རྫོགས་ཆེན་གསང་བ་སྙིང་ཐིག་གི་རྒྱུད་ཀྱི་གནད་དོན་རྣམ་པར་དབྱེ་བའི་འཕྱོང་མུན་ཁུང་གི་སྒྲོན་མེ།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-033
Wylie title rdzogs chen gsang ba snying thig gi rgyud kyi gnad don rnam par dbye ba'i 'phyong mun khung gi sgron me PJCW-KABUM-04-NGA-033.pdf
Location dpal sprul bka' 'bum
Volume 4, Text 33, Pages 771-792 (Folios 1a1 to 11b1)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Rdzogs chen gsang ba snying thig gi rgyud kyi gnad don rnam par dbye ba'i 'phyong mun khung gi sgron me. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 4: 771-792. Kathmandu: Tsadra Foundation and Shechen Publications, 2026.
Genre Commentary on Content - don 'grel  ·  Key Points - gnad yig
Colophon

།ཟབ་མོའི་ཚིག་དོན་རྟོགས་པར་དཀའ་བའི་གནས། །བཀྲལ་བར་དབང་བ་ཁོ་བོ་མ་ཡིན་ཡང་། །ཀུན་མཁྱེན་བརྒྱུད་པའི་གཞུང་ལ་ཐོས་བསམ་གྱིས། །ཅུང་ཟད་འདྲིས་པའི་དབང་བྱས་འདི་བཀོད་དོ། །དགེ་བ་དེ་ཡང་འགྲོ་བ་མ་ལུས་པ། །ཟབ་མོའི་ལམ་འདིར་བརྟེན་ནས་འབད་མེད་དུ། །རྣམ་གྲོལ་རྒྱལ་བའི་འབྱོར་བ་ཐོབ་པ་དང་། །གནས་སྐབས་ཆགས་སྡང་སྣང་བ་ཞི་ཕྱིར་བསྔོ། །དགེའོ།

zab mo'i tshig don rtogs par dka' ba'i gnas/_/bkral bar dbang ba kho bo ma yin yang /_/kun mkhyen brgyud pa'i gzhung la thos bsam gyis/_/cung zad 'dris pa'i dbang byas 'di bkod do/_/dge ba de yang 'gro ba ma lus pa/_/zab mo'i lam 'dir brten nas 'bad med du/_/rnam grol rgyal ba'i 'byor ba thob pa dang /_/gnas skabs chags sdang snang ba zhi phyir bsngo/_/dge'o/

[edit]
༄༅། །རྫོགས་ཆེན་གསང་བ་སྙིང་ཐིག་གི་རྒྱུད་ཀྱི་གནད་དོན་རྣམ་པར་དབྱེ་བའི་འཕྱོང་མུན་ཁུང་གི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


༄༅། །ཀུན་མཁྱེན་ཡབ་སྲས་ཆོས་ཀྱི་རྒྱལ་པོ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་རང་བཞིན་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་རྒྱུད་ཆེན་པོ་དག་གི་དོན་འཆད་པ་ན་རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་འཁོར་བ་མ་བྱུང་བའི་གནས་སྐབས་ན་གདོད་མ་གཞིའི་གནས་ལུགས་ཇི་ལྟར་ཡིན་ཞེས་པ་ཚིག་གི་དོན་བཅུ་གཅིག་གི་དང་པོར་འཆད་པ་འདི་ལ་ལྟ་བ་བོན་ལུགས་ཀྱི་ཤན་ཤོར་བའི་སྒྲོ་སྐུར་སྣ་ཚོགས་སུ་སྨྲ་བ་དེང་སང་ཆེས་མང་བས་འདི་ལ་གནད་དོན་རྣམ་པར་དབྱེ་བའི་འཕྱོང་མུན་ཁུང་གི་སྒྲོན་མེ་ལྟ་བུ་འདེགས་པ་ལ་དོན་གསུམ་སྟེ། གཞི་ངོས་འཛིན་པ། དེ་མཁས་པའི་བཞེད་པ་སྒྲུབ་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ། སྟོན་པ་བདེ་བར་གཤེགས་པའི་གསུང་གི་གསང་བ་ཟབ་མོ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས་སེམས་བདེ་བར་གཤེགས་པའི་སྙིང་པོ་རྒྱ་ཆེར་བཤད་པ་དེ་ཉིད་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལ་རང་བཞིན་གཞི་རྒྱུད་ཅེས་གཞན་པ་དེ་ལ་གསང་སྔགས་ཐུན་མོང་མ་ཡིན་པ་འདིར་གདོད་མའི་ཡེ་གཞི་ཞེས་བཞག་པ་ཡིན་ཏེ་མཚན་གཞི་ལ་མི་མཐུན་པ་ཅུང་ཟད་ཀྱང་མེད་དོ། །དེ་སྐད་དུ་ཆོས་མངོན་པའི་མཛོད་ལས། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་འབྱུང་བར་འགྱུར། །ཞེས་དང་། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་རབ་སྟེར་བའི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །བདག་དང་བདག་གི་སོ་སོར་འཛིན། །ཞེས་དང་། དགོངས་འདུས་ལས། གདོད་ནས་བདེ་གཤེགས་སྙིང་པོ་ལ། །རྣམ་རྟོག་གློ་བུར་ལས་ཀྱིས་བསྒྲིབ། །ཅེས་དང་། ཡང་། དཔག་ཏུ་མེད་པའི་རྒྱལ་བ་རྣམས། །འཁོར་བའི་སེམས་ཅན་རྒྱུ་ལས་བྱུང་། །ཞེས་དང་། མགོན་པོ་ཀླུས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་དང་། ཡང་། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་ཉིད་དེ་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་དང་། ཀུན་བྱེད་ལས། ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་སྟེ། །དུས་གསུམ་སངས་རྒྱས་བྱང་ཆུབ་སེམས་ཀྱིས་བྱས། །ཁམས་གསུམ་སེམས་ཅན་བྱང་ཆུབ་སེམས་ཀྱིས་བྱས། །ཞེས་པ་ལ་སོགས་རྒྱ་ཆེར་བསྟན་པ་ཡིན་ཏེ། མདོ་སྔགས་དགོངས་པ་གཅིག་ཏུ་བབས་པ་ཡིན་ནོ། །འོ་ན་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་ཀུན་གཞིའི་རྣམ་ཤེས་བདེན་པར་གྲུབ་པ། བདེ་གཤེགས་སྙིང་པོར་འདོད་པ་ཡོད་ན་འདི་དེ་དང་གཅིག་གམ་ཞེ་ན། དེ་ནི་མི་གཅིག་མོད་ཀྱི་བདེན་གྲུབ་བདེ་གཤེགས་སྙིང་པོར་འདོད་པ་ནི་གྲུབ་མཐའི་བློ་སྐྱོན་ཡིན་གྱི། དེ་དང་མཚུངས་མི་དགོས་ཀྱང་དབུ་མ་ཡན་ཆད་གཞིའི་འཇོག་ལུགས་མཐུན་པ་ཡིན་ནོ། །འདིར་དེའི་མཚན་ཉིད་རྣམ་པར་བཞག་པའི་སྐབས་སུ་རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་སྡེ་དག་ལས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་བཤད་དེ། ཐལ་འགྱུར་ལས། ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །ཞེས་སོ། །དེ་དང་མཐུན་པར་རྒྱུད་བླ་མ་ལས་ཀྱང་གསུམ་དུ་བཞག་སྟེ། ངོ་བོ་དེ་བཞིན་ཉིད་དང་། རང་བཞིན་ཆོས་སྐུ་དང་། ཐུགས་རྗེ་ཁམས་དང་རིགས་ཞེས་བཞག་པ་ཡིན་ལ། དང་པོ་ངོ་བོ་སྟོང་པའི་ངོས་ནས་གཞལ་ན་ཡོད་མེད་ཡིན་མིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའི་དཀྱིལ་ལྟར་གནས་ཏེ། རྒྱུད་བླ་མའི་འགྲེལ་བ་ལས། དེ་བཞིན་ཉིད་ནི་གཞན་དུ་འགྱུར་བ་མ་ཡིན་པ་ཉིད་ཀྱིས་རང་གི་ངོ་བོའི་མཚན་ཉིད་ལས་བརྩམས་ནས། ནམ་མཁའ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ་ཞེས་དང་། རིན་ཆེན་ཕྲེང་བ་ལས། ངོ་བོ་རབ་ཏུ་མི་གནས་ན། །ཡོད་མིན་མེད་མིན་གཉིས་ཀ་མིན། །སྟོང་པ་མ་ཡིན་མི་སྟོང་མིན། །རྒྱུ་མེད་མ་ཡིན་ཡང་དག་མིན། །བདེན་པ་མ་ཡིན་རྫུན་པ་མིན། །དག་པ་མ་ཡིན་མ་དག་མིན། །བླང་མེད་དོར་མེད་དེ་ཁོ་ན། །ཞེས་དང་། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། སྟོང་ཉིད་འཁོར་འདས་སྙིང་པོ་ཅན། །གཞི་ལམ་འབྲས་བུ་སྐྱེ་མེད་ཀྱི། །གཞི་རྩ་དྲན་མེད་བློ་ལས་འདས། །སེམས་མེད་སེམས་ལས་བྱུང་བའང་མེད། །བྱ་བྲལ་རེ་དོགས་རྒྱུན་འཆིང་ཆད། །ཅེས་དང་། དབུ་མ་སྲིད་པ་འཕོ་བ་ལས། རང་བཞིན་ཐམས་ཅད་མཁའ་དང་མཉམ། །རྒྱུ་མེད་འབྲས་བུ་མེད་པ་དང་། །ལས་ཀྱི་དངོས་པོ་མེད་པ་དང་། །དངོས་པོ་ཐམས་ཅད་འདི་ལྟར་མེད། །འཇིག་རྟེན་འདི་དང་ཕ་རོལ་དང་། །སྐྱེ་བ་མེད་པའི་ངོ་བོ་ཉིད། །ཅེས་དང་། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པའང་ཅི། །ཞེས་སོགས་རྒྱ་ཆེར་བཤད་ཅིང་རང་བཞིན་ཆོས་སྐུའི་ངོས་ནས་ཡོན་ཏན་ལྷུན་གྱིས་གྲུབ་པར་བསྟན་ཏེ། རྒྱུད་བླ་མའི་འགྲེལ་བ་ལས། དེ་ལ་རེ་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ནི་བསམ་པའི་དོན་འགྲུབ་པ་ལ་སོགས་པའི་མཐར་ཐུག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ལས་བརྩམས་ནས། ཡིད་བཞིན་གྱི་ནོར་བུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ་ཞེས་དང་། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ་སོགས་སྔར་དྲངས་པ་ལྟར་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། དག་པ་དང་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །ཞེས་དང་། སྒྱུ་འཕྲུལ་ལས། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །བྱང་ཆུབ་སྙིང་པོ་འདུས་མ་བྱས། །ལྷུན་རྫོགས་ཡོན་ཏན་འབར་བས་བརྒྱན། །ལྷུན་གྲུབ་དཀྱིལ་འཁོར་བླ་མེད་པའོ། །ཞེས་དང་། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་བུམ་ནང་མར་མེ་ཡིས། །ཕྱི་རོལ་ཀུན་ཏུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་། །འཁོར་བར་འོད་ནི་གསལ་མ་ཡིན། །བུམ་པ་དེ་ཉིད་བཅག་གྱུར་ན། །ཐམས་ཅད་ཀུན་ཏུ་སྣང་བ་ལྟར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པ་ཀུན་ཏུ་བཅོམ་གྱུར་པ། །དེ་ཚེ་ནམ་མཁའི་མཐར་ཐུག་གསལ། །ཞེས་དང་། ཀུན་བྱེད་ལས། ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདིར་ནི། །ཡེ་ནས་རང་གི་རང་བཞིན་ལྷུན་གྲུབ་པས། །རང་བཞིན་བཅུ་ཡིས་བཙལ་ཞིང་བསྒྲུབ་མི་དགོས། །ཞེས་སོགས་རྒྱ་ཆེར་བཤད་ཅིང་། ཐུགས་རྗེ་རིག་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་རིགས་སུ་བཞག་པ་ཡིན་ཏེ། རྒྱུད་བླ་མའི་འགྲེལ་བ་ལས། དེ་བཞིན་གཤེགས་པའི་རིགས་ལ་ནི་སེམས་ཅན་ལ་སྙིང་བརྩེ་བས་བརླན་པའི་རང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ལས་བརྩམས་ནས་ཆུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །ཞེས་དང་། སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། དངོས་ཀུན་གཙོ་བོ་རང་སེམས་ཀྱི། །ངོ་བོ་ཉིད་དེ་དེ་རྟོགས་ན། །སངས་རྒྱས་བྱང་ཆུབ་དེ་ཉིད་དེ། །འཇིག་རྟེན་གསུམ་ཡང་དེ་ཉིད་དོ། །ཅེས་དང་། ཡང་། སངས་རྒྱས་མྱ་ངན་མེད་པའི་ཁམས། །སྐྱེ་མེད་རྡོ་རྗེ་མངོན་བྱང་ཆུབ། །བདེ་གཤེགས་སྙིང་པོ་ཀུན་གྱི་མཆོག །གཉིས་མེད་རྟོག་བྲལ་དོན་ཆེའོ། །ཞེས་དང་། ཀྱེ་རྡོར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབ། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་དང་། ཐལ་འགྱུར་ལས། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །དེ་མེད་འཁོར་འདས་ལྟེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགག་འགག་པ་མེད་པའོ། །ཞེས་སོགས་རྒྱ་ཆེར་བསྟན་ཅིང་དོན་འདི་དག་འཁོར་ལོ་བར་པའི་མདོ་རྣམས་སུ་ངོ་བོ་སྟོང་པ་ཉིད་དང་། རང་བཞིན་མེད་པ། ཐུགས་རྗེ་སྨོན་པ་མེད་པའི་རང་བཞིན་བདེ་གཤེགས་སྙིང་པོ་རྣམ་ཐར་སྒོ་གསུམ་དུ་བསྟན་པ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཏེ་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ་བླང་བ་མེད་པ་དོར་བ་མེད་པའི་རང་བཞིན་ཏེ་རྣམ་པར་རྟོག་པ་དང་ནུས་པ་མེད་པ། ཤིན་དུ་ངོ་བོ་ཉིད་དང་བྲལ་པ་ཡིན་ཏེ། དེ་ནི་རང་བཞིན་གྱི་འོད་གསལ་བའོ། །འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ནོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱི་འོད་གསལ་བའོ། །ཞེས་དང་། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས་ཞེས་སོགས་བཤད་པ་ཡིན་ཏེ། ཐེག་ཆེན་མདོ་སྔགས་གཉིས་ཀ་གཞིའི་མཚན་ཉིད་ལའང་མི་མཐུན་པ་ཅུང་ཟད་ཀྱང་མེད་དེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནད་གཅིག་པ་ཡིན་ནོ། །དོན་གཉིས་པ་དེ་ཉིད་མཁས་པའི་བཞེད་པར་བསྒྲུབ་པ་ནི། དེ་ལ་འདི་སྐད་ཅེས་རྫོགས་པ་ཆེན་པོའི་རྒྱུད་ལས་བཤད་པའི་ཡེ་གཞི་ནི་འཁོར་འདས་སྤྱི་མཚན་ལ་ལྟོས་པའི་སྔོན་རོལ་གྱི་གཞི་ཡིན་གྱི་གཞུང་གཞན་ནས་བཤད་པའི་བདེ་གཤེགས་སྙིང་པོ་དང་གཅིག་པའི་སྐབས་མེད་དེ། འདི་ནི་ཁྱོད་ཀྱི་རང་བཟོ་ཞིག་གོ་ཞེ་ན། དོན་འདི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཞེད་པ་མ་ནོར་བ་ཉིད་ཡིན་ཏེ། རེ་ཞིག་དེའི་ཚུལ་ཅུང་ཟད་ཅིག་བརྗོད་ན། ཐོག་མ་ཁོ་ནར་ཡིད་བཞིན་མཛོད་དུ་འདི་སྐད་ཅེས་བཤད་དེ། ཐོག་མའི་འོད་གསལ་བདེ་གཤེགས་སྙིང་པོ་ཉིད། །དོན་གྱི་ཀུན་གཞི་རང་བཞིན་འདུས་མ་བྱས། །ཡེ་ནས་རྣམ་དག་ཉི་མཁའ་ལྟ་བུ་ལ། །མ་རིག་པ་ཡི་བག་ཆགས་གོས་པ་ན། །སེམས་ཅན་རྣམས་ལ་འཁྲུལ་བ་འདི་ཉིད་དོ། །ཞེས་དང་། གྲུབ་མཐའ་མཛོད་ལས། འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་འཆད་པའི་སྐབས་སུ་རང་བཞིན་གཞིའི་གནས་ལུགས་དེ་ལས་སེམས་ཅན་འཁྲུལ་ལུགས་ལ་སོགས་རྩ་བའི་ས་བཅད་ལྔ་བཞག་སྟེ། དང་པོའི་སྐབས་སུ་འདི་སྐད་ཅེས། དང་པོ་ནི་གདོད་མའི་གཞི་རང་བྱུང་གི་ཡེ་ཤེས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་དེ་ཉིད་ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་གསལ་བ་ཉི་མ་ལྟ་བུ། ཐུགས་རྗེ་ཁྱབ་པ་འོད་ཟེར་ལྟ་བུ་དེ་གསུམ་ངོ་བོ་དབྱེར་མེད་པ་སྐུ་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་ཡེ་ནས་རྟག་པར་འཕོ་བ་དང་འགྱུར་བ་མེད་པའི་དབྱིངས་སུ་གནས་ཏེ། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཁྱབ་པ་སྤྲུལ་པའི་སྐུའི་སྙིང་པོ་ཅན། འཁོར་འདས་གང་ཡང་མ་ཡིན་ལ། གོ་འབྱེད་པའི་ཆ་ནས་དབྱིངས་རང་བཞིན་རྣམ་དག་ཅེས་བཏགས་པའོ། །ཚུལ་འདི་མདོ་སྡེ་ལས་ཀྱང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་གསུངས་སོ། །དེའང་འཁོར་འདས་གཉིས་འཕྲོ་གཞིར་བྱུང་སྟེ། དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་སོགས་དྲངས་ནས་གསལ་བར་བཤད་ལ། ཆོས་དབྱིངས་མཛོད་ཀྱི་འགྲེལ་བར། ཐོག་མའི་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སུ་བརྗོད་ཅིང་འདི་ཉིད་རྟོགས་མ་རྟོགས་ལས་གཞན་པའི་འཁོར་འདས་མེད་ལ། འདིའི་སྔོན་རོལ་དུ་སངས་རྒྱས་དང་སེམས་ཅན་ཞེས་ཐ་སྙད་གང་དུའང་གྲུབ་པ་མེད་དེ། རིག་པ་མེད་ན་འཁོར་འདས་སུ་གང་གིས་ངེས་པ་དང་། གྲོལ་འཁྲུལ་གྱི་སྤྱི་གཞི་གང་ཡང་མེད་པའི་ཕྱིར་རོ། །དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཏེ། འཁོར་འདས་ཀྱི་ཆོས་མ་ལུས་པ་དེའི་དབྱིངས་ལས་འབྱུང་བས་ན་མཛོད་ཁང་གི་སྒྲས་ཉེ་བར་བརྗོད་པ་ཉིད་དོ། །ཞེས་རང་ཤར་གྱི་ལུང་དང་བཅས་ཏེ་མཚན་དོན་འཆད་པའི་སྐབས་སུ་བཤད་ཅིང་། གནས་ལུགས་རིན་པོ་ཆེའི་མཛོད་ལས་ཀྱང་། ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བཞིན་ནི། །སུས་ཀྱང་མ་བྱས་ཡེ་ནས་གནས་པ་སྟེ། །ཀུན་འབྱུང་ནོར་བུ་དང་འདྲ་བྱང་ཆུབ་སེམས། །འཁོར་འདས་ཆོས་ཀུན་འབྱུང་བའི་གཞི་མར་གྲུབ། །ནམ་མཁའི་ངང་ལས་སྣང་སྲིད་སྣང་བ་ལྟར། །བྱང་ཆུབ་སེམས་ལས་འཁོར་འདས་མ་འགགས་ཤར། །སྣ་ཚོགས་རྨི་ལམ་གཉིད་ལས་བྱུང་བ་ལྟར། །འགྲོ་དྲུག་ཁམས་གསུམ་སེམས་ཀྱི་ངང་ལས་ཤར། །ཤར་བའི་དུས་ནས་ཆོས་ཀུན་རིག་པའི་ངང་། །སྟོང་པ་ལྷུན་གྲུབ་གཞི་སྣང་ཆེན་པོ་ཡིན། །ཞེས་རིག་པ་བྱང་ཆུབ་ཀྱི་སེམས་ཆོས་ཉིད་བདེ་གཤེགས་སྙིང་པོ་གདོད་མའི་ཡེ་གཞིར་ལེགས་པར་བཤད་ཅིང་། དེར་མ་ཟད་ཐེག་མཆོག་རིན་པོ་ཆེའི་མཛོད་དུ་གཞི་དང་གཞི་སྣང་གི་རྣམ་གྲངས་རྒྱ་ཆེར་བཤད་ནས་དེའི་མཇུག་ཏུ། དེས་ན་འཁྲུལ་གཞི་དང་། གྲོལ་གཞི་གཉིས་ཀ་ལྷུན་གྲུབ་ཀྱི་སྒོ་ལ་ཐུག་པས་ལེགས་པར་རྟོགས་པར་བྱའོ། །ཞེས་དང་། གསུམ་པ་འཆར་ནུབ་སྣང་ཚུལ་གྱི་འཐད་པ་དགོད་པ་ལ་གཉིས་ཏེ། འདི་དང་བར་དོའམ་ཚེ་འདིར་གང་ཟག་བརྩོན་འགྲུས་ཅན་གྱིས་ཉམས་སུ་བླང་བའི་དུས་ན། གཞི་དེ་སྙིང་ག་ན་གནས་པའི་རང་གདངས་གཞི་སྣང་གི་ཆ་འོད་རྩ་དང་ཕྱིའི་ནམ་མཁའ་ལ་སྣང་སྟེ་ཞེས་སོགས་ལྷུན་གྲུབ་སྒོ་བརྒྱད་ཀྱི་འཆར་ཚུལ་རྒྱས་པར་བཤད་ཅིང་། ཡང་། སངས་རྒྱས་དང་སེམས་ཅན་ཡང་སྣང་བ་རང་ངོ་ཤེས་མ་ཤེས་ཙམ་སྟེ། འཁོར་འདས་རིག་པར་རྒྱ་གཅིག་པ་ལག་པའི་ལྟོ་རྒྱབ་བཞིན་ནོ། །ད་ལྟའི་སྣང་བ་འདི་ཡང་མ་དག་པའི་སྒོ་ལ་སྣང་བ་སྒྱུ་མའི་དཔེ་བརྒྱད་ཙམ་ལས། ཕྱི་ནང་ཡུལ་མེད་གཞི་བྲལ་མཉམ་པ་ཕྱལ་ཕྱལ་བ་གཅིག་ལས་སྤངས་མི་དགོས་བླང་མི་དགོས་སྣང་བ་གཞན་ཤར་དུས་གཞི་མེད་རང་ལོག་ཆེན་པོ་གཉིད་ཡལ་ན་རྨི་ལམ་ལོག་པ་ལྟར་གཞི་གྲོལ་ལ་རང་ལོག་སྟེ། ཡེ་སྟོང་ལ་ཡང་སྟོང་གཅིག་ཏུ་གྲོལ་བས་གནད་གཅིག་ལེགས་པར་རྟོགས་ན་ཚེགས་མེད་པར་རྒྱ་གྲོལ་ལ་འགྲོ་བ་ཡིན་ནོ། །ཞེས་རིག་པ་བྱང་ཆུབ་ཀྱི་སེམས་གདོད་མའི་ཡེ་གཞིར་བཤད་ཅིང་ད་ལྟའི་སྣང་བ་འདི་ཡང་གཞི་སྣང་གི་རོལ་པར་བསྟན་པ་ཡིན་ལ། ཚིག་དོན་མཛོད་ཀྱི་ས་བཅད་འཆད་པའི་སྐབས་སུ། རྟོགས་ཏེ་སངས་རྒྱས་མ་བྱུང་མ་རྟོགས་ཏེ་འཁོར་བ་མ་བྱུང་བའི་སྔོན་རོལ་ན་གདོད་མའི་གཞིའི་གནས་ལུགས་བསྟན་པ་དང་གཅིག །དེ་ལས་སེམས་ཅན་འཁྲུལ་ལུགས་དང་གཉིས། འཁྲུལ་དུས་གཞི་དེས་ཁྱབ་ཚུལ་དང་གསུམ་ཞེས་བཤད་པ་འདིས་ཀྱང་གོ་ཞིང་། ཁྱད་པར་ཡང་ཏིག་ཡིད་བཞིན་ནོར་བུའི་ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར་ལས། རང་བཞིན་གཞིའི་གནས་ལུགས་དེ་ལས་སེམས་ཅན་གྱི་འཁྲུལ་ལུགས་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་སྟེ་ས་བཅད་གསུམ་དུ་བཞག་ནས་འཆད་པའི་སྐབས་སུ། རང་བཞིན་གདོད་མའི་སྤྱི་གཞིའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་བདེ་བར་གཤེགས་པའི་སྙིང་པོ་འོད་གསལ་བའི་དབྱིངས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ་ཞེས་དང་། ཡང་ཡིག་ནམ་མཁའ་ཀློང་གསལ་ལས། དང་པོ་གདོད་མའི་སྤྱི་གཞི་ནི། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །སྟོང་གསལ་འཆར་གཞི་མ་འགག་པས། །ནམ་མཁའ་ཉི་ཟླ་མེ་ལོང་བཞིན། །ཡེ་ནས་ལྷུན་གྲུབ་ཆེན་པོར་གནས། །འཁོར་འདས་གཉིས་སུ་མ་ཆད་པའི། །འཆར་གཞི་འཆར་གནས་ལུང་མ་བསྟན། །ཆོས་ཀུན་འབྱུང་བའི་གཞི་ཞེས་བྱ། །རང་རིག་ཉིད་དང་འདུ་འབྲལ་མེད། །ཡོན་ཏན་ལྷུན་གྱིས་གྲུབ་པའི་ཕྱིར། །བདེ་གཤེགས་སྙིང་པོ་ཞེས་སུ་བཤད། །ངོ་བོ་སྟོང་པས་རྟག་མ་མྱོང་། །རང་བཞིན་གསལ་བས་ཆད་མ་མྱོང་། །ཐུགས་རྗེ་རིག་པས་བེམ་སྟོང་མིན། །གཅིག་དང་ཐ་དད་ལས་གྲོལ་བས། །དབྱེར་མེད་སྐུ་གསུམ་འདུ་འབྲལ་མེད། །རང་བཞིན་གཞི་ཡི་སངས་རྒྱས་སོ། །སངས་རྒྱས་མར་མེ་མཛད་པ་དང་། །གདོད་མའི་མགོན་པོ་འོད་མི་འགྱུར། །འོད་དཔག་མེད་ཅེས་བྱ་བར་བཏགས། །དེ་ནི་གདོད་མའི་གནས་ལུགས་ཆོས། །དེ་ལས་གཞི་སྣང་ཤར་ཚུལ་ནི། །དཔེར་ན་ཤེལ་ལས་འོད་ལྟར་ཤར། །ཞེས་དང་། ནམ་མཁའ་ཀློང་ཆེན་ལས། གཞི་དབྱིངས་ལམ་དང་རྣམ་གྲོལ་འབྲས་བུ་ལས། །དབྱིངས་ནི་འོད་གསལ་རང་བཞིན་ལྷུན་གྱིས་གྲུབ། །སྟོང་དང་གསལ་དང་རིག་པའི་སྙིང་པོ་ཅན། །རྣམ་པར་དབྱེར་མེད་ཡོན་ཏན་ཚོགས་མང་ལྡན། །ཉི་བཞིན་ལྷུན་གྲུབ་རང་བཞིན་རྣམ་པར་དག །རྣམ་དབྱེར་བཅས་པའི་དྲི་མས་ཡེ་སྟོང་ཞིང་། །གདོད་ནས་རྣམ་དག་འོད་གསལ་ཆོས་ཉིད་དོན། །འདི་ཡོད་པས་ན་རིག་དང་མ་རིག་ལས། །མྱ་ངན་འདས་དང་འགྲོ་དྲུག་སྣང་བ་ཤར། །ཤར་ཙམ་ཉིད་ནས་སྙིང་པོའི་དབྱིངས་དེ་ལ། །བཟང་ངན་འཕོ་འགྱུར་དག་དང་མ་དག་མེད། །ཇི་ལྟར་ནམ་མཁའི་དབྱིངས་ནས་འབྱུང་བཞི་ཡི། །འཕོ་འགྱུར་སྣང་བས་གོས་པ་མེད་པ་བཞིན། །ཀུན་གྱི་གོ་འབྱེད་འབྱུང་གནས་དབྱིངས་ཞེས་བྱ། །དྲི་བཅས་སེམས་རྟེན་རང་བཞིན་ལྷུན་གྲུབ་པས། །སེམས་ཉིད་རང་བཞིན་འོད་གསལ་ཞེས་བྱ་ཞིང་། །ཉི་དང་སྤྲིན་བཞིན་གློ་བུར་དྲི་མ་ཡིས། །བསྒྲིབ་ཕྱིར་ཁམས་ཞེས་དུས་རིང་ཉིད་གནས་ཕྱིར། །ཐོག་མའི་ཆོས་ཁམས་དགེ་བ་ཞེས་བརྗོད་ཀྱང་། །གནས་ལུགས་ཡིན་ཕྱིར་དོན་དམ་བདེན་པར་བཏགས། །བསམ་ཡུལ་འདས་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །འདུས་མ་བྱས་ཕྱིར་ལྷུན་གྲུབ་དཀྱིལ་འཁོར་ཉིད། །སྟོབས་སོགས་ཡོན་ཏན་རྒྱ་མཚོའི་མཛོད་ཉིད་ཕྱིར། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ་ཅེས་གསུངས། །རང་ལ་ཡོད་ཀྱང་མི་མཐོང་སྒྲིབ་པའི་དཔེ། །ས་འོག་གཏེར་དང་བུམ་ནང་མར་མེ་དང་། །སྦུན་པའི་འབྲས་དང་པད་ནང་བདེ་གཤེགས་དང་། །གོས་རུལ་རིན་ཆེན་འདམ་རྫབ་ནོར་བུ་དང་། །པད་ནང་སྦྲང་རྩི་རྡོ་ཁམས་རིན་ཆེན་དང་། །གྱང་གི་ནོར་བུ་རུལ་འདམ་གསེར་ཉིད་དང་། །ལྗོན་ཤིང་འབྲས་དང་འོ་མའི་མར་ཉིད་དང་། །སྟོང་གསུམ་དར་ཡུག་ཆེན་པོ་ལ་སོགས་པས། །ཉེ་བར་མཚོན་ཏེ་ལུང་ལས་གསུངས་དེ་བཞིན། །རིགས་ཁམས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ནི་ངེས་དོན་སྙིང་པོའི་གཞི་ཞེས་བྱ། །དེ་ལྟའི་དབྱིངས་ལས་རང་རིག་རྣམ་གྲོལ་ཞིང་། །སྐད་ཅིག་བྱེ་བྲག་ཕྱེད་པས་སངས་རྒྱས་ཏེ། །གདོད་མའི་མགོན་པོ་ཡོན་ཏན་ཕ་རོལ་ཕྱིན། །ནང་གི་ཇི་བཞིན་གཟིགས་པ་རྣམ་དག་པས། །དང་པོའི་སངས་རྒྱས་ཆོས་ཚོགས་རྣམ་པར་བཞག །དུས་རིང་བརྟག་དཀའ་ཐོག་མ་མེད་དབྱིངས་སུ། །མ་རིག་དབང་གིས་འགྲོ་དྲུག་འཁྲུལ་པ་ནི། །ཞེས་སོགས་ལེགས་པར་བཤད་ཅིང་། མཁའ་འགྲོ་ཡང་ཐིག་གི་གནད་གསུམ་སྒྲོན་མར་ཡང་འདི་དང་མཐུན་པར་ཞལ་ཤིན་ཏུ་གསལ་བར་བཤད་པས་ཁ་ཚོན་ལེགས་པར་ཆོད་པ་ཡིན་ལ། དེས་ན་ཀུན་ཏུ་བཟང་པོ་གཞི་ཐོག་ནས་གྲོལ་བར་འཆད་པ་ལའང་བརྒལ་རྟགས་བྱེད་པ་དང་གཞུང་གཞན་དང་མི་མཐུན་པར་འཛིན་པའང་གནད་མ་གོ་བའི་རྣམ་འགྱུར་ཡིན་ཏེ། སངས་རྒྱས་ཡིན་ནས་གཞི་ཐོག་མ་གྲོལ་བ་མི་སྲིད་དེ་སྔར་ཐེག་མཆོག་མཛོད་ཀྱི་ལུང་དྲངས་པ་ལྟར། ཚེ་འདིར་འཆར་བའི་སྣང་བཞིའི་འོད་གསལ་དང་། །བར་དོའི་སྣང་ཆ་ཉིད་གཞི་སྣང་དུ་བཤད་ཅིང་། འདིར་གདོད་མའི་བདེ་གཤེགས་སྙིང་པོར་ཁ་ཚོན་ཆོད་པས་ན་བདེ་གཤེགས་སྙིང་པོའི་རང་བཞིན་རྟོགས་ཏེ་སངས་རྒྱས་པ་མ་ཡིན་པའི་སངས་རྒྱས་ཀྱང་མི་སྲིད་ལ། དེར་