ཆོས་སྐྱོང་ཕྲིན་བཅོལ་བཀྲ་ཤིས་དགེ་ལེགས།

From Khyentse Lineage - A Tsadra Foundation Project
PJCW-KABUM-06-CHA-019
Wylie title chos skyong phrin bcol bkra shis dge legs
Location dpal sprul bka' 'bum
Volume 6, Text 19, Pages 93-97 (Folios 1a1 to 3a5)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Chos skyong phrin bcol bkra shis dge legs. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 6: 93-97. Kathmandu: Tsadra Foundation and Shechen Publications, 2026.
Genre Exhortations to Act - phrin bcol
Colophon

།ཨ་བུ་ཧྲལ་པོས་སྙིང་ཐག་པ་ནས་བྲིས་པ་དགེའོ།

a bu hral pos snying thag pa nas bris pa dge'o/

[edit]
༄༅། །ཆོས་སྐྱོང་ཕྲིན་བཅོལ་བཀྲ་ཤིས་དགེ་ལེགས་བཞུགས།


༄༅། །ཀྱེ་དཔལ་གྱི་ཉི་མ་ཤར་རོ། །དཔལ་འབར་དབྱིངས་ཀྱི་ཁྲོ་མོ། སྔགས་སྲུང་ཨེ་ཀ་ཛ་ཊཱི། ནམ་མཁའ་དང་མཉམ་པ། ནམ་མཁའི་སྐུ་ཅན། ཡེ་ཤེས་ཀྱི་མཁྱེན་པ་ནམ་མཁའ་ལྟར་རྒྱ་ཆེ་བ་ལགས་ཀྱི། འབོད་ཀྱང་མ་དགོས། བསྐུལ་ཡང་མ་དགོས། བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོའི་རང་གཟུགས། དཔལ་ལྡན་མ་ཧཱ་ཀ་ལ། ཡེ་ཤེས་ཀྱི་འོད་ཟེར་དྲང་སྲོང་གཟའ་མཆོག་ཆེན་པོ། ཕྲིན་ལས་ཀྱི་མངགས་གཞུག་སྐྱེས་མཆོག་རྡོ་རྗེ་ལེགས་པ། བདེ་སྟོང་གི་རང་རྩལ་སྨན་བཙུན་ཆེན་པོ་མཆེད་ལྔ་ལ་སོགས་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱང་ཐུགས་ནམ་མཁའ་ལྟར་རྒྱ་ཆེ་བ་དང་། ཕྲིན་ལས་ས་གཞི་ལྟར་འབད་རྩོལ་མེད་པ། མངོན་ཤེས་ཀྱི་ཐུགས་དང་ལྡན་པ། ཡེ་ཤེས་ཀྱི་སྤྱན་དང་ལྡན་པ། རྫུ་འཕྲུལ་གྱི་སྙན་དང་ལྡན་པ། གར་ཡང་ཁྱབ་པ། ཀུན་ཏུ་འགྲོ་བ། ཁྱབ་བདག་ཆེན་པོ། རྒྱལ་བའི་ཕྲིན་ལས་ལ་མངའ་དབང་འབྱོར་པ། རྒྱལ་སྲས་ཀྱི་སྤྱོད་པ་ལ་གོམས་པར་བགྱིས་པ་ལགས་པས་ཆེད་དུ་མཆོད་པ་དང་། བསྟོད་པ་དང་། སྒྲུབ་པ་ལ་མ་ལྟོས་ཤིང་ཕྲིན་ལས་བཅོལ་ཡང་མ་དགོས་མོད། འོན་ཀྱང་རང་ཉིད་ཀྱི་རྟོག་པའི་དབང་གིས། ལྷ་མཆོག་ཁྱེད་རྣམས་དང་གཉིས་མེད་དུ་མ་གྱུར་པ་དེས་ན་དད་པ་དང་གུས་པའི་ཤུགས་བསྐྱེད་དེ་ལྷ་ཁྱེད་རྣམས་ལ་གསོལ་ལོ། །མཆོད་དོ། །བརྟེན་ནོ། །སྒྲུབ་པོ། །རེ་ལྟོས་སུ་བྱེད་དོ། །ཕྲིན་ལས་སུ་བཅོལ་བའི་མདོ་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ། ལས་བཞིའི་