གྲོང་ཉུལ་མཁན་གཅོད་པ་འགའ་ཞིག་ལ་ཟབ་གནད་ཀྱི་དམིགས་སྐོར་རྒྱུན་ཁྱེར།

From Khyentse Lineage - A Tsadra Foundation Project
PJCW-KABUM-06-CHA-015
Wylie title grong nyul mkhan gcod pa 'ga' zhig la zab gnad kyi dmigs skor rgyun khyer
Location dpal sprul bka' 'bum
Volume 6, Text 15, Pages 79-81 (Folios 1a1 to 2a1)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Grong nyul mkhan gcod pa 'ga' zhig la zab gnad kyi dmigs skor rgyun khyer. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 6: 79-81. Kathmandu: Tsadra Foundation and Shechen Publications, 2026.
Genre Daily Practice - rgyun khyer  ·  Severance Texts - gcod gzhung
Colophon

ཅེས་གཅོད་རྒན་འགས་བསྐུར་ངོར། དམིགས་པ་ཟབ་ལ་གོ་བདེ་བ་ཞིག་འཕྲལ་དུ་འཁྲུལ་འཛིན་ཞིག་པའི་རྟོགས་ལྡན་ནས་བྲིས་སོ། །དགེ་ལེགས་འཕེལ།

ces gcod rgan 'gas bskur ngor/_dmigs pa zab la go bde ba zhig 'phral du 'khrul 'dzin zhig pa'i rtogs ldan nas bris so/_/dge legs 'phel/

[edit]
༄༅། །གྲོང་ཉུལ་མཁན་གཅོད་པ་འགའ་ཞིག་ལ་ཟབ་གནད་ཀྱི་དམིགས་སྐོར་རྒྱུན་ཁྱེར་བཞུགས། གཅོད་པ་རྣམས་ཀྱིས་ལུས་སྦྱིན་བཏང་བའི་དང་པོ་ལ། རྐང་གླིང་ལན་གསུམ་གྱི་སྐད། གྲོང་ཐལ་ལ་འགོམ་ཟེར་བ་འབུད། ཌཱ་རུས་འགོམ་ན་འགོམ་གྱིས་ཌཱ་རྒྱག་སྐྲོལ། ཕོཊ། ཕོཊ། ཕོཊ། ལན་གསུམ། ཟ་ཕོཊ། འཐུང་ཕོཊ། ལེན་ཕོཊ། དབང་སྡུད་ནི། གྲོང་སྟོད་རྒན་པོ་དབང་དུ་སྡུས། །གྲོང་སྨད་རྒན་མོ་དབང་དུ་སྡུས། །བུ་ཚ་བུ་མོ་དབང་དུ་སྡུས། །ཇ་དང་རྩམ་པ་ཆར་ལྟར་ཕོབ། །ཕོཊ་གསུམ། ཟིལ་གནོན་ནི། རང་ཡུལ་བསྐྱུར་བའི་རྟོགས་ལྡན་ངས། །དབྱར་རྒུན་མེད་པར་གཞན་སྒོ་འགྲིམ། །ཟླ་མཚམས་གཅིག་ཀྱང་འདུག་མ་ཚུག །ངོ་ཚ་མེད་པར་ཟིལ་གྱིས་ནོན། །ཕོཊ། ཕོཊ། ཕོཊ། གསུམ། སྐྱབས་འགྲོ་ནི། དཀོན་མཆོག་རིན་ཆེན་རྣམ་གསུམ་ནི། །ཡེ་ནས་དྲན་ནི་མི་ཤེས་པའི། །གྲོང་ཆེན་ཕྱུགས་པོ་ཐམས་ཅད་ལ། །མ་ཤི་བར་དུ་སྐྱབས་སུ་མཆི། །ཕོཊ། ཕོཊ། ཕོཊ། གསུམ། སེམས་བསྐྱེད་ནི། གཞན་དག་རྣམས་ནས་ཅི་རེ་བ། །བདག་ལ་ལྟོ་གོས་འཛོམ་པ་དང་། །ཅི་འདོད་ཅི་མཁོ་བྱིན་ན་ཡང་། །ད་རུང་ལོན་པར་སེམས་བསྐྱེད་དོ། །རྣལ་འབྱོར་ནི། ཤ་ཆང་རྙེད་པས་ལྟོ་འགྲོང་སྟེ། །འདིར་ཚོགས་ཕོ་མོ་མཛེས་པ་ཡི། །ལུས་ཀྱི་བ་སྤུ་གཡོ་ནུས་པའི། །འདོད་ཆགས་རྒྱས་པར་བྱིན་གྱིས་རློབས། །ཕོཊ། ཕོཊ། ཕོཊ། གསུམ། ལུས་སྦྱིན་དངོས་ནི། མིག་བསྒྲད་ལྟ་སྟངས་ཧྲིག་གེ་ཧྲིག །སེམས་འཁྲུག་ཅི་དྲན་འདི་དྲན་མེད། །འདྲེ་འདྲ་ཡོད་སྲིད་མེད་སྲིད་ཀྱང་། །ཅི་མཁོ་རྙེད་པའི་ཁ་མགོན་གྱིས། །ཕོཊ། ཕོཊ། ཕོཊ། གསུམ། དབྱར་དུས་འོ་ཞོ་མར་ཆུར་གྱི། །སྣོད་ཁུག་ཅི་ཡོད་གང་བྱེད་པ། །ཞིམ་ཞིམ་མངར་མངར་ཟ་བ་ལ། །ནད་མེད་ཕོ་བས་ཆུན་པར་ཤོག །ཕོཊ། བདག་གི་ལུས་འདིས་ཚེར་མ་ཙམ། །བཟོད་ནུས་མེད་ཀྱང་སེམས་ཅན་གྱི། །ཤ་ཁྲག་ཟ་བའི་ཁ་ཕོ་ནི། །ང་ལས་ཆེ་བ་སུ་ཡང་མེད། །ཕོཊ། ཕོཊ། ཕོཊ། གསུམ། ཤ་ཟོས་ཞིམ་ཞིམ་ཅག་སྒྲ་སྒྲག །རྒྱུ་མ་ནུས་པས་ངོམས་སེ་ངོམ། །ཁྲག་ནི་མི་འཐུང་བཅད་རྒྱ་ཡིན། །གྱོན་པའི་ལྤགས་པ་དྲོ་བར་ཤོག །བསྔོ་བ། དེ་རིང་ཤི་བོའི་དགེ་རྩ་ལ། །སྦྱིན་བདག་ཁྱེད་ཅག་སྐུའི་རིམ་གྲོ། །འདོན་བྱ་ང་བས་འཇིག་པ་མེད། །འབུལ་བ་ལོངས་སྤྱོད་ང་ལ་བསྔོ། །ཕོཊ། བཀྲ་ཤིས་ནི། ཕོཊ། རེ་ཞིག་ཁྱེད་རྣམས་ཁྱིམ་དུ་སོང་། །རྟོགས་ལྡན་ང་ནི་འཁྱམས་དུ་འགྲོ། །དགོས་པ་བྱུང་ན་ང་རྒྱུགས་འོང་། །རེ་དོགས་བྱེད་པའི་བཀྲ་ཤིས་ཤོག །ཅེས་གཅོད་རྒན་འགས་བསྐུར་ངོར། དམིགས་པ་ཟབ་ལ་གོ་བདེ་བ་ཞིག་འཕྲལ་དུ་འཁྲུལ་འཛིན་ཞིག་པའི་རྟོགས་ལྡན་ནས་བྲིས་སོ། །དགེ་ལེགས་འཕེལ།