གསུར་མཆོད་ཉེར་མཁོ་སྤྱི་དང་དམིགས་བསལ་བ་ལེ་ཚན་གྱི་སྐོར།

From Khyentse Lineage - A Tsadra Foundation Project
PJCW-KABUM-06-CHA-014
Wylie title gsur mchod nyer mkho spyi dang dmigs bsal ba le tshan gyi skor
Location dpal sprul bka' 'bum
Volume 6, Text 14, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Burnt Offerings - gsur mchod
Colophon

།དཔལ་སྤྲུལ་པས་སོ། །དགེའོ།

/dpal sprul pas so/_/dge'o/

[edit]
༄༅། །གསུར་མཆོད་ཉེར་མཁོ་སྤྱི་དང་དམིགས་བསལ་བ་ལེ་ཚན་གྱི་སྐོར་བཞུགས་སོ། །


གསུར་མཆོད་བདུད་རྩིའི་ཆར་འབེབས་ཞེས་བྱ་བ་བཞུགས། ཨོཾ་ཨཱཿཧཱུྃ། བསྲེག་བྱེད་མེའི་དཀྱིལ་འཁོར་རྣམ་པར་དག་པའི་འོད་སྣང་དང་འདྲེས་པའི་དུ་བ་ཡེ་ཤེས་ཀྱི་བདུད་རྩིའི་སྤྲིན་ཆེན་པོ། རྒྱལ་བ་དགྱེས་པའི་མཆོད་སྤྲིན། འགྲོ་དྲུག་ཚིམ་པའི་ལོངས་སྤྱོད། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་དང་ནམ་མཁའ་མཛོད་ཀྱི་ཡོ་བྱད་ལས་བྱུང་བ། རྒྱལ་བ་སྲས་དང་བཅས་པའི་བདེན་པའི་ཚིག་དང་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་བརླབས་ཤིང་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་རང་བཞིན་དུ་གྱུར་ཅིག །ན་མཿ་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ཀྱིས་བྱིན་གྱིས་བརླབ། ན་མོ། རྒྱལ་བ་རྣམས་ཀྱི་ཐུགས་རྗེ་བསླུ་བ་མེད། །བསོད་ནམས་ཞིང་དུ་རྫུ་འཕྲུལ་སྟོབས་ཀྱིས་བྱོན། །སེམས་དཔའ་མཆོག་རྣམས་གཞན་དོན་རྟག་ཏུ་དགོངས། །ཡིད་ཀྱི་ཤུགས་ལྟར་འདིར་ནི་གཤེགས་མཛད་ནས། །སྲས་བཅས་རྒྱལ་བ་རྣམས་ཀྱི་བདེན་སྟོབས་ཀྱིས། །ལན་ཆགས་སྙིང་རྗེའི་མགྲོན་རྣམས་མཆིས་གྱུར་ཅིག །བཛྲ་ས་མ་ཡ་ཛཿ ཨོཾ་ཨཱཿཧཱུྃ། སངས་རྒྱས་སྐུ་གསུམ་གྱི་ལྷ་ཚོགས་སྙིང་རྗེ་ཆེན་པོའི་རྒྱུ་ལས་འཁྲུངས་པ། སྨོན་ལམ་རྣམ་པར་དག་པ་ལ་མངའ་མཛད་པ། ཉིན་མཚན་དུས་དྲུག་ཏུ་ཐུགས་རྗེས་སེམས་ཅན་ལ་གཟིགས་ཤིང་རྟག་ཏུ་ཕན་པ་འབའ་ཞིག་དགོངས་པ། ཞི་ཁྲོ་ཕྲ་མེན་ལ་སོགས་སྐུའི་རྣམ་འཕྲུལ། ཟབ་དང་རྒྱ་ཆེ་བ་གསུང་གི་རྣམ་འཕྲུལ། མངོན་ཤེས་བསམ་གྱིས་མི་ཁྱབ་པ་ཐུགས་ཀྱི་རྣམ་འཕྲུལ་ལ་རོལ་པ་ཁྱེད་རྣམས་ལ་ཐོགས་མེད་ཀྱི་གཟིགས་པ་མངའ། ཐབས་མཁས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་ལགས་པས། གