དམོད་ངན་དུག་གི་མེ་ཏོག་ཅན།

From Khyentse Lineage - A Tsadra Foundation Project
PJCW-KABUM-06-CHA-020
Wylie title dmod ngan dug gi me tog can
Location dpal sprul bka' 'bum
Volume 6, Text 20, Pages 99-112 (Folios 1a1 to 7b4)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Dmod ngan dug gi me tog can. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 6: 99-112. Kathmandu: Tsadra Foundation and Shechen Publications, 2026.
Genre Entreaties - dgongs gsol
Colophon

།མི་ངན་ཨ་བུ་ཧྲལ་པོ་ལ། །དམོད་ངན་ཐོགས་མེད་བྲིས་ཤིག་ཅེས། །ཆོས་ཁྲིམས་ཁྲོས་པའི་བཀའ་ནན་བབ། །འཁྲུག་སློང་ལྷ་ལ་ང་མི་སྐྲག །བརྐུས་སྙམ་སྤྲང་པོར་ང་མི་ཁྲོ། །དགེའོ། །དགེའོ། །དགེའོ།

mi ngan a bu hral po la/_/dmod ngan thogs med bris shig ces/_/chos khrims khros pa'i bka' nan bab/_/'khrug slong lha la nga mi skrag_/brkus snyam sprang por nga mi khro/_/dge'o/_/dge'o/_/dge'o/

[edit]
༄༅། །དམོད་ངན་དུག་གི་མེ་ཏོག་ཅན་བཞུགས་སོ། །


༄༅། །ཧོ་དགོངས་སུ་གསོལ་ལོ། །ཧོ་དགོངས་སུ་གསོལ་ལོ། །ཧོ་དགོངས་སུ་གསོལ་ལོ། །སྙན་གསན་ཞིང་དགོངས་སུ་གསོལ། ཆོས་དབྱིངས་སྤྲོས་པ་དང་བྲལ་བས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་ལ་ཞི་ཁྲོ་སྤྲིན་གྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྙན་གསན་ཞིང་དགོངས་སུ་གསོལ། རང་བཞིན་ཆོས་ཀྱི་དབྱིངས་ལ་རོལ་ཞིང་རྣམ་རོལ་གདུག་པའི་གཤེད་དུ་ཁྲོས་པ་རང་སྣང་རྒྱུད་སྡེའི་དཀྱིལ་འཁོར་གཞན་སྣང་སྒྲུབ་སྡེའི་ཁྲོ་བོ། སྤྲུལ་པ་དབྱིངས་ཀྱི་བཀའ་ཉན་བསམ་ཡས་ལྷུན་གྱིས་གྲུབ་པ་ཐམས་ཅད་སྙན་གསན་ཞིང་དགོངས་སུ་གསོལ། ཧོ་དགོངས་སུ་གསོལ། ཕ་བཀའ་བརྒྱུད་ཀྱི་བླ་མ་ཡབ་རིག་འཛིན་གྱི་ཚོམ་བུ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པ། མཁའ་འགྲོའི་གཏད་རྒྱའི་བརྒྱུད་པ། བཀའ་བབ་ལུང་བསྟན་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ། རྫོགས་ཆེན་བརྒྱུད་པ་དྲུག་ལྡན་གྱི་བླ་མའི་བྱིན་བརླབས་ཀྱི་སྤྲིན་གཏིབས་པ། དངོས་གྲུབ་ཀྱི་ཆར་འབེབས་པ། རྫུ་འཕྲུལ་གྱི་སྟོབས་མངའ་བ། ཉི་ཟླའི་སྤྱན་འཁྱིལ་བ། ལྟ་ལྟངས་ཀྱིས་སྲིད་གསུམ་འདར་བ། སྡིགས་མཛུབ་ཀྱིས་གནམ་ལྕགས་འཕེན་པ། རྗེས་འཇུག་ལ་སྲས་བཞིན་གཟིགས་པ་ཐམས་ཅད་སྙན་གསན་ཞིང་དགོངས་སུ་གསོལ། ཧོ་དགོངས་སུ་གསོལ་ལོ། །བཀའ་སྲུང་དམ་ཅན་རྒྱ་མཚོ་དྲག་ཤུལ་གྱི་ལས་ལ་དབང་བ། ཞིང་བཅུའི་གཤེད་དུ་བསྐོས་པ། ཉམས་པའི་སྲོག་ལ་དབང་བ། སྒྲུབ་པ་པོ་ལ་སྙིང་ཉེ་བ། དམ་ཚིག་ཅན་ལ་ཕྲིན་ལས་སྒྲུབ་པ། གསང་སྔགས་བཀའ་ཡི་མེལ་ཙེ་བྱེད་པ། རྣལ་འབྱོར་གྱི་ཚོགས་ཁང་འགྲིམ་པ། སྲིད་གསུམ་གྱི་སྲོག་རྩ་ལག་ན་གནས་པ་ཐམས་ཅད་སྙན་གསན་༴ ཧོ་དགོངས་སུ་གསོལ་ལོ། །ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ་ཆེན། སྤྲུལ་པ་ལས་ཀྱི་རྗེ་མོ། ས་གསུམ་འཇིག་རྟེན་གྱི་གཙོ་མོ། འདོད་པ་ཁམས་ཀྱི་བདག་མོ། སྲིད་པ་གསུམ་གྱི་མངའ་བདག །འབྱུང་བ་གཡོ་འཁྲུགས་ཀྱི་བྱེད་པོ། གཡོག་མོ་ལྔ་བཅུ་ལྔ་རྩ་བརྒྱད། ཡང་གཡོག་འབུམ་ཁྲི་འབུམ་སྟོང་བཅས་པ་སྙན་གསན་༴ ཧོ་དགོངས་སུ་གསོལ་ལོ། །སྦྱོར་བ་ཐབས་ཀྱི་གིང་ཆེན། དཔལ་ལྡན་མ་ཧཱ་ཀཱ་ལ། སྟེང་ལྷ་ཁམས་ཀྱི་དམག་དཔོན། འོག་ཀླུ་ཁམས་ཀྱི་གཉའ་ནོན། བར་ལྷ་མིན་གྱི་གཤེད་མ། ཀི་ཡིས་རི་འདར་བ། བསྭོ་ཡིས་མཚོ་དཀྲུགས་པ། ཆ་ཡིས་སྟོང་གསུམ་འགེངས་པ། སྐུ་སྟག་ཞོན་བདུད་ཀྱི་དམག་དཔོན། གསུང་བིང་དམར་སྲོག་གི་གཤེད་མ། ཐུགས་གྲི་གུག་ལས་ཀྱི་ཤན་པ། ལེགས་ལྡན་ཡོན་ཏན་གྱི་སྲིན་པོ། ཏྲཀྴད་ཕྲིན་ལས་ཀྱི་ཕོ་ཉ། སྟེང་ལྷ་ཁམས་ན་ཆེ་བའི་ལྷ་བརྒྱད། འོག་ཀླུ་ཁམས་ན་གཉན་པའི་ཀླུ་བརྒྱད། བར་སྣང་གི་གཉན་ཆེན་སྡེ་བརྒྱད། ཆེ་བའི་རྒྱལ་ཆེན་བཞི། སྲིད་པའི་འཇིགས་བྱེད་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ཕྱོགས་སྐྱོང་དྲེགས་པ་བཅུ། དཔལ་མགོན་བདུན་ཅུ་རྩ་ལྔ། ཡང་འཁོར་ལྷ་སྲིན་སྡེ་བརྒྱད་དང་བཅས་པ་སྙན་གསན་ཞིང་༴ ཧོ་དགོངས་སུ་གསོལ་ལོ། །སྒྲོལ་བ་ལས་ཀྱི་གིང་ཆེན་དམ་ཅན་རྡོ་རྗེ་ལེགས་པ་གནམ་ས་ཕྱེད་ཀྱི་བདག་པོ། གདུག་བྱེད་མགར་བ་ནག་པོ། སྒྲོལ་བྱེད་བཙན་གྱི་དམན་དཔོན། མོན་ནག་དུག་གི་སྤུ་གྲི། ཐེའུ་བྲང་སྟོང་གི་སྤྱི་རྗེ། བཙན་དམར་སྟོང་གི་སྣ་འདྲེན། མོན་པ་འབུམ་གྱི་གཙོ་བོ། སྲིད་གསུམ་སྲོག་གི་ཤན་པ། ཐོག་སེར་ལྟས་ངན་གྱི་བདག་པོ། དགྲ་གསད་པའི་མཚོན། བགེགས་བཤའ་བའི་གྲི། ཉེས་ཅན་འཇོམས་པའི་ཐོ་བ། མཆེད་འཁོར་སུམ་བརྒྱ་དྲུག་ཅུ། ཐེའུ་རང་མོན་པ་སྟོང་སྡེ་དང་བཅས་སྙན་གསན་ཞིང་༴ ཧོ་དགོངས་སུ་གསོལ་ལོ། །གསང་བ་ལས་ཀྱི་བསྟན་སྲུང་སྒྲོལ་བྱེད་ཐབས་ཀྱི་ཤན་པ། གསོད་བྱེད་དུག་གི་སོག་ལེ། གཟའ་བདུད་སྲོག་གི་སྤུ་གྲི། ཀི་ཀིང་ཐོག་སེར་གྱི་བདག་པོ། ཧུར་ཐུམ་རྒྱུག་འགྱེལ་གྱི་བྱེད་པོ། ཉི་ཟླ་ཟས་སུ་ཟ་བ། སྲིད་པ་གདན་དུ་གཏིང་བ། རོལ་མཚོ་གཏིང་ནས་དཀྲུགས་པ། འཕྲད་པ་དང་གསོད་པ་མཉམ་དུ་བྱེད་པ། དགྱེས་བྱེད་གདོང་མོ་བཞི། དྲེགས་པ་གཟའ་ཆེན་བརྒྱད་དང་བཅས་པ་སྙན་གསན་ཞིང་༴ ཧོ་དགོངས་སུ་གསོལ་ལོ། །སྦས་པ་ནང་གི་དཀོར་སྲུང་། ཞིང་སྐྱོང་དུར་ཁྲོད་ཀྱི་ལྷ་མོ། ནོར་སྲང་གང་གི་ར་མདའ་བྱེད་པ། རྩྭ་ཕྱག་གང་གི་རྗེས་སུ་སྙོགས་པ། བསྙབ་པ་ལག་རིང་གི་འདྲེ་མོ། འཛིན་མཁས་ཐབས་ཀྱི་རྐུན་མོ། གསོན་སྙིང་དམར་འབྱིན་གྱི་བདུད་མོ། སྙིང་ཁ་ནས་འབྱིན་པ། མིག་དཔྲལ་ནས་འདྲུ་བ། སྙིང་ཁྲག་ཧུབ་ཀྱིས་འདེབས་པ་མིང་སྲིང་བརྒྱད་དང་བཅས་པ་སྙན་གསན་ཞིང་༴ ཧོ་དགོངས་སུ་གསོལ་ལོ། །ཤ་ཟ་ལས་ཀྱི་བསྟན་མ། མི་སྲུན་ཚེ་རིང་མཆེད་ལྔ། བསླུ་བྱེད་འཕྲུལ་གྱི་སྨན་མོ། འཛིན་མིག་བསྒྱུར་གྱི་ཌཱཀྐི། བཀའ་ལས་འདའ་བའི་གཤེད་མ། དམ་ལས་འགལ་བའི་སྲོག་བདག །དུས་བཞི་གསང་བའི་དྲོད་འཛིན། འབྱུང་ལྔ་སྲིད་པའི་བདག་མོ། མ་སྲིང་བསྟན་མ་བཅུ་གཉིས། རྡོ་རྗེ་དྲག་རྒྱལ་འབར་བ། ཡང་འཁོར་བྱེ་བ་དུང་ཕྱུར་དང་བཅས་སྙན་གསན་ཅིང་༴ ཀྱཻ་དགོངས་ཤིག་དེ་རིང་དམ་ལྡན་གྱི་རྣལ་འབྱོར་པ་བདག་ཅག་གི་གདུང་བའི་ཚིག་གིས་བོས། ཡུས་པའི་སྨྲེ་སྔགས་བཏོན། བདེན་པའི་ཤགས་ཀྱིས་བཏབ། གཙང་མའི་གསེར་སྐྱེམས་བཤམས། བརྒྱུད་གསུམ་བླ་མ་མཁྱེན་པར་གསོལ། ཡི་དམ་གྱི་ལྷ་ལ་སྙན་གསན་ཕབ་ནས། བཀའ་སྲུང་དམ་ཅན་རྒྱ་མཚོ་ཁྱེད་རྣམས་ལ་འབོད་པ་དོན་དང་ལྡན་པ་ལགས་ཏེ། སངས་རྒྱས་ཀྱི་བསྟན་པ་འཇིག་པ་ལ་ཐུག་ལགས་སོ། །སེམས་ཅན་གྱི་བདེ་སྐྱིད་ནི་ཉམས་པ་ལ་ཐུགས་ལགས་སོ། །དམ་ལྡན་སྒྲུབ་པ་པོ་ནི་ཁས་དམན། ཁྲེལ་མེད་རྐུན་པོ་མགོ་འཕང་མཐོ། དམ་མེད་སྐྱེ་བོ་ནི་ལངས་ལ་ཤོར་ནས་དམ་པ་ལ་སྐུར་པ་འདེབས། དགེ་འདུན་གྱི་དཀོར་ལ་རྐུ། ཁ་འོ་མ་བས་དཀར། སྙིང་ཚེར་མ་བས་ནག །རིག་ས་ནས་སློང་། གབ་ས་ནས་རྐུ། ཉེས་པ་སྣ་དགུ་ཁོང་དུ་སྦས་ནས་འདུག་ཀྱང་གསང་བའི་འདུ་པ་ལ་འོང་། སྨིན་བྱེད་ཀྱི་དབང་གྲལ་ནས་སྡོད། བླ་མ་ནི་བསླུ། མཆེད་གྲོགས་ནི་བརྡོས། དགོན་སྡེ་ནི་དཀྲུགས། ཁྱེད་བཀའ་སྲུང་དམ་ཅན་རྒྱ་མཚོ་ཁྱད་དུ་བསད་ནས་དམ་ལྡན་སྒྲུབ་པ་པོ་ལ་བརྙས་བཅོས་སུ་བྱེད་པ་འདི་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་ཚར་གཅོད་པ་མ་མཛད་ན་དགེ་བྱེད་བཀའི་སྲུང་མ་མེད་པ་དང་འདྲའོ། །སྲུང་མ་དམ་ཅན་རྒྱ་མཚོ་བརྟེན་ཞིང་མཆོད་པ་དོན་མེད་དུ་འགྱུར་རོ། །ཁྱད་པར་དུ་བླ་མའི་བཀའ་ལ་མི་བརྩི། མཆེད་གྲོགས་ཀྱི་དམ་ལ་མི་གནས། དམ་ཅན་གྱི་མཐུ་ལ་མི་སྐྲག །མི་དམ་ལྡན་ལ་ལྷ་མེད་སྙམ་པ། ལྷ་ཆོས་སྐྱོང་ལ་མཐུ་མེད་སྙམ་པ། མཐུ་བུ་ལོན་བཞིན་དུ་སྙོགས་པ། གཏད་རྟ་ཕོ་བཞིན་དུ་ཉོ་བ། དུག་བདུད་རྩི་བཞིན་དུ་ཟ་བ། དཀོན་མཆོག་གི་སྤྱི་དགྲ་ལགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་གནོད་དོ། །བླ་མའི་སྐུ་དགྲ་ལགས་ཏེ་ཆོས་མཛད་ཀྱི་སྐུ་ཚེ་ལ་གནོད་དོ། །དམ་ལས་ཉམས་པ་ལགས་ཏེ་འདི་ཕྱི་ཆུ་ལ་ཕོས་སོ། །དམ་ལས་ལོག་པ་ལགས་ཏེ། ཁྲེལ་མེད་ལང་ལ་ཤོར་རོ། །དམ་ལས་འཁུ་བ་ལགས་ཏེ་དམ་ལྡན་གྱི་རྣལ་འབྱོར་ལ་གནོད་དོ། །དམ་ཚིག་གི་དགྲ་ལགས་ཏེ་ཤེས་བཞིན་དུ་ཁྱད་དུ་གསོད་དོ། །ངན་པའི་ངང་ཚུལ་ཅན་ལགས་ཏེ་ཉེས་སྤྱོད་སྣ་དགུ་བྱེད་དོ། །གསང་བའི་འདུ་བར་འོང་སྟེ་སྦེད་ཐབས་ཀྱིས་དབང་གྲལ་དུ་འཚང་ངོ་། །ཡོངས་ལ་གནོད་པ་ལགས་ཏེ་ཡུལ་སྡེ་ཕུང་བར་བྱེད་དོ། །ངན་སོང་གསུམ་གྱི་རྒྱུ་བསྒྲུབ་པ་ལགས་ཏེ་སྐྱེ་འགྱུར་གྱི་ལས་ཚངས་པའོ། །དེས་ན་འདི་ནི་བསྒྲལ་བའི་ཞིང་བཅུ་ཚངས་པ་ལགས་ཏེ། ཞིང་བཅུ་ཚང་བའི་དགྲ་འདིས་ནི་དམ་ལྡན་བདག་ཅག་རྣམས་ལ་དོ་བསྡོས་སོ། །ཕོད་བཙུག་གི་འགྲན་ཚོལ། ལྷ་བསྐལ་པའི་བར་དུ་བརྟེན་ཅིང་མཆོད་ན་དྲག་ཤུལ་གྱིས་ལས་ལ་བསྐུལ་ཞིང་རྦད་པ་ནི་ད་རིས་ཙམ་ལགས་ན་ལྷའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས། ཏིང་ངེ་འཛིན་གྱི་སྙན་གྱིས་གསོན། མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས་ལ་ཉམས་པ་ཅན་ལ་ཆད་པ་ཆོད་ཅིག །འགལ་བ་ཅན་ལ་དྲག་ཤུལ་སྟོན་ཅིག །ད་ལྟ་ཉིད་དུ་ཕྲིན་ལས་མཛོད་ཅིག །རོལ་མོ། ཧོ་དགོངས་སུ་གསོལ་ལོ། །ཁྱད་པར་དུ་ཡང་འགུགས་བྱེད་ཀྱི་ཕོ་ཉ། སྒྲོལ་བྱེད་ཀྱི་སྲིན་པོ། གསོད་བྱེད་ཀྱི་ཤན་པ། བཀའི་འཁོར་ན་གནས་པ་རྡོ་རྗེ་འཆང་གི་དམ་ལ་གནས་པ། བང་རླུང་བས་མགྱོགས་པ། རྩལ་བདུད་ལས་ཆེ་བ། སྲོག་ལ་ཟ་བའི་དབང་ཐོབ་པ། ཟས་སུ་ཉམས་པའི་ཤ་ལ་དགྱེས་པས་སྲིད་པ་གསུམ་གྱི་ཤ་ལ་ཟོས་ཀྱང་མ་ངོམས་པར་སྐན་སྒྲ་ཐག་ཐག་ཏུ་བྱེད་པ། སྐོམ་དུ་ཉམས་པའི་ཁྲག་ལ་དགྱེས་པས། ཁམས་གསུམ་ཁྲག་གི་རྒྱ་མཚོར་བསྐྱིལ་ཡང་གླལ་བ་གློག་དམར་ལྟར་འཚུབས་པ། ལས་སུ་གསོད་གཅོད་བཤན་དམར་ལ་དགྱེས་ཤིང་སྒྲོལ་བའི་ལས་ལ་དཔའ་རྩལ་དང་ལྡན་པ། གཏུམ་རྔམས་འཇིག་རྟེན་གྱི་དྲེགས་པ་གྲི་ཐབས་ཆོ་འཕྲུལ་གྱི་བདག་པོ། ཁ་རླངས་ནད་དུ་གཏིབས་པ། སྤྲུལ་པ་ལྟས་ངན་དུ་གཏོང་བ། ཆོ་འཕྲུལ་དངོས་སུ་འགྱེད་པ། མངོན་ཤེས་སྟོབས་ཀྱི་བདག་པོ། དམ་ལྡན་རྣལ་འབྱོར་གྱི་སྲུང་མ། དམ་མེད་ལས