མཚམས་སྒྲུབ་བྱ་ཚུལ་གྱི་ས་བཅད།

From Khyentse Lineage - A Tsadra Foundation Project
SPCD-KABUM-02-KHA-001
Wylie title mtshams sgrub bya tshul gyi sa bcad SPCD-KABUM-02-KHA-001.pdf
Location 'phags mchog bka' 'bum
Volume 2, Text 1, Pages 1-10 (Folios 1a1 to 5b3)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Mtshams sgrub bya tshul gyi sa bcad. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 1-10. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Outlines - sa bcad  ·  Practical Instructions - lag len - len thabs
Colophon

།ཞེས་པ་འདིའང་༧རྗེ་གོང་མའི་ཞལ་སློབ་སྒྲུབ་བརྩོན་ལྷག་བསམ་ལྡན་པ་གྲུ་གྲྭ་ཡོན་ཏན་མཁས་མཆོག་མཆོག་གིས། བསྟན་པའི་མིག་རྒྱན་དུ་ངེས་དོན་གྱི་མེ་རོ་གསོ་ཕྱིར་དང་། འགྲོ་བ་རྒྱ་མཚོ་དགེ་བའི་ཆུ་ཐིགས་ཀྱིས་བྲན་པ་དང་། རང་གཞན་དཀོར་གྱི་སྒྲིབ་སྦྱོང་བྱ་བའི་ཆེད་དུ་དམིགས་ནས་གྲུ་དགོན་བསམ་གཏན་ཆོས་གླིང་དུ། སྒྲུབ་གྲྭ་རེར་མཚམས་ཕོག་གི་རྟེན་དོད་བཅས་ཇི་སྲིད་ནམ་གནས་བར་བཞག་པའི་སྐབས། མཚམས་སྒྲུབ་བྱ་ཚུལ་གྱི་ས་བཅད་ཙམ་བྲིས་ཏེ་འཆད་དགོས་བསྐུལ་བ་བཞིན་༧གྲུབ་པའི་རིགས་སུ་སྐྱེས་པས་འདི་ལྟར་ལྷག་བསམ་གྱིས་སྤེལ་བ་དགེའོ།།

/zhes pa 'di'ang 7rje gong ma'i zhal slob sgrub brtson lhag bsam ldan pa gru grwa yon tan mkhas mchog mchog gis/_bstan pa'i mig rgyan du nges don gyi me ro gso phyir dang /_'gro ba rgya mtsho dge ba'i chu thigs kyis bran pa dang /_rang gzhan dkor gyi sgrib sbyong bya ba'i ched du dmigs nas gru dgon bsam gtan chos gling du/_sgrub grwa rer mtshams phog gi rten dod bcas ji srid nam gnas bar bzhag pa'i skabs/_mtshams sgrub bya tshul gyi sa bcad tsam bris te 'chad dgos bskul ba bzhin 7grub pa'i rigs su skyes pas 'di ltar lhag bsam gyis spel ba dge'o//

[edit]

༄༅། །མཚམས་སྒྲུབ་བྱ་ཚུལ་གྱི་ས་བཅད་བཞུགས་སོ།།

