༔ འདོད་ཡོན་ལྷ་མོ་འཇོ་སྒེག་མ༔ སྣ་ཚོགས་མཆོད་པ་སྤྲོ་བར་བརྩོན༔ དྲི་ཞིམ་ངད་པ་ཐུ་ལུ་ལུ༔ སྟག་ཤར་མདའ་རྩེད་སྤྲིངས་སེ་སྤྲིང༔ སྨན་ཆུང་གླུ་སྙན་ཀྱུ་རུ་རུ༔ འཁོར་ཚོགས་འདུ་ལོང་ཁྱི་ལི་ལི༔ དཔོན་གཡོག་སྐུ་འཁོར་ལྷན་རྒྱས་པར༔ འབྲུ་བཅུད་འདུས་པ་གསང་བའི་མདོས༔ ནམ་མཁའ་མཛོད་དུ་ཅིར་ཡང་སྤེལ༔ ལྷ་ཀླུ་མི་སོགས་སྲིད་པའི་བཅུད༔ གཡང་ཞག་འཁྱིལ་བའི་གཏེར་འདི་འབུལ༔ ཕྱི་ནང་གསང་རྟེན་དགྱེས་པར་བཞེས༔ དབུལ་བའི་སྐུ་མཁར་བདག་གིར་མཛོད༔ བཅོལ་བའི་ལས་དང་དངོས་གྲུབ་སྩོལ༔ ཀྱཻ། སེང་ཆེན་དགྲ་བླའི་སྐུ་མཁར་གྱི༔ བར་སྣང་མཁའ་སྤྱོད་མཐོང་སྨོན་ན༔ སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ༔ རིགས་གསུམ་སྤྲུལ་པའི་ཚོམ་བུ་བཅས༔ སྣང་སྟོང་སྐུ་ཡི་གཟི་བྱིན་འབར༔ མཚན་དཔེ་འོད་ཀྱི་ཁོང་གསེང་ན༔ རྩ་བརྒྱུད་བླ་མའི་སྤྲིན་ཕུང་འཁྲིགས༔ བྱིན་རླབས་ཆར་རྒྱུན་སི་ལི་ལི༔ རྡོ་རྗེའི་སྐུ་ལས་འཕྲོས་པའི་འོད༔ འཇའ་ཟེར་མེ་ཏོག་སྤྲིན་ཆར་ཀློང༔ ཡི་དམ་ལྷ་ཚོགས་འཇའ་ལྟར་བཀྲ། །དངོས་གྲུབ་འབྲུག་སྒྲ་འུ་རུ་རུ། །ཕྲིན་ལས་འགག་མེད་རྒྱན་གྱི་སྤྲིན། །མཁའ་འགྲོ་ཆོས་སྐྱོང་བསམ་མི་ཁྱབ། །ཚར་གཅོད་རྗེས་སུ་འཛིན་པའི་ལས། །ཐོག་མེད་གློག་ལྟར་ཁྱུགས་སེ་ཁྱུག །དགྱེས་པའི་མཆོད་སྤྲིན་ཉེར་སྤྱོད་བདུན། །སྨན་གཏོར་རཀྟ་བདེ་སྟོང་གར། །མཆོད་རྟེན་སྒྲུབ་སྐོང་དམ་རྫས་ཚོགས། །རི་རབ་རྩི་ཤིང་རྒྱས་ལྟར་འབུལ། །རྒྱ་མཚོ་ཆུ་རླབས་འཁྲུགས་བཞིན་འབུལ། །བར་སྣང་ཆར་སྤྲིན་དཀྲིགས་ལྟར་འབུལ། །ཐུགས་ལ་ཇི་ལྟར་བཞེད་དགུ་འབུལ། །ཁྱད་པར་རྟེན་འབྲེལ་མཐུན་པའི་རྫས། །བཀྲ་ཤིས་ཚེ་ཡི་རྨུ་ཐག་ལ། །ཁམས་མཐུན་རླུང་གི་བ་དན་འཕྱར། །མ་བུ་དགྲ་གྲོགས་སྣ་ཚོགས་མདོག །དྲི་ཞིམ་རླུང་གིས་འཕུར་ཞིང་གཡེང༌། །མདའ་མདུང་གོ་མཚོན་རྣོ་ངར་ལྡན། །བརྗིད་བརྟན་རྡོ་རྗེའི་ཁྲབ་རྨོག་བཙན། །གཏུམ་རྔམས་དམག་གི་དཔུང་བཞི་བརྗིད། །མཛེས་སྡུག་དར་བབ་མོ་སྨན་གྱིས། །གླུ་གར་གླིང་བུའི་བདེ་ཆེན་བསྐྱེད། །སྟག་སེང་ཁྱུང་འབྲུག་རྟ་མཆོག་སོགས། །རླུང་རྟའི་ལྷ་རྣམས་རྒྱུག་མཆོང་འཕུར། །ཀི་བསྭོ་རྒྱལ་གྲུབ་ལེགས་པ་སོགས། །ཕྱོགས་ལས་རྣམ་རྒྱལ་རྔ་གསང་སྙན། །དྲི་ཞིམ་བཟང་ཤིང་སྤོས་དྲི་ལྡང༌། །ཕྱོགས་ལས་རྣམ་རྒྱལ་རུ་མཚོན་བསྒྲེངས། །སྲིད་ཞིའི་དཔལ་འབྱོར་མི་ཟད་པས། །དགྱེས་པའི་དམ་ཚིག་བླ་ན་མེད། །འབུལ་ལོ་རྩ་གསུམ་ལྷ་ལ་འབུལ། །བདག་གིར་བཞེས་ཤིག་རིགས་གསུམ་རྒྱལ། །ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ། །ཕྲིན་ལས་ལྷ་མཆོག་སྒྲོལ་མ་ཡུམ། །རིགས་ཀྱི་སྤྲུལ་འཁོར་དང་བཅས་པར། །སྐུ་གསུང་ཐུགས་ལ་མཉེས་མཆོད་འབུལ། །ལས་ཀུན་ཐོགས་མེད་འགྲུབ་མཛད་གསོལ། །ཀྱཻ། བདུད་འདུལ་དཔལ་གྱི་གཞལ་མེད་ཁང༌། །ཕྱོགས་ལས་རྣམ་རྒྱལ་དབུ་རྩེ་རུ། །རྒྱལ་ཀུན་ཡེ་ཤེས་རྡོ་རྗེའི་དབྱིངས། །དང་པོའི་སངས་རྒྱས་དུས་འཁོར་ལོ། །ཕྱི་ནང་གཞན་གསུམ་གཉིས་མེད་པའི། །མཆོག་ཏུ་མི་འགྱུར་བདེ་ཆེན་གར། །ཡེ་ཤེས་རྣམ་པ་ཐམས་ཅད་པ། །ཀུན་ཁྱབ་ཀུན་ལས་འདས་པའི་རྩལ། །མ་འགགས་རྟེན་འབྱུང་སྒྱུ་མའི་འཕྲུལ། །ཡུམ་ལྔའི་བདག་ཉིད་འབྱུང་ཆེན་ལྔ། །ཕུང་པོ་རིགས་དྲུག་རྒྱལ་བ་དང༌། །སྐྱེ་མཆེད་ཕྱག་ཞབས་སྲས་ཁྲོ་བོ། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ཆེའི། །འདས་དང་མ་འདས་ཚུལ་སྟོན་ལྷ། །ཕྱི་ནང་གཞན་གསུམ་གཉིས་མེད་པས། །འཕགས་ལམ་སྤར་ཁ་རྣམ་ཐར་སྒོ། །བདེན་དོན་ལོ་ཟླ་བཅུ་གཉིས་སོགས། །ཀུན་ཀྱང་གཉིས་མེད་དཀྱིལ་འཁོར་ལྷར། །དག་དང་མ་དག་མཚན་རྟོག་བྲལ། །ཡེ་ཤེས་བདེ་བ་ཆེན་པོར་གཅིག །ཀུན་བཟང་འཇམ་དཔལ་ཆོས་ཀྱི་དབྱིངས། །གསུང་གི་དབང་ཕྱུག་རིགས་ཀུན་བདག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་དུ། །མཉམ་པ་ཆེན་པོ་དེ་བཞིན་ཉིད། །སྣང་སྲིད་བདེ་སྟོང་ཕྱག་རྒྱའི་གར། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །མཆོད་བྱ་མཆོད་བྱེད་བྲལ་བས་མཆོད། །རྟག་ཏུ་དགྱེས་པའི་དམ་ཚིག་གི །དགོངས་པ་ཉིད་ལས་མི་གཡོ་བས། །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །བཀྲ་ཤིས་མཆོག་ཏུ་གྲུབ་པ་ཡི། །སྣང་བ་ཀུན་ཏུ་ཁྱབ་བརྡལ་མཛོད། །ཀྱཻ། ཤར་ཕྱོགས་འབྱུང་བ་ཤིང་གི་ཁམས། །རྡོ་རྗེ་རིགས་ཀྱི་འོག་མིན་ཆེ། །བཀོད་པ་ཚད་མེད་རིན་ཆེན་རྒྱན། །ཡིད་འོང་ངོ་མཚར་ཞིང་གི་དབུས། །རིན་ཆེན་གཡུ་ཡི་རླུང་གི་ཀ །མཐོན་པོ་དགུང་གི་དབྱིངས་སུ་སྙེགས། །སྣ་ཚོགས་ནོར་བུའི་རྒྱན་ཕྲེང་དང༌། །མེ་ཏོག་པ་ཏྲའི་རི་མོ་བཀྲ། །ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། །ཀ་རྨང་བུམ་བཟང་འོད་དགུ་འབྱུང༌། །ཀ་གཞུ་ལས་བཞིའི་དཀྱིལ་འཁོར་རྫོགས། །ཀ་མཐོང་ཆུ་སྲིན་པིར་གྱིས་མཚན། །ཐུགས་རྗེས་ཟིན་ནས་གཏོང་མི་སྲིད། །ཀ་བའི་སྟེང་དུ་དཔག་བསམ་ཤིང༌། །ཡིད་འོང་ལོ་འབྲས་རྒྱས་པའི་ཀློང༌། །ཤིང་ཁམས་ཨིནྡྲ་ནཱི་ལའི་ཁྱུང༌། །ཐབས་ཤེས་གཤོགས་པས་སྲིད་ཞིའི་གཡང༌། །གཅོད་ཅིང་བྱང་ཆུབ་ས་ལམ་བགྲོད། །ཕྲིན་ལས་མཆུ་སྡེར་རྭ་ཀུན་རྣོ། །ཤིང་ཁམས་རླུང་རྟ་རྒུད་པ་གསོ། །མཁྱེན་གཉིས་ཡེ་ཤེས་གསེར་མིག་འཁྱིལ། །སྟོབས་བཅུའི་ནོར་བུས་གཙུག་ན་བརྒྱན། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་གཟུགས། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །གུ་རུ་པདྨ་ཐོད་ཕྲེང་རྩལ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་དང༌། །འཇིག་རྟེན་དབང་ཕྱུག་སྙིང་རྗེའི་གཏེར། །གསང་བའི་བདག་པོ་རྡོ་རྗེ་འཛིན། །རྗེ་བཙུན་ཡིད་བཞིན་འཁོར་ལོ་དང༌། །ཧཱུྃ་ཆེན་ཀ་ར་ནམ་མཁའི་སྙིང༌། །རྡོ་རྗེ་སེམས་དཔའ་མི་བསྐྱོད་པ། །ཡང་དག་སངས་རྒྱས་མཉམ་པར་སྦྱོར། །རྡོ་རྗེ་ཁྲག་འཐུང་མཱ་མ་ཀི །ཞི་བྱེད་དཀར་མོ་རྫུ་འཕྲུལ་ཅན། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཕོ་རྒྱུད་མགོན་པོ་དགྲ་ལྷའི་ཚོགས། །སྨན་བཙུན་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔ་བརྟན་མ་སྐྱོང་མ་བཅས། །མོ་སྨན་བྱེ་བ་འབུམ་དང་བཅས། །ཀུན་ཀྱང་རྡོ་རྗེའི་རིགས་ཅན་གྱི། །དགྲ་བླ་ཝེར་མའི་ཚོགས་ཀྱི་རྗེ། །ཨ་དཀར་འོད་ཀྱི་ཝེར་མ་ནི། །དཀར་གསལ་ཟླ་བ་ཞུན་མའི་མདངས། །ཕྱག་ན་ཤིང་སྣ་མེ་ལོང་བསྣམས། །ཆིབས་སུ་རྡོ་རྗེའི་ཁྱུང་ལ་ཆིབས། །སྤྲུལ་པའི་ཕྲ་མེན་འབུམ་ཕྲག་སྤྲོ། །ལས་བྱེད་ཤིང་སྟག་རི་མོ་ཅན། །སྐུ་གཟུགས་མཉམ་ཉིད་མི་ཡི་ལུས། །ཆོས་དབྱིངས་ཡེ་ཤེས་སྟག་གི་གདོང༌། །སོར་རྟོག་གཤོག་པ་བྱ་སྡེར་རྣམས། །མེ་ལོང་ཡེ་ཤེས་སྦྲུལ་མཇུག་ཅན། །བྱ་གྲུབ་ཡེ་ཤེས་ཕྲ་མེན་གཟུགས། །ཁམས་ལྔའི་དབང་ཐང་གོས་སུ་གྱོན། །འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས། །ལྕགས་ཀྱི་རྟ་དཀར་ཆིབས་སུ་ཆིབས། །དཔག་བསམ་ཤིང་གི་ཚལ་ལ་རྒྱུ། །སྟེང་གི་གཟའ་ཆེན་ཕུར་བུ་དང༌། །སྨིན་དྲུག་ལ་སོགས་ཤར་སྐར་བདུན། །ཤར་གྱི་ཕྱོགས་སྐྱོངས་དྲི་ཟའི་གདོན། །བདུན་ཟུར་བྱེད་པ་སྟག་ཡོས་ལོ། །དེ་ལ་འཁོར་བའི་སྤར་ཁ་ཟིན། །འགྲམ་འཁྲུགས་བྱེད་པ་གསུམ་མཐིང་སྨེ། །འོག་གི་ཀླུ་ཆེན་དམངས་རིགས་སོགས། །ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་འཁོར། །མཆོད་དོ་བསྟོད་དོ་ལས་ལ་བཞེངས། །སྟོན་ཀའི་ཟླ་ཤེལ་ནོར་བུའི་སྒྲོན། །གངས་ཀྱི་རི་བོ་བདུད་རྩིའི་སྤྲིན། །དཀར་དམར་སྐྱེམས་ཕུད་མཚོ་ལྟར་བསྐྱིལ། །དར་སྣ་བ་དན་སྤྲིན་ལྟར་ལྡིང༌། །རབ་སྙན་གླུ་སྙན་གླིང་བུ་སྒྲོག །ཕྱེ་མར་ཞལ་ཟས་ལྷུན་པོར་བརྩེགས། །མཛེས་སྡུག་མེ་ཏོག་སྐྱེད་མོའི་ཚལ། །སྤོས་དཀར་ཙནྡན་དྲི་ཞིམ་ལྡང༌། །བདུད་རྩི་ཤིང་གི་བསང་དུད་འཁྲིགས། །བཀྲ་ཤིས་རྫས་རྟགས་དགེ་ལེགས་དཔལ། །ཁྱད་པར་ཤིང་ཁམས་རླུང་བསྐྱེད་ཀྱི། །གཡུ་མདོག་བ་དན་བར་སྣང་ཁྱབ། །ལས་ཀུན་ཐོགས་མེད་གྲུབ་པ་ཡིས། །སྙན་གྲགས་བ་དན་ས་གསུམ་ཁྱབ། །མ་རླུང་ཆུ་ཡི་བ་དན་སྔོ། །མོ་སྨན་མེ་ཏོག་འཇའ་ལྟར་མཛེས། །བུ་རླུང་མེ་ཡི་བ་དན་དམར། །ཁྱེའུ་ཆུང་རླུང་རྟ་སྐར་ལྟར་བཀྲ། །གྲོགས་རླུང་ས་ཡི་བ་དན་སེར། །གཉེན་གྲོགས་སྲིད་སྡེ་རི་ལྟར་བརྟེན། །དགྲ་རླུང་ལྕགས་ཀྱི་བ་དན་དཀར། །ནག་ཕྱོགས་དགྲ་སྡེ་ཆམ་ལ་འབེབས། །ཀུན་ཀྱང་ཚེ་ཡི་རྨུ་ཐག་བརྒྱུད། །ཤར་ཕྱོགས་ཤིང་རིའི་རྩེ་མོར་འཐེན། །ཚེ་དཔལ་རིགས་བརྒྱུད་ཡོན་ཏན་ཚོགས། །རྒྱུན་མི་འཆད་ཅིང་བརྟན་པར་མཛོད། །དྲི་ཞིམ་རླུང་གིས་པུ་རུ་རུ། །དེ་ལས་བཛྲ་ཨཾ་གིས་སྒྲས། །ཡིད་ཚང་རླུང་གི་དཔལ་ཡོན་བསྐྱེད། །རྒྱལ་དང་ལེགས་དང་ཤིས་པ་དང༌། །གྲུབ་པའི་ལྷ་ཡི་རྔ་གསང་ལྡིར། །མེ་ཏོག་མཛེས་པའི་ཆར་ཟིམ་འབེབས། །འཇའ་ཚོན་འོད་ཀྱི་གུར་ཁང་ནས། །ལྷ་མཆོག་ཁྱུང་གི་རྩེ་འཇོ་བསྒྱུར། །བྱི་འབྲུག་སྤྲེལ་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་དཔལ་ཀུན་སྤེལ། །རྩ་གསུམ་ལྷ་ཡི་རྒྱབ་རྟེན་མཛོད། །ཆོས་སྐྱོང་དགྲ་བླས་དཔའ་སྟོབས་བསྐྱེད། །ཕས་རྒོལ་དགྲ་སྡེ་ཟིལ་གྱིས་གནོན། །བྱད་ཕུར་རྦོད་གཏོང་ཀེག་སྲི་ཐུལ། །ཁྱུང་གིས་ཀླུ་རྣམས་ཟིལ་གནོན་བཞིན། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཀྱཻ། ལྷོ་ཕྱོགས་འབྱུང་བ་མེ་ཡི་ཁམས། །རིན་ཆེན་རིགས་ཀྱི་འོག་མིན་ཆེ། །བཀོད་པ་ཚད་མེད་རིན་ཆེན་རྒྱན། །ཡིད་འོད་ངོ་མཚར་ཞིང་གི་དབུས། །རིན་ཆེན་བྱི་རུའི་རླུང་གི་ཀ །མཐོན་པོ་དགུང་གི་དབྱིངས་སུ་སྙེགས། །སྣ་ཚོགས་ནོར་བུའི་རྒྱན་ཕྲེང་དང༌། །མེ་ཏོག་པ་ཏྲའི་རི་མོ་བཀྲ། །ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། །ཀ་རྨིང་བུམ་བཟང་འདོད་རྒུ་འབྱུང༌། །ཀ་གཞུ་ལས་བཞིའི་དབྱིབས་སུ་རྫོགས། །མཛེས་བརྗིད་ཆུ་སྲིན་པིར་གྱིས་མཚན། །ཐུགས་རྗེས་ཟིན་ནས་མི་གཏོང་རྟགས། །ཀ་བའི་སྟེང་དུ་འབར་བའི་མེ། །གློག་ཞགས་ཚ་ཚའི་ཟེར་འཁྲུགས་དབུས། །མེ་ཁམས་པདྨ་ར་གའི་སྟག །སྡེར་བཞི་རྫུ་འཕྲུལ་རྐང་བཞིའི་ཚུལ། །ས་ལམ་ལ་ཀླུང་ཡུད་ཀྱིས་ཉུལ། །ཕར་ཕྱིན་དྲུག་གི་འཛུམ་དྲུག་གྲྭ། །རབ་རྒྱས་གཞན་སྡེ་ཟིལ་གྱིས་གནོན། །ཕྱོགས་ལས་རྣམ་རྒྱལ་སྙན་སྒྲ་ཡིས། །ཕ་རོལ་བདུད་སྡེའི་སྙིང་ཡང་འགགས། །མེ་ཁམས་རླུང་རྟ་རྒུད་པ་གསོ། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་གཟུགས། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །གུ་རུ་རཏྣ་ཐོད་ཕྲེང་རྩལ། །འཇམ་དཔལ་འདོད་འབྱུང་ནོར་བུ་འཆང༌། །འཕགས་མཆོག་དོན་ཡོད་ཞགས་པ་ཆེ། །གསང་བདག་གནོད་སྦྱིན་སྡེ་དཔོན་ཆེ། །སེར་མོ་བསོད་ནམས་མཆོག་སྟེར་མ། །འཇམ་དཔལ་བཤེས་གཉེན་གནུབས་ཆེན་པོ། །རྡོ་རྗེ་ཉི་མ་རིན་ཆེན་འབྱུང༌། །འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ལྷ། །གཤིན་རྗེ་རིགས་ལྔ་སངས་རྒྱས་སྤྱན། །སེར་མོ་དོན་གྲུབ་ཌཱ་ཀིའི་གཙོ། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །ཡེ་ཤེས་མགོན་པོ་སྟག་ཞོན་ཆེ། །ཕོ་རྒྱུད་མགོན་པོ་དགྲ་བླའི་ཚོགས། །མ་གཅིག་ལྷ་མོ་རེ་མ་ཏི། །མོ་རྒྱུད་བྱེ་བ་འབུམ་དང་བཅས། །ཀུན་ཀྱང་རིན་ཆེན་ཉི་མའི་རིགས། །དགྲ་བླ་ཝེར་མའི་ཚོགས་ཀྱི་རྗེ། །སེང་ཆེན་ཡིད་བཞིན་ནོར་བུ་ནི། །སྐུ་མདོག་སེར་གསལ་ཉི་འབུམ་གཟི། །ཕྱག་ན་ནོར་བུ་གཏེར་བུམ་བསྣམས། །ཆིབས་སུ་མེ་སྟག་དམར་མོ་ཆིབས། །སྤྲུལ་པའི་ཕྲ་མེན་འབུམ་ཕྲག་སྤྲོ། །ལས་བྱེད་མེ་སྦྲུལ་འཁྱུག་ཅིང་རྔམས། །སྐུ་གཟུགས་མཉམ་ཉིད་མི་ཡི་ལུས། །ཆོས་དབྱིངས་ཡེ་ཤེས་སྦྲུལ་གྱི་གདོང༌། །སོར་རྟོག་གཤོག་པ་བྱ་སྡེར་རྣོ། །མེ་ལོང་ཡེ་ཤེས་སྦྲུལ་མཇུག་ཅན། །བྱ་གྲུབ་ཡེ་ཤེས་ཕྲ་མེན་གཟུགས། །ཁམས་ལྔའི་དབང་ཐང་གོས་སུ་གྱོན། །འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས། །ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས། །བསྐལ་པའི་མེ་དཔུང་འཁྱིལ་དབུས་རོལ། །སྟེང་གི་གཟའ་ཆེན་ཉི་མ་མིག །བྲ་ཉེ་ལ་སོགས་ལྷོ་སྐར་བདུན། །ལྷོ་ཡི་ཕྱོགས་སྐྱོང་གཤིན་རྗེའི་གདོན། །བདུན་ཟུར་རྟ་སྦྲུལ་ལོ་ཡི་ལྷ། །དེ་ལ་འཁོར་བའི་སྤར་ཁ་ལི། །འགྲམ་འཁྲུགས་བྱེད་པ་དགུ་དམར་སྨེ། །འོག་གི་ཀླུ་ཆེན་རྗེ་རིགས་སོགས། །ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་ཏེ། །མཆོད་དོ་བསྟོད་དོ་ལས་ལ་བཞེངས། །ས་གཞི་རིན་ཆེན་ནོར་བུའི་རི། །དཔག་བསམ་ཤིང་གི་ནགས་ཚལ་རྒྱས། །འདོད་འབྱུང་གཏེར་གྱི་ཁུང་བུ་བརྡོལ། །མ་རྨོས་སྙེ་མ་གཡུར་དུ་ཟ། །མདངས་མཛེས་མེ་ཏོག་སྦྲང་མངར་རྒྱས། །ཉིན་བྱེད་སྣང་བས་མཁའ་དབྱིངས་བརྡལ། །སྟེང་དུ་རིན་པོ་ཆེ་ཡི་སྤྲིན། །སྣ་ཚོགས་ལྷ་རྫས་ཆར་དུ་འབེབས། །བར་སྣང་རྒྱལ་སྲིད་རིན་ཆེན་བདུན། །རིན་ཆེན་སྣ་ཚོགས་འདོད་ཡོན་ལྔ། །དཔལ་འབྱོར་འབྲུ་སྨན་ནོར་བུའི་དབྱིག །མི་ཟད་ནམ་མཁའ་མཛོད་དུ་ཀླུབས། །རྣམ་བཀྲའི་གོས་ཀྱི་ཕྱོགས་མཚམས་གཡོགས། །རྟ་དྲེལ་གཅན་གཟན་གནག་ཕྱུགས་ཁྱུ། །སྲིད་ཞིའི་དཔལ་འབྱོར་ཕུན་ཚོགས་དཔལ། །ཁྱད་པར་མེ་ཁམས་རླུང་བསྐྱེད་ཀྱི། །དབང་མདོག་བ་དན་བར་སྣང་ཁྱབ། །ཕོ་རླུང་ཡིད་ཚངས་རླུང་རྟ་བསྐྱེད། །བསོད་ནམས་མེ་ལྟར་འབར་བར་མཛོད། །མ་རླུང་ཤིང་ཁམས་བ་དན་ལྗང༌། །མོ་སྨན་རིགས་རྒྱུད་མེ་འབྲས་རྒྱས། །བུ་རླུང་ས་ཁམས་བ་དན་སེར། །དཔའ་བོའི་རིགས་རྒྱུད་འཛངས་པར་མཛོད། །གྲོགས་རླུང་ལྕགས་ཀྱི་བ་དན་དཀར། །གཉེན་གྲོགས་ལྕགས་རིས་སྲུང་ནུས་མཛོད། །དགྲ་རླུང་ཆུ་ཡི་བ་དན་སྔོ། །དགྲ་སྡེའི་གནོད་སྦྱོར་ཞི་བར་མཛོད། །ཀུན་ཀྱང་ཚེ་ཡི་རྨུ་ཐག་བརྒྱུས། །ལྷོ་ཕྱོགས་མེ་རིའི་རྩེ་མོར་འཐེན། །དྲི་ཞིམ་རླུང་གིས་པུ་རུ་རུ། །དེ་ལས་རཏྣ་ཡཾ་གྱི་སྒྲས། །ངོ་མཚར་རླུང་གི་དཔལ་ཡོན་བསྐྱེད། །རྒྱལ་དང་ལེགས་དང་ཤིས་པ་དང༌། །གྲུབ་པའི་ལྷ་ཡི་རྔ་གསང་ལྡིར། །མེ་ཏོག་མཛེས་པ་ཆར་ཟིམ་འབེབས། །འཇའ་ཚོན་འོད་ཀྱི་གུར་ཁང་ནས། །ལྷ་མཆོག་མེ་སྟག་རྩེ་འཇོ་བསྒྱུར། །ཕག་ལུག་ཡོས་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་དཔལ་ཀུན་སྤེལ། །རྩ་གསུམ་ལྷ་ཡི་རྒྱབ་བརྟེན་མཛོད། །ཆོས་སྐྱོང་དགྲ་བླས་དཔལ་སྟོབས་སྐྱེད། །ཕས་རྒོལ་དགྲ་སྡེ་ཟིལ་གྱིས་ནོན། །བྱད་ཕུར་རྦོད་གཏོང་ཀེག་སྲི་ཐུལ། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཀྱཻ། ནུབ་ཕྱོགས་འབྱུང་བ་ལྕགས་ཀྱི་ཁམས། །པདྨའི་རིགས་ཀྱི་འོག་མིན་ཆེ། །བཀོད་པ་ཚད་མེད་རིན་ཆེན་རྒྱན། །ཡིད་འོང་ངོ་མཚར་ཞིང་གི་དབུས། །རིན་ཆེན་ལྕགས་ཀྱི་རླུང་གི་ཀ །མཐོན་པོ་དགུང་གི་དབྱིངས་སུ་སྙོགས། །སྣ་ཚོགས་ནོར་བུའི་རྒྱན་ཕྲེང་དང༌། །མེ་ཏོག་པ་ཏྲའི་རེ་ཁཱ་བཀྲ། །ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། །ཀ་རྨང་བུམ་བཟང་འདོད་རྒུ་འབྱུང༌། །ཀ་ཞུ་ལས་བཞིའི་དཀྱིལ་འཁོར་རྫོགས། །མཛེས་བརྗིད་ཆུ་སྲིན་པིར་གྱིས་མཚན། །ཐུགས་རྗེས་ཟིན་ནས་གཏོང་མི་སྲིད། །ཀ་བའི་སྟེང་དུ་རྡོ་རྗེའི་བྲག །རྩེ་མོ་ཤེལ་གྱི་གངས་རི་མཛེས། །ལྕགས་ཁམས་དུང་གི་སེང་གེ་དཀར། །མཁྱེན་གཉིས་མིག་གི་ཉི་ཟླ་གསལ། །གཞན་སྡེ་ཟིན་གནོན་ངར་སྐད་སྒྲོག །བྱང་ཆུབ་ལམ་གྱི་གཡུ་རལ་བརྗིད། །ཕྲིན་ལས་རྣམ་བཞིའི་མཆེ་སྡེར་རྣོ། །ལྕགས་ཁམས་རླུང་རྟ་རྒུད་པ་གསོ། །ཕས་རྒོལ་རི་སྐྱེས་ཀླད་པ་འགེམས། །དབང་བཅུའི་ལུས་རྩལ་ཡོངས་སུ་རྫོགས། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་གཟུགས། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །གུ་རུ་པདྨ་ཐོད་ཕྲེང་རྩལ། །འཇམ་དཔལ་བདེ་ཆེན་རྒྱལ་པོ་དང༌། །དཔལ་ལྡན་པདྨ་གར་གྱི་དབང༌། །གསང་བའི་བདག་པོ་རྡོ་རྗེ་ཆོས། །དབང་མཛད་ཀུ་རུ་ཀུ་ལུལླེ་དང༌། །ནཱ་གརྫུ་ན་རྒྱལ་མཆོག་དབྱངས། །གསུང་གི་རྡོ་རྗེ་སྣང་མཐའ་ཡས། །དབང་ཆེན་རྟ་མཆོག་ཧེ་རུ་ཀ །འདོད་པའི་རྒྱལ་པོ་ན་བཟའ་དཀར། །དམར་མོ་སྒྲ་སྒྲོགས་དབང་མཛད་ལྷ། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །ཕོ་རྒྱུད་མགོན་པོ་དགྲ་ལྷའི་ཚོགས། །ཙཎྜ་ལི་དང་དབང་ཕྱུག་ཆེ། །ཨུ་མ་ལ་སོགས་དབང་གི་ལྷ། །ཀུན་ཀྱང་པདྨའི་རིགས་ཅན་ཏེ། །དགྲ་བླ་ཝེར་མའི་ཚོགས་ཀྱི་རྗེ། །དབང་མཛད་རྡོ་རྗེའི་ལྕགས་ཀྱུ་ནི། །སྐུ་མདོག་ཨུཏྤལ་དམར་པོའི་མདངས། །ཕྱག་གཉིས་ལྕགས་ཀྱུ་ཞགས་དམར་གདེངས། །ཆིབས་སུ་གདོང་ལྔའི་དབང་པོ་ཆིབས། །སྤྲུལ་པའི་ཕྲ་མེན་འབུམ་ཕྲག་སྤྲོ། །ལས་བྱེད་འཕྲུལ་གྱི་ལྕགས་སྤྲེལ་ནི། །སྐུ་གཟུགས་མཉམ་ཉིད་མི་ཡི་གཟུགས། །ཆོས་དབྱིངས་ཡེ་ཤེས་སྤྲེལ་གྱི་གདོང༌། །སོར་རྟོག་ཡེ་ཤེས་བྱ་སྡེར་རྣོ། །མེ་ལོང་ཡེ་ཤེས་སྦྲུལ་མཇུག་ཅན། །བྱ་གྲུབ་ཡེ་ཤེས་ཕྲ་མེན་གཟུགས། །ཁམས་ཀྱི་དབང་ཐང་གོས་སུ་གྱོན། །འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས། །ཆིབས་སུ་མེ་རྟ་དམར་པོ་ཆིབས། །གནམ་ལྕགས་བྲག་རིའི་ཟོམ་ན་རྒྱུ། །སྟེང་གི་གཟའ་ཆེན་ལྷག་པ་དང༌། །ལྷ་མཚམས་ལ་སོགས་ནུབ་སྐར་བདུན། །ནུབ་ཀྱི་ཕྱོགས་སྐྱོང་ཆུ་བདག་གདོན། །བདུན་ཟུར་བྱ་སྤྲེལ་ལོ་ཡི་ལྷ། །དེ་ལ་འཁོར་བའི་སྤར་ཁ་དྭ། །འགྲམ་འཁྲུགས་བྱེད་པ་བདུན་དམར་སྨེ། །འོག་གི་ཀླུ་ཆེན་བྲམ་ཟེའི་རིགས། །ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་འཁོར། །མཆོད་དོ་བསྟོད་དོ་ལས་ལ་བཞེངས། །བདེ་སྟོང་སྒྱུ་མ་ཆེན་པོའི་དཔྱིད། །མཛེས་འཛུམ་ལང་ཚོའི་མེ་ཏོག་བཀྲ། །ག་བུར་ཙནྡན་བསུང་ཞིམ་དྲི། །ཧ་སིད་མྱོས་ཤིང་འཁུན་པའི་སྒྲ། །ཞིམ་མངར་སྦྲང་རྩི་མྱོས་བྱེད་རོ། །འཇམ་འཁྲིལ་མཉེན་ལྕུག་རེག་བྱས་འཁྱུད། །ཟུར་མིག་ལྕགས་ཀྱུས་གཞན་ཡིད་འགུགས། །མཚར་སྡུག་གླུ་བྲོ་རྒྱུན་མི་འཆད། །ཀུན་ཏུ་སིམས་བྱེད་དགའ་བཞིའི་ཉམས། །ཅིར་ཡང་འཆར་ཞིང་འབྱུང་བ་འདིས། །སྐུ་གསུང་ཐུགས་ལ་དགྱེས་པ་བསྐྱེད། །ཁྱད་པར་ལྕགས་ཁམས་རླུང་བསྐྱེད་ཀྱི། །ཤེལ་མདོག་བ་དན་བར་སྣང་ཁྱབ། །ཕོ་རླུང་ཡིད་ཚངས་རླུང་རྟ་བསྐྱེད། །རླུང་སྲོག་ལྕགས་ལྟར་བརྟན་པར་མཛོད། །མ་རླུང་ས་ཡི་བ་དན་སེར། །མོ་སྨན་དཔལ་འབྱོར་བརྟན་རྒྱས་མཛོད། །བུ་རླུང་ཆུ་ཡི་བ་དན་མཐིང༌། །རིགས་རྒྱུད་ཆུ་ལས་རིང་བར་མཛོད། །གྲོགས་རླུང་ཤིང་གི་བ་དན་ལྗང༌། །གཉེན་སྡེ་ཤིང་ལྟར་རྒྱས་པར་མཛོད། །དགྲ་རླུང་མེ་ཡི་བ་དན་དམར། །དགྲ་བགེགས་མིང་མེད་བསྲེག་པར་མཛོད། །ཀུན་ཀྱང་ཚེ་ཡི་རྨུ་ཐག་བརྒྱུས། །ནུབ་ཕྱོགས་མེ་རི་རྩེ་མོར་འཐེན། །ཚེ་དཔལ་རིགས་རྒྱུད་ཡོན་ཏན་གྱིས། །རྒྱུན་ཀུན་འཕེལ་རྒྱས་མཛེས་པར་མཛོད། །དེ་ལས་པདྨ་ཡཾ་གི་སྒྲས། །ངོ་མཚར་རླུང་གི་དཔལ་ཡོན་བསྐྱེད། །རྒྱལ་དང་ལེགས་དང་ཤིས་པ་དང༌། །གྲུབ་པའི་ལྷ་ཡི་རྔ་གསང་ལྡིར། །མེ་ཏོག་མཛེས་པའི་ཟིམ་ཆར་འབེབས། །འཇའ་ཚོན་འོད་ཀྱི་གུར་ཁང་ནས། །ལྷ་མཆོག་དུང་སེང་རྩེད་འཇོ་སྒྱུར། །སྟག་རྟ་ཁྱི་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་དཔལ་ཀུན་སྤེལ། །རྩ་གསུམ་ལྷ་ཡི་རྒྱབ་བརྟེན་མཛོད། །ཆོས་སྐྱོང་དགྲ་བླས་དཔལ་སྟོབས་སྐྱེད། །ཕས་རྒོལ་དགྲ་སྡེ་ཟིལ་གྱིས་ནོན། །བྱད་ཕུར་རྦོད་གཏོང་ཀེག་སྲི་ཐུལ། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཀྱཻ། བྱང་ཕྱོགས་འབྱུང་བ་ཆུ་ཡི་ཁམས། །ལས་ཀྱི་རིགས་ཀྱི་འོག་མིན་ཆེ། །བཀོད་པ་ཚད་མེད་རིན་ཆེན་རྒྱན། །ཡིད་འོང་ངོ་མཚར་ཞིང་གི་དབུས། །རིན་ཆེན་བཻ་ཌཱུའི་རླུང་གི་ཀ །མཐོན་པོ་དགུང་གི་དབྱིངས་སུ་བཏེགས། །སྣ་ཚོགས་ནོར་བུའི་རྒྱན་ཕྲེང་ཅན། །མེ་ཏོག་པ་ཏྲའི་རི་མོ་བཀྲ། །ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། །ཀ་རྨིང་བུམ་བཟང་འདོད་རྒུ་འབྱུང༌། །ཀ་གཞུ་ལས་བཞིའི་དཀྱིལ་འཁོར་རྫོགས། །ཀ་མཐོང་ཆུ་སྲིན་པིར་གྱིས་མཚན། །ཐུགས་རྗེས་ཟིན་ནས་བཏང་མི་སྲིད། །ཀ་བའི་སྟེང་དུ་ཆར་ལྡན་སྤྲིན། །མཐོན་མཐིང་ནོར་བུས་རི་བཞིན་བརྗིད། །མཛེས་རྔམས་གློག་གི་ཞགས་པ་གཡོ། །སིམ་བྱེད་སྦྲང་ཆར་ཟིམ་བུའི་དབུས། །ཆུ་ཁམས་ཨིནྡྲ་ནཱི་ལའི་འབྲུག །རྣམ་བཞིའི་ཕྲིན་ལས་རྐང་ལག་མཐིལ། །འདོད་འབྱུང་ནོར་བུའི་དབྱིག་གིས་སྤྲས། །སོག་ཕྲག་འཕྲུལ་ལྡན་གློག་ཞགས་འཁྱུགས། །མུན་སྤྲིན་མཐར་བྱེད་སྣང་བ་སྤྲོ། །ང་རོས་སྟོང་གསུམ་འཇིག་རྟེན་ཁམས། །རྫུ་འཕྲུལ་ས་གསུམ་ཁྱབ་པར་སྤྲོ། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །ཀུན་ཕན་ཕྲིན་ལས་རང་གཟུགས་ཏེ། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །གུ་རུ་ཀརྨ་ཐོད་ཕྲེང་རྩལ། །འཇམ་དཔལ་རྡོ་རྗེ་རྣོན་པོ་དང༌། །རྡོ་རྗེ་སྙིང་པོ་སྤྱན་རས་གཟིགས། །གསང་བདག་འབྱུང་པོ་འདུལ་མཛད་ལྷ། །རྗེ་བཙུན་མྱུར་མ་དཔལ་མོ་དང༌། །པྲ་བྷ་ཧསྟི་མཁར་ཆེན་བཟའ། །རྟ་ཡི་རྒྱལ་པོ་དོན་ཡོད་གྲུབ། །རྡོ་རྗེ་གཞོན་ནུ་རྣམ་པར་འཇོམས། །བདུད་རྩི་འཁྱིལ་པ་དམ་ཚིག་སྒྲོལ། །སྣ་ཚོགས་མཐར་ཕྱིན་དྷཱ་ཀིའི་རྒྱལ། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །ཡེ་ཤེས་མགོན་པོ་མ་ནིང་ནག །ཕོ་རྒྱུད་མགོན་པོ་དགྲ་བླའི་ཚོགས། །ཤྭ་ན་ཆེན་མོ་ཕྲ་མེན་ཚོགས། །མོ་རྒྱུད་འབུམ་ཕྲག་བསམ་ཡས་དང༌། །ཀུན་ཀྱང་ལས་ཀྱི་རིགས་ཅན་གྱི། །དགྲ་བླ་ཝེར་མའི་ཚོགས་ཀྱི་རྗེ། །དམག་དཔོན་ནོར་བུ་དགྲ་འདུལ་ནི། །ཕྱག་ན་ལྕགས་ཀྱི་མདའ་གཞུ་བསྣམས། །ཆིབས་སུ་གཡུ་འབྲུག་སྔོན་པོ་ཆིབས། །སྦྲུལ་པའི་ཕྲ་མེན་འབུམ་ཕྲག་སྤྲོ། །ལས་བྱེད་ཆུ་ཕག་ནག་པོའི་ཚུལ། །སྐུ་གཟུགས་མཉམ་ཉིད་མི་ཡི་ལུས། །ཆོས་དབྱིངས་ཡེ་ཤེས་ཕག་གི་གདོང༌། །སོར་རྟོག་གཤོག་པ་བྱ་སྡེར་རྣོ། །མེ་ལོང་ཡེ་ཤེས་སྦྲུལ་མཇུག་ཅན། །བྱ་གྲུབ་ཡེ་ཤེས་ཕྲ་མེན་གཟུགས། །ཁམས་ལྔའི་དབང་ཐང་གོས་སུ་གྱོན། །འབྱུང་ལྔའི་ལུས་ཀྱི་དར་ཐོད་བཅིངས། །ཆིབས་སུ་ས་རྟ་སེར་པོ་ཆིབས། །རྒྱ་མཚོ་ཆེན་པོའི་ཀློང་ན་འཕྱོ། །སྟེང་གི་གཟའ་ཆེན་ཟླ་བ་དང༌། །མེ་བཞི་ལ་སོགས་བྱང་སྐར་བདུན། །བྱང་གི་ཕྱོགས་སྐྱོང་གནོད་སྦྱིན་ཆེ། །བདུན་ཟུར་བྱེད་པ་བྱི་ཕག་ལོ། །དེ་ལ་འཁོར་བའི་སྤར་ཁ་ཁཾ། །འགྲམ་འཁྲུགས་བྱེད་པ་གཅིག་དཀར་སྨེ། །འོག་གི་ཀླུ་ཆེན་གདོལ་པའི་རིགས། །ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་འཁོར། །མཆོད་དོ་བསྟོད་དོ་ལས་ལ་བཞེངས། །དྲག་པོ་སྒྲོལ་བའི་ཕྲིན་ལས་ཀྱིས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །དབང་ལྔའི་མེ་ཏོག་ཚིལ་ཆེན་སྤོས། །ཞུན་གྱི་མར་མེ་མྃ་སའི་ཟས། །རྐང་གླིང་ཀི་བསྭོ་དམག་རྔ་དུང༌། །ཐོག་སེར་ཆར་དང་སྤྲིན་ནག་སོགས། །འཇིགས་རྔམས་མི་ཟད་འདོད་ཡོན་ཚོགས། །ཅིར་ཡང་འཆར་ཞིང་འབྱུང་བ་འདིས། །སྐུ་གསུང་ཐུགས་ལ་དགྱེས་པ་བསྐྱེད། །ཁྱད་པར་ཆུ་ཁམས་རླུང་བསྐྱེད་ཀྱི། །མཐིང་མདོག་བ་དན་བར་སྣང་ཁྱབ། །ཕོ་རླུང་ཡིད་ཚངས་རླུང་རྟ་བསྐྱེད། །རླུང་སྲོག་ཆུ་ལྟར་བརྟན་པར་མཛོད། །མ་རླུང་ལྕགས་ཀྱི་བ་དན་དཀར། །མོ་སྨན་སྲོག་རྩ་བརྟན་པར་མཛོད། །བུ་རླུང་ཤིང་ཁམས་བ་དན་ལྗང༌། །རིགས་བཟང་ལོ་འབྲས་ལྟར་བཀྲ་མཛོད། །གྲོགས་རླུང་ས་ཡི་བ་དན་སེར། །མཐུན་གྲོགས་རི་རྒྱལ་ལྟར་བརྟན་མཛོད། །དགྲ་རླུང་ལྕགས་ཀྱི་བ་དན་དཀར། །ཕས་རྒོལ་གནོད་པས་མི་ཚུགས་མཛོད། །ཀུན་ཀྱང་ཚེ་ཡི་རྨུ་ཐག་བརྒྱུས། །བྱང་ཕྱོགས་ཆུ་རིའི་རྩེ་མོར་འཐེན། །ཚེ་དཔལ་རིགས་རྒྱུད་ཡོན་ཏན་གྱི། །རྒྱུན་མི་འཆད་ཅིང་བརྟན་པར་མཛོད། །དེ་ལས་ཀརྨ་ཡཾ་གིས་སྒྲས། །ངོ་མཚར་རླུང་རྟའི་དཔལ་ཡོན་སྐྱེད། །རྒྱལ་དང་ལེགས་དང་ཤིས་པ་དང༌། །གྲུབ་པའི་ལྷ་ཡི་རྔ་གསང་ལྡིང༌། །མེ་ཏོག་མཛེས་པའི་ཟིལ་ཆར་འབེབས། །འཇའ་ཚོན་འོད་ཀྱི་གུར་ཁང་ནས། །ལྷ་མཆོག་གཡུ་འབྲུག་རྩེད་འཇོ་བསྒྱུར། །བྱ་གླང་སྦྲུལ་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་དཔལ་ཀུན་སྤེལ། །རྩ་གསུམ་ལྷ་ཡི་རྒྱབ་བརྟེན་མཛོད། །ཆོས་སྐྱོང་དགྲ་བླས་དཔའ་སྟོབས་སྐྱེད། །ཕས་རྒོལ་དགྲ་སྡེ་ཟིལ་གྱིས་ནོན། །བྱད་ཕུར་རྦོད་གཏོང་ཀེག་སྲི་ཐུལ། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཀྱཻ། མཚམས་བཞིར་འབྱུང་བ་ས་ཡི་ཁམས། །སྒྱུ་འཕྲུལ་དྲྭ་བའི་འོག་མིན་ཆེ། །བཀོད་པ་ཚད་མེད་རིན་ཆེན་རྒྱན། །ཡིད་འོང་ངོ་མཚར་ཞིང་གི་དབུས། །རིན་ཆེན་གསེར་གྱི་རླུང་གི་ཀ །མཐོན་པོ་དགུང་གི་དབྱིངས་སུ་བསྙེགས། །སྣ་ཚོགས་ནོར་བུའི་རྒྱན་ཕྲེང་དང༌། །མེ་ཏོག་པ་ཏྲའི་རི་མོ་བཀྲ། །ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། །ཀ་རྨང་བུམ་བཟང་འདོད་རྒུ་འབྱུང༌། །ཀ་ཞུ་ལས་བཞིའི་དབྱིབས་སུ་རྫོགས། །མཛེས་བརྗིད་ཆུ་སྲིན་པིར་གྱིས་མཚན། །ཐུགས་རྗེས་ཟིན་ནས་མི་གཏོང་རྟགས། །ཀ་བའི་སྟེང་དུ་གསེར་གྱི་རི། །ལྷུན་ཆགས་ནོར་བུའི་རྩི་ཤིང་རྒྱས། །ས་ཁམས་གསེར་གྱི་མྱུར་འགྲོ་རྟ། །རྫུ་འཕྲུལ་རྐང་བཞིས་ཞིང་ཀུན་ཉུལ། །འཕགས་ལམ་གླིང་བཞི་བསྐོར་ཞིང་བགྲོད། །དཔལ་གྱི་རྔ་རྔོག་རྒྱས་ཤིང་སྡུག །མྱུར་བའི་ཕྲིན་ལས་དར་སྣས་བརྒྱན། །ཕྱོགས་ལས་རྣམ་རྒྱལ་འཚེར་སྒྲ་སྒྲོགས། །ནག་ཕྱོགས་བདུད་སྡེའི་སྙིང་རྩ་འདར། །ས་ཁམས་རླུང་རྟ་རྒུད་པ་གསོ། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་གཟུགས། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །གུ་རུ་བུདྡྷ་ཐོད་ཕྲེང་རྩལ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་ཚུལ། །འཇིག་རྟེན་དབང་ཕྱུག་པད་དཀར་འཆང༌། །གསང་བའི་བདག་པོ་ཁྲོ་རྒྱལ་ཆེ། །སྒྲོལ་མ་རྣམ་འཕྲུལ་ཉེར་གཅིག་ལྷ། །དྷ་ན་སཾ་སྐྲྀ་བི་མ་ལ། །རཾ་བུ་གུ་ཧྱ་ཤནྟིཾ་གྷར། །འབྲོག་མི་དཔལ་ཡེ་གཉགས་ལོ་ཆེ། །རླངས་ཆེན་དཔལ་སེང་བཻ་རོ་དང༌། །རྒྱལ་བ་རྟག་པ་རྣམ་སྣང་མཛད། །དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ། །ཤུགས་འགྲོ་གནས་ཡུལ་མཁའ་འགྲོ་མ། །ལས་དང་དམ་ཚིག་ཌཱ་ཀི་འབུམ། །ལེགས་ལྡན་ཕྱག་དྲུག་སྟག་ཞོན་མགོན། །ཕོ་རྒྱུད་མགོན་པོ་དགྲ་ལྷའི་ཚོགས། །རྡོ་རྗེ་ཧཱུྃ་མཛད་སྟོབས་པོ་ཆེ། །མི་གཡོ་མགོན་པོ་རྣམ་པར་རྒྱལ། །ཤུགས་འགྲོ་ཕྲ་མེན་དམ་ཚིག་ལས། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །ཚོགས་བདག་ཞལ་བཞི་དམ་ཅན་ཆེ། །ཕོ་རྒྱུད་མགོན་པོ་དགྲ་བླའི་ཚོགས། །ཨེ་ཀ་ཛཱ་ཏི་ཡེ་ཤེས་ལས། །སྣང་སྲིད་མ་མོའི་ཚོགས་རྣམས་དང༌། །ཀུན་ཀྱང་ལས་ཀྱི་རིགས་ཅན་ཏེ། །དགྲ་ལྷ་ཝེར་མའི་ཚོགས་ཀྱི་རྗེ། །སེང་ཆེན་བདུད་འདུལ་དཔའ་བོ་ནི། །ཕྱག་ན་བ་དན་དུང་དཀར་བསྣམས། །ཆིབས་སུ་རྫུ་འཕྲུལ་རྟ་ལ་ཆིབས། །སྤྲུལ་པའི་ལས་བྱེད་འབུམ་ཕྲག་སྤྲོ། །ལས་བྱེད་འབྲུག་ལུག་ཁྱི་གླང་གདོང༌། །སྐུ་གཟུགས་མཉམ་ཉིད་མི་ཡི་ལུས། །ཆོས་དབྱིངས་ཡེ་ཤེས་དུད་འགྲོའི་གདོང༌། །སོར་རྟོག་ཡེ་ཤེས་བྱ་སྡེར་རྣོ། །མེ་ལོང་ཡེ་ཤེས་སྦྲུལ་མཇུག་ཅན། །བྱ་གྲུབ་ཡེ་ཤེས་ཕྲ་མེན་གཟུགས། །ཁམས་ལྔའི་དབང་ཐང་གོས་སུ་གྱོན། །འབྱུང་ལྔའི་ལུས་ཀྱི་དར་ཐོད་བཅིངས། །ཆིབས་སུ་གསེར་རྟ་སེར་པོ་ཆིབས། །ལྷུན་ཆགས་རི་བོའི་སྤོ་ན་རྒྱུ། །སྟེང་འོག་ཚངས་པ་བརྟན་མ་དང༌། །ལྷག་པ་པ་སངས་སྤེན་སྒྲ་ཅན། །མེ་ལྷ་སྲིན་པོ་རླུང་དབང་ལྡན། །འབྲུག་ལུག་ཁྱི་གླང་བདུན་ཟུར་ལོ། །དེ་ལ་འཁོར་བའི་སྤར་ཁ་ནི། །ཟོན་ཁོན་ཁེན་གིང་རྣམ་པ་བཞི། །བཞི་ལྗང་གཉིས་ནག་དྲུག་བརྒྱད་དཀར། །སྨེ་བའི་ལྷ་མཆོག་རྣམ་པ་བཞི། །ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་འཁོར། །མཆོད་དོ་བསྟོད་དོ་ལས་ལ་བཞེངས། །ཨརྒྷཾ་དཀར་སྔོན་རྒྱ་མཚོ་བསྐྱིལ། །དར་སྣ་བ་དན་སྤྲིན་ལྟར་འཁྲིགས། །སྣ་ཚོགས་མཐུན་རྫས་སྐར་ལྟར་བཀྲ། །རྔ་དབྱངས་རོལ་མོ་འབྲུག་ལྟར་སྒྲོགས། །མཛེས་སྡུག་ཕོ་མོའི་བྲོ་གར་བསྒྱུར། །ཞིམ་མངར་ཟས་ཕུད་རི་ལྟར་སྤུངས། །འཇམ་འཁྲིལ་ན་བཟའ་སྣ་ཚོགས་བྲེས། །དར་གོས་རིན་ཆེན་འབྲུ་སྨན་དབྱིག །རྟ་ཕྱུགས་སྲོག་ཆགས་མ་ངེས་པ། །འདབ་ཆགས་སྡེར་ཆགས་རྨིག་ཟླུམ་དཔྲལ། །བྱེ་བ་བརྒྱ་སྟོང་ཁྱུ་ཡིས་རྩེན། །སྟག་སེང་ཁྱུང་འབྲུག་རྟ་ལ་སོགས། །རླུང་རྟའི་ལྷ་ཕྲུག་རྩེ་གར་གཡོ། །ཁྱད་པར་ས་ཁམས་རླུང་བསྐྱེད་ཀྱི། །གསེར་མདོག་བ་དན་བར་སྣང་ཁྱབ། །ལས་ཀུན་ཐོགས་མེད་གྲུབ་པ་ཡི། །སྙན་གྲགས་བ་དན་ས་གསུམ་ཁྱབ། །མ་རླུང་མེ་ཡི་བ་དན་དམར། །མོ་རྒྱུད་མཛངས་འཕྲུལ་མེ་ལྟར་འབར། །བུ་རླུང་ལྕགས་ཀྱི་བ་དན་དཀར། །རིགས་རྒྱུད་སྲོག་རྩ་ལྕགས་ལྟར་སྲ། །གྲོགས་རླུང་ཆུ་ཡི་བ་དན་སྔོ། །གཉེན་ཚན་ཆུ་ལྟར་བརྡོལ་བར་མཛོད། །དགྲ་རླུང་ཤིང་གི་བ་དན་ལྗང༌། །དགྲ་སྡེའི་གདུང་བ་སྐྱོབས་པར་མཛོད། །ཀུན་ཀྱང་ཚེ་ཡི་རྨུ་ཐག་བརྒྱུས། །མཚམས་བཞིར་ས་ཡི་རི་རྩེར་འཐེན། །ཚེ་དཔལ་རིགས་བརྒྱུད་ཡོན་ཏན་ཚོགས། །རྒྱུན་མི་ཆད་པ་བརྟན་པར་མཛོད། །དྲི་ཞིམ་རླུང་གིས་པུ་རུ་རུ། །དེ་ལས་བུདྡྷ་ཡཾ་གིས་སྒྲས། །ཡིད་ཚངས་རླུང་རྟའི་དཔལ་ཡོན་བསྐྱེད། །རྒྱལ་དང་ལེགས་དང་ཤིས་པ་དང༌། །གྲུབ་པའི་ལྷ་ཡི་རྔ་གསང་ལྡིར། །མེ་ཏོག་མཛེས་པའི་ཆར་ཟིམ་འབེབས། །འཇའ་ཚོན་འོད་ཀྱི་གུར་ཁང་ནས། །ལྷ་མཆོག་རྟ་ཡི་རྩེ་གར་བསྒྱུར། །གླང་འབྲུག་ལུག་ཁྱིའི་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་དཔལ་ཀུན་སྤེལ། །རྩ་གསུམ་ལྷ་ཡི་རྒྱབ་རྟེན་མཛོད། །ཆོས་སྐྱོང་དགྲ་ལྷས་དཔའ་སྟོབས་སྐྱེད། །ཕས་རྒོལ་དགྲ་སྡེ་ཟིལ་གྱིས་ནོན། །བྱད་ཕུར་རྦོད་གཏོང་ཀེག་སྲི་ཐུལ། །རྟ་ཡིས་རི་གླིང་ཡུད་བརྒལ་བཞིན། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཅེས་གྱེར་ཞིང་ཚིགས་མཚམས་སོ་སོར་འབྲུ་སྨན་གསེར་སྐྱེམས་ཕུད་གཏོར་མ་སོགས་ཕྱོགས་སོ་སོར་འབུལ་ཞིང་རོལ་མོ་འཁྲོལ་བར་བྱའོ། །ལྔ་པ་རླུང་རྟ་བསྐྱེད་པའི་བཟླས་དམིགས་ནི། བདག་ཉིད་ཡི་དམ་ཐུགས་སྲོག་ལས། །འོད་ཟེར་འཇའ་ཚོན་ལྟ་བུ་སྤྲོས། །མདུན་གྱི་སེང་ཆེན་དཔའ་བོ་ཡི། །ཐུགས་ཀར་ཟླ་སྟེང་སྙིང་པོ་ལ། །ཡེ་ཤེས་ལྔ་ཡི་འོད་འཕྲོ་བར། །རེག་པས་སྔོན་གྱི་ཐུགས་དམ་དྲན། །སྐུ་ནི་བདེ་ཆེན་གཟི་བྱིན་རྒྱས། །གསུང་གིས་སྔགས་སྒྲ་ཀི་བསྭོ་སྒྲོགས། །ཐུགས་ཀྱི་མཁྱེན་བརྩེའི་ཡེ་ཤེས་ཀྱི། །འོད་ཀྱིས་སྣང་བས་རིགས་གསུམ་མགོན། །མྱུར་མ་དཔལ་མོ་པདྨ་འབྱུང༌། །དུས་ཀྱི་འཁོར་ལོའི་ཐུགས་བརྒྱུད་བསྐུལ། །ལྷ་ཚོགས་ཀུན་གྱི་གསང་གསུམ་གྱི། །ཡེ་ཤེས་འོད་ཟེར་མཁའ་ཁྱབ་སྤྲོས། །སྣོད་བཅུད་སྲིད་ཞིའི་རྒུད་པ་བསལ། །དྭངས་མའི་གཟི་བརྗིད་དཔལ་ཡོན་རྒྱས། །སྲས་བཅས་རྒྱལ་བའི་གསང་གསུམ་བྱིན། །ཁྱད་པར་ཕྲིན་ལས་མི་ཟད་པའི། །དབང་དང་སྟོབས་བཅུ་གཞན་ཕན་གྱི། །ཐུགས་བསྐྱེད་ཕྲིན་ལས་འོད་ལྔའི་ཚུལ། །བསྡུས་ཏེ་མདུན་གྱི་རླུང་རྟའི་ལྷ། །རྣམས་ལ་ཐིམ་པས་ལྷ་ཚོགས་ཀུན། །སྐུ་ནི་དགྱེས་པའི་གར་གྱིས་གཡོས། །ཀི་བསྭོ་གླུ་བྲོ་ཅིར་ཡང་བསྒྱུར། །ཐུགས་ཀྱི་སྤོབས་པ་སྟོབས་བསྐྱེད་ཅིང༌། །བསྒྲུབ་བྱའི་ཚེ་དཔལ་སྟོབས་འབྱོར་དང༌། །ཁྱད་པར་རླུང་རྟའི་འཕྲུལ་སྟོབས་བསྐྱེད། །བྱད་ཕུར་མི་མཐུན་རྒུད་པ་བསལ། །སྟོབས་ནུས་དཔལ་ཡོན་བསྐྱེད་པར་བསྒྱུར། །ཨོཾ་མ་ཧཱ་སེང་ཧ་མ་ཎི་རཱ་ཛ་ཧཱུྃ། ཞེས་བསྙེན་སྔགས་དང༌། ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་སརྦ་ཨརྠ་སིདྡྷི་ཧཱུྃ་ཨཱཿ ཞེས་དགྲ་བླའི་བཞད་པ་བརྒྱད་ཀྱི་སྔགས་སྤེལ་ཚིག་ཅན་སྦྱར་བ་སྒྲུབ་སྔགས། ཛ་ཡ་ཛ་ཡ་བི་ཛ་ཡནྟུ། ཞེས་སྒྲུབ་སྔགས་ཀྱི་གཤམ་དུ་སྦྱར་བ་ལས་སྔགས་བཅས་རིམ་པས་བཟླ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གུ་རུ་རིན་པོ་ཆེ། ཨོཾ་མཉྫུ་ཤྲཱི་ཛྙཱ་ན་ཀཱ་ཡ་ན་མཿ འཇམ་དཔལ་དོན་ཡོད་གྲུབ་པ་ཡེ་ཤེས་སྐུ་ཅན་གྱི་སྔགས་དང༌། ཨོཾ་པདྨ་ཙིནྟ་མ་ཎི་ཛྭ་ལ་ཧཱུྃཿ ཞེས་སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་སྔགས། ཨོཾ་བཛྲ་ཙཎྜ་སརྦ་དུཥྚ་ན་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄ཿ ཞེས་ཕྱག་ན་རྡོ་རྗེའི་རིགས་སྔགས་བཅོ་བརྒྱད་པ་དང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ཨརྠ་སིདྡྷི་ཡེ་སྭཱ་ཧཱ། ཞེས་སྒྲོལ་མ་དོན་ཐམས་ཅད་གྲུབ་པའི་སྔགས་དང༌། | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:09, 1 June 2024
Wylie title | dag snang ge sar skyes bu rdo rje tshe yi rgyal po'i bsang mdos dang rlung rta ka 'dzugs kyi cho ga zung 'brel phyogs las rnam rgyal lha yi rnga sgra | |
---|---|---|
Location | dil mgo mkhyen brtse bka' 'bum Volume 11, Text 11, Pages 48-71 (Folios 1a to 24a6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Dag snang ge sar skyes bu rdo rje tshe yi rgyal po'i bsang mdos dang rlung rta ka 'dzugs kyi cho ga zung 'brel phyogs las rnam rgyal lha yi rnga sgra. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 48-71. Delhi: Shechen Publications, 1994. | |
Genre | Ritual and Liturgical Texts - cho ga phyag len · Smoke Offerings - bsangs mchod - lha bsang · Thread-cross Ceremonies - mdos chog | |
Deity | ge sar | |
Colophon |
།ཅེས་པའང་ལྷ་རིགས་བདེ་ཆེན་རོལ་པ་རྩལ་གྱི་དག་སྣང་བསང་མདོས་དམ་ཅན་དགྱེས་སྐོང་དང༌། འཇམ་པའི་དབྱངས་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་རྡོ་རྗེའི་གསུང་གི་མན་ངག་གུང་སྡེབས་ཀྱིས་བཀྲ་ཤིས་དཔལ་འབྱོར་དོན་ཐམས་ཅད་གྲུབ་པའི་སྡེས་རང་ལོ་ཉེར་དྲུག་གི་སྟེང༌། གྲུབ་བརྒྱའི་སྤྱི་མེས་དམ་པ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་དཀར་པོ་ནང་གི་དབེན་ཁྲོད་རང་གནས་བསམ་གཏན་གྱི་ཁང་བུ་བདུད་འདུལ་རྣམ་པར་རྒྱལ་བའི་དགའ་ཚལ་དུ་བྲིས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེའི་དབུ་འཕང་སྲིད་རྩེར་བསྒྲེང་བའི་རྟེན་འབྱུང་དུ་སྨོན་པ་བཞིན་འགྲུབ་ཅིང་ཤྲཱི་བི་ཛ་ཡནྟུ། དགེའོ། །མངྒ་ལཾ།། | |
/ces pa'ang lha rigs bde chen rol pa rtsal gyi dag snang bsang mdos dam can dgyes skong dang*/_'jam pa'i dbyangs mi pham phyogs las rnam rgyal gyi rdo rje'i gsung gi man ngag gung sdebs kyis bkra shis dpal 'byor don thams cad grub pa'i sdes rang lo nyer drug gi steng*/_grub brgya'i spyi mes dam pa sangs rgyas kyi byin gyis brlabs pa'i dkar po nang gi dben khrod rang gnas bsam gtan gyi khang bu bdud 'dul rnam par rgyal ba'i dga' tshal du bris pa 'dis kyang rgyal bstan rin po che'i dbu 'phang srid rtser bsgreng ba'i rten 'byung du smon pa bzhin 'grub cing shrI bi dza yan+tu/_dge'o/_/mang+ga laM// |