ཕྲིན་ལས་འགྲུབ་པ་སོགས་བདག་གིས་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་མཛད་དུ་གསོལ། ཁྱད་པར་དུ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དྲིན་ཆེན་རྩ་བའི་བླ་མ་མཚུངས་མེད་རྡོ་རྗེ་འཆང་ཆེན་འཇིགས་མེད་ཡེ་ཤེས་རྡོ་རྗེ་ལྕམ་དྲལ་བཀའ་འཁོར་དང་བཅས་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཕྲིན་ལས་ནམ་མཁའ་དང་མཉམ་པར་མཛད་དུ་གསོལ། གནས་སྐབས་དང་མཐར་ཐུག་གི་ཐུགས་བཞེད་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བདག་གི་ལུས་དང་། ལོངས་སྤྱོད་དང་། འཁོར་འབངས་དང་། ཐ་ན་སེམས་ཀྱི་རྣམ་རྟོག་ཡན་ཆད་བླ་མ་དང་བསྟན་པའི་ཞབས་ཏོག་ཏུ་འགྱུར་བར་མཛད་དུ་གསོལ། དེ་ལྟར་འགྱུར་བ་ལ་བར་དུ་གཅོད་པའི་རྐྱེན་ཕྱིའི་དགྲ། ནང་གི་བདུད། གསང་བའི་ཉོན་མོངས། གདུག་རྩུབ་ལྷ་འདྲེའི་འཚེ་བ་ཐམས་ཅད་མིང་ཡང་མི་གྲགས་པར་མཛད་དུ་གསོལ། གནས་སྐབས་དང་མཐར་ཐུག་གི་རྟེན་འབྲེལ་ཐམས་ཅད་ལེགས་པའི་ཕྱོགས་སུ་འགྲིགས་ཏེ་ཕན་བདེ་ནམ་མཁའ་དང་མཉམ་པར་མཛད་དུ་གསོལ། གདུལ་བྱ་སེམས་ཅན་རྣམས་ཀྱང་དད་པ་དང་དམ་ཚིག་རྣམ་པར་དག་པ་དང་ལྡན་ཞིང་ཟབ་ལམ་གསང་ཆེན་གྱི་བསྟན་པ་ཉི་མ་ཤར་བ་ལྟར་འགྱུར་བར་མཛད་དུ་གསོལ། དང་པོ་ཐོས། ཐོས་དོན་བསམ། བསམ་དོན་སྒོམ་ཀུན་ཡང་རྩེ་གཅིག་གི་སྒྲུབ་པ་ལ་གཞོལ་ཏེ་ཉམས་ལེན་སྒྲུབ་བརྒྱུད་ཀྱི་བསྟན་པ་རྫོགས་ལྡན་ལྟར་རྒྱས་པར་མཛད་དུ་གསོལ། སྒྲུབ་པ་ཉམས་སུ་ལེན་པའི་གང་ཟག་རྣམས་ཀྱང་སྒྲུབ་འབྲས་མངོན་དུ་གྱུར་ཏེ་རང་གཞན་གྱི་དོན་གཉིས་ལྷུན་འགྲུབ་ཏུ་འབྱུང་བར་མཛད་དུ་གསོལ། སློབ་མའི་དད་པས་བླ་མའི་ཐུགས་རྒྱུད་བསྐུལ། །བླ་མའི་ཐུགས་རྗེས་སློབ་མའི་རྒྱུད་གྲོལ་ཞིང་། །དཔོན་སློབ་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས། །ཚོམ་བུ་གཅིག་ཏུ་མངོན་སངས་རྒྱས་པར་ཤོག །མི་ཡི་དམ་ལ་ལྷ་དང་དམ་ཅན་འདུ། །ལྷ་ཡི་དམ་ཚིག་སྒྲུབ་པའི་ཕྲིན་ལས་སྒྲུབ། །ལྷ་མིའི་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས། །འདུ་འབྲལ་མེད་པར་དོན་གཉིས་འགྲུབ་པར་ཤོག །སྣོད་ཀྱི་དགེ་མཚན་བཅུད་ཀྱི་གསོས་སུ་གྱུར། །བཅུད་ཀྱི་དགེ་ཚོགས་སྣོད་ཀྱི་གཡང་དུ་འཁྱིལ། །སྣོད་བཅུད་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས། །འཕྲལ་ཡུན་ཀུན་ཏུ་བཀྲ་ཤིས་དཔལ་འབར་ཤོག །ཨ་བུ་ཧྲལ་པོས་སྙིང་ཐག་པ་ནས་བྲིས་པ་དགེའོ། །