༄༅། །དེ་ཡང་ཚེ་རབས་ཐོག་མེད་ནས་འདུ་འཛི་རྣམ་གཡེང་གི་ངང་དུ་རྒྱ་འབྱམས་པ་ལས། དུས་གཏན་དོན་གྱི་དགེ་སྦྱོར་བྱེད་པ་ལ་བར་ཆད་ཡང་ཡང་བྱས་པར་ཤེས་ནས། ད་ལན་ནི་ཚེ་རབས་ཀྱི་སྡིག་སྒྲིབ་བྱང་བ། མ་འོངས་པ་ན་ངན་སོང་གི་སྐྱེ་སྒོ་ཁེག་པ་དང་། བླ་མ་གྲྭ་པའི་མིང་དོན་གྱི་སྙིང་པོ། ཡོང་ངེས་ཀྱི་འཆི་བ། དགོས་ངེས་ཀྱི་དམ་པའི་ཆོས་དགོས་པའི་སྐབས་དང་། གཞན་ཤི་གསོན་གྱི་དགེ་རྩ་སྐུ་རིམ་སོགས་ནུས་ལྡན་དུ་འགྱུར་བའི་ཕྱིར། སྙིང་པོའི་ཉམས་ལེན་ལ་བརྩོན་གྲབས་ཤིག་བྱེད་ན། དེང་ནས་བཟུང་བླ་མའི་ཞལ་རྒྱུན་རྣམས་རིམ་གྱིས་ཉན་ནས། གནས་དབེན། ལུས་དབེན། ངག་དབེན། ཡིད་དབེན་བཞི་ལ་མཐིལ་བཅོལ་ཏེ་བྱ་བ་དགུ་ཕྲུགས་སུ་བཏང་བ་ལ་གཙོར་འཛིན་ནས། གཉིད་དང་། ཟས་གོས་དང་། ཐུན་ཚོད་དང་། སྤྱོད་ལམ་བཅས་ཉིན་གཅིག་བཞིན་བྱ། དང་པོ་ཡར་ལངས་དུས་རྣམ་སྣང་ཆོས་བདུན་བཅའ། རླུང་རོ་བསལ། ཀུན་སློང་བཅོས། གསོལ་འདེབས་གང་རུང་འདོན་ཐུགས་ཡིད་བསྲེ་ཞིང་། དུས་གསུམ་རྒྱལ་བ་སྲས་དང་སློབ་མ་བཅས་པར་དང་པོ་ཆོས་ལ་ཨེ་འཇུག །བར་དུ་བརྩོན་འགྲུས་ཨེ་རྩོམ། མཐར་ཚེ་དང་སྒྲུབ་པ་མཉམ་མིན་སོགས་ཐུན་མོང་སྔོན་འགྲོ་ཁོ་ན་ལ་རག་ལས་པ་ཡིན་པས་ན། རང་རེས་བློ་རྒྱུད་ཡང་ཡང་སྦྱངས་ཏེ། དང་པོ་ངེས་ཤེས་བཅོས་ལ། བར་དུ་བཅོས་མ་དགོས་པར་ངམ་ངམ་ཤུགས་ཀྱི་སྐྱེས་པ༑ མཐར་བཟོད་གླགས་མེད་པ་རྒྱུན་ཆགས་སུ་མ་སྐྱེས་བར་དུ་ཟླ་བ་གཉིས་གསུམ་ལ་སྒོམས། དེ་ནས་དང་པོ་དངོས་གཞི་ཞི་གནས་དང་། བར་དུ་ཉམས་བཙལ། མཐར་ཐུག་གནས་ལུགས་ཀྱི་ངོ་འཕྲོད་པ་དང་། གཏན་སྲིད་ཟིན་མིན་རང་གཞན་གྱི་དོན་ཆེ་ཕྲ་འགྲུབ་མིན་སོགས་ཐུན་མིན་སྔོན་འགྲོའི་རིམ་པ་ཁོ་ནར་རག་ལས་པ་ཡིན་པས། སྐྱབས་ཡུལ་གསལ་བཏབ་སོགས་ཚིག་རྗེས་དོན་འདྲེས་ངེས་ཞག་བཅོ་ལྔ་རེའི་བར་དུ་སྒོམས། དེ་ནས་ལག་ལེན་བཏབ་སྟེ་སྦྱོར་དངོས་རྗེས་གསུམ་ཚང་ངེས། དཀའ་སྤྱད་སྙིང་རུས་ལྡན་པས་དངོས་ཉམས་རྨི་ལམ་སོགས་རྟགས་ཐོན་རེ་བྱ། དེ་ནས་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་བསྙེན་སྒྲུབ་བྱ་བའི་སྐབས་སུ་སྦྱོང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱང་འབྲས་སོགས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་བྱས་ནས་དངོས་གཞི་ཏིང་འཛིན་གསུམ་གྱི་ཁོག་ཕུབ། གསལ་དག་བརྟན་གསུམ་གྱིས་ཚད་བཟུང་། བསྙེན་སྒྲུབ་ལས་གསུམ་གྱིས་དོན་བྱ། མ་དག་པའི་སྣང་ཡུལ་སོགས་ལྷའི་དཀྱིལ་འཁོར་དུ་གྱུར་པ། གྱ་ནོམ་ལྷར་ཞེན་གྱི་འཛིན་རྟོག་ཐམས་ཅད་སྤྲོས་བྲལ་སྟོང་ཉིད་དུ་སྐྱེལ་སོ་བྱ། མདོར་ན་དག་མ་དག་གི་ཆོས་ཐམས་ཅད་སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་སྣང་། སྣང་སྟོང་དབྱེར་མེད་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པར་བྱའོ། །དེ་ཡང་ཨ་ཏི་ཡོ་གའི་སྒོམ་པ་ལྟར་བྱ་ན། དང་པོ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པའི་ཕྱིར་གྲོལ་གཞི་ཀ་དག །འཁྲུལ་གཞི་ཀུན་གཞི་དང་། ལྟ་བ་ངོས་བཟུང་། སྒོམ་པ་རྩོལ་མེད་ཀྱི་ངང་བསྐྱང་། སྤྱོད་པ་རང་གྲོལ་དུ་གཏོང་། འབྲས་བུས་འཁོར་འདས་དབྱེར་མེད་དུ་ལ་བཟླ་ཚུལ་སོགས་བློ་ཡུལ་དུ་གོ་བ་ལེན་པའམ། མིན་ཡང་བླ་མ་རྟོགས་པ་མཆོག་ལྡན། གདམས་ངག་ཚད་ལྡན། སློབ་མ་སྣོད་ལྡན། མོས་གུས་ཚད་ལྡན་བཞི་ཚོགས་ནས། ལྟ་བ་ངོ་རང་ཐོག་ཏུ་སྤྲོད། སྒོམ་པ་ཐག་གཅིག་ཐོག་ཏུ་ཉམས་སུ་བླང་། སྤྱོད་པ་གདེང་གྲོལ་ཐོག་ཏུ་བཅའ། འབྲས་བུ་དབྱིངས་རིག་དབྱེར་མེད་དུ་བཙན་ས་བཟུང་ཞིང་སྐུ་གསུམ་སྣང་བ་ལ་རྩལ་སྦྱང་། སྤྱོད་ལམ་དང་ཉིན་མཚན་སོགས་དུས་བཞི་མཉམ་པ་ཉིད་དུ་ལ་བཟླ་བའམ། གཙོ་ཆེར་རང་ལུགས་ཕྱག་རྒྱ་ཆེན་པོ་ལྟར་ན་བླ་མ་གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་དང་། གདམས་ངག་གི་གོ་རིམ་ཅུང་ཟད་ཤེས་པར་བྱས་ནས། ཉམས་ལེན་སྐབས་སུ་རྟེན་བཅས་རྟེན་མེད། རླུང་བཅས་རླུང་མེད། རྩོལ་བཅས་རྩོལ་མེད་ཅི་རིགས་ཀྱི་སྒོ་ནས་རྣལ་འབྱོར་བཞི་ཡི་རིམ་པ་ལ་རྩལ་སྦྱངས་ནས་ལྟ་སྒོམ་དབྱེར་མེད་དུ་སྤྱོད་པའི་བོགས་དབྱུང་བ་གལ་ཆེ། དེ་ཡང་ཐུན་དང་པོ་ཐོ་རངས་ལ་གསོལ་འདེབས་རིགས་དང་། བླ་མའི་རྣལ་འབྱོར་སྒོམས། གཉིས་པ་བསྙེན་སྒྲུབ་ལ་འབད་ནས། གྲོལ་དུས་བརྒྱ་ཕྱག་རེ་འཚལ། གསུར་དང་། གཏོར་མ་དང་། བསྔོ་སྨོན་དང་། དུས་རྒུད་ཞི་བ་དང་། སངས་རྒྱས་བསྟན་པ་རྒྱས་པའི་སྨོན་ལམ་སོགས་འདོན་ནས་མེ་འབུད་ཟས་ཀྱི་རྣལ་འབྱོར་ཚུལ་བཞིན་སྤྱོད། ཉིན་གུང་རྣམ་ཐར་དང་ཞལ་གདམས་སྔོན་འགྲོ་སོགས་ལ་དཔེ་ལྟས་རེ་བྱས་ནས་ཁམས་སངས་དང་སྤྲོ་བ་བསྐྱེད། དེ་ནས་ཐུན་དུང་ལན་གསུམ་འབུད་དེ། དང་པོ་ལ༑ བླ་མ་མཁྱེན་ཟ་ལས་འགྲོ་བཤད་ཀྱི་མཚམས་ཁྲིག་གེ་ཞོགས། གཉིས་པ་ལ་འཆི་བ་མི་རྟག་པ་དང་འཁོར་བའི་ཉེས་དམིགས་སོམས། གསུམ་པར་འདོན་བཟླས་བསྐྱེད་རྫོགས་ལ་བརྩོན་དགོས་བྱ་བའི་བརྡའ་ཡིན་པས་གོ་བར་བྱས་ནས་བསྙེན་སྒྲུབ་ལ་འཇུག །ཐུན་གྲོལ་མཚམས་བཟང་སྤྱོད། ལྟུང་བཤགས། བྱམས་སྨོན་སོགས་འདོན། དགོང་ཐུན་སྐབས། གསོལ་ཀ་རིགས་དང་། གཅོད་དང་། བསམ་ལྷུན། བར་ཆད་ལམ་སེལ། སྒྲོལ་མ་སོགས་འདོན། འོད་གསལ་ཟིན་པའི་གསོལ་འདེབས་དང་རྣལ་འབྱོར་ལ་བསླབ། ཡང་ན་འཇམ་དབྱངས་བསྙེན་པ་ཡིད་བཟླས་ཆུ་བོའི་རྒྱུན་བཞིན་བྱེད་ཅིང་སྙིང་དབུས་སུ་ལྷ་གསལ་ནས་གཉིད་དུ་འཇུག་པ་སོགས་ཉམས་ཤིན་ཏུ་ཕབས། སྒོ་གསུམ་འདུན་པ་ཆིག་དྲིལ་གྱི་ངེས་འབྱུང་། བྱང་སེམས། ལྟ་བ་གསུམ་པོ་སྒོམ་པ་ལ་གཙོར་འདོན་ཏེ། ཉམས་ལེན་གྱི་རིམ་པ་དེ་དག་རྟགས་ཐོན་ཚད་ལྡན་རེ་བྱས་ནས། རབ་འཆི་མེད་གཉུག་མའི་དོན་རྟོགས་པ། འབྲིང་འཆི་ཁར་མི་འགྱོད་པའི་བྲོད་ཚད་ཐོན་པ། མཐའ་མ་འཆི་ལ་མི་འགྱོད་པའི་བློ་ཁ་ཚིམས་པའི་ཆོས་ཡང་དག་རེ་བསྒྲུབས་ནས་རང་གཞན་གྱི་ལྟར་སྣང་དུའང་། ལུས་ངག་ཡིད་གསུམ་ཞི་དུལ་དང་ལྡན་པ། ཉོན་མོངས་དུག་ལྔ་ཁ་བྲི་བ། དགྲ་གཉེན་དལ་ཁོད་སྙོམས་པ། ཟས་གོས་སོགས་ཆོག་ཤེས་ཟིན་པ། བླ་མ་ལ་དད་པ། མཆེད་གྲོགས་ལ་དག་སྣང་། སེམས་ཅན་ལ་བརྩེ་གདུང་། བསམ་རྒྱུ་བླ་མ་ལས་མེད་པ། བསྒྲུབ་རྒྱུ་ཆོས་ལས་མེད་པ། སྤང་བྱ་བདག་འཛིན་ལས་མེད་པ། བསྒྲུབ་བྱ་གཞན་ཕན་ལས་མེད་པས་བསམ་པ་བྱང་ཆུབ་སེམས་ཀྱི་རྩིས་ཟིན་ངེས་པར་བྱས་ནས། མ་གྱུར་སེམས་ཅན་རྣམས་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཞིང་། བདེ་བའི་རྒྱུ་འབྲས་གཉིས་དང་ལྡན་པའི་ཕྱིར་དངོས་བརྒྱུད་བར་གསུམ་ནས་རྣམ་དཀར་གྱི་བསམ་སྦྱོར་ཆེ་ཞིང་ཆེ་བ་ནས། ཕྲ་ཞིང་ཕྲ་བ་ལ་སྙིང་ནས་རིམ་གྱིས་འབད་པར་བྱ་དགོས་སོ། །ཞེས་པ་འདིའང་༧རྗེ་གོང་མའི་ཞལ་སློབ་སྒྲུབ་བརྩོན་ལྷག་བསམ་ལྡན་པ་གྲུ་གྲྭ་ཡོན་ཏན་མཁས་མཆོག་མཆོག་གིས། བསྟན་པའི་མིག་རྒྱན་དུ་ངེས་དོན་གྱི་མེ་རོ་གསོ་ཕྱིར་དང་། འགྲོ་བ་རྒྱ་མཚོ་དགེ་བའི་ཆུ་ཐིགས་ཀྱིས་བྲན་པ་དང་། རང་གཞན་དཀོར་གྱི་སྒྲིབ་སྦྱོང་བྱ་བའི་ཆེད་དུ་དམིགས་ནས་གྲུ་དགོན་བསམ་གཏན་ཆོས་གླིང་དུ། སྒྲུབ་གྲྭ་རེར་མཚམས་ཕོག་གི་རྟེན་དོད་བཅས་ཇི་སྲིད་ནམ་གནས་བར་བཞག་པའི་སྐབས། མཚམས་སྒྲུབ་བྱ་ཚུལ་གྱི་ས་བཅད་ཙམ་བྲིས་ཏེ་འཆད་དགོས་བསྐུལ་བ་བཞིན་༧གྲུབ་པའི་རིགས་སུ་སྐྱེས་པས་འདི་ལྟར་ལྷག་བསམ་གྱིས་སྤེལ་བ་དགེའོ།། །།