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩིར་དགྱེས་ཤིང་བཞེས་ནས་ཚོགས་གཉིས་ཀྱི་སྟོབས་ཀྱིས་བྱིན་གྱིས་བརླབས་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྒྱལ་བ་རྣམས་ཀྱི་གདུང་འཚོབ་པ། སེམས་ཅན་རྣམས་ཀྱི་མགོན་མཛད་པ། གྲངས་མེད་ཀྱི་ཞིང་དུ་སྤྲུལ་པས་རོལ་པ། མངོན་ཤེས་དང་ཡེ་ཤེས་ཚད་མེད་པ་ལ་དབང་བ་རྣམས་ཀྱང་། གསུར་མཆོད་བདུད་རྩིའི་རང་བཞིན་འདི་ཉིད་ཀྱི་མཐུས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཞེས་ལ། འཇམ་དཔལ་དབྱངས་ཀྱི་མཁྱེན་པ། ཕྱག་ན་རྡོ་རྗེའི་ནུས་སྟོབས། སྤྱན་རས་གཟིགས་ཀྱི་སྙིང་རྗེ། ཀུན་ཏུ་བཟང་པོའི་སྤྱོད་པ། ནམ་མཁའ་མཛོད་ཀྱི་ལོངས་སྤྱོད། བྱམས་པ་མགོན་པོའི་རྣམ་ཐར། རྒྱལ་སྲས་རྣམས་ཀྱི་ཐུགས་བསྐྱེད་ངོ་མཚར་བླ་ན་མེད་པ་སྲིད་ཞིའི་ཁམས་ན་མཚུངས་པ་མེད་པའི་བདེན་པ་དང་། བདེན་པའི་ཚིག་དེས་བདག་གི་མཆོད་སྦྱིན་བཟང་ཞིང་འབྱོར་པ་ཁྱབ་ཆེ་བས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཚིམ་པར་བྱེད་ནུས་པར་བྱིན་གྱིས་རླབ་ཏུ་གསོལ། ཨོཾ་ཨཱཿཧཱུྃ། ཉན་ཐོས་དང་རང་རྒྱལ། དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བྱས་པ། ཁུར་བོར་བ། གསོག་འཇོག་སྤངས་པ། སྲིད་པ་ལས་འདས་པའི་ཡེ་ཤེས་བརྙེས་པ་རྣམས་ཀྱང་བདག་གིས་བསམ་པ་རྣམ་པར་དག་པས་སྦྱང་བའི་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདིས་བསོད་སྙོམས་ཀྱི་བྱ་བ་མཛད་ནས། བདག་གི་ཡོན་བསྔོ་བ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ། གསང་སྔགས་དང་རིགས་སྔགས་གཟུངས་སྔགས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་གཙོ་བོ་དང་གཙོ་མོ། འཁོར་དང་སྤྲུལ་བ་བཀའ་ཉན་དང་། མགྲོན་ཐབས་ཀྱི་ལྷ་ཚོགས་གྲངས་མེད་པ་རྣམས་དང་། དེ་དག་གིས་རྗེས་སུ་བཟུང་བའི་རིག་པ་འཛིན་པར་འདོད་པ་དང་། གཟུགས་དང་གཟུགས་ལས་འདས་པའི་ཡེ་ཤེས་སྒྱུ་མའི་སྐུ་ཅན་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱང་རྫུ་འཕྲུལ་དང་སྙིང་རྗེའི་སྟོབས་ཀྱིས་གསུར་མཆོད་བདུད་རྩིའི་རང་བཞིན་འདི་ཚོགས་ཀྱི་འཁོར་ལོར་བཞེས་ལ་བདག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་ནས་སྔགས་དང་ཏིང་ངེ་འཛིན་གྱི་མཐུ་ཐོགས་པ་མེད་པ་བསྐྱེད་དུ་གསོལ། ཨོཾ་ཨཱཿཧཱུྃ། སྲིད་པ་འདི་ན་ཆེ་ཞིང་བཙན་པའི་ལྷ་དང་ཀླུ་དང་ས་བདག་དང་སྲིན་པོ་ལ་སོགས་རང་རང་གི་སྡེ་ཚན་ལས་ཁྱད་པར་དུ་འཕགས་པའི་སྟོབས་དང་། ལུས་དང་ལོངས་སྤྱོད་ལ་དབང་པ། གཙོ་བོ་གཙོ་བོར་སྨོས་ཤིང་གཙོ་བོར་བཀུར་བ་ཇི་སྙེད་པ་རྣམས་དང་། དེ་དག་གི་སྡེ་དང་འཁོར་དུ་གཏོགས་པའི་འབྱུང་པོ་ཆེ་ཕྲ་ཐམས་ཅད་ལ་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདི་རང་རང་གང་ལ་གང་དགོས་ཅི་ལ་ཅི་འདོད་ཀྱི་ཡོ་བྱད་དུ་རྒྱལ་བ་སྲས་དང་བཅས་པའི་བདེན་ཚིག་གིས་བྱིན་གྱིས་བརླབས་ནས་འབུལ་གྱི་དེ་དེ་བཞིན་དུ་བཞེས་ལ་རྒྱལ་བ་ཐུགས་རྗེའི་བདག་ཉིད་དེས་བྱང་ཆུབ་ཀྱི་སེམས། འདོད་དགུའི་བང་མཛོད། འགྲོ་བ་ལྷ་དང་བཅས་པའི་བགོ་སྐལ་དུ་བཞག་པ་འདི་ལ་ཐུགས་མཉེས་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ། འགྲོ་བ་རིགས་དྲུག་གི་སེམས་ཅན་བདག་ཏུ་འཛིན་པའི་རང་བཞིན་ལ་ཞེན་ཞིང་། བདག་གིར་འཛིན་པ་ལ་གདུང་བ་སྐྱེ་བ། ཡང་དང་ཡང་དུ་སྲིད་པར་སྐྱེ་བའི་ཆོས་ཅན། བདག་ལ་ཆགས། གཞན་ལ་སྡང་། གཉིས་སུ་རྨོང་པའི་རང་བཞིན་སྣང་བ་རགས་པ་ལ་ཞེན་ཅིང་། གདོས་བཅས་ཀྱི་ལུས་ཀྱིས་བཅིངས་པ་རྣམས་སྐད་ཅིག་གིས་འདུ་མི་ནུས་ཤིང་ཕྲ་མོའི་ཟས་ཀྱི་ཚིམ་པར་མི་འགྱུར་ནའང་། བདག་གི་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་མདུན་ན་གནས་པ་བཞིན་དུ་བསམ་ནས། གསུར་མཆོད་བདུད་རྩིའི་མཆོད་སྦྱིན་འདིས་མགྲོན་དུ་བགྱིད་ན་བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཤིང་། མ་སེམས་ཅན་ཐམས་ཅད་རང་རང་སོ་སོའི་ལས་སྣང་སྡུག་བསྔལ་དང་བྲལ་ནས་དགའ་བ་ཆེན་པོའི་ཡུལ་དུ་གྱུར་ཅིག །ཨོཾ་ཨཱཿཧཱུྃ། གཞན་ཡང་སྦྱིན་པ་བླ་ན་མེད་པའི་ཡུལ་དུ་གྱུར་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་། སྙིང་རྗེའི་ཡུལ། བཟོད་པའི་རྟེན། བརྩོན་འགྲུས་ཀྱི་གྲོགས། འཇིག་རྟེན་མི་ཡུལ་གྱི་བཀྲེན་པ། སློང་མོ་ལ་རྒྱུ་བ། སྒོ་ནས་སྒོ་ཉུལ་ཞིང་། རྟག་ཏུ་གཞན་ལ་རེ་བ། སློང་མོས་འཚོ་ཞིང་སློང་མོ་ལ་བརྟེན་པ། དམན་པའི་ལུས་ཅན་དེ་དག་ཀུན་ཡང་མཆོད་སྦྱིན་གྱི་ཡུལ་དུ་བྱས་ནས་སྙིང་རྗེའི་བློས་བཟུང་བ་ལགས་ན་གསུར་མཆོད་བདུད་རྩིའི་རང་བཞིན་འདིས་དེ་དག་ལ་ཁྱབ་སྟེ། བཀྲེས་པ་ལ་ཟས། འཁྱགས་པ་ལ་གོས། རང་རང་གི་འདོད་པའི་ལོངས་སྤྱོད་ལྟར་འགྱུར་བར་རྒྱལ་བ་སྲས་བཅས་ཀྱི་བྱིན་གྱིས་བརླབས་ནས། བདག་ལ་སེར་སྣས་ཟས་ནོར་མི་སྟེར་བའི་རྩ་ལྟུང་མི་འབྱུང་བར་གྱུར་ཅིག །ཨོཾ་ཨཱཿཧཱུྃ། གཞན་ཡང་གསོན་དང་གཤིན་གྱི་ཡུལ་ན། གྲལ་གྱི་མཐའ་ལ་འདུག་པ། ཟས་ཀྱི་ལྷག་མ་ལ་དབང་བ། སྐོམ་གྱི་སྙིགས་ལ་བཏུང་བ། སྔོན་གྱི་སྦྱིན་འབྲས་ཉུང་བ། ད་ལྟ་གཏོང་ཕོད་ཆུང་བ། ལུས་ཀྱི་མདངས་ཞན་པ། གོས་ཀྱི་བརྗིད་ཉམས་པ། དབུལ་ཞིང་ཕོངས་པའི་སེམས་ཅན་ཐམས་ཅད་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདིས་ངོམས་ཤིང་ཚིམ་ནས་བཀྲེས་སྐོམ་ཉམ་ཆུང་གི་སྡུག་བསྔལ་རང་སར་ཞི་སྟེ་རང་སྡེ་ཁས་དྲག་དང་སྐལ་བ་མཉམ་ནས་དམ་པའི་ཆོས་ལ་སྤྱོད་པར་གྱུར་ཅིག །ཨོཾ་ཨཱཿཧཱུྃ། གཞན་ཡང་སྙིགས་དུས་ཀྱི་རྒུད་པས་གདུང་བའི་བཙུན་གཟུགས་ཁྲིམས་ཀྱང་འཇིགས་སྐྱོབས་དང་ལེགས་སྨོན་ལ་བརྟེན་པ། རྟགས་ཀྱང་དམར་སེར་ཧྲུལ་ཐག་ཆད་པ། ཟས་ཀྱང་དགེ་འདུན་གྱི་དཀོར་ལ་རེ་བ། མདོག་ཀྱང་སྔོ་ནག་དང་སྐྱ་སེར་དུ་འདུག་པ། རང་ཟས་ཀྱིས་ཚིམ་དཀའ་བ། གཞན་ཟས་ལ་རེ་ཆེ་བ། ལྷ་ཟས་ཀྱི་གཏོར་མ་ལེན་པ། མི་ཟས་ཀྱི་སློང་མོ་བྱེད་པ། གྲལ་ཟས་ཀྱི་སྐལ་བ་དབང་པ། དད་ཟས་ཀྱི་འབུལ་བ་ལེན་པ། སྤྲང་ཟས་ཀྱི་ལྷག་རོལ་སྡུད་པ། ཟས་ཟ་སར་ལག་པ་འཛེད་པ། སྐོམ་སྐོལ་སར་ཕོར་བུ་འདེགས་པ། ཤ་མཐོང་ན་མཆིལ་མ་མིད་པ། ཟས་སྣ་དགུ་ཡོད་ཀྱང་སྐྱོབས་པར་དཀའ་བ། ཤ་མུག་ཤ་ཡིན་ཡང་རིན་གྱིས་ཉོ་བ། ཤ་དང་མར་གཉིས་མཉམ་བཀྱགས་བྱེད་པ། སྐུ་གསུང་ཐུགས་རྟེན་མ་ཁྲེབ་དང་བརྗེ་བ། གོད་རོ་ལ་བྱ་རྒོད་ལྟར་འདུ་བ། གོད་ཤ་ལ་གསེར་དངུལ་ལྟར་ཉོ་བ། དབྱར་ཇ་སློང་བ། སྟོན་མར་སློང་བ། དགུན་ནས་སློང་བ། མ་བོས་ཀྱང་འོང་བ། མི་དགོས་ཀྱང་སྙོགས་པ། མ་བྱིན་ན་ཁྲོ་བ། མ་བལྟས་ན་རྐུ་བ། གཅིག་བྱིན་ན་གཉིས་སློང་བ། ཡང་བྱིན་ན་ཡང་སློང་བ། རྒྱུན་དུ་བདག་ཅག་ལ་རེ་བ་དེ་ལྟ་བུ་སྔར་ཤི་བ། ད་ལྟ་ཡོད་པ། ཕྱིས་འབྱུང་བ་ཐམས་ཅད་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདིས་ངོམ་ཤིང་ཚིམ་ནས་ལྟོག་སྣང་བཀྲེས་སྣང་ཐམས་ཅད་དང་བྲལ་ཏེ། རང་ཟས་ཁབ་རྩེ་ཙམ་གྱིས་ཚིམ་སླ། གཞན་ཟས་རི་བོ་ཙམ་ལའང་གདུང་བ་མི་སྐྱེད་པར། བཞིན་སྣུམ་གྱི་ལེ། ལྟོ་སྒྲོགས་པ་ཆིལ་ལེ། བག་དྲོ་ཕལ་ལེ། དུས་རྟག་ཏུ་ཆོས་སྤྱོད་དང་སྒྲིབ་སྦྱོང་ལ་བརྩོན་ནས། དད་པ་དང་འདུན་པའི་ཡུལ་དུ་གྱུར་ཅིག །ཨོཾ་ཨཱཿཧཱུྃ། གཞན་ཡང་ཟས་སློང་མོ་ལ་བརྟེན་པ། གོས་ཕྱག་དར་ལ་རེ་བ། གཞན་གྱི་སྒོ་ཉུལ་བ། བཞིན་ཐལ་མདོག་ལྟར་འདུག་པ། སྐད་རྙོལ་རྙོལ་ལྟར་འབོད་པ། ལག་པ་དང་ཕོར་བ་བཟེད་པ། དབྱུག་པ་དང་ཁུག་སྟོང་ཐོག་པ། ངོ་ཤེས་ཀྱི་མིང་ནས་འབོད་པ། ངོ་མི་ཤེས་པ་ལ་ངོ་བསྟོད་བྱེད་པ། དབྱར་གསུམ་སྐྱུར་ལ་རེ་བས་སྣོད་ངོ་དང་བཀྲུ་བཤལ་སློང་བ། སྟོན་གསུམ་འབྲུ་ལ་རེ་བས་ཕྱར་སྙིགས་དང་ལྟེ་ཕྱག་སློང་བ། དཔྱིད་གསུམ་མར་ལ་རེ་བས་བཙག་སྙིགས་དང་སྐོག་རོག་རྩོད་པ། དགུན་གསུམ་ཤ་ལ་རེ་བས་རུས་བཏོགས་དང་ཁུ་སྙིགས་སློང་བ། ཡང་ནས་ཡང་དུ་སློང་བ། ད་ནངས་བྱིན་ན་དོ་དགོང་འོང་བ། དེ་རིང་བྱིན་ན་སང་ཉིན་འོང་བ། མི་འོང་ཁ་ལ་བཏགས་པ། འོང་རྒྱུ་རྒྱུན་ཆད་མེད་པ། མནའ་ཟན་ལྟར་ཟ་བ། ལྐུག་ཆོས་ལྟར་འདོན་པ། བརྡུང་ཡང་ལན་མེད་པ། ངག་འཇམ་འཇམ་ལྟར་སྨྲ་བ། གཏིང་ན་གདུག་རྩུབ་པ། བྱིན་ན་ཚིམ་དུས་མེད་པ། མ་བྱིན་ན་ཞེ་སྡང་ལང་བ། རྟག་ཏུ་གཞན་ལ་རེ་བའི་སྤྲང་པོ། སྤྲང་མོ། ཞ་བོ། ལོང་བ། འོན་པ། ལྐུགས་པ་ཐམས་ཅད་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདིས་ངོམས་ཤིང་ཚིམ་ནས་བཀྲེས་པ་ཞི། སྐོམ་པ་སེལ། ལོང་བས་མཐོང་། འོན་པས་ཐོས། ཞ་བོ་འགྲོ། ལྐུགས་པས་གཏམ། བདེ་སྐྱིད་ཕུན་སུམ་ཚོགས་ཤིང་རྟག་ཏུ་ཆོས་ལ་སྤྱོད་པར་གྱུར་ཅིག །ཨོཾ་ཨཱཿཧཱུྃ། དེ་ལྟར་གསོན་གྱི་དུས་སུ་རང་ཟས་མེད་པས་སྤྲང་ཟས་དང་དཀོར་ཟས་ཀྱི་ལུས་པོ་མ་སྐྱོབ་པར་ཟ་སྙམ། ལོན་སྙམ། རྙེད་སྙམ་གྱི་ངང་ལ། ལྟོག་གྲི་དང་འཁྱགས་གྲིར་ཤི་བ། ཆོས་ཀྱི་སྒྲ་ཙམ་མ་ཐོས་པའམ། ཐོས་ཀྱང་བླ་མ་དང་དགེ་འདུན་ལ་མཉམ་འགྲོགས་ཀྱི་དབང་གིས་དད་པ་སྤུ་ཙམ་མེད་པས། ཆོས་ཀྱི་ཕན་མ་ཐོགས་པར་སྲིད་པ་བར་མ་དོའམ། ཡི་དྭགས་སྡེ་ཚན་གཉིས་གང་རུང་དུ་སྐྱེས་པ། འཁྲུལ་སྣང་དུ་མ་ལ་སྤྱོད་པ། ཉིན་མཚན་གོ་ལོག་ཏུ་ཤར་བ། འཁྱགས་ལྟོག་སྐོམ་གསུམ་གྱིས་གདུང་བ། བཀྲེས་སྣང་དང་ཟས་སྣང་རྒྱུན་ཆད་མེད་པ། རྟག་ཏུ་སྒོ་དང་ཁྱིམ་ཉུལ་ཞིང་། ཟས་སྐོམ་དང་འབྱོར་བ་མཐོང་ཡང་ལོངས་སྤྱོད་རྒྱུ་མེད་པ། འཇིགས་སྐྲག་དང་ཞེ་སྡང་གིས་མནར་བ། ཤི་མིག་གསོན་ལ་བལྟ་བ། ཤི་ལག་གསོན་ལ་གཟེད་པ། ཤི་སེམས་གསོན་ལ་ཆགས་པ། དུང་སྐད་ལ་རྒྱུག་པ། བགོས་གྲལ་དུ་འཚོགས་པ། བཟའ་བཏུང་ལ་རེ་བ། བགོས་བྱེད་པར་སོང་ཡང་སྐལ་བ་མེད་པ། ལག་པ་བཟེད་ཀྱང་གཞན་གྱིས་མི་མཐོང་། མ་མཐོང་ཙ་ན་ཞེ་སྡང་ལང་བ། ཡུལ་མུན་རུབ་ལྟར་སྣང་བ། ལུས་གྲིབ་མ་ལྟར་འདུག་པ། ཁ་ཆར་དང་བུ་ཡུག་གིས་གདུང་བ། སྔོ་ལ་གནག་པ། སྐྱ་ལ་སྐེམ་པ། སེར་ལ་བཙའ་བ། བཞིན་མི་སྡུག་པ། སྐད་ངན་པ། ཟས་ལ་རེ་བ། སྐོམ་ལ་གདུང་བ། ཇ་ལོ་ངན་སྙིགས་ལ་འདུ་བ། སྣབ་དང་ཁ་ལུད་ལེན་པ། གསུར་དང་གཏོར་མ་ལ་གདུང་བ་ཐམས་ཅད་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་མཁོ་དགུ་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པ་འདིས་ངོམས་ཤིང་ཚིམ་ནས་ཟས་སྐོམ་གྱི་ཞེན་པ་དང་བྲལ། རེ་ཞིང་ཆགས་པ་མེད་པར་ལྷ་དང་བླ་མ་རྗེས་སུ་དྲན་ནས། དད་པ་དང་གསོལ་འདེབས་ཡང་དག་པ་ལ་བརྟེན་ཏེ་མྱུར་དུ་དག་པའི་ཞིང་ཁམས་སུ་བགྲོད་ནུས་པར་གྱུར་ཅིག །དེ་ལྟར་མ་གྱུར་གྱི་བར་དུའང་ཁྱེད་གཤིན་གྲལ་ན་མང་བ་ཡིན། ངེད་གསོན་གྲལ་ན་དཀོན་པ་ཡིན་པས། གཤིན་གསོན་ལ་མ་གདུང་། གསོན་ལ་རེ་མ་ཆེ། ཤུལ་དུ་ཆགས་ཞེན་མ་བྱེད། ཟས་སྣུམ་སྣུམ་གྱི་བཅུད་ལ་མ་རྐུ། ཟོག་མེར་མེར་གྱི་གཡང་ལ་མ་རློམས། མི་ཕ་སྤུན་གྱི་གྲལ་དུ་མ་སྙེགས། གསུར་མཆོད་བདུད་རྩིའི་རང་བཞིན་འདིས་ཚིམ་པར་མཛད་དུ་གསོལ། ཚིམ་ནས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བར་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ༈ གསུར་མཆོད་བདུད་རྩིའི་ཆར་འབེབས་ལས་སྙིང་རྗེའི་མགྲོན་དམིགས་བསལ་ལ་བསྔོ་བའི་ཁོལ་བཏོན་ལེ་ཚན། གསུར་མཆོད་ནི། ཨོཾ་ཨཱཿཧཱུྃ། གཞན་ཡང་སྙིགས་དུས་ཀྱི་རྒུད་པས་གདུང་བའི་བཙུན་གཟུགས་ཁྲིམས་ཀྱང་ལེགས་སྨོན་དང་འཇིགས་སྐྱོབས་ལ་བརྟེན་ནས། རྟགས་ཀྱང་དམར་སེར་ཅན། ཟས་ཀྱང་རྟག་ཏུ་དཀོར་ལ་རེ་བ། རང་ཟས་ཀྱིས་ཚིམ་དཀའ་བ། གཞན་ཟས་ལ་རེ་བ། གྲལ་ཟས་ཀྱི་ཕོག་ལ་དབང་བ། དད་ཟས་ཀྱི་འབུལ་བ་ལེན་པ། དབྱར་མར་དང་། སྟོན་ནས་སློང་བ། མ་བོས་ནས་འོང་བ། མི་དགོས་ཀྱང་སྙོགས་པ། མ་བྱིན་ན་ཁྲོ་བ། ད་ལོ་བྱིན་ན་སོང་ཕོད་ཀྱང་འོང་བ། རྒྱུན་དུ་གཞན་ལ་རེ་བ། དེ་ལྟ་བུར་སྔར་ཤི་བ་དང་། ད་ལྟ་ཡོད་པ། ཕྱིས་འབྱུང་བ་ཐམས་ཅད་ལ་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདི་དག་གིས་ངོམ་ཞིང་ཚིམ་ནས། ལྟོག་སྣང་། བཀྲེས་སྣང་ཐམས་ཅད་དང་བྲལ་ཏེ། རང་ཟས་ཁབ་རྩེ་ཙམ་གྱིས་ཀྱང་འཚོ་སླ་བ། གཞན་ཟས་རི་བོ་ཙམ་ལ་གདུང་བ་མི་སྐྱེ་བར། བཞིན་སྣུམ་གྱི་ལེ། ལྟོ་སྒྲགས་པ་ཆིལ་ལེ། བག་གྲོ་ཕ་ལེ། དུས་རྟག་ཏུ་སྤྱོད་པ་སྒྲིབ་སྦྱང་ལ་བརྩོན་ནས་དད་པ་དང་འདུན་པའི་ཡུལ་དུ་གྱུར་ཅིག ། ༈ གཉན་ཆེན་ཐོག་པ་རྩལ་ལ་སོགས་པ་དམག་དང་ཇག་གི་ཁ་འཛིན་བྱེད་ཅིང་རང་ཕྱོགས་རྒྱལ་ཞིང་གཞན་ཕྱོགས་ཕམ་པར་བྱེད་པའི་ཡུལ་ལྷ་གཞི་བདག་གི་རིགས་སུ་གྱུར་པ་ཐམས་ཅད་མ་ཐོགས་མྱུར་བའི་རྫུ་འཕྲུལ་གྱིས་གནས་འདིར་བྱོན་ལ། རྣལ་འབྱོར་པ་བདག་གིས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་པའི་གསུར་མཆོད་བདུད་རྩིའི་རང་བཞིན་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འདོད་དགུའི་ལོངས་སྤྱོད་བསྐལ་པའི་བར་དུ་ཟད་མི་ཤེས་པ་འདི་དག་བཞེས་ལ་ཕན་པ་དང་བདེ་བའི་བསམ་པ་བཟང་པོ་རྒྱུད་ལ་སྐྱེས་ནས། སྤྱིར་ཡངས་པའི་རྒྱལ་ཁམས་ཐམས་ཅད་དང་། ཁྱད་པར་དུ་རྨ་རྫ་སྨར་གསུམ་ལ་གནས་པའི་སྐྱེ་དགུ་ཐམས་ཅད་ལ་ཉེ་རིང་ཆགས་སྡང་མེད་པའི་བསམ་པ་བསྐྱེད་ནས་ཀུན་ཡང་ཕན་ཚུན་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། དགའ་བའི་སེམས་ཀྱིས་ཤིན་ཏུ་མཐུན་པར་འགྲོགས་ཤིང་འཐབ་འཛིང་རྩོད་པ་ལ་སོགས་པའི་སྤྱོད་ངན་ཐམས་ཅད་དུས་དེང་ནས་རྒྱུན་ཆད་དེ་མི་དང་མི་མ་ཡིན་པ་ཐམས་ཅད་དམ་པའི་ཆོས་བཞིན་སྤྱོད་པ་ལ་ངེས་པར་སྤྲོ་བའི་ཐབས་ཀྱི་སྒོ་ལ་ནན་ཏན་མཛད་དུ་གསོལ་ལོ། །དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་སྔོན་བྱོན་གྲུབ་པའི་སྐྱེས་བུ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར་ཡངས་པའི་རྒྱལ་ཁམས་ཆོས་བཞིན་སྐྱོང་བའི་ས་དབང་སྡེ་དགེའི་རྒྱལ་པོའི་བཀའ་ལུང་འཕྲིན་ལས་ཀྱི་ཕོ་ཉ་བ་ཁ་བསྒྱུར་གཉེར་ཟུར་པདྨ་ཆོས་འཕེལ་གྱི་བཞེད་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛད་དུ་གསོལ། ཁྱད་པར་དུ་ཆགས་སྡང་གི་རྟོག་པ་ལ་ཨ་འཐས་ཤིང་། སྣང་བ་རྨི་ལམ་ལྟ་བུ་ལ་བདེན་པར་ཞེན་པའི་དབང་གིས་འབྱུང་པོ་མི་མ་ཡིན་པའི་ལུས་སུ་གྱུར་ནས་རྒྱལ་ཁམས་མི་བདེ་བ་འཁྲུགས་པའི་ཐབས་ལ་བརྩོན་པར་བྱེད་པའི་དཔོན་རྒན་བསོད་ནམས་བསྟན་པ། དཔོན་ངག་དབང་། སྲས་དཔལ་ཆེན་མགོན་པོ། དབང་ཆེན་ཀར་ཚེ་ལ་སོགས་པ་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་ཀྱིས་རྒྱུ་བ་རྣམས་ཀྱང་གསུར་མཆོད་བདུད་རྩིའི་རང་བཞིན་འདི་དག་ལ་ལོངས་སྤྱོད་ལ་སེམས་ཅན་ཐམས་ཅད་ལ་བསམ་པ་བཟང་པོ་བསྐྱེད་ནས་བདེ་བ་ཅན་དང་པདྨ་འོད་ལ་སོགས་པ་དག་པའི་ཞིང་ཁམས་རྣམས་སུ་འགྲོ་བའི་འདུན་པ་རྩེ་གཅིག་ཏུ་བསྐྱེད་ལ་ཁྱེད་རྣམས་ཀྱི་ལས་ངན་པ་ཟད་ནས་རྒྱལ་བ་སྲས་བཅས་ཀྱིས་གདུལ་བྱར་གྱུར་པར་ངེས་པར་མཛད་དུ་གསོལ། དེ་ལས་གཞན་དུ་སྲོག་བཅད་ཀྱི་དམར་མཆོད་ལ་དགའ་ཞིང་དམག་འཁྲུགས་འཐབ་རྩོད་ཀྱིས་