བླ་མ་རྒྱང་འབོད་མོས་གུས་གདུང་བའི་རྒྱང་གླུ་བརྒྱུད་གསུམ་བླ་མའི་བྱིན་རླབས་རང་རྒྱུད་ལ་ལེན་པའི་ཕོ་ཉ།

From Khyentse Lineage - A Tsadra Foundation Project
Wylie title bla ma rgyang 'bod mos gus gdung ba'i rgyang glu brgyud gsum bla ma'i byin rlabs rang rgyud la len pa'i pho nya
Location dpal sprul bka' 'bum
Volume 4, Text 32, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Calling the Lama from Afar - bla ma rgyang 'bod
Colophon

།ཅེས་པའང་ཆོས་དང་འཇིག་རྟེན་གྱི་བྱ་བཞག་མེད་པས་བག་ཡངས་ཤིང་། རང་རྒྱུད་སྡོམ་པས་མ་བསྡོམས་པས་ལྷོད་པོར་གྱུར་པ་དེས་གྲོགས་མཆོག་ཟུང་གི་བཀའ་མ་ལྡོག་ནས་བྲིས་པའོ།

/ces pa'ang chos dang 'jig rten gyi bya bzhag med pas bag yangs shing /_rang rgyud sdom pas ma bsdoms pas lhod por gyur pa des grogs mchog zung gi bka' ma ldog nas bris pa'o/

[edit]
༄༅། །བླ་མ་རྒྱང་འབོད་མོས་གུས་གདུང་བའི་རྒྱང་གླུ་བརྒྱུད་གསུམ་བླ་མའི་བྱིན་རླབས་རང་རྒྱུད་ལ་ལེན་པའི་ཕོ་ཉ་བཞུགས།


ན་མོ་གུ་རུ། གཞི་དབྱིངས་མི་འགྱུར་འཁོར་འདས་དབྱེར་མེད་ཀྱི་ཞིང་ཁམས། །ཆོས་ཟད་མ་བཅོས་རིག་སྟོང་ཐིག་ལེ་ཡི་ཀློང་ན། །གདོད་མའི་སངས་རྒྱས་བདེ་གཤེགས་དཀྱིལ་འཁོར་གྱི་ཁྱབ་བདག །ཆོས་སྐུའི་བླ་མ་དྲི་མེད་འོད་ཟེར་དེ་མཁྱེན་ནོ། །བསྐྱེད་རྫོགས་ཟུང་འཇུག་སྣང་སྟོང་དབྱེར་མེད་ཀྱི་ཞིང་ཁམས། །ཕྱག་རྒྱ་ཆེན་པོ་ས་ལམ་གཞིར་རྫོགས་ཀྱི་ཀློང་ན། །ཡེ་ཤེས་སྒྱུ་མ་ལྷུན་གྲུབ་འོད་གསལ་གྱི་བདག་ཉིད། །ལོངས་སྐུའི་བླ་མ་མཁྱེན་བརྩེའི་འོད་ཟེར་དེ་མཁྱེན་ནོ། །དམིགས་མེད་སྙིང་རྗེའི་བདེ་ཆེན་ཡེ་ཤེས་དང་རོ་གཅིག །ཐབས་མཁས་རྣམ་རོལ་གང་འདུལ་དེར་སྣང་གི་ཀློང་ན། །ཐུགས་རྗེའི་རང་གཟུགས་རྒྱལ་སྲས་ཐམས་ཅད་ཀྱི་མངའ་བདག །སྤྲུལ་སྐུའི་སངས་རྒྱས་རྩ་བའི་བླ་མ་དེ་མཁྱེན་ནོ། །སྐུ་གསུམ་བརྒྱུད་པ་རྒྱལ་བའི་དགོངས་བརྒྱུད་དུ་གཅིག་པ། །རིག་སྟོང་ཐིག་ལེ་གཉུག་མའི་ཡེ་ཤེས་ལ་རོལ་པ། །ཟུང་འཇུག་སྣང་ཆ་དཀྱིལ་འཁོར་རྒྱ་མཚོ་ཡི་སྤྲོ་གཞི། །སྐྱབས་གནས་ཀུན་འདུས་བླ་མ་སངས་རྒྱས་དེ་མཁྱེན་ནོ། །དབྱིངས་རིག་དབྱེར་མེད་སངས་རྒྱས་དགོངས་པ་ཡི་མཐར་ཐུག །དག་ཆེན་དབྱིངས་དེ་དམ་ཆོས་རྒྱ་མཚོ་ཡི་བརྗོད་བྱ། །དགོངས་པ་དེ་རྟོགས་འཕགས་པའི་དགེ་འདུན་དུ་བཞུགས་པ། །དཀོན་མཆོག་གསུམ་འདུས་རྩ་བའི་བླ་མ་དེ་མཁྱེན་ནོ། ། ཆོས་ཟད་དགོངས་པ་ཆོས་སྐུའི་སངས་རྒྱས་ཀྱི་ངོ་བོ། །ཚད་ཕེབས་རིག་གདངས་ལོངས་སྐུའི་དཀྱིལ་འཁོར་གྱི་འཆར་གཞི། །མངོན་སུམ་གོང་འཕེལ་སྤྲུལ་སྐུའི་སྣང་བ་ལ་རོལ་པའི། །སྐུ་གསུམ་དབྱེར་མེད་རྩ་བའི་བླ་མ་དེ་མཁྱེན་ནོ། །ཐབས་མཁས་རྣམ་རོལ་དུས་གསུམ་བླ་མ་ཀུན་དབྱེར་མེད། །ཟུང་འཇུག་ཀློང་ན་དཀྱིལ་འཁོར་རྒྱ་མཚོ་ཡི་ཁྱབ་བདག །ཆོས་ཉིད་མཁའ་ལ་དགོངས་པའི་རྩལ་ཤུགས་ཀྱིས་འགྲོ་བའི། །རྩ་གསུམ་ཀུན་འདུས་རྩ་བའི་བླ་མ་དེ་མཁྱེན་ནོ། །སྲིད་ན་མི་འཇིགས་འགོགས་མེད་སྙིང་རྗེ་ཡི་ཐུགས་ལྡན། །ཞི་ལ་ཞེན་མེད་དགོངས་ཀློང་རྒྱལ་ཀུན་དང་དབྱེར་མེད། །ལྟ་བའི་ས་བོན་རྟོགས་པའི་མྱུ་གུ་རུ་སྨིན་པའི། །རྩ་བའི་བླ་མ་སངས་རྒྱས་ཀུན་དངོས་དེ་མཁྱེན་ནོ། །ཐབས་ཀྱི་མཛད་སྤྱོད་གདུལ་བྱའི་སྣང་བ་དང་བསྟུན་ཞིང་། །ཐུགས་རྗེའི་དགོངས་པ་དག་ཆེན་སེམས་དཔའ་ཡི་ཁྱད་ཆོས། །རྒྱལ་བའི་མཛད་བཟང་མཉམ་རྗེས་ཡེ་ཤེས་ལ་རྫོགས་པའི། །འཇིགས་མེད་སེམས་དཔའ་རྒྱལ་བའི་མྱུ་གུ་དེ་མཁྱེན་ནོ། །བདེ་བས་སྤངས་དང་སྡུག་བསྔལ་མངོན་གྱུར་གྱི་སེམས་ཅན། །ཕྲད་དང་བྲལ་བའི་རབ་དགའ་རོ་གཅིག་ཏུ་སྙོམས་པའི། །དམིགས་མེད་ཡེ་ཤེས་རྩིས་ཟིན་ཚད་མེད་བཞིའི་ཐུགས་ལྡན། །འཇིགས་མེད་བྱང་ཆུབ་སེམས་ཀྱི་མྱུ་གུ་དེ་མཁྱེན་ནོ། །སྦྱིན་གསུམ་འབྲས་བཟང་རྫོགས་པའི་ཚུལ་ཁྲིམས་ཀྱི་ལྗོན་ཤིང་། །མི་མཐུན་རླུང་གིས་མི་གཡོ་ཞི་ལྷག་གི་ཆུ་ལ། །བརྩོན་པའི་རྐང་པས་དགྱེས་རོལ་འདོད་འབྱུང་གི་དཔག་བསམ། །འཇིགས་མེད་བསླབ་གསུམ་རྫོགས་པའི་མྱུ་གུ་དེ་མཁྱེན་ནོ། །རྨོངས་པ་གཏོང་བའི་ཕྱག་གིས་ལེགས་ལམ་དུ་དྲངས་ནས། །ལམ་སྟོན་སྒྲུབ་པ་སྦྱིན་པའི་ཕྱིན་དྲུག་ལ་སྤྱོད་པ། །གཞན་སྣང་གདུལ་བྱ་འདུལ་བའི་བསྡུ་དངོས་བཞིའི་ཐབས་ལྡན། །འཇིགས་མེད་གཞན་ཕན་སྤྱོད་པའི་མྱུ་གུ་དེ་མཁྱེན་ནོ། །བདེན་བཞི་འཁོར་འདས་དབྱེར་མེད་གཞི་གནས་ཀྱི་དཀྱིལ་འཁོར། །གསལ་སྟོང་རིག་པའི་ཀློང་ན་ལྷན་སྐྱེས་སུ་གཅིག་པའི། །དོན་དམ་གཉུག་མའི་ཡེ་ཤེས་དབང་བཞི་ཡི་ངོ་བོ། །སྦྱིན་མཛད་སྨིན་བྱེད་དབང་གི་བླ་མ་དེ་མཁྱེན་ནོ། །ཐབས་ཀྱིས་རྟོག་པ་འདུལ་བྱེད་མཚན་བཅས་ཀྱི་ལྷ་སྐུ། །རང་ཤར་སྒྱུ་མའི་རོལ་པ་གཞིར་དབྱིངས་སུ་རྫོགས་པ། །སྣང་ཆ་ཆོས་སྐུའི་ངང་རོལ་རྫོགས་ཆེན་གྱི་སྦྱོར་བའི། །གྲོལ་བྱེད་གདམས་པ་སྦྱིན་པའི་བླ་མ་དེ་མཁྱེན་ནོ། །ཟང་ཐལ་རིག་སྟོང་ལྟ་བའི་རང་ངོ་ལ་གནས་པས། །བླང་དོར་འཛིན་ཞེན་དག་པའི་གཞི་གྲོལ་གྱི་འབྲས་བུ། །མ་བཅོས་ལྟ་སྒོམ་སྤྱོད་འབྲས་ཡེ་ཤེས་སུ་གཅིག་པའི། །འཁྲུལ་མེད་ལམ་བཟང་སྟོན་པའི་བླ་མ་དེ་མཁྱེན་ནོ། །རྨོངས་པས་འཁྲུལ་བ་བསྐྱེད་པའི་ཉམ་ཐག་གི་སེམས་ཅན། །འཁྲུལ་པས་རྨོངས་པ་བསླུས་ནས་ལོག་ལམ་དུ་འཕྱན་པ། །འཁྲུལ་མེད་རྨོངས་པ་སེལ་བའི་ལམ་བཟང་དེ་སྟོན་པའི། །ཐར་བའི་ལམ་གྱི་དེད་དཔོན་བླ་མ་དེ་མཁྱེན་ནོ། །ཚོགས་གཉིས་རྣམ་གྲངས་རྫོགས་པའི་ཡེ་ཤེས་ལ་སྦྱོར་ཞིང་། །མཐོང་བའི་བདེན་དོན་བསྒོམས་ནས་མི་སློབ་ལ་རེག་པ། །ལམ་བཟང་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་འགོད་པའི། །ལམ་སྟོན་བྱང་ཆུབ་སེམས་དཔའི་བླ་མ་དེ་མཁྱེན་ནོ། །རྟོགས་པའི་རབ་དགའ་དྲི་མེད་དམ་ཆོས་ཀྱི་འོད་སྣང་། །སྦྱངས་དཀའི་ལས་ཉོན་སྤོང་བའི་མངོན་སུམ་གྱི་ཡེ་ཤེས། །འཁོར་སྐྱོན་རིང་དུ་སོང་བའི་དག་པ་ལ་འདྲེན་པའི། །མཚུངས་མེད་ས་བཅུའི་དབང་ཕྱུག་བླ་མ་དེ་མཁྱེན་ནོ། །དབང་ཡུལ་རང་ངོས་སྟོང་པས་ཚོར་བའང་མི་དམིགས། །སེམས་རྟོག་འཁྲུལ་པ་ལགས་ཕྱིར་ཡུལ་དུ་ཡང་བདེན་མེད། །ཡང་དག་དྲན་པ་ཉེར་གཞག་ཤེས་རབ་ཀྱི་ངོ་བོ། །སྤྲོས་བྲལ་རྗེན་པར་སྟོན་པའི་བླ་མ་དེ་མཁྱེན་ནོ། །ངན་རྟོག་རང་ངོར་གྲོལ་བས་རང་མཚན་པ་མི་སྐྱེ། །རྟོགས་པ་རང་ངོ་སྤྲད་པས་རང་ཤུགས་ཀྱིས་འཆར་བ། །སྤང་བླང་ཡང་དག་སྤོང་བའི་སྤྱོད་མཆོག་ལ་སྦྱོར་བ། །ཆོས་སྐུའི་ཡེ་ཤེས་སྦྱིན་པའི་བླ་མ་དེ་མཁྱེན་ནོ། །རྩོལ་མེད་ངང་གནས་འདུན་པ་མི་བརྩོན་པའི་བརྩོན་པ། །རྟོག་བྲལ་ཟང་མ་ཐལ་བྱུང་དཔྱོད་བྱེད་ཀྱི་ཡེ་ཤེས། །མི་སྒོམ་སྒོམ་པའི་མཉམ་གཞག་རང་རིག་གི་ངོ་བོ། །ལྷན་སྐྱེས་རང་ངོ་སྤྲོད་པའི་བླ་མ་དེ་མཁྱེན་ནོ། །ཆོས་སྐུའི་གཤིས་ལ་མོས་པའི་བརྩོན་ལྡན་གྱི་རྣལ་འབྱོར། །དྲན་སྣང་དགོངས་པ་དབྱེར་མེད་ཡེ་ཤེས་སུ་འཆར་བ། །བསྒོམས་བྱུང་ཤེས་རྩལ་རྒྱས་པ་ཐེག་ཀུན་གྱི་རྩེ་མོས། །རྣམ་བྱང་དབང་པོ་བསྐྱེད་པའི་བླ་མ་དེ་མཁྱེན་ནོ། །མོས་བྲལ་ལེ་ལོ་བརྗེད་ངས་ཞི་ལྷག་གི་སྒྲིབ་པ། །དག་ཕྲད་སྐད་ཅིག་ཤེས་པས་གཅིག་གྲོལ་དུ་དག་སྟེ། །ཆོས་སྐུའི་གཤིས་ལ་མི་སྐྲག་ཆོས་ཉིད་ཀྱི་རྟོགས་མཆོག །སྟོབས་ལྔའི་ཕ་ཕོག་སྦྱིན་པའི་བླ་མ་དེ་མཁྱེན་ནོ། །ཡེངས་ཡུལ་ཆོས་ཉིད་གྲོལ་བའི་བསྒོམས་བྱུང་གི་ཤེས་རབ། །ངང་གནས་བརྩོན་པའི་ལག་རྗེས་སེམས་ལུས་ལ་ཤར་བའི། །ཏིང་འཛིན་རོ་གཅིག་དགོངས་པ་ཀུན་ཁྱབ་ཀྱི་ཡེ་ཤེས། །རྟོགས་པས་རང་ངོ་སྤྲོད་པའི་བླ་མ་དེ་མཁྱེན་ནོ། །ལྟ་བས་རྟོག་པ་གྲོལ་བའི་སྨྲ་སྤྱོད་ཀུན་ཡེ་ཤེས། །ཡུལ་སྣང་བདེ་ཆེན་འཆར་བའི་རྩོལ་མེད་ཀྱི་དྲན་པས། །བརྒྱ་ཕྲག་ཏིང་འཛིན་སྒོམ་ལ་སྐད་ཅིག་གིས་འཇུག་པའི། །སྒོམ་ལམ་རྟོགས་པ་བསྐྱེད་པའི་བླ་མ་དེ་མཁྱེན་ནོ། །ཟད་པའི་ཡེ་ཤེས་མཐོང་བའི་མཐར་ཐུག་གི་འབྲས་བུ། །མཁྱེན་པས་ཤེས་བྱ་ཁྱབ་ཅིང་འགྲོ་ཀུན་གྱི་ལམ་སྟོན། །སྲིད་ཞིའི་ཡུལ་ལས་འདས་པའི་གོ་འཕང་དེ་སྦྱིན་པའི། །ཐུགས་རྗེའི་མངའ་བདག་སྐུ་དྲིན་འཁོར་མེད་དེ་མཁྱེན་ནོ། །མཁྱེན་ནོ་བླ་མ་མཁྱེན་ནོ་མོས་གུས་ཀྱི་གདུང་ཤུགས། །གསོལ་འདེབས་ཚིག་ཏུ་ཤར་བའི་རྒྱང་འབོད་ཀྱི་གདུང་གླུ། །དྲིན་ཆེན་ཡེ་ཤེས་སྙན་གྱི་དབང་པོ་རུ་དེངས་ནས། །རྗེས་འཛིན་ཐུགས་རྗེ་གཡོ་བའི་ཕོ་ཉ་རུ་གྱུར་ཅིག །མོས་ལྡན་མོས་གུས་ལམ་གྱིས་སྐད་ཅིག་ལ་གྲོལ་ཏེ། །རྟོགས་པ་རྗེ་དང་དབྱེར་མེད་ཆོས་སྐུ་ཡི་ངང་ནས། །ཀུན་ཏུ་བཟང་པོའི་སྤྱོད་པས་མ་རྒན་རྣམས་གྲོལ་བའི། །ཕྲིན་ལས་རྩོལ་མེད་འབྱུང་ཞིག་བླ་མ་རྗེ་མཁྱེན་ནོ། །ལྷུན་གྲུབ་རྡོ་རྗེའི་བཀས་བསྐུལ་ནས། །ཨ་བུ་ཧྲལ་པོས་གང་དྲན་བྲིས། །བརྗོད་བྱ་བླ་མའི་ཡོན་ཏན་ཕྱིར། །འདི་ལ་ཕན་ཡོན་ཡོད་ཀྱང་སྲིད། །ཡོད་ན་མཐའ་ཡས་འགྲོ་ལ་བསྔོ། །

༈ བླ་མ་རྒྱང་འབོད་ཀྱི་ཚིག་འགྲེལ་བཞུགས་སོ། །གཞི་དབྱིངས་མི་འགྱུར་འཁོར་འདས་དབྱེར་མེད་ཀྱི་ཞིང་ཁམས། སོགས་ནས། མཁྱེན་ནོ། །རང་བཞིན་གདོད་མའི་གཞིའི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་བདེ་གཤེགས་སྙིང་པོ་ནི། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་ལྟར་སངས་རྒྱས་ནས་སེམས་ཅན་གྱི་བར་དུ་རང་ངོ་དབྱེར་མེད་པ་ཡིན་ལ། དེ་ནི་ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་ཞེས་བྱ་སྟེ་འཁོར་འདས་ཀྱི་སྤྱི་གཞི་ཡིན། དེའི་ངང་ལས་ཆོས་ཅན་འཁྲུལ་པའི་སྣང་བ་ལ་བདག་ཏུ་བཟུང་བས་མ་དག་འཁོར་བའི་སེམས་ཅན་དུ་བྱུང་ཞིང་འཁྲུལ་བ་ཡིན་ལ། ཆོས་ཅན་གྱི་སྣང་བ་དེ་དག་གི་འཆར་གཞི་ལྷུན་གྲུབ་ཀྱི་ཆོས་ཉིད་ཡིན་པས། དེའི་རྩལ་སྣང་ཀ་དག་གི་ཀློང་དུ་ནུབ་པ་ལ་ཆོས་ཉིད་ཟད་པའི་ཡེ་ཤེས་ཞེས་བྱ་སྟེ། དོན་རིག་སྟོང་ཐིག་ལེ་ཉག་གཅིག་རྟོག་བྲལ་གྱི་ཡེ་ཤེས་རང་ངོ་ཤེས་པས། མ་རིག་པ་གཞི་ལ་སངས་ཏེ་ཁྱད་ཆོས་དྲུག་གིས་སངས་རྒྱས་པའི་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དེ་ནི་སྐུ་གསུམ་གྱི་འཆར་གཞི་ཡིན་པས། བདེ་བར་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཏུ་བཞུགས་པ་ནི། མཐར་ཐུག་གྲོལ་སའི་ཀ་དག་གི་དབྱིངས་ངོ་བོ་ཉིད་ཀྱི་ཆོས་སྐུ་ཡིན་ནོ། །དེས་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ནི། ད་ལྟ་སྐུ་གསུམ་རྣམ་རོལ་བསམ་གྱིས་མི་ཁྱབ་ཀྱང་། སྐུ་ཚེ་དེར་སྣང་བཞིའི་རྟོགས་པ་མཐར་ཕྱིན་ནས་ཆོས་ཉིད་ཟད་པའི་ཡེ་ཤེས་མངོན་དུ་མཛད་དེ་རྫོགས་ཆེན་རང་ལམ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་གོ་འཕང་མངོན་དུ་མཛད་པ་ཡིན་པས་ཆོས་སྐུའི་བླ་མ་དྲི་མེད་འོད་ཟེར་ཞེས་བྱའོ། །རྫོགས་ཆེན་རང་ལམ་ནས་རྟོག་པ་གཞི་ཐོག་ཏུ་གྲོལ་ཏེ་སངས་རྒྱས་ཚད་ཁྱད་ཆོས་དྲུག་གིས་སངས་རྒྱས་པའང་ཡིན་ལ། གདོད་མའི་སངས་རྒྱས་ཡིན་པ་དང་། ཀུན་ཏུ་བཟང་པོ་ཡིན་པ་ལའང་ཚད་མེད་དོ། །བསྐྱེད་རྫོགས་ཟུང་འཇུག་སོགས། མཁྱེན་ནོ། །བློས་རིམ་གྱིས་བཅོས་ནས་བསྐྱེད་པའི་ཀུན་རྟོག་གི་བསྐྱེད་རིམ་དང་སྒྱུ་ལུས་ཀྱི་ལྷ་སྐུ་ཅིག་ཅར་དུ་རྫོགས་པའི་བསྒྲུབ་གཞི་ཡེ་ཤེས་ཀྱི་རླུང་འོད་ཟེར་ལྔ་པ་དང་རྫོགས་རིམ་གྱི་མཐར་ཐུག་བདེ་བ་ཆེན་པོའི་ཡེ་ཤེས་དབྱེར་མེད་པ་ནི་ལྷུན་གྲུབ་ཀྱི་སྣང་ཆ་ཞེས་བྱ་སྟེ། དེ་ཡང་རང་གནས་ཀ་དག་གི་སྟོང་དབྱིངས་དང་དབྱེར་མེད་པ་ནི་སྣང་སྟོང་དབྱེར་མེད་ཀྱི་ཞིང་ཁམས་ཞེས་བྱ། དེ་ཉིད་མངོན་དུ་གྱུར་པ་ལས་སྟོང་གཟུགས་ཀྱི་སྣང་བ་དང་དབྱེར་མེད་པའི་བདེ་ཆེན་གྱི་ཡེ་ཤེས་ནི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། ས་ལམ་གྱི་ཡོན་ཏན་ཐམས་ཅད་ཀྱང་གཞི་ལྷུན་གྲུབ་ཀྱི་སྣང་བ་དེའི་རྩལ་ལས་འཆར་བ་ནི་ས་ལམ་གཞིར་རྫོགས་ཡིན་ལ། ཡེ་ཤེས་སྒྱུ་མ་ལྟ་བུའི་རང་བཞིན་ལྷུན་གྲུབ་འོད་གསལ་གྱི་ལྷ་སྐུའམ་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུ་ཡིན་ནོ། །དེས་ན་སངས་རྒྱས་ཐམས་ཅད་སྐུ་གསུམ་གྱི་བདག་ཉིད་དུ་མཚུངས་ཀྱང་། རིག་འཛིན་འཇིགས་མེད་གླིང་པ་ནི་སྐུ་ཚེ་འདིར་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ཉམས་སུ་བླངས་ནས་རྣམ་སྨིན་རིག་འཛིན་གྱི་གོ་འཕང་མངོན་དུ་མཛད་དེ་བར་དོར་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་སྐུ་མངོན་དུ་མཛད་པས་ལོངས་སྐུའི་བླ་མ་མཁྱེན་བརྩེའི་འོད་ཟེར་ཞེས་སྨོས་སོ། །དམིགས་མེད་སྙིང་རྗེ་སོགས། མཁྱེན་ནོ། །འཁོར་གསུམ་བདེན་པར་ཞེན་པའི་བློའི་དམིགས་པ་ཐམས་ཅད་དང་བྲལ་བཞིན་དུ་རྩོལ་མེད་ཐུགས་རྗེ་ཆེན་པོ་ངང་གིས་འབྱུང་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་ཀྱི་རྩལ་ཡིན་པའི་སྔགས་ལམ་དུ་མི་འགྱུར་བའི་བདེ་ཆེན་ལ་སྙིང་རྗེའི་སྒྲས་བསྟན་པ་ལྟར་དང་། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཚུལ་གྱིས་དུ་མའི་གར་མཛད་དོ། །ཞེས་པ་ལྟར། ཐབས་སྙིང་རྗེ་བདེ་བ་ཆེན་པོའི་ཡེ་ཤེས་དེ་སྤྲུལ་པའི་རོལ་གར་མཐའ་ཡས་པའི་བྱེད་པོ་ཉིད་ཡིན་པས་སྤྲུལ་སྐུའི་འཆར་གཞི་ཡིན་ལ་སངས་རྒྱས་ཀྱི་སྤྲུལ་སྐུ་ནི་ཁམས་གསུམ་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་མངའ་བདག་ཡིན་ཡང་། སེམས་ཅན་ཐམས་ཅད་མཐར་ཐུག་ཐེག་པ་ཆེན་པོའི་ལམ་དུ་འགོད་པས་ན་རྒྱལ་སྲས་ཐམས་ཅད་ཀྱི་མངའ་བདག་ཅེས་བྱ་སྟེ་མངའ་དབང་བསྒྱུར་བའི་བདག་པོའོ། །དེ་བས་ན་རྩ་བའི་བླ་མ་སྐུ་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ངོ་བོ་དབྱེར་མེད་པར། ད་ལྟ་དངོས་སུ་རང་རེ་སོ་སོའི་སྐྱེ་བོས་མཇལ་དུ་ཡོད་པས་ན་སངས་རྒྱས་སྤྲུལ་སྐུ་ཡིན་ནོ། །དེ་ཡང་ཡིན་ཏེ། སངས་རྒྱས་ནི་གདུལ་བྱ་དུས་ལས་མི་ཡོལ་བར་གང་འདུལ་གྱི་སྤྲུལ་པར་བསྟན་ནས་འདུལ་བ་ཡིན་པ་དང་། མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལྟ་བུ་ཡང་དོན་དུ་མྱ་ངན་ལས་མི་འདའ་བར་རྟག་ཏུ་བཞུགས་པར་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡེ་སྣོད་ལས་གསུངས་ཤིང་ལྔ་བརྒྱའི་ཐ་མར་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་སངས་རྒྱས་ཉིད་ཀྱིས་གསུངས་པས་སངས་རྒྱས་དངོས་ཡིན་ནོ། །སྐུ་གསུམ་བརྒྱུད་པ་སོགས། མཁྱེན་ནོ། །བླ་མ་སྐུ་གསུམ་གྱི་བརྒྱུད་པ་ཐམས་ཅད་ཀྱང་རྩ་བའི་བླ་མ་ཁོ་ནར་འདུས་པ་ཡིན་ཏེ། བརྒྱུད་པ་ཐམས་ཅད་ནི་རྒྱལ་བ་དགོངས་བརྒྱུད་དུ་འདུས་པ་ཡིན་ལ། རྒྱལ་བའི་དགོངས་པ་ནི་རིག་སྟོང་ཐིག་ལེ་ཉག་གཅིག་གཉུག་མ་དོན་གྱི་ཡེ་ཤེས་དེ་ཡིན་ཞིང་། བླ་མ་དམ་པ་ནི་རྟག་ཏུ་དགོངས་པ་དེའི་ངང་ལ་རོལ་ཞིང་བཞུགས་པ་སྟེ། རིག་སྟོང་ཟུང་འཇུག་གི་དགོངས་པ་དེའི་སྣང་ཆ་ནི་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་གཞི་ཡིན་པས་ལྷ་དང་བླ་མ་ལ་སོགས་སྐྱབས་གནས་ཐམས་ཅད་ཀྱང་བླ་མའི་དགོངས་ཀློང་དུ་འདུས་པ་ཡིན་ནོ། །དབྱིངས་རིག་སོགས། མཁྱེན་ནོ། །དབྱིངས་སྟོང་པ་ཀ་དག་གི་ངོ་བོ་དང་རིག་པ་ཡེ་ཤེས་ཀྱི་རང་བཞིན་ཡུལ་དང་ཡུལ་ཅན་གཉིས་མེད་ཆུ་ལ་ཆུ་བཞག་པ་ལྟར་འདྲེས་པའི་དབྱེར་མེད་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡིན་ཞིང་། དག་པ་ཆེན་པོའི་དབྱིངས་དེ་དམ་པའི་ཆོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བརྗོད་བྱའི་དོན་མཐར་ཐུག་པ་ཡིན་ལ། དབྱིངས་རིག་དབྱེར་མེད་དག་པ་ཆེན་པོའི་དབྱིངས་དེ་ནི་སངས་རྒྱས་དང་ཆོས་གཉིས་ཀ་ཡིན་ལ། དགོངས་པ་དེ་རྟོགས་པ་ནི་འཕགས་པའི་དགེ་འདུན་ཡང་ཡིན་ཏེ། རྒྱུད་བླ་མ་ལས། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་པ་ལྟར་མཆོག་གསུམ་ངོ་བོ་གཅིག་པའི་དགོངས་པ་དང་ལྡན་པས་ན། བླ་མ་ནི་དཀོན་མཆོག་གསུམ་ཀ་འདུས་པའི་བདག་ཉིད་ཡིན་ལ། ཡོན་ཏན་མཛོད་ལས། རྒྱུ་ཡི་ཡུལ་ནི་དཀོན་མཆོག་རྣམ་པ་གསུམ། །སྔགས་སུ་དེ་ཡི་ངོ་བོ་བླ་མར་འདུས། །ཞེས་དང་། གཞན་ཡང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཞེས་པ་ལྟར་རོ། །ཆོས་ཟད་དགོངས་པ་སོགས། མཁྱེན་ནོ། །སྤྱིར་འོད་གསལ་གྱི་སྣང་བཞི་ལ། ཐོད་རྒལ་དུ་ལུགས་འབྱུང་དང་། ཁྲེགས་ཆོད་དུ་ལུགས་ལྡོག་གཉིས་དང་། རྫོགས་པ་ཆེན་པོའི་ལུགས་སུ་སྐུ་གསུམ་ལམ་སྣང་དུ་བཞེད་པ་ལའང་། རང་སྣང་ཡེ་ཤེས་ཀྱི་ལམ་དུ་ལུགས་ལྡོག་དང་། གཞན་སྣང་ཐུགས་རྗེའི་ངོས་ནས་ལུགས་འབྱུང་གཉིས་ལས། འདིར་ཕྱི་མ་གཉིས་ལྟར་བཤད་ན། སྤྲོས་བྲལ་རིག་པའི་ཡེ་ཤེས་ཆོས་ཉིད་ཟད་པའི་དགོངས་པ་རང་གནས་ཀ་དག་གི་གནས་ལུགས་ཡེ་ཇི་བཞིན་པའི་རྟོགས་པ་ནི་ཆོས་སྐུའི་ཡེ་ཤེས་ཡིན་ལ། དེ་ཉིད་བསྒོམ་མེད་ངང་གནས་ཀྱི་བསྒོམས་པས་ཚད་ལ་ཕེབས་ཏེ་རིག་གདངས་ཡེ་ཤེས་ཀྱི་རྣམ་རོལ་ལྷག་པར་རྒྱས་པ་ནི། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིའི་ངོ་བོ་ཡིན་པས་ལོངས་སྐུའི་དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞི་ཡིན། རྟོགས་པ་མངོན་སུམ་གྱི་ཡེ་ཤེས་དེ་ཉིད་ཐུགས་རྗེའི་རྩལ་རྫོགས་ཏེ། ཅིར་སྣང་ཡེ་ཤེས་ཀྱི་ངང་ལས་མི་འདའ་བཞིན་དུ་སངས་རྒྱས་ཀྱི་མཛད་པས་འགྲོ་བ་འདུལ་བ་ཇི་ལྟ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་སྤྲུལ་སྐུའི་སྣང་བ་ཡིན་ལ། དེས་ན་བླ་མ་དམ་པ་ནི་ཁྲེགས་ཆོད་ཀྱི་ལམ་ནས་སྣང་བཞི་ལུགས་ལྡོག་ཏུ་རྫོགས་པའང་ཡིན་ལ། གཞན་སྣང་ཐུགས་རྗེའི་ལམ་དུ་སྐུ་གསུམ་ལུགས་འབྱུང་དུ་འཆར་བའི་དགོངས་སྤྱོད་ལ་གནས་པའང་ཡིན་པས་སྐུ་གསུམ་དབྱེར་མེད་པའི་ངོ་བོ་ཡིན་ནོ། །ཐབས་མཁས་རྣམ་རོལ་སོགས། མཁྱེན་ནོ། །དུས་གསུམ་དུ་གཤེགས་ཤིང་བྱོན་པའི་བླ་མ། དགེ་བའི་བཤེས་གཉེན་འགྲོ་བའི་ལམ་སྟོན་དུ་བྱོན་པ་ཐམས་ཅད་ཀྱང་གནས་སྐབས་གདུལ་བྱ་འདུལ་ཚུལ་དང་བསྟུན་པ་སྐུའི་རྣམ་རོལ་ཏུ་མར་བསྟན་པ་ཡང་ངོ་བོ་དབྱེར་མེད་པ་ཡིན་ཏེ། དཔེར་ན་ཟླ་བའི་ངོ་བོ་གཅིག་ཉིད་ཆོས་ཀྱི་དབང་གིས་ཆེ་ཆུང་མི་འདྲ་བ་དུ་མར་ཡང་ཡང་འཆར་བ་བཞིན་ནོ། །ཟུང་འཇུག་གི་ཡེ་ཤེས་ཀྱི་ཀློང་ན་ཁྱབ་བྱ་ཡི་དམ་གྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་ཁྱབ་བྱེད་རིགས་ཀྱི་བདག་པོའང་བླ་མ་ཉིད་ཡིན་ཏེ། གཞིའི་ངོས་ནས་ཀྱང་རང་བཞིན་དབྱེར་མེད་པ་ཡིན་ལ། ལམ་རྣལ་འབྱོར་པས་བསྐྱེད་རྫོགས་ཉམས་སུ་ལེན་པའི་གནས་སྐབས་ན་ཡང་། ཡི་དམ་དཀྱིལ་འཁོར་གྱི་འཁོར་ལོ་ཇི་སྙེད་པ་ཡང་བླ་མའི་རྣམ་རོལ་ཏུ་ཤེས་དགོས་པའི་ཕྱིར་རོ། །ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ནི་ནང་དབྱིངས་དོན་གྱི་ནམ་མཁའ་ཡིན་ལ། དབྱིངས་དེའི་ཆོས་ཉིད་དགོངས་པའི་རྩལ་གྱིས་མངོན་དུ་མཛད་པ་ནི་ཆོས་ཉིད་ཀྱི་མཁའ་ལ་འགྲོ་བའི་དོན་ཏེ། དེས་ན་རྩ་བ་གསུམ་དབྱེར་མེད་པའི་བདག་ཉིད་ཀྱང་བླ་མ་ཉིད་ཡིན་ནོ། །སྲིད་ལ་མི་འཇིགས་སོགས། མཁྱེན་ནོ། །སྲིད་པ་འཁོར་བའི་རང་བཞིན་སྒྱུ་མ་ལྟར་རྟོགས་པས་འཇིགས་པ་མེད་ཅིང་འགོག་པ་མེད་པའི་སྙིང་རྗེ་ཆེན་པོའི་ཐུགས་དང་ལྡན་པས་སྲིད་པ་མི་འདོར་ལ། ཞི་བའི་དབྱིངས་ལ་ཞེན་པ་མེད་ཀྱང་དགོངས་ཀློང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་དབྱེར་མེད་པར་བཞུགས་པས་སྲིད་ཞི་གཉིས་ཀྱི་མཐར་མི་གནས་པའི་གོ་འཕང་བརྙེས་པ་སྟེ། ལྟ་བ་ཐོས་བསམ་གྱི་ཤེས་རབ་དེ་ཉིད་རྟོགས་པ་མངོན་སུམ་གྱི་ཡེ་ཤེས་སུ་རྒྱས་པའི་རྩ་བའི་བླ་མ་ནི་མི་གནས་མྱང་འདས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ། །ཐབས་ཀྱི་མཛད་སྤྱོད་སོགས། མཁྱེན་ནོ། །ཐབས་ལ་མཁས་པའི་མཛད་སྤྱོད་ནི་གདུལ་བྱའི་སྣང་བ་དང་བསྟུན་ནས་གང་ཞིག་གང་གིས་འདུལ་ལ་དེ་ལྟར་སྟོན་ཡང་། ཐུགས་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་དགོངས་པ་ནི། དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཁྱད་ཆོས་གང་ཡིན་པ་ལ་གནས་ཤིང་རྒྱལ་བའི་མཛད་པ་ལྷུན་གྱིས་གྲུབ་པ་ཡིན་ཏེ། ཇི་སྐད་དུ། རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་པ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། ཅེས་སོ། །དེས་ན་སྲིད་ཞི་གཉིས་ཀའི་མཐའ་ལ་འཇིགས་པ་མེད་ཅིང་རྒྱལ་བའི་ལོ་ཏོག་དངོས་སུ་སྐྱེད་པའི་མྱུ་གུ་ལྟ་བུ་ཡིན་ནོ། །བདེ་བས་སྤངས་སོགས། མཁྱེན་ནོ། །བདེ་བས་སྤངས་པ་སྟེ་བདེ་བ་དང་མི་ལྡན་པའི་དང་། སྡུག་བསྔལ་མངོན་དུ་གྱུར་པའི་སེམས་ཅན་གཉིས་ལ་བདེ་བ་དང་ཕྲད་པར་འདོད་པ་དང་སྡུག་བསྔལ་དང་བྲལ་བར་འདོད་པ་ནི་བྱམས་པ་དང་སྙིང་རྗེ། བདེ་བ་དང་ཕྲད་ཅིང་སྡུག་བསྔལ་དང་བྲལ་བའི་སེམས་ཅན་ལ་དམིགས་ནས་དེ་དང་མི་འབྲལ་བར་འདོད་པའི་རབ་དགའ་ནི་དགའ་བ་ཚད་མེད། དེ་གསུམ་པོའང་མཐའ་ཡས་པའི་སེམས་ཅན་ལ་རོ་གཅིག་ཏུ་སྙོམས་ཤིང་ཉེ་རིང་དང་བྲལ་བ་ནི་བཏང་སྙོམས་ཚད་མེད། བཞི་ཀའང་དམིགས་པ་མེད་པའི་ཡེ་ཤེས་ཀྱི་རྩིས་ཟིན་པས་ན་དམིགས་པ་མེད་པའི་བྱམས་པ་སོགས་ཚད་མེད་པ་བཞི་པོ་ནི་རང་དོན་ཡིད་བྱེད་ཉན་རང་གི་བློས་འཇིགས་པ་མེད་ཅིང་བདེན་གཉིས་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་བླ་ན་མེད་པའི་མྱུ་གུ་ལྟ་བུ་ཡིན་ནོ། །སྦྱིན་གསུམ་སོགས། མཁྱེན་ནོ། །ཆོས་དང་ཟང་ཟིང་མི་འཇིགས་པའི་སྦྱིན་པ་རྣམ་གསུམ་ནི་སེམས་ཅན་ལ་དངོས་སུ་ཕན་འདོགས་པས་འབྲས་བུ་བཟང་པོ་ལྟ་བུ་དང་། ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པས་ལྗོན་ཤིང་གི་སྡོང་པོ་ལྟ་བུ། ཉེས་སྤྱོད་སྡོམ་པའི་མི་མཐུན་པའི་ཕྱོགས་གཞན་ལ་ཁོང་ཁྲོ་བ་དང་། དགེ་བ་ཆོས་སྡུད་ཀྱི་མི་མཐུན་ཕྱོགས་ཆོས་ཕྱིར་དཀའ་སྤྱད་མི་ནུས་པ་དང་། སེམས་ཅན་དོན་བྱེད་ཀྱི་མི་མཐུན་པའི་ཕྱོགས་ཐེག་པ་ཆེན་པོའི་ཆོས་ལ་མི་མོས་པ་དང་གསུམ་པོ་སྤངས་པའི་བཟོད་པ་ནི་མི་མཐུན་རླུང་གིས་མི་གཡོ་བ་ལྟ་བུ་སྟེ་གསུམ་པོ་འདི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ལ། གཞུང་གཞན་དུ་ཚུལ་ཁྲིམས་ཀྱི་རྒྱུར་བཤད་པ་ནི། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་སྲུང་ངོ་། །ཞེས་ཉེས་སྤྱོད་སྡོམ་པ་དང་། ཟང་ཟིང་གི་སྦྱིན་པ་ཙམ་ལ་དགོངས་ལ། འདིར་བྱང་ཆུབ་སེམས་དཔའི་སྦྱིན་པ་གསུམ་པོ་འཇུག་པའི་ཚུལ་ཁྲིམས་རྒྱུད་ལྡན་གྱི་གང་ཟག་ལ་ཡོད་ཀྱི་གཞན་ལ་ཇི་ལྟ་བ་བཞིན་མི་འབྱུང་བས་ཚུལ་ཁྲིམས་ཀྱི་འབྲས་བུར་བཞག་པ་ལ་འགལ་བ་མེད་དོ། །ཞི་གནས་ནི་བསམ་གཏན་གྱི་ངོ་བོ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ལྷག་མཐོང་ནི་ཤེས་རབ་ཀྱི་ངོ་བོ་ཤེས་རབ་ཀྱི་བསླབ་པ་སྟེ། གསུམ་གའི་གྲོགས་བརྩོན་འགྲུས་ཀྱི་ཕར་ཕྱིན་ཡིན་པས། ཞི་ལྷག་གི་ཚུལ་བརྩོན་འགྲུས་རྐང་པས་འཐུང་བས་ཡོན་ཏན་གྱི་ཁོ་ལག་རྫོགས་པར་འགྱུར་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་སོ། །དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ནི་རང་རང་གི་མི་མཐུན་ཕྱོགས་ཀྱིས་འཇིགས་པ་མེད་ཅིང་བསླབ་གསུམ་ཡོངས་སུ་རྫོགས་པའི་མྱུ་གུ་ལྟ་བུ་ཡིན་ནོ། །རྨོངས་པ་གཏོང་བའི་སོགས། མཁྱེན་ནོ། །རྨོངས་པའི་གཞན་དབང་དུ་གྱུར་པའི་སེམས་ཅན་རྣམས་ནི་ཆོས་ལས་ཀྱང་ཟང་ཟིང་དོན་དུ་གཉེར་བ་ཡིན་པས། དང་པོར་གཏོང་བའི་ཕྱག་གིས་གདུལ་བྱ་འཁོར་དུ་བསྡུ་བ་ནི་སྦྱིན་པ་འཁོར་དུ་འདུས་པ་ལ་ཐེག་པ་ཆེན་པོའི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པ་ནི་སྙན་སྨྲ། ལམ་དེ་ཡང་དངོས་སུ་ཉམས་སུ་བླངས་ནས་སྒྲུབ་ཏུ་འཇུག་པ་ནི་དོན་སྤྱོད་པ། བདག་ཉིད་ཀྱང་ལམ་དེའི་རྗེས་སུ་འཇུག་པས་ཕྱིན་དྲུག་ལ་སྤྱོད་པ་ནི་དོན་མཐུན་ཏེ། མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་སོ། །དེས་ན་བསྡུ་བའི་དངོས་པོ་བཞི་ནི་རང་གི་རང་དོན་ཕྱོགས་གཅིག་པའི་གནས་ལ་འཇིགས་པ་མེད་ཅིང་གཞན་ཕན་སྤྱོད་པའི་མྱུ་གུ་ལྟ་བུའོ། །བདེན་བཞི་འཁོར་བའི་སོགས། མཁྱེན་ནོ། །འཁོར་བའི་རྒྱུ་འབྲས་ཀུན་འབྱུང་དང་སྡུག་བསྔལ་གྱི་བདེན་པ་གཉིས་དང་། མྱང་འདས་ཀྱི་རྒྱུ་འབྲས་འགོག་པ་དང་ལམ་གྱི་བདེན་པ་གཉིས་པོ་དབྱེར་མེད་པ་ནི་ལྟ་བ་འཁོར་འདས་དབྱེར་མེད་ཅེས་བུམ་དབང་གི་ལྟ་བ་དངོས་ཡིན་ཏེ། དེ་ཡང་སྣང་སྲིད་སྣོད་བཅུད་ཐམས་ཅད་གཞི་གནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་རྟོགས་པས་སྡུག་བདེན་འཁོར་བའི་སྣོད་བཅུད་འགོག་བདེན་སྐུ་དང་ཡེ་ཤེས་སུ་དབྱེར་མེད་ཅིང་། ཉོན་མོངས་དུག་ལྔ་ཡེ་ཤེས་ལྔའི་རྣམ་རོལ་དུ་འཆར་ཞིང་། ཐབས་ཀྱིས་ཟིན་པའི་སྦྱོར་སྒྲོལ་གྱི་དགེ་བའི་རྣམ་པ་ཅན་ལ་ལམ་དུ་བྱེད་པས་ཀུན་འབྱུང་ལས་ཉོན་གཉིས་པོ་ལམ་བདེན་དང་དབྱེར་མེད་དུ་ལྟ་བ་ཡིན་ནོ། །དེ་ལྟ་བུའི་ལྟ་བ་དེ་ཡང་གྱ་ནོམ་ལྷར་ཞེན་གྱི་མཚན་རྟོག་དང་བྲལ་ཏེ་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གསང་དབང་གི་ངོ་བོ་དང་། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤེར་དབང་གི་ངོ་བོ་སྟེ། དེ་ཐམས་ཅད་ཀྱང་ཟུང་འཇུག་དོན་དམ་པའི་ངོ་བོར་གཉུག་མ་མ་བཅོས་པའི་ཆོས་ཉིད་ཚིག་དབང་གི་ཡེ་ཤེས་ཀྱི་ངོ་བོར་དབྱེར་མེད་པ་ནི་དབང་བཞི་བའི་ཡེ་ཤེས་རོ་གཅིག་པ་སྟེ་དེ་ཉིད་ངོ་སྤྲོད་པ་པོ་ནི་སྨིན་བྱེད་དབང་གི་བླ་མ་ཡིན་ནོ། །ཐབས་ཀྱིས་རྟོག་པ་འདུལ་བྱེད་སོགས། མཁྱེན་ནོ། །ཐབས་བསྐྱེད་རིམ་རྣམ་རྟོག་ལ་བརྟེན་ནས་ཐ་མལ་སྣང་ཞེན་གྱི་རྣམ་རྟོག་འདུལ་བྱེད་མཚན་བཅས་ཀྱི་ལྷ་སྐུ་ནི་བསྐྱེད་རིམ། རང་ཤར་སྒྱུ་མ་ལྟ་བུའི་རོལ་པ་བདེ་བ་ཆེན་པོའི་འོད་གསལ་གྱི་རྩལ་ལས་སྣང་སྲིད་ལྷའི་རྣམ་རོལ་གཞིར་བཞེངས་སུ་རྫོགས་པ་ནི་རྫོགས་རིམ་གྱི་ལྷ་སྐུ། བསྐྱེད་རིམ་མཚན་བཅས་ཀྱི་ལྷ་སྐུའམ། རྫོགས་རིམ་སྒྱུ་མའི་ལྷ་སྐུ་གང་ཡིན་ཡང་སྣང་ཆ་ཞལ་ཕྱག་གི་རྣམ་པ་དོན་དམ་འོད་གསལ་གྱི་ཀློང་དུ་བསྡུས་པའི་རིག་སྟོང་ཐིག་ལེ་ཉག་གཅིག་སྤྲོས་བྲལ་དོན་གྱི་ཡེ་ཤེས་ནི་མཐོང་ལམ་འོད་གསལ་གྱི་ལྷ་སྐུ་ཞེས་རྫོགས་ཆེན་ཁྲེགས་ཆོད་ཀྱི་དགོངས་པ་ཀ་དག་གི་གནས་ལུགས་དང་། ཡང་ལྷུན་གྲུབ་འོད་གསལ་གྱི་སྣང་ཆ་ཚད་ཕེབས་རིག་གདངས་ཀྱི་དཀྱིལ་འཁོར་དང་། ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཀ་དག་དོན་གྱི་འོད་གསལ་གཉིས་དབྱེར་མེད་པ་ལ་རོལ་པ་ནི་སྒོམ་ལམ་ཟུང་འཇུག་གི་ལྷ་སྐུ་ཞེས་རྫོགས་པ་ཆེན་པོ་ཐོད་རྒལ་གྱི་དགོངས་པ་ཀ་དག་དང་ལྷུན་གྲུབ་དབྱེར་མེད་པའི་གནས་ལུགས་ཡིན་ཏེ། ཡེ་ཤེས་ཞབས་ཀྱིས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཀུན་གྱི་ངོ་བོ་རིམ་གཉིས་འདིར། །ཞེས་པའི་འགྲེལ་བར་བི་ད་པ་དས། འདིར་རྫོགས་པ་ཆེན་པོ་ནི་རིམ་པ་གཉིས་པའི་རིམ་པ་གཉིས་པའོ། །ཞེས་པ་ལྟར་སྤྱིར་གསང་སྔགས་ཀྱི་ལམ་ཐམས་ཅད་བསྐྱེད་རྫོགས་རིམ་པ་གཉིས་སུ་འདུས་པའི་རིམ་པ་གཉིས་པ་རྫོགས་རིམ་དེ་ལ་ཡང་རིམ་པ་གཉིས་སུ་ཕྱེ་བའི་སྣང་ཆ་སྒྱུ་མ་ལྟ་བུའི་ལྷ་སྐུ་ནི་རྫོགས་པའི་རིམ་པ་དང་། ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་རྫོགས་པ་ཆེན་པོར་བཞེད་པ་ལྟར། གསང་སྔགས་སྔ་འགྱུར་བའི་ནང་རྒྱུད་ཡོ་ག་གསུམ་གྱི་དགོངས་དོན་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་གདམས་པ་སྟོན་པ་ནི་མན་ངག་ལུང་གི་སློབ་དཔོན་ཡིན་ནོ། །དག་དབྱིངས་བདེ་གཤེགས་སྙིང་པོ་སོགས། མཁྱེན་ནོ། །ཡེ་ནས་དག་པ་ཆེན་པོའི་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་སྐུ་དང་ཡེ་ཤེས་རྒྱ་མཚོ་སྤྲོ་གཞི་ཉི་མའི་དཀྱིལ་འཁོར་ལྟ་བུ་ནི། རང་བཞིན་གཞིའི་རྒྱུད་དམ་གཞི་གནས་ཀྱི་ཆོས་སྐུ་སྟེ་རང་ངོ་རྣམ་པར་དག་པ་ཡིན་ཡང་སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བའི་སྒྲིབ་པའི་སྦུབས་སུ་ཆུད་པས་ཁམས་སམ་རིགས་ཞེས་བྱ། སྒྲིབ་གཉིས་ཀྱི་དྲི་མ་གློ་བུར་བ་དེ་དག་པར་བྱེད་པ་དང་། དག་བཞིན་པའི་གནས་སྐབས་ཀྱི་རྟོགས་པ་མཉམ་གཞག་སྤྲོས་བྲལ་གྱི་ཡེ་ཤེས་ལྷག་མཐོང་གི་ངོ་བོ་ནི། ལམ་གྱི་རྒྱུད་དམ་མཉམ་གཞག་གི་ཆོས་སྐུ་ཞེས་བྱ། དག་བྱེད་ལམ་རྒྱུད་ཀྱི་རྩོལ་བ་ལ་བརྟེན་ནས་གཞིའི་དྲི་མ་ཉོན་ཤེས་བག་ཆགས་དང་བཅས་པ་དག་འབྲས་ངོ་བོ་ཡེ་དག་དང་རང་བཞིན་འཕྲལ་དག་སྟེ་དག་པ་གཉིས་ལྡན་ནི་འབྲས་རྒྱུད་དམ་མཐར་ཐུག་གི་ཆོས་སྐུ་སྟེ། རྒྱུད་གསུམ་པོ་ནི་ངོ་བོ་དབྱེར་མེད་པ་ཡིན་ལ། དེ་སྟོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དུ་སྣང་བ་རྣམས་འཆད་པ་ཡང་ཤེས་རབ་རྒྱུད་ཀྱི་སློབ་དཔོན་ཡིན་ནོ། །ཟང་ཐལ་རིག་སྟོང་ལྟ་བ་སོགས། མཁྱེན་ནོ། །སྤྱིར་ལྟ་བས་གཞི་བཟུང་། སྒོམ་པས་ཉམས་སུ་བླང་། སྤྱོད་པས་བོགས་དབྱུང་སྟེ། མཐར་ཐུག་གི་འབྲས་བུ་ལ་སྦྱོར་བ་རྒྱུད་སྡེ་སྤྱི་སྐད་ལ་གྲགས་ཀྱང་། རང་བཞིན་རྫོགས་པ་ཆེན་པོའི་ལམ་དུ། ཟང་ཐལ་རིག་སྟོང་གི་ལྟ་བ་མངོན་སུམ་དུ་མཐོང་བ་དེ་ཉིད་ཀྱི་རང་ངོ་ལ་གནས་པ་ནི་སྒོམ་པ་དང་། ལྟ་བ་དེས་ཟིན་པས་སྤྱོད་པའི་ཆ་ཐམས་ཅད་ལ་བླང་དོར་འཛིན་ཞེན་དག་པ་ནི་སྤྱོད་པ། གཞི་ལྟ་བའི་ངོ་བོ་དེ་ཉིད་ཡེ་གྲོལ་གྱི་ཆོས་ཉིད་དུ་གནས་པ་ནི་འབྲས་བུ་སྟེ། མ་བཅོས་རང་བཞག་གི་ཆོས་ཉིད་གཅིག་གི་ཀློང་དུ་ལྟ་སྒོམ་སྤྱོད་འབྲས་ཡེ་ཤེས་སུ་རོ་གཅིག་པ་འཁྲུལ་མེད་རྫོགས་ཆེན་གྱི་ལམ་བཟང་ཡིན་ནོ། །རྨོངས་པས་འཁྲུལ་པ་སོགས་མཁྱེན་ནོ། །ཐོག་མར་རང་བཞིན་ལྷན་ཅིག་སྐྱེས་པའི་མ་རིག་པས་རྨོངས་པའི་རྒྱུ་བྱས་ནས་ཀུན་ཏུ་བརྟགས་པའི་འཁྲུལ་པ་བསྐྱེད་པ་ལ་བརྟེན་ནས་འཁོར་བའི་གནས་སུ་ཉམ་ཐག་པའི་སེམས་ཅན་རྣམས། འཁྲུལ་པའི་རང་བཞིན་གནས་སྐབས་ཀྱི་བདེ་བ་དང་། གྲུབ་མཐའ་ངན་པའི་འདོད་ཞེན་གྱིས་བསླུས་ཏེ་ལོག་པའི་ལམ་དུ་འཕྱན་པ་རྣམས་ལ། གནས་སྐབས་སུ་འཁྲུལ་པ་མེད་པར་རྒྱལ་བའི་བཀའ་ཡང་དག་པའི་ཆོས་བསྟན་ནས། མཐར་ཐུག་རྨོངས་པ་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྦྱིན་པས་ཐར་པའི་ལམ་གྱི་དེད་དཔོན་ཞེས་བྱའོ། །ཚོགས་གཉིས་རྣམས་གྲངས་སོགས། མཁྱེན་ནོ། །སྤྱིར་རྒྱུ་མཚན་ཉིད་ཀྱི་ཐེག་པའི་ལུགས་སུ་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་པར་གོམས་པར་བྱེད་པ་ཚོགས་ལམ། བསྒོམས་བྱུང་གི་ཤེས་རབ་རྒྱས་ཏེ་མཐོང་ལམ་གྱི་ཡེ་ཤེས་ལ་སྦྱོར་བས་སྦྱོར་ལམ། བདེན་པ་བཞིའི་ཆོས་ཅན་དང་ཆོས་ཉིད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པ་ནི་མཐོང་ལམ། མཐོང་ཟིན་གོམས་པར་བྱེད་པ་སྒོམ་ལམ། བསླབ་བྱ་མཐར་ཐུག་ནས་སློབ་ཏུ་མེད་པ་ནི་མི་སློབ་པའི་ལམ་དུ་བཞེད་ཀྱང་། རང་བཞིན་རྫོགས་པ་ཆེན་པོའི་ལམ་ལྔ་རིག་པའི་ཐིག་ལེར་ཅིག་ཅར་དུ་རྫོགས་པ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་སྦྱིན་པ་ལ་སོགས་པ་ལྔ་པོའང་རྩ་བ་སེམས་ལ་བརྟེན་པ་ཡིན་པས། རང་རང་གི་མི་མཐུན་ཕྱོགས་ཀྱི་བློ་དང་བྲལ་བ་ནི་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་མཐར་ཐུག་པ་ཡིན་གྱི། ལག་ལེན་གྱི་ངོས་ནས་ཕ་རོལ་ལ་ཕན་ཐོགས་པ་སོགས་གཙོ་མི་ཆེ་བའི་ཚུལ་སྤྱོད་འཇུག་ལས། གལ་ཏེ་སེམས་ཅན་དབུལ་བོར་བ། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །ད་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །ཞེས་དང་། ཉ་ལ་སོགས་པ་གང་ཞིག་ཆུ། །དེ་དག་གསོད་མི་འགྱུར་བར་སྤོང་། །སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །སེམས་ཅན་མི་སྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོང་མི་ལང་། །ཁྲོ་བའི་སེམས་དེ་གཅིག་ཆོམས་ན། །དགྲ་དེ་ཐམས་ཅད་ཆོམས་དང་འདྲ། །ཞེས་དང་། སེམས་གསལ་གཅིག་བསྐྱེད་འབྲས་བུ་གང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །ལུས་ངག་བཅས་པའི་འབྲས་བུ་ཡང་། །སྤྱོད་པ་ཞན་པས་དེ་ལྟར་མིན། །ཞེས་པ་དང་། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་སོགས་རིམ་པས་གསུངས་པ་ལྟར་ཡིན་ལ། མཉམ་གཞག་གི་ཡེ་ཤེས་སྤྲོས་བྲལ་ཟང་མ་ཐལ་བྱུང་དུ་རྟོགས་པའི་ཉམས་ལེན་གྱི་ངོས་ནས་མ་ཆགས་མི་དམིགས་པའི་སྦྱིན་སོགས་ཐབས་ཀྱི་ཆ་ཡང་རང་ཤུགས་ཀྱིས་ཚང་ཞིང་རྗེས་ཤེས་རྟོགས་པའི་རྩལ་སྣང་ཡང་མཉམ་གཞག་གི་ཡེ་ཤེས་དེའི་རྩལ་ལས་ཤར་བས་བདེན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་དང་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྩལ་སྣང་གོང་འཕེལ་དུ་འགྱུར་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་ཆེན་པོ་སྐད་ཅིག་གཅིག་ལ་རྫོགས་པས་ན། རོང་ཟོམ་པ་ཆེན་པོས། ཚོགས་གཉིས་རྒྱ་ཆེན་པོ་རྫོགས་པས་ན་རྫོགས་པ་ཆེན་པོའོ། །ཞེས་སྒྲ་བཤད་བཞག་པ་ཡིན། ཚོགས་ཆེན་ཡེ་རྫོགས་རིག་པའི་ངོ་བོ་མཐོང་བ་ནི་ཚོགས་ལམ་ཡིན་ལ། འདིར་ཁ་ཅིག་རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པ་ལ་རིག་པ་རྐྱང་འདེད་བྱེད་པ་ཉིད་ལམ་ཡིན་གྱི། དེ་ལས་གཞན་པའི་ཐབས་ཀྱི་ཕྱོགས་ཐམས་ཅད་གོལ་ས་ཡིན་ནོ་ཞེས་ཁྱད་དུ་གསོད་ཅིང་། ལྟ་བ་མཐོང་བའི་རྣལ་འབྱོར་པ་ལ་སྙིང་རྗེ་དང་ངེས་འབྱུང་སོགས་ལམ་གྱི་ཡོན་ཏན་མེད་པར་འདོད་པ་དང་། དེ་དག་གི་ཞེ་འདོད་ངན་པ་དེ་ཐོས་ནས་མ་བརྟགས་པར་སྨྲ་བའི་མཁས་རློམ་ཁ་ཅིག་རྫོགས་ཆེན་ནས་སྤྱོད་ཕྱོགས་ཁྱད་དུ་བསད་པས་ཆོས་ཡང་དག་པ་མ་ཡིན་ནོ། །ཞེས་སྐུར་པ་འདེབས་ཤིང་ཆོས་སྤོང་གི་ལས་གསོག་པ་ནི་རྫོགས་པ་ཆེན་པོའི་དགོངས་པ་ཕྱོགས་ཙམ་ཡང་མ་རྟོགས་ཤིང་། སྔོན་བྱོན་རྫོགས་ཆེན་གྱི་གྲུབ་བརྙེས་དེ་དག་གི་རྣམ་ཐར་ཙམ་ཡང་མ་མཐོང་བར་ཟད་དེ། རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་དགོངས་པ་མངོན་སུམ་དུ་རྟོགས་པ་ན། རྗེས་ཤེས་ཀྱི་ཆ་ཐམས་ཅད་ཞེན་མེད་དང་དམིགས་མེད་འབའ་ཞིག་ཏུ་འཆར་བས་ཡོ་བྱད་ཀྱི་ཆགས་ཞེན་སོགས་དང་ངང་གིས་འབྲལ་ཞིང་ཁོང་ཁྲོ་དང་འཁོན་འཛིན་རང་གཞན་གྱི་ཆགས་སྡང་ཐམས་ཅད་རང་ཤར་རང་གྲོལ་དུ་དག་སྟེ། གཞན་གནོད་གཞི་བཅས་ལས་ལྡོག་ཅིང་དགེ་སྦྱོང་གི་ཆོས་བཞི་ངང་གིས་གནས་པ་དང་། མི་བརྩོན་པའི་བརྩོན་པ་རང་བབས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་ཤིང་། ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་བསྒོམས་བྱུང་གི་ཤེས་རབ་ཏུ་ཤར་ཏེ། ཚིག་དོན་གྱི་མཁྱེན་པ་སོགས་ཀློང་བརྡོལ་ནས་ཕྱིན་དྲུག་གི་ཡོན་ཏན་ཐམས་ཅད་ཆེད་དུ་འབད་རྩོལ་མེད་པར་ཤུགས་ཀྱིས་འབྱུང་བ་ཞིག་ཡིན་པ། རྫོགས་པ་ཆེན་པོའི་བཀའ་དང་བསྟན་བཅོས་ཐམས་ཅད་ནས་བཤད་ཅིང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་རིག་འཛིན་འཇིགས་མེད་གླིང་པ་ལ་སོགས་པ་སྔོན་གྱི་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ལ་བལྟས་པས་ཀྱང་ཤེས་པ་ཡིན་ནོ། །དེ་ལྟར་ནའང་རྫོགས་ཆེན་གྱི་གཞུང་ནས་རང་བཞིན་བཅུས་རྩོལ་སྒྲུབ་མེད་པར་བསྟན་པས་སྤྱོད་ཕྱོགས་ངེས་པར་དོར་རོ་སྙམ་ན། དེ་ལྟ་བུ་ནི་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ནས་ཀ་དག་དང་ལྷུན་གྲུབ་ཟུང་འཇུག་གི་ལམ་ནས་ཚེ་གཅིག་གི་འོད་ལུས་སུ་སྒྲུབ་པ་རྣམས་ལ་གཙོ་བོར་དགོངས་ཤིང་ཆོས་ཉིད་ཀྱི་ངོས་ནས་བདེན་ཞེན་གཅོད་པ་ཙམ་དུ་ཟད་དེ། མདོ་སྡེ་རྣམས་ལས་ཀྱང་རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་པ་ལ་ཧ་ཅང་མི་བརྩོན་པར་གསུངས་པ་དང་། ཤེར་ཕྱིན་ནས་ལམ་དང་ཡེ་ཤེས་ཐམས་ཅད་མེད་པར་བསྟན་པ་ལྟ་བུ་ཡིན་ཏེ་འཁོར་གསུམ་བདེན་ཞེན་དང་བཅས་པ་དང་། ལན་དང་རྣམ་སྨིན་ལ་རེ་བའི་ཕ་རོལ་ཕྱིན་དྲུག་ནི། སངས་རྒྱས་ཀྱི་ལམ་མ་ཡིན་པར་རྒྱལ་བ་སྲས་བཅས་ཀྱི་བཞེད་པ་མཐུན་ཞིང་། ཡོ་བྱད་ཐམས་ཅད་བཅངས་ནས་སྦྱིན་གཏོང་མི་དགོས་པ་དང་། ཚུལ་ཁྲིམས་འཆལ་བས་ལམ་གྱི་བར་ཆད་མི་བྱེད་པ་སོགས་རྫོགས་པ་ཆེན་པོའི་གཞུང་ནས་ཚིག་གཅིག་ཀྱང་བཤད་མེད་པས། རང་གིས་མ་རྟོགས་རྟོགས་རློམ་གྱི་མངོན་པའི་ང་རྒྱལ་རྒྱུ་མཚན་དུ་བྱས་ཤིང་། སྤྱོད་ངན་གྱི་རྒྱབ་བརྟེན་ཆོས་ལ་བཅོལ་ནས་བསྟན་པའི་བླ་འཚོང་བ་དང་། གང་ཟག་གི་བློ་སྐྱོན་ཆོས་ལ་བཀལ་ནས་ཡང་དག་པའི་གཞུང་ལ་བབ་ཅོལ་དུ་སྐུར་པ་འདེབས་ཀྱང་ངན་སོང་གི་གཏིང་རྡོར་མཚུངས་པ་ཡིན་ནོ། །དེས་ན་མཉམ་གཞག་གི་རྟོགས་པའི་ཡེ་ཤེས་དེ་ཉིད་ཡང་དག་པ་ཡིན་མིན་རྗེས་ཤེས་རབ་དང་སྙིང་རྗེའི་རྩལ་འབར་མི་འབར་ཁོ་ནས་ཕྱེ་བ་ཡིན་ཏེ། གནས་ལུགས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་རྟོགས་ན་མཉམ་རྗེས་སྟོང་དང་སྙིང་རྗེ་གཉིས་གཅིག་གྲོགས་གཅིག་གིས་བྱས་ཏེ་གོང་ནས་གོང་དུ་འཕེལ་ཞིང་ཚོགས་གཉིས་འབད་མེད་དུ་རྫོགས་པ་ཡིན་ནོ། །དེ་ལྟ་བུའི་རྗེས་ཤེས་ཀྱི་རྩལ་ཚོགས་གཉིས་རྫོགས་པའི་རྒྱུ་ལམ་གྱི་སྒྲིབ་པ་ཇེ་ཕྲ་ཇེ་སྲབ་ཏུ་སོང་ནས་མཉམ་གཞག་གི་ཡེ་ཤེས་ཆོས་ཟད་ཀྱི་དགོངས་པ་མཐོང་བ་ལ་སྦྱོར་བ་ནི་སྦྱོར་ལམ། དེའི་ཚེ་བདེན་བཞིས་བསྡུས་པའི་ཆོས་ཐམས་ཅད་སྤྲོས་བྲལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རྣམ་རོལ་ཏུ་མཐོང་བ་ནི་མཐོང་ལམ། མཐོང་བའི་དོན་དེ་ཉིད་མི་སྒོམ་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་སློབ་པ་ནི་སྒོམ་ལམ། རྩོལ་མེད་ཀྱི་ངང་དུ་ས་ལམ་ཆིག་ཆོད་དུ་རྫོགས་ཏེ་ཆེད་དུ་འབད་རྩོལ་གྱི་ལམ་མེད་པ་ནི་མི་སློབ་པའི་ལམ་སྟེ་ལམ་བཟང་རྫོགས་པ་ཆེན་པོའི་ལམ་འདི་ནི་རྒྱལ་བ་སྲས་བཅས་ཀྱི་བགྲོད་པ་གཅིག་པུའི་ལམ་ཡིན་ནོ། །རྟོགས་པའི་རབ་དགའ་སོགས། མཁྱེན་ནོ། །རྟོགས་པའི་ཡེ་ཤེས་སྤྲོས་བྲལ་གྱི་དགོངས་པར་མངོན་སུམ་སུ་མཐོང་བའི་རབ་དགའ་དྲི་མ་མེད་པ་ནི་རང་རྒྱུད་རྟོགས་པའི་ཆོས་ཀྱི་འོད་སྣང་ཅིར་ཡང་འགྲོ་བས། ཐབས་གཞན་གྱིས་སྦྱང་བར་དཀའ་བའི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྦྱངས་ཏེ་བྲལ་འབྲས་ཀྱི་ཡེ་ཤེས་མངོན་སུམ་དུ་མཐོང་བ་ནི་དག་པ་ཆེན་པོའི་ས་ལ་སྦྱོར་བར་བྱེད་པ་ཡིན་པས་ན། སྤྲོས་བྲལ་རིག་པའི་ཀློང་དུ་ས་བཅུ་ཡང་ཅིག་ཅར་རྫོགས་པ་ཡིན་ཏེ། རྟོགས་པའི་ཡེ་ཤེས་མངོན་སུམ་དུ་མཐོང་བས་རེ་དོགས་རྩ་བ་སྟོར་བའི་རབ་དགའ་ཚད་མེད་པ་ནི་ས་དང་པོ་རབ༵་ཏུ་དགའ༵་བ། དེ་ཉིད་སེར་སྣ་དང་ཁོང་ཁྲོ་ལ་སོགས་པ་འཆལ་ཚུལ་ཀུན་ནས་སློང་བའི་དྲི་མ་དང་བྲལ་བའི་དྲི༵་མེ༵ད་ནི་ས་གཉིས་པ། རྗེས་ཐོབ་ཤེས་རབ་ཀྱི་རྩལ་འབར་ཏེ་གཞན་རྒྱུད་རྗེས་སུ་འཛིན་པའི་དམ་ཆོས་ཀྱི་འོད་དང་ལྡན་པ་ནི་འོ༵ད་བྱེད༵། རང་རྒྱུད་རྟོགས་པའི་དམ་ཆོས་ཀྱི་མེ་འོད་འཕྲོ་བས་སྒྲིབ་གཉིས་སྲེག་པའི་སྣང་བ་ཆེན་པོ་ནི་འོ༵ད་འཕྲོ༵། རང་བཞིན་གྱི་བསམ་གཏན་རྟོག་པ་དང་བྲལ་བའི་རྩལ་སྙིང་རྗེ་ཆེན་པོར་འཆར་བ་ནི་ས་ལྔ་བའི་ཡེ་ཤེས་ཀྱི་ངོ་བོ་སྟེ་དེས་སྦྱང་དཀའ་བའི་ལས་ཉོན་སྦྱོང་བ་ནི་སྦྱང༵་དཀའ༵། དེ་སྦྱངས་པས་རང་གནས་ཀྱི་ཡེ་ཤེས་ཆོས་ཟད་ཀྱི་དགོངས་པ་མངོན་སུམ་མཐོང་བ་ནི་མངོ༵ན་དུ་གྱུར༵་པ། དེའི་ཚེ་འཁོར་བའི་སྐྱོན་ལས་རིང་དུ་སོང་བའི་གོ་འཕང་ནི་རིང༵་དུ༵་སོང༵་བ། སྤྱོད་ཡུལ་ཐམས་ཅད་ཡེ་ཤེས་སུ་ཤར་བས་འཁྲུལ་སྣང་རང་རྒྱུད་པ་དག་པས་དག་པའི་ཡེ་ཤེས་ནི་དག་པ་ས་གསུམ་སྟེ་མཚན་མའི་རྣམ་རྟོག་གིས་མི་གཡོ་ཞིང་སོ་སོ་ཡང་དག་རིག་བཞིའི་རྩལ་འབར་ཏེ་གཟུངས་དང་ཏིང་ངེ་འཛིན་གྱི་སྤྲིན་ཆེན་པོ་ཐོབ་པའི་ཕྱིར་རོ། །དབང་ཡུལ་རང་ངོས་སོགས། མཁྱེན་ནོ། །བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་ཡང་རིག་པའི་ཐིག་ལེ་གཅིག་ལ་རྟོགས་པ་ཡིན་ཏེ། རང་རྒྱུད་ཀྱི་དབང་པོ་ལྔ་ནི་ནང་གི་ལུས་དང་། གཞན་རྒྱུད་ཀྱི་དབང་པོ་ལྔ་ནི་ཕྱི་ནང་གི་ལུས། ཡུལ་ལྔ་ཕྱིའི་ལུས་ཏེ་ལུས་ལ་བདེན་ཞེན་སྤངས་པས་ལུས་རང་ངོས་ནས་མ་གྲུབ་པ་རྟོགས་པ་ནི་ལུས་དྲན་པ་ཉེར་གཞག །ཡུལ་དང་དབང་པོ་བདེན་པར་མ་གྲུབ་ཕྱིན་དབང་ཡུལ་ཕྲད་པའི་རེག་པ་ཡང་བདེན་པར་མེད་ལ། དེ་མེད་པས་ཚོར་བ་ཡང་བདེན་པར་དམིགས་སུ་མེད་པ་ནི་ཚོར་བ་དྲན་པ་ཉེར་གཞག །སེམས་དང་རིག་པའི་ལ་ཤན་དབྱེ་སྟེ་སེམས་རྟོག་འཁྲུལ་པའི་སྣང་བ་རྫུན་པར་ཤེས་པ་ནི་སེམས་དྲན་པ་ཉེར་གཞག །ཡུལ་ཅན་གྱི་བློ་འཁྲུལ་པ་ཡིན་ཕྱིན་དེའི་ཡུལ་བདེན་པར་ཡོད་མི་སྲིད་པས་སེམས་འཁྲུལ་སྣང་གི་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ནི་ཆོས་དྲན་པ་ཉེར་གཞག་སྟེ་ལྟ་བ་ཤེས་རབ་ཀྱི་རང་བཞིན་སྤྲོས་བྲལ་རྗེན་པར་མཐོང་བའི་ངོ་བོར་འདུས་པ་ཡིན་ནོ། །ངན་རྟོགས་རང་གྲོལ་སོགས་མཁྱེན་ནོ། །ངན་རྟོག་མི་དགེ་བའི་ཀུན་སློང་སྐྱེས་ཙམ་ནས་རང་བབ་དགོངས་པའི་ངོ་བོར་རང་གྲོལ་དུ་དག་པའི་ཕྱོགས་སྐྱེས་པ་རྒྱུན་གཅོད་པ། རྟོགས་པ་རང་གནས་ཀྱི་ངང་དང་མ་བྲལ་བས། ཆགས་སྡང་རང་མཚན་པ་སྐྱེ་མི་སྲིད་པ་ནི། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ། རྟོགས་པ་གནས་ལུགས་ཀྱི་དོན་རང་ངོ་སྤྲད་པས་ཇི་ལྟ་བ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ། ངོ་འཕྲོད་པའི་རྟོགས་པ་དེ་ཉིད་ཕྱིས་འབད་རྩོལ་ལ་མ་ལྟོས་པར་རང་ཤུགས་ཀྱིས་འཆར་ཞིང་དེའི་རྩལ་ངེས་འབྱུང་དང་སྙིང་རྗེ་ལ་སོགས་ལམ་གྱི་ཡོན་ཏན་ཐམས་ཅད་རང་ཤུགས་ཀྱིས་འཆར་བ་ནི། དགེ་བའི་ཆོས་སྐྱེས་པ་གོང་དུ་སྤེལ་བ་སྟེ། སྤང་བླང་རྟོག་པའི་འདོར་ལེན་རིག་ངོར་སྤངས་པའི་སྤྱོད་པ་ནི་ཡང་དག་སྤོང་བ་བཞིའོ། །རྩོལ་མེད་ངང་གནས་སོགས། མཁྱེན་ནོ། །རྩོལ་མེད་ཀྱི་ངང་ལ་གནས་པ་ནི་ཆོས་ཉིད་ཀྱི་གཤིས་ལ་འདུན་པ་ཡིན་པས་འདུན་པའི་རྫུ་འཕྲུལ་གྱི་རྐང་པ། མི་བརྩོན་པའི་བརྩོན་པ་རང་བཞག་གི་ཡེ་ཤེས་ནི་བརྩོན་པའི་རྫུ་འཕྲུལ་གྱི་རྐང་བ། རྟོག་པ་ཐམས་ཅད་དང་བྲལ་བའི་རང་གནས་ཀྱི་བསམ་གཏན་ནི་སེམས་པའི་རྫུ་འཕྲུལ་གྱི་རྐང་བ། ཟང་མ་ཐལ་བྱུང་གི་ཡེ་ཤེས་རིག་པའི་དྭངས་ཆ་དཔྱོད་བྱེད་ཤེས་རབ་ཀྱི་ངོ་བོ་ནི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་མི་སྒོམ་པའི་སྒོམ་པ་མཉམ་གཞག་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་རྫོགས་པ་ཡིན་ནོ། །ཆོས་སྐུའི་གཤིས་ལ་སོགས། མཁྱེན་ནོ། །གཤིས་ལུགས་ཆོས་སྐུའི་དགོངས་པ་གཅིག་ཏུ་མོས་པ་ནི་དད་པའི་དབང་པོ། དེའི་ཕྱིར་བློས་བྱས་བཅོས་མའི་བྱ་རྩོལ་ཐམས་ཅད་དང་བྲལ་བའི་བློ་བྲལ་རྟོགས་པའི་ཁོར་ཡུག་ལ་བརྩོན་པ་དང་ལྡན་པ་ནི་བརྩོན་འགྲུས་ཀྱི་དབང་པོ། འདིའི་སྐབས་ཀུན་མཁྱེན་ཆེན་པོས། སྒོམ་པས་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། །ཞེས་པ་ལྟར། དྲན་སྣང་ཡེ་ཤེས་སུ་སངས་པས་དྲན་བྱ་དང་དྲན་བྱེད་ཐ་དད་པ་མེད་དེ། དྲན་པ་ཡེ་ཤེས་ཀྱི་ངོ་བོར་མཚན་མའི་རྣམ་རྟོག་རང་གྲོལ་དུ་གནས་སྤྲོས་བྲལ་རྗེན་པའི་རིག་ངོར་གནས་པ་ནི་དབང་པོ་ཕྱི་མ་གསུམ་སྟེ། རང་བབས་ཀྱི་དྲན་པ་ནི་དྲན་པའི་དབང་པོ། དེ་ཚེ་ཆོས་ཉིད་འོད་གསལ་ལས་མི་གཡོ་བའི་དགོངས་པ་ནི་ཏིང་ངེ་འཛིན་གྱི་དབང་པོ། ཟང་ཐལ་རིག་པའི་ཡེ་ཤེས་རང་ཤར་དགོངས་པའི་རྩལ་སྣང་དང་བཅས་པ་ནི་ཤེས་རབ་ཀྱི་དབང་པོ་སྟེ། ཀུན་མཁྱེན་ཆེན་པོས། རང་གནས་བསམ་གཏན་བཙུན་མོ་དམ་པ། དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས་ཞེས་པ་སྟེ། འདིར་བསྒོམས་བྱུང་ཤེས་རབ་ཀྱི་རྩལ་རྒྱས་པ་ནི་དྲོད་སྣང་བ་ཐོབ་པའི་ཡེ་ཤེས། ཐེག་པ་ཐམས་ཅད་ཀྱི་རྩེ་མོ་ཨ་ཏིའི་དགོངས་དོན་རྟོགས་པ་ནི་རྩེ་མོ་སྣང་བ་མཆེད་པའི་ཡེ་ཤེས་ཏེ་སྦྱོར་ལམ། སྔ་མ་གཉིས་པོའང་རིག་ངོར་ཤུགས་ཀྱིས་རྫོགས་པའོ། །མོས་བྲལ་ལེ་ལོ་བརྗེད་ངས་སོགས། མཁྱེན་ནོ། །ཡང་དག་པའི་ཆོས་ཉིད་ལ་མོས་པ་དང་བྲལ་བ་ནི་དད་པའི་མི་མཐུན་ཕྱོགས། བྱ་བ་ངན་ཞེན་དང་སྙོམ་ལས་སྒྲིབ་པའི་ལེ་ལོ་ནི་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས། ཉམས་ལེན་བརྗེད་འབྱམས་སུ་ཤོར་བའི་བརྗེད་ངས་ནི་དྲན་པའི་མི་མཐུན་ཕྱོགས། ཞི་གནས་ཀྱི་ཏིང་ངེ་འཛིན་ལ་སྒྲིབ་པའི་གཉིད་རྨུགས་རྒོད་འགྱོད་ལ་སོགས་བྱིང་རྒོད་ཀྱི་ཆ་ནི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས། ལྷག་མཐོང་རྟོགས་པའི་ཡེ་ཤེས་ལ་སྒྲིབ་པ་ཡང་དག་པའི་གནས་ལུགས་ལ་ཡིན་ནམ་མ་ཡིན་སྙམ་དུ་ཡིད་མི་ཆེས་པའི་ཐེ་ཚོམ་དང་། ཕྱིན་ཅི་ལོག་ཏུ་འཛིན་པའི་ལོག་ལྟ་ལ་སོགས་པ་ནི་ཤེས་རབ་ཀྱིས་མི་མཐུན་ཕྱོགས་ཏེ། མི་མཐུན་ཕྱོགས་ཀྱི་རྟོག་པ་དེ་དག །རིག་པ་མ་བཅོས་པའི་ཆོས་སྐུ་རང་ངོ་ཤེས་པའི་སྐད་ཅིག་ཐུག་ཕྲད་ཅེར་གྲོལ་དུ་དག་པ། སྔར་གྱི་རྣམ་བྱང་སྐྱེད་པའི་དབང་པོ་ལྔ་པོ་དེ་ཉིད་མི་མཐུན་ཕྱོགས་ཀྱིས་མི་བརྫི་བས་སྟོབས་སུ་གྱུར་པ་ཡིན་པས་སྟོབས་ལྔ་སྟེ། དེ་ཡང་རང་བཞིན་རྫོགས་པ་ཆེན་པོའི་ཀ་དག་ཁྲེགས་ཆོད་ཀྱི་མན་ངག་གི་མཐིལ་ནི། རིག་འཛིན་དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་དུ་བརྡེག་པ་ལྟར། ངོ་རང་ཐོག་ཏུ་སྤྲོད་པ་དང་། ཐག་ཆིག་ཐོག་ཏུ་བཅད་པ་དང་། གདིང་གྲོལ་ཐོག་ཏུ་བཅའ་བ་གསུམ་ལས། ཕྱི་མ་ལ་གྲོལ་ལུགས་རྣམ་པ་བཞི་སོགས་ཡོད་པ་ནི་རྫོགས་ཆེན་གྱི་གནད་ཐུན་མོང་མ་ཡིན་པ་སྟེ། སྒོམ་པ་ཤེས་ཀྱང་གྲོལ་མ་ཤེས། །བསམ་གཏན་ལྷ་དང་ཅི་མ་འདྲ། །ཞེས་པ་ལྟར་གྲོལ་ལུགས་ཀྱི་གདིང་མེད་ན། སྒོམ་པ་ཞི་གནས་ཀྱི་རྟོག་པ་དང་། བློས་བྱས་ཀྱི་དཔྱོད་པ་ཇི་ཙམ་བཟང་ཡང་རང་རྒྱུད་ཀྱི་ཉོན་མོངས་པ་དང་རྣམ་རྟོག་ལ་སོགས་པའི་གཉེན་པོར་མི་འགྲོ་བ་ཡིན་ཏེ། ཞི་གནས་ལ་བརྟེན་ནས་ཉོན་མོངས་དེ་དག་མགོ་མནན་འཕྲལ་དུ་མི་སྐྱེ་བ་ལྟར་སྣང་ཡང་རྐྱེན་དང་འཕྲད་ཚེ་རྟོག་པའི་དུག་རོ་ལྡང་ཞིང་། དེ་ཚེ་གྲོལ་ལུགས་ཀྱི་