ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། རླུང་རྟའི་ཀ་འཛུགས་སོགས།

From Khyentse Lineage - A Tsadra Foundation Project
DKR-KABUM-11-DA-010
Wylie title oM swa sti shrI bi dza yan+tu/ rlung rta'i ka 'dzugs sogs DKR-KABUM-11-DA-010.pdf
Location dil mgo mkhyen brtse bka' 'bum
Volume 11, Text 10, Pages 46-47 (Folios 1a1 to 2b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. oM swa sti shrI bi dza yan+tu rlung rta'i ka 'dzugs sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 46-47. Delhi: Shechen Publications, 1994.
Genre
Colophon

འདི་རྣམས་རླུང་རྟ་བསྐྱེད་པའི་སྔགས་སུ་གསུངས་བས་གྲངས་ཇི་མང་ལེགས་གསུངས་འདུག་ཞུ། དིལ་མཁྱེན་རྒན་བུས་བྲིས། དགེའོ། །མངྒ་ལཾ།།

'di rnams rlung rta bskyed pa'i sngags su gsungs bas grangs ji mang legs gsungs 'dug zhu/_dil mkhyen rgan bus bris/_dge'o/_/mang+ga laM//

[edit]
༄༅། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། རླུང་རྟའི་ཀ་འཛུགས་ལ་མི་ཕམ་རིན་པོ་ཆེའི་གསུང་རྟ་ཕག་གི་རླུང་རྟ་དང་གེ་སར་རླུང་རྟའི་དགོངས་པ་སྟེ། སྤྱིར་རི་རབ། གླིང་བཞི། གླིང་ཕྲན་བརྒྱད། རོལ་མཚོ་རྒྱ་མཚོ། ཕྱིའི་ལྕགས་རི་བཅས་པ་ལ། རི་རབ་གླིང་ཁང་བཟང་གསུམ་བརྩེགས་ཀྱི་འོག་མ་ལ་གེ་སར་རྐྱ་མི་ལྷ་རིགས་དང༌། མི་ཕམ་རིན་པོ་ཆེའི་ལུགས་ཀྱི་སྲོག་འཁོར། བླ་རྡོ། བར་ཁང་ལ་གུ་རུ་རིན་པོ་ཆེའི་སྐུ། ཐུགས་སྒྲུབ་བར་ཆད་ཀུན་སེལ་རྩ་འཁོར། རིགས་གསུམ་མགོན་པོ་དང་སྒྲོལ་མའི་གཟུངས་དང་སྐུ་འབྱོར་ན་ཀློང་སྙིང་སྒྲོལ་མ་མཐོང་གྲོལ་འཁོར་ལོ། འཇམ་དཔལ་གསེར་འཁོར། མཆོག་གླིང་ཐུགས་ཆེན་ཡིད་བཞིན་འཁོར་ལོའི་ཚེ་བསོད་ནམས་སྤེལ་བ་སོགས་འཁོར་ལོ་ལྔ། ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་དུ་ངན་སོང་དོང་སྤྲུགས་སྒོ་མ་བཞི་ལས་སོ་སོ་རྣམས་འཇམ་དཔལ་གྱི་དོན་ཀུན་གྲུབ་པའི་འཁོར་ལོ། སྟེང་ཁང་དུ་དུས་ཀྱི་འཁོར་ལོའི་གཟུངས་སྔགས་དང་མཐོང་གྲོལ། བཏགས་གྲོལ། དགེ་འདུན་འདུ་འཁོར་རྒྱས་བསྡུས། རིང་བསྲེལ་རྣམ་བཞི་གང་འབྱོར། རི་རབ་ཀྱི་ཕྱོགས་བཞིར་གླིང་བཞིའི་དབུས་ཀ་བ་བཞི་ལ། ཤར་གྱི་ཀ་བའི་རྩེར་ཤིང་ཁམས་ཀྱི་རླུང་རྟའི་ལྷ་བྱ་ཁྱུང་དཔག་བསམ་གྱི་རྩེར་ལྡིང་བ། ཀ་བའི་རྩར་འབྱུང་རྩིས་ཀྱི་བྱི་འབྲུག་སྤྲེལ་གྱི་རླུང་རྟའི་ལྷ་ཤིང་སྟག་ལྗོན་ཤིང་ནང་རུབ། ཀ་བའི་ནང༌། ཧཱུྃ་ཆེན་ཀ་ར་གནུབས་ནམ་སྙིང༌། རྡོ་རྗེའི་རིགས་ཀྱི་ཡི་དམ་ཞི་ཁྲོ་དང༌། ཨོཾ་ཧ་བཛྲ་དྷཱ་ཀི་ནི་ར་བཛྲ་ཀིངྐ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྡོ་རྗེའི་རིགས་ཀྱི་དཔའ་བོ་དང༌། མཁའ་འགྲོའི་སྔགས། མགོན་པོ་ཕྱག་བཞི་སོགས་ཐུགས་ཀྱི་མགོན་པོ་འཁོར་བཅས་ལྷ་མོའི་རིགས་ཀྱི་སྔགས། ཞི་བྱེད་ཀྱི་རྫས་བགེགས་ཞི་བ་མི་ཕམ་རིན་པོ་ཆེའི་རྫས་བསྡུ་ཐབས་སུ་གསལ་ལ་ཡུངས་ཀར། སྡིག་སྒྲིབ་ཞི་བ་ཏིལ་དཀར་སོགས་ཞི་སྦྱར་ལྟར་དང༌། ལྷོ་ཡི་ཀ་བའི་རྩེར་མེ་ལྕེའི་དབུས་སུ་མེ་ཁམས་རླུང་རྟའི་ལྷ་སྟག །རྩ་བར་ཕག་ལུག་ཡོས་གསུམ་རླུང་རྟའི་ལྷ་མེ་སྦྲུལ་མེ་ལྕེའི་དབུས། ཀ་བ་ལ་འཇམ་དཔལ་བཤེས་གཉེན། གནུབས་ཆེན་སོགས་རིན་ཆེན་རིགས་ཀྱི་རྩ་གསུམ། གཡང་རྫས། ནུབ་ཀྱི་ཀ་བའི་རྩེར་ལྕགས་ཁམས་ཀྱི་རླུང་རྟ་བྲག་རིའི་ནང་སངྒཻ། རྩ་བར་སྟག་རྟ་ཁྱི་གསུམ་གྱི་རླུང་རྟའི་ལྷ་ལྕགས་སྤྲེལ་བྲག་རིའི་ནང་ཡོད་པ། ཀ་བའི་ནང་ནཱ་གརྫུ་ན། རྒྱལ་བ་མཆོག་དབྱངས་སོགས་ཐུགས་རྗེ་ཆེན་པོ་ཞི་ཁྲོ་སོགས་པདྨའི་རིགས་ཀྱི་རྩ་གསུམ། དབང་སྡུད་ཀྱི་རྫས། བྱང་གི་ཀ་བའི་རྩེར་ཆུ་ཁམས་རླུང་རྟའི་ལྷ་སྤྲིན་ནང་འབྲུག །རྩ་བར་བྱ་གླང་སྦྲུལ་གསུམ་རླུང་རྟའི་ལྷ་ཕག་རྒྱ་མཚོར་རོལ་པ། མཐུན་གསུམ་རླུང་རྟ་མགོ་བོ་སྟག །སྦྲུལ། སྤྲེལ། ཕག །གཟུགས་མི། ལག་པ་བྱ་སྡེར། སྨད་སྦྲུལ་མཇུག །རྒྱབ་ཏུ་གཤོག་པ་ཅན། ལོ་སྐོར་བཅུ་གཉིས་ལྟར་དང༌། པྲ་བྷ་ཧསྟི། མཚོ་རྒྱལ་སོགས་ལས་རིགས་ཀྱི་རྩ་གསུམ་སྔགས། དྲག་པོའི་རྫས། མཚམས་བཞིར་ཀ་བའི་རྩེར་རྟ་རྒྱན་ལྡན། ཤར་ལྷོར་མ་མོ། ལྷོ་ནུབ་རིག་འཛིན། ནུབ་བྱང་དྲག་སྔགས། བྱང་ཤར་མཆོད་བསྟོད་ཀྱི་རྩ་གསུམ། རི་རབ་བང་རིམ་རྣམས་སུ་འདབ་ཆགས། རི་དྭགས། གཅན་གཟན། མཚོར་ཆུ་གནས། ལྕགས་རི་ལ་ཤར་དུ་བ་དན་ལྗང༌། ལྷོར་དམར། ནུབ་ཏུ་དཀར། བྱང་དུ་སྔོ། མཚམས་བཞི་སོ་སོར་གཙོར་གྱུར་བ་དན་གཙོས་ཕོ་ཏང་མོ་ཏང༌། བླ་ལུག །མདའ། འཕང༌། རྒྱང་བུ། རྩེར་ནམ་མཁའ་མདོག་ལྔ། ལྟེ་བར་ཤར་དུ་ལྗང་སོགས་ཀྱིས་བསྐོར། རི་རབ་ཁོང་པའི་ནང་ས་བདག་སྙིང་གཏེར། བསོད་ནམས་གླང་པོ་སྟོབས་བསྐྱེད། འབྲུ་སྨན། ས་སྣ། ཆུ་སྣ། གོས་སྣ། གཡང་རྫས་ཀྱིས་བཀང་བ་ལགས། འདོན་ཆ་ཁོ་བོའི་བྲིས་པ་ད་ལྟ་འདིར་མི་འདུག་ཀྱང་མི་ཕམ་རིན་པོ་ཆེའི་གེ་སར་མཆོག་སྤྲུལ་དང༌། སྐྱབས་རྗེ་དོན་བརྒྱུད་ཉི་མའི་གེ་སར་རླུང་རྟ་རིགས་དང༌། མི་ཕམ་རིན་པོ་ཆེའི་རྟ་མགྲིན་རླུང་རྟ་དགོན་ཆེན་སྤར་འཁོད་བསང་སྐོར་དུ་ཡོད་པ་དེ་རིགས་ཀྱིས་འཐུས་སྙམ་ཞུ། དེ་དག་ཀུན་གྱི་གཤམ་དུ་རླུང་རྟ་བསྐྱེད་པའི་སྔགས། ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་དྷཱ་ར་ཡ་དྷཱ་ར་ཡ་ནི་རུནྡྷུ་ནི་རུནྡྷུ་ནི་ཨུརྞ་མ་ཎི་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཧེ་ཧེ་སྟག་སེང་ཁྱུང་འབྲུག་ལྡིར་ཡར་བསྐྱེད་ཀུན་འདུས་སརྦ་འདུ་འདུ་ཧོཿ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཧ་ཧཱ་ཧི་ཧཱི་ཧེ་ཧེ་ཧོ་ཧོ། ཛ་ཡ་བི་ཛ་ཡནྟུ། འདི་རྣམས་རླུང་རྟ་བསྐྱེད་པའི་སྔགས་སུ་གསུངས་བས་གྲངས་ཇི་མང་ལེགས་གསུངས་འདུག་ཞུ། དིལ་མཁྱེན་རྒན་བུས་བྲིས། དགེའོ། །མངྒ་ལཾ།། །།

Footnotes

Other Information