བསད་པའི་དབུགས་འགམས་པར་བྱེད་པ་ལ་སོགས་པ་མི་དགེ་སྡིག་པའི་ལས་ལ་སྤྱོད་ན་ཚེ་འདིར་ཡང་འཇིགས་སྐྲག་བྲེལ་ཟིང་སྡུག་བསྔལ་གྱི་སྣང་བ་རྒྱུན་ཆད་མེད་ཅིང་ཤི་འཕོས་ནས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཡུན་རིང་མོའི་བར་དུ་མྱོང་བར་འགྱུར་བས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་བདག་ཅག་གི་བཀའ་ལས་དུས་ནམ་ཡང་མི་འདའ་བར་གྱིས་ཤིག །ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་སྙིང་རྗེའི་མགྲོན་མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ཟབ་མོའི་མཐུས། འདོད་ཡོན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

༈ དམར་གསུར་ལ་བརྟེན་པའི་ཕྱུགས་ཀྱི་ནད་ཡམས་གཅོད་པ། དང་པོ་མགྲོན་བཞིའི་གསུར་བསྔོས་པའི་གཞུག་ཏུ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས་མཐར། མཚན་བཞི་བརྗོད་ནས། ཁྱད་པར་དུ་འབྱུང་པོ་མི་མ་ཡིན་ཤ་ཟ་ཚེ་ལ་རྐུ་བ་མདངས་འཕྲོག་པ། སེམས་ཅན་གཞན་གྱི་དབུགས་ལ་རྔམ་པ། སྡང་བ་དང་གདུག་པའི་བསམ་སྦྱོར་ཅན་མི་ཡི་ནད་བདག །གནག་ཕྱུགས་ཀྱི་གོད་བདག་ལ་སོགས་པ་རྒྱ་འདྲེ་འགོང་པོའི་རིགས་ཆེ་ཆུང་ཇི་སྙེད་མཆིས་པ་མཁོ་རྒུའི་འདོད་ཡོན་ཟད་མི་ཤེས་པའི་ལོངས་སྤྱོད་ཆེན་པོ། བཟའ་བཏུང་། གནས་མལ། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། པགས་རློན་དང་སྐྲ་ཡི་བསྒོ་བ། རྐང་ཀླད་ཞག་གི་གྲུ་ཆར་ལ་སོགས་པ་རང་རང་ཅི་འདོད་ཀྱི་དངོས་པོ་བཟའ་བས་མི་ཟད་པ། བཏུང་བས་མི་བྲི་བ། བགོས་པས་མི་རྙིང་པ། རི་བོ་བས་འཕང་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ། ཆུ་ཀླུང་བས་རྒྱུན་རིང་བ། ནད་ཀུན་སེལ་བའི་སྨན་མཆོག །འཆི་བ་གསོ་བའི་བདུད་རྩི། སྡུག་བསྔལ་སེལ་བའི་རྩི་ཆེན་དུ་དམིགས་ཏེ་འབུལ་ལོ། །སྦྱིན་ནོ། །བསྔོའོ། །དེ་རྣམས་ཀྱི་འདོད་པ་ཚིམ་ནས། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། སྙིང་ཉེ་བའི་སེམས་དང་ལྡན་ནས་མི་དང་གནག་ཕྱུགས་ལ་གནོད་པའི་འཚེ་བ་སྤངས་ཏེ་འགྲོ་བ་མང་པོ་སྲོག་གི་འཇིགས་པ་ལས་ཐར་བར་གྱུར་ཅིག །ཞེས་ལན་མང་བརྗོད་མཐར། ན་མོ་བདག་གི་བསམ་པའི་སོགས། དེ་ཟང་ཟིང་སྦྱིན་པ། ཆོས་རྣམས་ཐམས་ཅད་སོགས། སྐར་མ་རབ་རིབ་སོགས། ཆོས་སྦྱིན་བསྔོ་ཞིང་བྱམས་དང་སྙིང་རྗེ་སྐྱེད་དོ། །དཔལ་སྤྲུལ་པས་སོ། །དགེའོ། །