མ་ཟད་ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར་དུ་ཀུན་ཏུ་བཟང་པོའི་གྲོལ་ལུགས་བཤད་པའི་རྗེས་སུ། དབྱིངས་སྣང་ལས་གྲོལ་ཚད་ཐམས་ཅད་ཀྱང་འདི་ཡིན་ལ། ཁྱད་པར་བར་དོའི་གཞི་སྣང་ལས་གྲོལ་ཚད་ལུགས་འདི་ཡིན་ནོ་ཞེས་དང་། ཐེག་མཆོག་མཛོད་དང་། ཚིག་དོན་མཛོད་གཉིས་ཀར་གདོད་མའི་མགོན་པོའི་གྲོལ་ཚུལ་བཤད་པའི་རྗེས་སུ་རྒྱུད་བླ་མའི་འགྲེལ་བའི་ལུང་དེ་ལྟར་ཤིན་དུ་རྨད་དུ་བྱུང་ཞིང་བསམ་དུ་མེད་པའི་ཡུལ་འཆད་པས་ན་རིག་པའི་རྩལ་འཕྱོ་བ། འདི་ཡིན་གྱི་གཏད་སོ་དང་བྲལ་བའི་རིག་པའི་རྒྱལ་པོ་ཟང་མ་ཐལ་བྱུང་གི་ཀློང་དུ་ཇི་ལྟར་ཤར་ཡང་དེ་ལྟར་མི་འཛིན་ཅིང་འཛིན་མེད་གཉུག་མར་དག་པས་ན། གཏད་མེད་རྒྱལ་པོ་འཛིན་མེད་ཤར་བའི་མི། དེ་ལྟར་ཡུལ་གཏད་མེད་ལ་བློ་འཛིན་མེད་དུ་ཤར་བས་ཡུལ་གཟུང་བ་དང་ཡུལ་ཅན་འཛིན་པའི་རྣམ་རྟོག་གཟུང་འཛིན་སྲིད་པའི་འཁྲུལ་སྣང་ཐམས་ཅད་ལས་རྣམ་པར་གྲོལ་བས་ན། ཡུལ་དང་ཡུལ་ཅན་སྲིད་ལས་རང་གྲོལ་ནས། དེ་ལྟར་རང་གྲོལ་གྱི་གནས་ལུགས་མངོན་དུ་གྱུར་པ་དེ་ཉིད་དུས་དང་རྣམ་པ་ཐམས་ཅད་དུ་འབྲལ་མི་ཤེས་ཤིང་གཉུག་མ་རྒྱུན་ཆད་མེད་པར་འཆར་བས་ན། དུས་གསུམ་འདུ་འབྲལ་མེད་པའི་ངང་དུ་གནས། དེ་ལྟར་གཉུག་མ་མ་བཅོས་པའི་ཆོས་སྐུ་ཟང་ཐལ་རྗེན་པའི་ཀློང་དུ་ངང་གནས་སུ་འཇོག་པ་ནི་སྒོམ་པ་དང་། རང་གྲོལ་དུ་སྤྱོད་པ་ནི་འབྲས་བུ་ཡིན་པས་དེ་ཡན་གྱིས་ས་བཅད་གཉིས་པ་སོང་། གསུམ་པ་ནི། དེ་ལྟར་ཀ་དག་རིག་པའི་ཡེ་ཤེས་སྟོང་གསལ་ཆོས་སྐུའི་དགོངས་པ་མ་བཅོས་པར་གནས་པའི་སྟོང་གདངས་རིག་རྩལ་ཡེ་ཤེས་ཀྱི་རྣམ་རོལ་སྤྲུལ་པའི་སྐུ་རུ་འབར་བས་ན། རིག་པའི་རྒྱལ་པོ་སྟོང་གསལ་ཆོས་སྐུའི་གདངས། ལྷུན་གྲུབ་སྣང་ཆའི་འཆར་གཞི་མི་འགྱུར་གཞི་རྩ་བྲལ་བས་འོད་གདངས་ལོངས་སྤྱོད་རྫོགས་སྐུའི་སྣང་བ་འཆར་བས་ན། མི་འགྱུར་ལྷུན་གྲུབ་གཞི་རྩ་བྲལ་བའི་གདང་། གདང་ཐམས་ཅད་ཀྱི་འཆར་གཞི་གདོད་མའི་ཆོས་ཉིད་སྤྲོས་བྲལ་བརྗོད་ལས་འདས་པ་ཆོས་སྐུའི་དགོངས་པ་འགྱུར་བ་མེད་པ་སྐྱེ་མེད་གཉུག་མའི་གཏན་སྲིད་ཟིན་པས་ན། གདང་དང་ལྡན་པ་གདོད་མའི་ཀློང་དུ་ཨཿཞེས་སོ། །ཆོས་ཟད་ཆོས་སྐུའི་དགོངས་པ་འཕོ་འགྱུར་མེད། །འོད་གསལ་ལོངས་སྐུའི་ཞིང་སྣང་རྟག་པར་གཟིགས། །ཐུགས་རྗེ་སྤྲུལ་པས་སྲིད་ན་འགྲོ་དོན་མཛད། །དྲིན་ཆེན་བླ་མའི་ཞབས་ལ་གུས་ཕྱག་འཚལ། །སྙིང་ནས་གུས་པས་གསོལ་བ་འདེབས་པ་བདག །ཚེ་རབས་ཀུན་ཏུ་མཚུངས་མེད་བླ་མ་དང་། །མཇལ་ནས་ཅི་གསུང་བསྒྲུབ་ཤེས་གུས་པས་བརྟེན། །ཕྲིན་ལས་འགྲོ་བ་འདྲེན་པའི་ཁོལ་བོར་ཤོག །ཟབ་མོའི་ཚིག་དོན་རྟོགས་པར་དཀའ་བའི་གནས། །བཀྲལ་བར་དབང་བ་ཁོ་བོ་མ་ཡིན་ཡང་། །ཀུན་མཁྱེན་བརྒྱུད་པའི་གཞུང་ལ་ཐོས་བསམ་གྱིས། །ཅུང་ཟད་འདྲིས་པའི་དབང་བྱས་འདི་བཀོད་དོ། །དགེ་བ་དེ་ཡང་འགྲོ་བ་མ་ལུས་པ། །ཟབ་མོའི་ལམ་འདིར་བརྟེན་ནས་འབད་མེད་དུ། །རྣམ་གྲོལ་རྒྱལ་བའི་འབྱོར་བ་ཐོབ་པ་དང་། །གནས་སྐབས་ཆགས་སྡང་སྣང་བ་ཞི་ཕྱིར་བསྔོ། །དགེའོ། །