་ངན་གྱི་གཤེད་མ། བོས་ན་སྙན་གསང་བ། བསྐུལ་ན་ལས་མྱུར་བ། རྦད་ན་མཐུ་ཆེ་བ། ཚེ་ལ་ཧབ་ལེན་བྱེད་པ། སྲོག་ལ་ཧུར་ཐུམ་བྱེད་པ། དབུགས་ལ་ཧུབ་ཀྱིས་འདེབས་པ། དྲག་པོ་མངོན་སྤྱོད་ཀྱི་ལས་ལ་དབང་བ་ཁྱེད་རྣམས་ཀྱིས་དམ་ཉམས་པའི་དགྲ་བོ་ལས་ངན་པ་འདི་རྣམས་དུས་ད་ལྟ་ཉིད་དུ་སྙིང་ལྕགས་ཀྱུས་ཟུངས། རྐེ་ཞགས་པས་ཆིངས། ཡན་ལག་ལྕགས་སྒྲོགས་ཀྱིས་སྡོམ། སེམས་དྲིལ་བུས་མྱོས་པར་གྱིས་ལ་སྐྱོབ་བྱེད་ཀྱི་ལྷ་དང་ཕྲོལ། གནོད་བྱེད་ཀྱི་བདུད་དང་སྤྲོད་ལ་ད་ལྟ་ཉིད་དུ་རྡུལ་དུ་རློག་ཅིག །རོལ་མོ། ཧོ་དགོངས་སུ་གསོལ་ལོ། །ཁྱད་པར་དུ་ཡང་གཟའ་བདུད་དུག་གི་སྤུ་གྲི་དུག་ལྔ་ལས་ཀྱི་སྲིན་པོ། རྫོགས་ཆེན་བཀའི་སྲུང་མའི་མིག་སྟོང་དགྲ་ལ་གཟིགས་ཤིང་། དགྲ་དང་ཟུན་དུ་མ་ནོར། དབུ་དགུ་སྲིན་ཞལ་ཁྲོས་པ། ཁ་རླངས་ནད་དུ་གཏིབས་པ། དུག་གི་རླངས་པས་དགྲ་བོ་མྱུར་དུ་སོད་ཅིག །རྭ་ཡི་མདའ་གཞུ་འགེངས་པས་དགྲ་བོའི་སྙིང་ལ་བརྡེག་ཅིག །སྦྲུལ་ནག་ཞགས་པས་ཆིངས་ཤིག །དུག་གི་ཁ་ཕྲུ་ཐོབ་ཅིག །ཐན་གྱི་སྒོ་བརྡུངས་ཀྱིས་ཤིག །སྟེང་ནས་ཐོག་སེར་ཕོབས་ཤིག །འོག་ནས་ཀླུ་ནད་ཐོང་ཤིག །གཉན་གྱི་ཚད་དབལ་ཕོབ་ལ་འགྲོ་བཞིན་པ་ལ་གདོང་ཐུག་ན་སྡོད་པའི་ལོང་མ་གཏད། སྡོད་བཞིན་པའི་སྔོན་དུ་སླེབ་ན་གཡོ་འགུལ་བྱེད་ལོང་མ་གཏད་པར་ཁ་ཟུར་ལ་དཀྱུས། མིག་ལྟག་པར་ཐོན། སྙིང་ཁུང་བརླག་ཏུ་ཐོང་ལ་བསད་པའི་རྟགས་ཐོན་པར་གྱིས་ཤིག །ཕ་སྲིན་པོ་དང་བསྡོང་ནས་ཞེ་སྡང་མེ་གཟའ་གཡས་ནས་རྒྱོབས་ཤིག །མ་ཀླུ་མོ་དང་བསྡོང་ནས་འདོད་ཆགས་ཆུ་གཟའ་གཡོན་ནས་རྒྱོབས་ཤིག །བུ་སྒྲ་གཅན་གཏི་མུག་དང་བསྡོང་ནས་གཟའ་སྨད་ནས་རྒྱོབས་ཤིག །འཁོར་སྡེ་བརྒྱད་དང་བསྡོང་ནས་ཕྲག་དོག་རླུང་གཟའ་སྟོད་ནས་རྒྱོབས་ཤིག །ཐམས་ཅད་ཡོ་ལོག་ཏུ་ཐོང་ལ་ང་རྒྱལ་ནམ་མཁའི་གཟའ་རྒོད་སྙིང་ལ་རྒྱོབས་ཤིག །ཁ་ནས་ཁྲག་སྐྱུགས་ཏུ་ཆུག་ཅིག །སྙིང་ལ་སྨྱོ་འབོགས་ཏུ་ཆུག་ཅིག །མིག་ནང་ནས་མཆི་མ་འབབ་ཏུ་ཆུག་ཅིག །མཐར་གྱི་འཆི་བ་ནི་སེམས་ཅན་ཀུན་ལ་ཡོད་ན། ལོ་ཟླ་བ་ཞག་ཟ་མ་སྐད་ཅིག་སྔ་ཕྱི་མ་སྡོད་པར་དུས་ད་ལྟ་ཉིད་དུ་ཅལ་ཕག་རྒྱུག་འགྱེལ་དུ་ཐོངས་ཤིག །རང་བཞིན་གྱིས་འཆི་བ་ནི་སེམས་ཅན་ཀུན་ལ་ཡོད་ན་བསད་པའི་རྟགས་སྟོན་ཅིག །ཉེས་པ་དྲན་དུ་ཆུག་ཅིག །དྲན་ཞིང་སྨྲ་རུ་ཆུག་ཅིག །སྨྲ་ཞིང་སྨྱོ་རུ་ཆུག་ཅིག །སྨྱོ་ཞིང་གྲི་རུ་སོད་ཅིག །མཐུ་རྩལ་གྱི་ཆེ་བ་སྟོན་ཅིག །དྲག་པོའི་ཁྱད་ཆོས་སྟོན་ཅིག །རོལ་མོ། ཀྱེ་ཡང་ཡང་དགོངས་ཤིག་དམ་ཅན་རྒྱ་མཚོ། དྲགས་པོ་ལས་བྱེད་བྱེ་བ་འབུམ་སྡེ། རྒྱལ་བའི་བཀའ་ལ་ཉན་པ། གསང་སྔགས་ཀྱི་དམ་ལ་གནས་པ། དཀྱིལ་འཁོར་གྱི་མཐའ་ལ་གནས་པ། ལྷ་ཁྱེད་རྣམས་ནི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ལགས་ཏེ། བསྐུལ་པ་པོ་དམ་ལྡན་གྱི་རྣལ་འབྱོར་པ་ལགས་པས་རྦད་ས་ནས་ཚུར་མ་ལོག །བསྐུལ་རྒྱུའི་ལྷ་མཐུ་རྩལ་གྱི་ཕོ་ཉ་ཡིན་པས་སྒྲོལ་བའི་ལས་ལ་རྒྱུག་ཅིག །བསྐུལ་བའི་ཡུལ་དམ་ཉམས་ཀྱི་དགྲ་བོ་ཡིན་པས་གཞན་དུ་མ་འབྱམས་པར་ཉེས་པ་ཅན་མ་ནོར། ཉམས་པ་ཅན་མ་སྐྱུར། བདག་ལ་གནོད་སེམས་འཆང་བའི་དགྲ་བོ་དེ་ཕུ་ནུ་དང་ཉེ་བ་བྲན་གཡོག་ཡིན་ཡང་མ་བཞག །རྐུན་པོ་དང་ཉེས་ཅན་ཡིན་ན་དགེ་འདུན་གྱི་ཚོགས་གྲལ་ན་ཡོད་ཀྱང་མ་སྐྱུར། བདག་ཅག་ནི་སོ་སོའི་སྐྱེ་བོ་ལགས་པས་ཉེས་པ་ཅན་གར་ཡོད་ཀྱང་མི་ཤེས་ཉམས་པ་ཅན་སུ་ཡིན་ཡང་མི་ཤེས་ན། ལྷའི་མངོན་ཤེས་ཐུགས་ཀྱིས་དགོངས་ལ་དམ་ཉམས་པའི་དགྲ་བོ་གང་ན་ཡོད་ཀྱང་བརྒྱ་གྲལ་ནས་བཤའ་ལུག་བཞིན་དུ་ཟུངས། སྟོང་གྲལ་ནས་བཙོན་པ་བཞིན་དུ་ཁྲིད་ལ་དུས་ད་ལྟ་ཉིད་དུ་རྡུལ་དུ་རློགས་ཤིག །བཀའ་སྲུང་དམ་ཅན་རྒྱ་མཚོ་ཁྱེད་རྣམས་ནི་ལེགས་ཉེས་ཀྱི་སྟངས་འཛིན་བདེན་རྫུན་གྱི་ཤན་འབྱེད། ཡོ་དྲང་གི་དྲང་ཐིག་གྱིས་ལ་ཕྱིའི་དགྲ་ལ་ཡང་ཁོང་ཡང་མ་སྐྱེད། སྒྲུབ་པ་པོ་ལ་འཁུ་ལྡོག་མ་རྐྱེན། ཅུང་ཟད་ཙམ་ལ་བྱས་ཡུས་མ་ཆེ་བར་དམ་ཉམས་ཁྱིམ་ན་ཡོད་ཀྱང་སྲོག་རྩ་ཆོད་ཅིག །དམ་ལྡན་ཕྱི་རུ་སོང་ཡང་བུ་བཞིན་སྐྱོངས་ཤིག །དམ་ཉམས་པའི་དགྲ་བོ་དེ་རྣམས་གཤིན་རྗེའི་ཁྲམ་ལ་ཐོབ་ཅིག །བཙན་གྱི་ཞགས་པས་ཟུངས་ཤིག །མ་མོའི་ཁ་རླངས་ཐོབ་ཅིག །གཟའི་དུག་རླངས་རྒྱོབས་ཤིག །བདུད་ཀྱི་སྟྭ་རེས་གཏུབས་ཤིག །ཕོ་རྒྱུད་སྐྱེས་པ་ཡིན་ན་སྒོ་ང་བྲག་ལ་བརྒྱབ་པ་བཞིན་དུ་ཐོངས་ཤིག །མོ་རྒྱུད་བུད་མེད་ཡིན་ན་ལྕུག་ཕྲན་ཟོར་བས་བརྔས་པ་བཞིན་དུ་ཐོངས་ཤིག །ཆུང་གསུམ་བྱིས་པ་ཡིན་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ཐོངས་ཤིག །དམ་ཉམས་བཙུན་གཟུགས་ཡིན་ན་བྲག་ཐོག་གིས་གཏོར་བ་བཞིན་དུ་ཐོངས་ཤིག །ཤི་ཤུལ་དུ་མི་མི་འཁོར་བར་གྱིས་ཤིག །རོ་ཐོག་ཏུ་བྱ་མི་འབབ་པར་གྱིས་ཤིག །བདུན་རྒྱུད་ལ་ལྷ་མི་འཁོར་བར་གྱིས་ཤིག །ཐན་གྱི་ཚངས་ཆོས་ཤིག །ནད་ཀྱི་ཆར་ཕོབས་ཤིག །བགེགས་ཀྱི་སྒར་ཐོབས་ཤིག །མཐའ་བསྐོར་ཞིང་མིང་ནས་བོས་ཤིག །ཁྱིམ་ཉུལ་ཞིང་སྐྲ་ནས་འཐོན་ཅིག །བསྟན་དགྲ་དམ་ཉམས་ཀྱི་ཚོགས་རྣམས་དུས་ད་ལྟ་ཉིད་དུ་རྡུལ་དུ་བརླགས་ནས་སྒྲུབ་པ་པོ་ལ་སྙིང་རྗེ་ཞིང་བཀྲ་ཤིས་སྟེ་ཆོས་བཞིན་དུ་བྱེད་པའི་མཐུན་རྐྱེན་སྒྲུབ་པའི་ཕྲིན་ལས་དམ་པ་རྒྱ་ཆེན་པོ་ཡོངས་སུ་འགྲུབ་པར་མཛད་དུ་གསོལ། སྐད་གསང་མཐོ་ཞིང་ཚིག་འབྲུ་གསལ། །འཇེབས་ཆ་མི་བྱེད་རྔོམས་ཆར་འདོན། །ཧ་ཅང་མི་དལ་ཅུང་ཟད་མྱུར། །དབུགས་ཐག་མི་ཐུང་རིང་བ་དང་། །སྒྲ་ལོག་མི་ཟེར་སྔོན་ནས་བྱང་། །གཅོད་མཚམས་མ་ནོར་འགྲིག་པ་ན། །འཇིགས་ཟིལ་ཆེ་བ་ཁྱད་ཆོས་ཡིན། །གཤིས་ལ་སྙན་ཆ་ཡོད་པ་སྟེ། །སྙན་ངག་མཁས་པའི་སྡོང་པོ་ཡིན། །དོན་ལ་འཇིགས་ཟིལ་ཡོད་པ་སྟེ། །དམོད་ངན་དུག་གི་མེ་ཏོག་ཡིན། །ཐོས་མཐོང་སྐྲག་ཟིལ་ཡོད་པ་སྟེ། །ཚིག་ངན་སྦྲུལ་གྱི་འཁྲི་ཤིང་ཡིན། །སྨན་པ་དུག་གི་མེ་ཏོག་ཅན། །ཤྲཱི་སྨྱོན་པའི་མྱོས་གཏམ་ཡིན། །ཁ་ངན་ང་འདྲ་མ་གཏོགས་པར། །བསམ་ངན་གཞན་གྱི་འདི་མི་ཤེས། །མི་ངན་ཨ་བུ་ཧྲལ་པོ་ལ། །དམོད་ངན་ཐོགས་མེད་བྲིས་ཤིག་ཅེས། །ཆོས་ཁྲིམས་ཁྲོས་པའི་བཀའ་ནན་བབ། །འཁྲུག་སློང་ལྷ་ལ་ང་མི་སྐྲག །བརྐུས་སྙམ་སྤྲང་པོར་ང་མི་ཁྲོ། །དགེའོ། །དགེའོ། །དགེའོ། །