གདིང་མེད་པས་ཐ་མལ་པ་དང་ཁྱད་མེད་ལ། རྗེས་དཔག་གི་དཔྱོད་པས་ཉོན་མོངས་པའི་རང་བཞིན་སྟོང་པ་ཉིད་ལ་སོགས་པར་གཏན་ལ་ཕབ་ནས་དཔྱད་ཀྱང་དེས་རྟོག་པར་རང་གྲོལ་དུ་འགྲོ་མི་ནུས་པས་ཉོན་མོངས་པའི་གཉེན་པོ་མི་བྱེད་དེ། དཀོན་མཆོག་བརྩེགས་པ་ལས། མི་ཞིག་ལ་དུག་མདས་ཕོག་ཚེ་མདའ་དེའི་དུག་སྒྲོ་ལས་བྱུང་ངམ་ཤིང་ལས་བྱུང་ངམ་སོགས་དཔྱད་ཀྱི་བསྡད་ན་དུག་དེ་རྒྱས་ནས་འཆི་བར་འགྱུར་བའི་དཔེས་གསུངས་པ་ལྟར་ཡིན་ལ། རྟོགས་པ་རང་གྲོལ་གྱི་གནད་ཤེས་ན་མདའ་དེ་མྱུར་དུ་ཕྱུང་ནས་དོར་ན་མི་འཆི་བར་གསུངས་པ་ལྟར་ཡིན་ཞིང་རང་གྲོལ་གྱི་གནད་ཤེས་ན་ཉོན་མོངས་དང་རྣམ་རྟོག་ཅི་ཙམ་སྐྱེས་ཀྱང་རྟོག་པའི་རྩལ་སྦྱོང་དུ་འགྲོ་བ་ཡིན་པས་ཉོན་མོངས་པ་ལམ་དུ་བྱེད་པའི་གནད་ཀྱང་འདིར་འདུ་ལ་ལམ་གྱི་ཡོན་ཏན་ཐམས་ཅད་སྟོབས་སུ་འགྱུར་བ་ཡང་རང་གྲོལ་གྱི་གནད་ལ་ཐུག་པ་ཡིན་ནོ། །དེའི་ཚེ་ཆོས་སྐུའི་གཤིས་ལ་མི་སྐྲག་པ་ནི་བཟོད་པ་དང་། ཆོས་ཉིད་ཀྱི་རྟོགས་པ་མཆོག་དང་ལྡན་པ་ནི་ཆོས་མཆོག་གི་ཡེ་ཤེས་ཏེ། སྦྱོར་ལམ་ཕྱི་མ་གཉིས་ཀྱང་རང་གྲོལ་དགོངས་པའི་སྐད་ཅིག་མ་ལ་འདུ་བ་ཡིན་ནོ། །ཡེངས་ཡུལ་ཆོས་ཉིད་གྲོལ་སོགས། མཁྱེན་ནོ། །དེ་ཡང་ཀུན་མཁྱེན་ཆེན་པོས། ཀློང་གྱུར་དུས་ན་ཡེངས་མེད་ཡེངས་མཁན་མེད། །བརྟན་པ་མཐར་ཕྱིན་ཡེངས་ཡུལ་ཆོས་ཉིད་ངེས། །ཞེས་པ་ལྟར་ཡེངས་ཡུལ་ཆོས་ཉིད་དུ་ཤར་ཏེ། ཆོས་ཉིད་ཀུན་ཏུ་འགྲོ་བའི་རང་བཞིན་དུ་རྟོགས་ཚེ་རྩོལ་བྱུང་འདུ་བྱེད་ཀྱི་དྲན་པ་དང་བྲལ་ཏེ་རྩོལ་མེད་རང་ཤར་གྱི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །མཉམ་གཞག་ཏུ་ཤེས་རབ་རང་བྱུང་གི་སྒྲོན་མ་ཀ་དག་དངོས་མཚན་སྤངས་པའི་མངོན་སུམ་གྱི་དགོངས་པ་ཇི་ལྟ་བའི་རང་ངོ་ལ་གནས་ཤིང་། རྗེས་ཐོབ་ཏུ་བསྒོམས་བྱུང་རྟོགས་པའི་ཤེས་རབ་རྩལ་འབར་ཏེ། ཆོས་ཅན་ཇི་སྙེད་པའི་རྣམ་གྲངས་མཁྱེན་པའི་བསྒོམས་བྱུང་གི་ཤེས་རབ་ནི་ཆོས་རབ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ངང་གནས་ཆུ་བོ་རྒྱུན་གྱི་བརྩོན་འགྲུས་ཀྱི་ཆོས་ཉིད་རྟོགས་པ་དང་བརྟན་པར་བྱེད་པ་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བརྩོན་འགྲུས་དེའི་ལག་རྗེས་སེམས་ལ་ཤར་ནས་ངན་རྟོག་གི་འཆིང་བ་ལས་གྲོལ་ཏེ། དགའ་བདེ་རྒྱུན་ཆད་མེད་པའི་ཏིང་ངེ་འཛིན་ལ་གནས་པ་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ངང་གནས་བསམ་གཏན་གྱི་བརྩོན་པའི་ལག་རྗེས་ལུས་ལ་ཤར་ཏེ་ལུས་རང་དབང་བྲལ་བའི་ལས་ཉོན་ལས་གྲོལ་ནས་ཤིན་སྦྱང་གི་བདེ་བ་ཁྱད་པར་ཅན་སྐྱེས་ཤིང་། སྐྱེ་ཤིའི་སྡུག་བསྔལ་ལས་གྲོལ་བ་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་ཏེ། རྒྱུད་བླ་མ་ལས། འཕགས་པས་སྐྱེ་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་སོ། །དེ་ལྟར་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ལ་སྐྱེ་རྒ་ན་འཆི་ལྟར་སྣང་བ་ཅི་ཡིན་ཞེ་ན། དེ་ནི་གཞན་སྣང་གདུལ་བྱའི་དབང་གིས་དེ་ལྟར་བསྟན་པ་ཡིན་གྱི་རང་ངོར་སྐྱེ་འཆི་རང་མཚན་པ་མེད་དེ། མདོ་སྡེ་རྒྱན་ལས། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །ཞེས་སོ། །དགོངས་པ་རང་གནས་ཀྱི་བསམ་གཏན་རྟོག་བྲལ་ཟང་ཐལ་གྱི་ཡེ་ཤེས་དང་འདུ་འབྲལ་མེད་པ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག །རོ་མཉམ་བླང་དོར་མེད་པའི་དགོངས་པ་མངོན་དུ་གྱུར་པས་ཡིན་མིན་ཡོད་མེད་བཟང་ངན་ལ་སོགས་གཉིས་ཆོས་ཐམས་ཅད་གཉིས་མེད་རིག་པའི་ཀློང་དུ་རོ་གཅིག་པ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན་དགོངས་པའི་རྩལ་ལ་རྫོགས་པའི་མཐོང་ལམ་འཕགས་པའི་ཡེ་ཤེས་ནི། ཆོས་ཉིད་ཀུན་ཏུ་འགྲོ་བའི་རང་བཞིན་རྟོགས་པས་ན་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་ཏེ། དེ་ཡང་མཚན་ཉིད་ཐེག་པར། རྫོགས་པའི་སངས་རྒྱས་རྣམས་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོགས་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་པ་ལྟར་ཡོངས་འཛིན་རྫོགས་པའི་སངས་རྒྱས་མང་པོ་མཉེས་པར་བྱས་ཤིང་། རྗེས་སྒྲུབ་བསྐལ་བ་གྲངས་མེད་གཉིས་སུ་ཚོགས་གཉིས་རྫོགས་པ་ལ་བརྟེན་ནས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཕགས་ལམ་གྱི་རྟོགས་པ་སྐྱེ་བར་བཞེད་ཀྱང་འདིར་རང་བཞིན་རྫོགས་པ་ཆེན་པོའི་ལམ་དུ་ཡོངས་འཛིན་དམ་པ་རྟོགས་པས་བདག་རྒྱུད་གྲོལ་བའི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་ཐོབ་པ་ལ་བརྟེན་ཅིང་། རྗེས་སྒྲུབ་དམ་པ་བསྐལ་པའི་ཚོགས་ཀྱང་སྐད་ཅིག་ལ་འདུམ་པའི་གསང་སྔགས་ཀྱི་ཐབས་མཁས་དང་བཅས་པས་སྔོན་འགྲོ་ཚོགས་གཉིས་ཀྱི་བྲེ་ཁ་འགེངས་པས་རྒྱུད་སྦྱོང་བ་སོང་ནས། ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཟང་ཐལ་རིག་པའི་ཆོས་ཉིད་མན་ངག་གི་གནད་ལ་བརྟེན་ནས་ངོ་སྤྲད་པ་ན་རྫོགས་ཆེན་གྱི་གདུལ་བྱ་ཐུན་མོང་མ་ཡིན་པ་རིག་པ་རང་སྣང་གི་བློ་ཅན་དག་རྟོགས་གྲོལ་དུས་མཉམ་སོང་སྟེ། ཁྲེགས་ཆོད་ཆོས་ཟད་ཀྱི་ཡེ་ཤེས་དང་། ཐོད་རྒལ་མངོན་སུམ་གྱི་འོད་གསལ་མཐོང་བས་ན་འཕགས་ལམ་རྫོགས་པ་ཆེན་པོར་གྲགས་པ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་ཚེ་རྫོགས་པ་ཆེན་པོའི་རྟོགས་པ་ངོ་འཕྲོད་ནས་གང་ཟག་རྫོགས་པ་ཆེན་པོར་སོང་བ་ཡིན་གྱི། ཆོས་རྫོགས་ཆེན་གྱི་སྒོར་ཞུགས་པ་ཙམ་དང་། ངོ་སྤྲོད་ཐོབ་པ་ཙམ་གྱིས་རྫོགས་ཆེན་པར་མི་འགྲོ་ཞིང་། རྟོགས་པ་ཙམ་རྒྱུད་ལ་སྐྱེས་བློ་ལའང་དངོས་དང་དངོས་འདྲ་དངོས་མིན་གྱི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཡོད་པས་དབང་པོ་འབྲིང་ཕྱིན་ཆད་སྣང་བ་ཡུལ་གྱི་བློ་ཅན་དག་ཐོས་བསམ་གྱི་ཤེས་རབ་རྒྱ་བསྐྱེད་ནས་ལམ་ཐུན་མོང་བའི་སྦྱངས་པ་རྩལ་དུ་བཏོན་ཏེ་ཞེན་མེད་ཀྱི་ཡེ་ཤེས་ལ་འདྲིས་པར་བྱ་བ་ནི་གནད་དམ་པ་ཡིན་ལ། ཚིག་ཙམ་གྱི་ལྟ་བ་ཁ་ལ་ཁྱེར་ཏེ་མངོན་པའི་ང་རྒྱལ་བསྐྱེད་པ་ནི་ལམ་གོལ་བདུད་ཀྱིས་བསླུས་པ་ཡིན་གྱི་གང་ཟག་རྫོགས་པ་ཆེན་པོ་མིན་ནོ། །ལྟ་བས་རྟོག་པ་སོགས། མཁྱེན་ནོ། །ལྟ་བ་མངོན་སུམ་གྱི་ཡེ་ཤེས་རྟོགས་པས་བཟང་ངན་གྱི་རྟོག་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་ཏེ་སྨྲ་སྤྱོད་ཡེ་ཤེས་སུ་འཆར་ཞིང་ཡུལ་སྣང་བདེ་ཆེན་དུ་འཆར་བས་ཡེངས་ཡུལ་ཆོས་ཉིད་དུ་དག་སྟེ་རྩོལ་མེད་ཀྱི་དྲན་པ་ལ་གནས་པ་ནི་ཁྱབ་གདལ་ཆེན་པོའི་ཏིང་ངེ་འཛིན་ཅེས་བྱ་སྟེ། ཇི་སྐད་དུ། དྲན་པ་རང་གྲོལ་ཐིག་ལེའི་ངང་། །ཁྱབ་གདལ་ནམ་མཁའི་ཁོར་ཡུག་ལ། །དྲན་པས་བཟུང་དང་མ་བཟུང་མེད། །དྲན་པའི་སྒྲོག་བཅིངས་མཐོལ་ལོ་བཤགས། །ཞེས་སོ། །དེ་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱང་རིག་ངོར་རོ་གཅིག་ཏུ་རྫོགས་པ་ཡིན་ཏེ། ལྟ་བ་ཆོས་ཉིད་ཀྱི་གནས་ལུགས་མཐོང་བ་ནི་ཡང་དག་པའི་ལྟ་བ། ལྟ་བ་དེའི་རྩིས་ཟིན་པས་བཟང་ངན་གྱི་རྟོག་པ་ཐམས་ཅད་རང་ངོར་གྲོལ་བ་ནི་ཡང་དག་པའི་རྟོག་པ། དེས་ན་ངག་གི་སྨྲ་བ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རོལ་པར་འཆར་བ་ནི་ཡང་དག་པའི་ངག །སྤྱོད་ལམ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ཅིར་སྣང་དགག་སྒྲུབ་མེད་པས་ཅི་བྱེད་གཞན་དོན་དུ་འབྱུང་བ་ནི་ཡང་དག་པའི་ལས་མཐའ། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་ཕྱི་ཡུལ་ལྔའི་འདོད་ཡོན་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྣམ་རོལ་ཏུ་འཆར་བ་ན་ལོག་པའི་འཚོ་བ་འབྱུང་མི་སྲིད་པ་ནི་ཡང་དག་པའི་འཚོ་བ། ལམ་རང་ཤུགས་ཀྱིས་འབྱུང་བས་རང་དོན་ལམ་གྱི་རྩོལ་བ་ངང་གིས་སྐྱེས་ནས་རྩོལ་མེད་ཀྱི་བརྩོན་པ་ཡང་དག་པའི་བརྩོན་འགྲུས། རྩོལ་བ་མེད་བཞིན་དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་དྲན་པ་ནི་ཡང་དག་པའི་དྲན་པ། དེའི་ཚེ་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་ལ་སྙོམས་པར་འཇུག་ཅིང་ལྡང་བ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ་སྒོམ་ལམ་དུ་འཕགས་ལམ་བརྒྱད་སྒོམ་པའི་དོན་ནོ། །དེ་ལྟར་ལམ་ལྔ་དང་ས་བཅུ་བྱང་ཕྱོགས་སོ་བདུན་ལ་སོགས་པ་རྣམས་ཀྱང་མཚན་ཉིད་ཐེག་པ་ལྟར་ས་ལམ་རིམ་གྱིས་བགྲོད་པ་དང་། དགོངས་པ་མཐོ་དམན་ཡོད་པ་ལྟ་བུ་ནི་མ་ཡིན་གྱིས་ལམ་དང་བྱང་ཕྱོགས་དེ་དག་གི་མཐར་ཐུག་པ་རིག་སྟོང་རྟོགས་པའི་ཡེ་ཤེས་གཅིག་གི་ངོར་ཚང་བ་བཞིན་བཤད་པ་སྟེ་དེ་དག་ཀྱང་རང་རང་གི་ལྡོག་པས་དབྱེ་བ་ཙམ་ལས་ངོ་བོ་ཐ་དད་པ་ནི་མེད་དོ། །དེས་ན་དྲན་པ་ཉེར་གཞག་སུ། སྤྲོས་བྲལ་རྗེན་པར་སྟོན་པའི་ཞེས་སྤྲོས་བྲལ་མངོན་སུམ་དུ་སྟོན་པའི་ཡེ་ཤེས་བསྟན་པ་དང་། ཡང་དག་སྤོང་བའི་དང་པོ་གཉིས་ཀྱི་གོ་རིམ་དཀྲུག་པ་དང་། དེའི་སྐབས་སུ་ཆོས་སྐུ་ཡེ་ཤེས་སྦྱིན་པ་ཞེས་དང་། རྫུ་འཕྲུལ་གྱི་རྐང་པའི་སྐབས་སུ་ལྷན་སྐྱེས་ཀྱི་ཡེ་ཤེས་སྨོན་པ་རྣམས་ཀྱང་། འགལ་བ་མེད་ཅིང་དགོས་པ་དང་བཅས་པའོ། །ཟད་པའི་ཡེ་ཤེས་སོགས། མཁྱེན་ནོ། །ཟད་པ་མཐར་ཐུག་གི་ཡེ་ཤེས་མངོན་སུམ་མཐོང་ཞིང་ཕྱིན་ཅི་མ་ལོག་མངོན་དུ་གྱུར་པ་ནི། མཐར་ཐུག་གྲོལ་སའི་ཀ་དག་སྟེ་འབྲས་བུའི་གཏུགས་ས་ཡིན་ནོ། །དེའི་ཚེ་རྫོགས་པའི་སངས་རྒྱས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་བརྙེས་ནས་གཞན་སྣང་ཐུགས་རྗེའི་ལམ་དུ་ཆོས་སྐུ་ལས་ལོངས་སྐུ། ལོངས་སྐུ་ལས་སྤྲུལ་སྐུ་སྟེ། སྐུ་གསུམ་ལུགས་འབྱུང་དུ་འབྱུང་བས་འབྲས་ཆོས་རྒྱ་མཚོ་ལྟ་བུ་ལ་དབང་ཞིང་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བརྙེས་པ་སྟེ། ཡོན་ཏན་གྱི་རྣམ་གྲངས་བསྡུ་ན་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས་ཐུན་མོང་པ་ཉན་རང་བྱང་སེམས་སོགས་ཀྱི་ཡོན་ཏན་དང་ཕྱོགས་འདྲ་ལ། ཐུན་མོང་མ་ཡིན་པ་ཆོས་སྐུའི་ཡོན་ཏན་བསྡུ་ན་གསུམ་སྟེ། མཁྱེན་པས་ཤེས་བྱ་ཁྱབ་པ་དང་། འགྲོ་ཀུན་གྱི་ལམ་སྟོན་མཛད་པ་དང་། སྲིད་ཞིའི་ཡུལ་ལས་འདས་པ་དང་གསུམ། དང་པོས་མཁྱེན་པའི་སྟོབས་བཅུ་རྡོ་རྗེ་ལྟ་བུ། གཉིས་པས་མི་འཇིགས་བཞི་སེང་གེ་ལྟ་བུ་དང་། གསུམ་པས་མ་འདྲེས་པ་བཅོ་བརྒྱད་ནམ་མཁའ་ལྟ་བུ་སྡེ་ཚན་གསུམ་དུ་བསྟན་ཏེ། དང་པོ་ནི། གནས་དང་གནས་མིན་རྣམ་སྨིན་དབང་པོ་དང་། །ཁམས་དང་མོས་པ་སྣ་ཚོགས་ཀུན་འགྲོའི་ལམ། །བསམ་གཏན་སྔོན་གནས་རྗེས་དྲན་ལྷ་ཡི་མིག །ཟག་ཟད་མཁྱེན་པའི་སྟོབས་བཅུ་དང་ལྡན་ཤོག །ཅེས་པ་ལྟར་ཤེས་པར་བྱ་བའི་ཡུལ་བཅུ་ལ་ཤེས་བྱེད་ཀྱི་མཁྱེན་པ་ཆགས་ཐོགས་མེད་པར་འཇུག་པ་མཁྱེན་པའི་སྟོབས་བཅུ་ནི་ཐེ་ཚོམ་གྱི་རྩིག་པ་འཇིག་པ་དང་། གང་ལའང་ཐོགས་པ་མེད་པ་རྡོ་རྗེ་ལྟ་བུའོ། །གཉིས་པ་ནི། རང་དོན་ཆོས་སྐུ་རྫོགས་པར་བྱང་ཆུབ་ནས། །ཟག་པ་བག་ཆགས་བཅས་པ་ཀུན་སྤངས་ཏེ། །གཞན་གྱི་དོན་དུ་ལམ་དང་འགོག་བདེན་ལ། །མི་འཇིགས་ཡོན་ཏན་བཞི་དང་ལྡན་པར་ཤོག །ཅེས་པ་སྟེ། རང་དོན་སྤང་རྟོགས་མཐར་ཕྱིན་ནས་གཞན་དོན་དུ་ལམ་དང་ལམ་གྱི་གེགས་དམ་བཅའ་བ་ལ་མི་འཇིགས་པ་ནི། གང་ལའང་འཇིགས་པ་མེད་པ་དང་། ཐམས་ཅད་ཟིལ་གྱིས་གནོན་པས་སེང་གེ་དང་འདྲའོ། །གསུམ་པ་ནི། འཁྲུལ་དང་ཅ་ཅོ་མི་མངའ་སྤྱོད་པ་དང་། །འདུན་སོགས་ཉམས་པ་མེད་པ་རྟོགས་པ་དང་། །ཡེ་ཤེས་ཕྲིན་ལས་འགྲན་ཟླ་མེད་པ་ཡི། །མ་འདྲེས་སངས་རྒྱས་ཆོས་རྣམས་ཐོབ་པར་ཤོག །ཅེས་པ་ལྟར་སྲིད་པ་ཁམས་གསུམ་གྱི་སེམས་ཅན་དང་། ཞི་བ་ཉན་རང་གི་འཕགས་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པས་ན་དཔེ་ཟླ་མེད་ཅིང་གང་དང་ཡང་མ་འདྲེས་པས་ནམ་མཁའ་ལྟ་བུའོ། །མཁྱེན་ནོ་བླ་མ་མཁྱེན་ནོ་སོགས། ཕོ་ཉ་རུ་གྱུར་ཅིག །ཇི་སྐད་དུ། ཤིན་ཏུ་དོན་ཆེན་ལྡན་པ་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་པ་ལྟར་མཁྱེན་ནོ་ཞེས་ནན་ཏན་དུ་སྨྲས་ནས་མོས་གུས་ཚད་མེད་པའི་གདུང་ཤུགས་གསོལ་འདེབས་ཀྱི་ཚིག་ཕྲེང་དུ་ཤར་བའི་ངག་འདི་སྐུ་དྲིན་ཚད་མེད་པའི་བླ་མ་དམ་པའི་སྙན་དབང་དུ་དེང་ནས། བདག་ཉིད་སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་པའི་ཐུགས་རྗེ་ཚད་མེད་པ་གཡོ་བར་བྱེད་པའི་ཕོ་ཉ་ལྟ་བུར་གྱུར་ཅིག །ཅེས་པའོ། །ཆོས་ལྡན་མོས་གུས་སོགས། མཁྱེན་ནོ། །ཇི་སྐད་དུ། བླ་མའི་མོས་གུས་ལོ་ཟླས་གྲོལ། །ཞེས་པ་ལྟར་མོས་ལྡན་གྱི་གང་ཟག་བདག་བླ་མའི་མོས་གུས་ཁོ་ནའི་ལམ་གྱིས་སྐད་ཅིག་ལ་གྲོལ་ཏེ། ཐུགས་ཡིད་དབྱེར་མེད་དུ་འདྲེས་ནས་རྟོགས་པ་ཆོས་སྐུའི་ངང་དུ་བླ་མའི་དགོངས་པ་དང་དབྱེར་མེད་ཅིང་། རྗེས་ཐོབ་ཀུན་བཟང་གི་སྤྱོད་པས་མ་རྒན་སེམས་ཅན་ཐམས་ཅད་སྒྲོལ་བའི་ཕྲིན་ལས་རྩོལ་མེད་དུ་འབྱུང་བ་ཞིག་བླ་མ་རྗེ་མཁྱེན་ནོ། །ཞེས་པ་སྟེ་ཀུན་ཏུ་བཟང་པོའི་སྤྱོད་པ་ནི་སྤྱིར་རྒྱལ་བའི་སྲས་པོ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དབྱངས་ཀྱི་མཛད་སྤྱོད་ལྟ་བུ་ཡིན་པས་ཚད་གཟུང་མེད་ཀྱང་། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནོར་བཟང་གིས་སྨོན་ལམ་དུ་བྱས་པ་ལྟར་ཏེ། ཇི་སྐད་དུ། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པར། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་སོ། །ཆོས་ཀྱི་སྙིང་པོ་དོན་དམ་བྱང་ཆུབ་སེམས། །སྤྲོས་བྲལ་ཡེ་ཤེས་རྒྱལ་བའི་དགོངས་བརྒྱུད་ཆོས། །གང་ལ་བབས་པ་མོས་གུས་སྐལ་པ་ལ། །རག་ལས་ཐེག་ཆེན་ལམ་གྱི་ཁྱད་ཆོས་ཡིན། །རྟོག་བྲལ་རིག་སྟོང་རྗེན་པའི་སྐད་ཅིག་མར། །སྡེ་སྣོད་རྒྱུད་སྡེའི་བརྗོད་བྱ་ཀུན་རྫོགས་པའི། །ཉམས་ལེན་སངས་རྒྱས་ལག་བཅང་དགོངས་པའི་མཐིལ། །སྟོན་ལས་སྐུ་དྲིན་ཆེ་བ་སུ་ཞིག་ཡོད། །ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་ནས། །རྒྱལ་བའི་དགོངས་བརྒྱུད་ཟམ་མ་ཆད་པ་རུ། །བབ་པའི་མན་ངག་བླ་མ་སངས་རྒྱས་ལས། །དངོས་སུ་རྙེད་ལས་སྐལ་བཟང་གཞན་ཡོད་མིན། །དེ་སླད་མོས་གུས་གདུང་བའི་རྒྱང་འབོད་གླུས། །བརྒྱུད་གསུམ་བླ་མའི་བྱིན་རླབས་རང་རྒྱུད་ལ། །ལེན་འདོད་སྐལ་བཟང་གྲོགས་ཀྱི་བཀའ་ཕེབས་ནས། །བག་ཡངས་ཨ་བུ་ལྷོད་པོས་འདི་བྲིས་སོ། །དོན་བཟང་བླ་མའི་ཡོན་ཏན་དང་འབྲེལ་ཞིང་། །བརྗོད་བྱ་ཐེག་རྩེའི་དགོངས་དོན་འཁྲུལ་པ་མེད། །ཀུན་སློང་ཆགས་སྡང་དུག་དང་མ་འདྲེས་པས། །འདི་ལས་རབ་དགེ་དྲི་མེད་ངེས་པར་ཐོབ། །དམིགས་མེད་ཡེ་ཤེས་མཁྱེན་པ་འཇམ་དཔལ་དབྱངས། །གང་གི་ཡོངས་བསྔོ་དྲི་མ་མེད་པའི་རྗེས། །དགེ་ཚོགས་མཐའ་ཡས་འགྲོ་བའི་ཉེར་སྤྱད་དུ། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་རྒྱུར་གྱུར་ཅིག །ཡོན་ཏན་ལྷུན་གྱིས་གྲུབ་པའི་རྡོ་རྗེ་ལྟར། །མི་ཕྱེད་འོད་གསལ་ཡེ་ཤེས་རྫོགས་ཆེན་གྱི། །དགོངས་དོན་འཁྲུལ་པ་མེད་པ་རང་རྒྱུད་ལ། །ལེན་པའི་ཕོ་ཉ་ཉིད་དུ་འདི་གྱུར་ཅིག །ཅེས་པའང་ཆོས་དང་འཇིག་རྟེན་གྱི་བྱ་བཞག་མེད་པས་བག་ཡངས་ཤིང་། རང་རྒྱུད་སྡོམ་པས་མ་བསྡོམས་པས་ལྷོད་པོར་གྱུར་པ་དེས་གྲོགས་མཆོག་ཟུང་གི་བཀའ་མ་ལྡོག་ནས་བྲིས་པའོ། །