ཞི་ཁྲོའི་དབང་སོགས་ཀྱི་མཚམས་སྦྱོར་པུཎྜ་རི་ཀའི་དོ་ཤལ།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-017
Wylie title zhi khro'i dbang sogs kyi mtshams sbyor puN+Da ri ka'i do shal
Location dpal sprul bka' 'bum
Volume 4, Text 17, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Empowerment Ritual - dbang chog - dbang skur
Deity zhi khro
[edit]
༄༅། །ཞི་ཁྲོའི་དབང་སོགས་ཀྱི་མཚམས་སྦྱོར་པུཎྜ་རི་ཀའི་དོ་ཤལ་བཞུགས་སོ། །


ༀ་བཛྲ་ས་ཏྭ་ཧཱུྃ། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཁཾ་ལས་གཤིན་བདུད་ལན་ཆགས་ཀྱི་གཏོར་མ་དངས་ཤིང་ཐོག་པ་མེད་པ་ཟག་པ་མེད་པའི་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧོ། ལན་གསུམ། ཨོཾ་སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛ། ལན་གསུམ། ཞི་དྲག་སྤེལ་མར་བཅས་བསྔོ་བས་བཏང་། ན་མོ་རྗེ་བཙུན་རྩ་བ་དང་སོགས། ཁྱད་པར་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བསྟེན་ནས། དེང་འདིར་རྡོ་རྗེ་སློབ་མ་འདི་རྣམས་ལ་རིགས་དྲུག་གནས་འདྲེན་གྱི་དབང་དང་ཡོན་ཏན་ཡར་ལྡན་གྱི་དབང་བསྐུར་ཟབ་མོ་བསྐུར་བར་བྱེད་པ་ལ་བར་དུ་གཅོད་པའི་གདོན་བགེགས་འབྱུང་པོ་དམ་སྲི་གནོད་བྱེད་ཀྱི་རིགས་སུ་གྱུར་པ་ཐམས་ཅད། དེང་འདིར་དམིགས་ཡུལ་ཚེ་དུས་ལས་འདས་པ་འདི་གསོན་གྱི་དུས་ན་གནས་བྱེད་ཀྱི་ཚེ་སྲོག་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱངས་པ་དང་ས་ལམ་ལ་བར་དུ་གཅོད་པའི་སྲོག་གཅོད་ཀྱི་གཤེད་མ་འཆི་ཁར་དབུག་སྡུད་ཅིང་ཕུང་པོ་ལ་བདག་ཏུ་འཛིན་པ་གཤིན་པོ་གནས་མི་བདེ་ཞིང་གསོན་པོ་བཀྲ་མི་ཤིས་པར་བྱེད་པ་ཡར་མཐོ་རིས་དང་ཐར་པའི་གེགས་བྱེད་ཅིང་། མར་འཁོར་བ་དང་ངན་སོང་གི་སྣ་འདྲེན་པ། བར་རིགས་དྲུག་གི་གཡང་ས་ཉམ་ང་བར་སྐྱུར་བའི་གཏིང་རྡོ་བྱེད་པའི་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུག་ལེན་ཤི་མིག་གསོན་ལ་ལྟ་བར་བྱེད་པ་ཁྱོད་རྣམས་འདིར་མ་གནས་པར་རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས་ཤིག །གལ་ཏེ་མི་འགྲོ་ན་བདག་ཉིད་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཁྲོ་མཚོན་འཇིགས་རུང་བཟོད་པར་དཀའ་བའི་ཚོགས་ཆེན་པོ་འཕྲོས་པས་ཁྱོད་རང་གི་ལྔ་ཕུད་ཉམ་ཉེས་སུ་གྱུར་ཏ་རེ། དྲག་སྔགས་གུ་གུལ་བདུག་ཅིང་ཐུན་གྱིས་གཟིར་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཙཀྲ་ཛྭ་ལ་མཎྜལ་ཕཊཿཧ་ལ་ཧ་ལ་ཧཱུྃ། ཨོཾ་སུམ་བྷ་ནི་སོགས་ཀྱི་རྗེས་སུ། སྲོག་གཅོད་གཤེད་མའི་རིགས་སུ་གྱུར་པ་ཐམས་ཅད་ཕྱིར་བསྐྲད། འོད་ཟེར་དང་ཁྲོ་ཚོགས་རྣམས་ཚུར་འདུས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་གུར་ཐབས་སུ་འཁྲིགས་པའི་མི་ཕྱེད་རྡོ་རྗེ་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་དེའི་ནང་དུ་ཚེ་དུས་ལས་འདས་པ་མིང་གཟུགས་དྲི་མའི་རྟེན་ལ་རྣམ་པར་ཤེས་པ་བག་ཕེབ་སྟེ་ཆོས་ཉན་པར་གྱུར། འོ་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་དུས་ལས་འདས་པ་ཁྱོད་ཤི་བ་ཡིན་ནོ། །དེ་ཡང་ཁྱོད་གཅིག་པུ་ཤིའམ་སྙམ་ན་མ་ཡིན་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི་གླིང་ཕྲན་བརྒྱད། ལྷུན་པོ་ཉི་ཟླ་དང་བཅས་པའང་མི་རྟག་ཅིང་འཇིག་དགོས་པ་དང་། ནང་བཅུད་ཀྱི་སེམས་ཅན་སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་རྒྱུ་བའི་འདི་ཐམས་ཅད་མི་རྟག་ཅིང་འཆི་དགོས་པ་ནི། མདོ་རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་ཤིང་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་དང་། བྱེ་བྲག་བསོད་ནམས་དང་ཡེ་ཤེས་ལས་གྲུབ་པའི་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པའི་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་དེ་ཡང་མཐར་མི་རྟག་པའི་ཚུལ་སྟོན་པ་དང་། ཁམས་གསུམ་གྱི་འཆིང་བའི་དགྲ་ཐམས་ཅད་བཅོམ་པ་ཉན་ཐོས་དང་རང་རྒྱལ་ཆེན་པོ་རྣམས་ཀྱང་མི་རྟག་པ་དང་། དགེ་བའི་རྩ་བ་ཡོངས་སུ་རྫོགས་པའི་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་མི་རྟག་ན། རང་ཅག་གི་ཆུ་བུར་ལྟ་བུའི་ལུས་འདི་འཇིག་པ་ལ་ལྟ་ཅི་སྨོས། ཇི་ལྟར་མི་རྟག་ན། མཛའ་བའི་བཤེས། རྩིག་པའི་མཁར། འབྲེལ་བའི་གཉེན། བསོག་པའི་ནོར་གང་གིས་ཀྱང་མི་ཕན་པར་འཆི་དགོས། དེ་ལྟར་བུའི་འཆི་བའི་གོ་རིམ་ནི་ཇི་ལྟར་འོང་སྙམ་ན། བདག་ཅག་གི་མི་ཚེའི་ཉི་མ་ནི་ཡུན་ཐུང་། འཆི་བདག་གི་བདུད་པོ་ནི་བང་མགྱོགས། འཆི་བའི་རྐྱེན་ངན་ནི་གྲངས་མང་། མ་ཚོར་ཡེང་མ་ལམ་གྱི་ངང་དུ་འཆི་བ་ཞེས་བྱ་བ་ནམ་མཁའི་ཐོག་མགོ་ལ་བབས་པ་བཞིན་དུ་འགྱུར་ལ། དེ་ཐབས་གང་གིས་ཀྱང་བཟློག་པའི་མཐུ་མེད་དེ། སྲོག་གཅོད་ཀྱི་ནད་དེ་འཚོ་བྱེད་ཀྱི་སྨན་པས་མི་སོས། འཆི་བདག་གི་གཤིན་རྗེ་ནི་གཟའ་ཁྱབ་འཇུག་གི་མདུང་ཐུང་གིས་མི་ཟློག །ལས་ཀྱི་རྣམ་པར་སྨིན་པ་ནི་དཔལ་ཕྱག་ན་རྡོ་རྗེའི་ནུས་པས་མི་ཁོག །དེ་ལྟར་འཆི་བའི་དུས་ལ་བབས་པ་ན། ཟས་ཀྱི་ཟ་འཕྲོ། གོས་ཀྱི་གྱོན་འཕྲོ། ལས་ཀྱི་བྱེད་འཕྲོ། ཉལ་མལ་དུ་གཅེས་པའི་སྒྱུ་ལུས་དང་བཅས་པ་དབང་མེད་དུ་བསྐྱུར། བརྩེ་བའི་བྱམས་པའི་མ། སྙིང་སྡུག་གི་བུ། ཚེ་རོག་གི་ཆུང་མ། བསགས་པའི་ནོར་ཐམས་ཅད་ལའང་མིག་གི་ལྟ་བའི་དབང་ཙམ་ཡང་མེད་པར་འཆི་དགོས་པ། ཁྱོད་ཀྱི་ཐོག་ཏུ་བབས་པས་གོ་བར་གྱིས་ཤིག །དེ་ཡང་འཆི་བའི་རྟགས་ཀྱི་འཁྲུལ་སྣང་ནི། འདི་ལྟར་འབྱུང་སྟེ། པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས། འབྱུང་བ་ལོག་པའི་སྒྲ་བཞི་འཇིགས་སྣང་གསུམ། །མ་ངེས་རྟགས་རྣམས་སྣ་ཚོགས་འཆར་བའི་ཚེ། །ཞེས་གསུངས་པས། ཕྱི་ལྟར་ས་ཆུ་ལ་ཐིམ་ནས་ནང་གཟུགས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་མི་མཐོང་། ལུས་བསྒུལ་སྤྱོད་མི་ནུས། ཆུ་མེ་ལ་ཐིབ་པས་ཕྱི་ནང་གི་གཤེར་པའི་ཆ་ཐམས་ཅད་སྐམས། རྣ་བས་སྒྲ་མི་ཐོས། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་ཡལ། སྣས་དྲི་མི་ཚོར། རླུང་རྣམ་ཤེས་ལ་ཐིམ་པས། སྤྱི་བོ་ནས་ཁམས་དཀར་པོ་ཐུར་དུ་བབས་པས་ཕྱི་རྟགས་སུ་ཟླ་བ་ལྟ་བུའི་དཀར་ལམ་པ་དང་། ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་འགགས། ལྟེ་འོག་ནས་རཀྟ་གྱེན་དུ་ཕྱུར་བས་ཉི་མ་ལྟ་བུའི་དམར་ལམ་པ་དང་། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། དཀར་དམར་སྙིང་ཁར་འདྲེས་པས་མུན་ནག་སྟུག་པོ་ལྟ་བུའི་ནག་ལམ་པ་དང་། གཏི་མུག་གི་རྟོག་པ་བདུན་འགགས། དེ་ནས་རྣམ་ཤེས་དབུ་མར་ཐིམ་པས་རྟོག་མེད་དུ་ལྷན་གྱིས་འགྲོ་བ་ལ། འཁྲུལ་རྟོག་མ་སྐྱེས་ཀྱི་བར་གོམས་འདྲེས་ཡོད་མེད་གནས་ཆ་རིང་ཐུང་ལ་རག་ལས་སོ། །དེ་ནས་བརྒྱལ་བ་ལས་སངས་པ་ཙམ་ན་འཁྲུལ་སྣང་གི་མགོ་འཛུག་པ་ཡིན་ནོ། །དེ་ཡང་རང་ངོ་མ་ཤེས་པས་སླར་ཡང་བར་དོའི་ལུས་བླང་སྟེ་ཤི་བ་ནི་མི་ཤེས། ཉེ་འབྲེལ་ཤུལ་མི་རྣམས་ཀྱི་མྱ་ངན་དང་ངུ་ཆོམ་བྱས་པས་ནི་མ་བཟོད། དེ་དག་གི་དྲུང་དུ་ཕྱིན་ནས་གཏམ་སྨྲས་ཀྱང་མི་མཐོང་མི་ཐོས། སླར་ཡང་སྡུག་བསྔལ་གྱིས་ནི་གདུང་། ཉི་ཟླ་དང་སྐར་མ་ལ་སོགས་པ་རྣམས་ཀྱི་གཟུགས་དང་འོད་མི་མཐོང་། ཕྱོགས་ཐམས་ཅད་བསྐལ་པའི་མུན་ནག་ལྟ་བུའི་ཁྱབ་པ་མཐོང་། ལས་ཀྱི་རླུང་དམར་དྲག་པོས་ནི་རྒྱབ་ནས་དེད། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མདུན་ནས་བསུ། སོད་ཅིག་རྒྱོབ་ཅིག་གི་སྒྲ་དྲག་པོ་ནི་ཐོས། མཚོན་ཆའི་ཆར་པ་ནི་སྐར་མདའ་འཁྲུངས་པ་ལྟར་བབས། འཇིགས་སྐྲག་གི་སྡུག་བསྔལ་ཆེན་པོ་ནི་མཐོང་། མགོན་སྐྱབས་དང་དཔུང་གཉེན་ནི་མེད། རྟེན་མེད་གནས་མེད་དུ་འཁྱམས། ཟས་ནོར་དང་ཉེ་འབྲེལ་རྣམས་ལ་ཆགས། སྔོན་གྱི་ཁང་ཁྱིམ་ལ་སོགས་པ་རྣམས་སུ་རྨི་ལམ་བཞིན་དུ་འཁྱམས། ཟས་ནོར་རྣམས་གཞན་གྱིས་སྤྱོད་པ་མཐོང་ནས་ཞེ་སྡང་དྲག་པོ་མེ་ལྟར་འབར། ཡིད་ཀྱི་ལུས་དང་དྲི་ཙམ་གྱི་ཟས་ལ་བརྟེན་ཞིང་གནས་ངེས་མེད་དུ་འཁྱམས། ཅི་ཞིག་ན་འཇིགས་སྐྲག་གིས་བསྐྱོད་དེ་རང་དབང་མེད་པར་འགྲོ། གཞན་ཡང་རི་རབ་བསྙིལ་བ་དང་རྒྱ་མཚོ་ཆེན་པོ་འཕྱོ་བ་དང་། བསྐལ་པའི་མེ་དཔུང་འབར་བ་ལྟ་བུའི་འུར་སྒྲ་དང་། བསྐལ་པའི་འཐོར་རླུང་དྲག་པོ་གཡོ་བ་ལྟ་བུའི་ཉམས་དང་། བར་བར་དུ་དུག་གསུམ་གྱི་རང་གཟུགས་ལས་གྲུབ་པའི་འཁྲུལ་སྣང་སྐྱ་ཆད་དེ་བ། དམར་ཟེང་ངེ་བ། ནག་ངམ་མེ་བ་སོགས་འཆར་ཡང་། དེ་རྣམས་འཁྲུལ་སྣང་ཁོ་ན་མ་གཏོགས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པ་ནི། རྨི་ལམ་གྱི་སྣང་བ་དང་ཁྱད་པར་མེད་པས་གང་ལའང་མ་འཇིགས་མ་སྐྲག་པར་ཚེ་འདིའི་ཕ་མ། སྤུན་ཟླ། མཛའ་བཤེས་གཉེན་འདུན། རྒྱུ་ཟས་ལོངས་སྤྱོད་གང་ལའང་ཆགས་ཞེན་གྱི་འཁྲི་བ་རྦད་ཀྱི་ཆོད་ལ། བསླུ་མེད་དཀོན་མཆོག་གསུམ་དང་། རྩ་བའི་བླ་མ་སོགས་ལ་བློ་རྩེ་གཅིག་ཏུ་གསོལ་བ་ཐོབ་ཅིག །ཁྱོད་རང་གི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཡེ་ཤེས་རང་སྣང་ལས་གྲུབ་པའི་འཇའ་འོད་ཁ་དོག་ལྔ་ལྡན་གྱི་དབུས་ན་སྐུ་མཚན་དཔེ་གསལ་རྫོགས་ཀྱི་རང་བཞིན་ལྷམ་མེ། གསུང་གྲགས་སྟོང་རྡོ་རྗེའི་ཆོས་སྒྲ་ལྷང་ངེ། ཐུགས་གསལ་སྟོང་ཡེ་ཤེས་རྣམ་མཁྱེན་གྱི་རང་བཞིན་ལྷན་ནེར་ཁྱོད་རང་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་པར་མོས་ལ་གསོལ་བ་རྩེ་གཅིག་ཏུ་ཐོབ་ལ། ཨེ་མ་མགོན་པོ་ཐུགས་རྗེ་ཅན། སོགས། དེ་ནས། ཨོཾ་བཛྲ་ས་ཏྭ་ཧཱུྃ། སྭ་བྷ་ཝ་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་འདོད་ཡོན་གླུད་ཀྱི་གཏོར་མ་རིགས་དྲུག་སོ་སོའི་གང་ལ་གང་འདོད་ཀྱི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོ་གཅིག་ཏུ་གྱུར། ཨོཾ་ཨཱཿཧཱུྃ། ཧཱུྃ་གཏོར་མ་འདོད་ཡོན་ལྔ་དང་སོགས། བླ་མ་དང་གཙོ་བོ་ཐ་མི་དད་པའི་དྲུང་དུ་ཡི་དམ་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མཎྜལ་འབུལ་བར་ཞུ། ས་གཞི་སྤོས་སོགས། དེ་ནས་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་སོགས་ནས། ལེགས་པར་ཉོན། དེ་ཡང་ཆོས་ལ་འཇུག་པའི་རྩ་བ་ནི་སྐྱབས་སུ་འགྲོ་བ་ཡིན་པས་མེད་དུ་མི་རུང་ཞིང་ཐོག་མར་བླ་མ་དང་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་སྣང་སྟོང་གཉིས་མེད་ཀྱི་རང་བཞིན་དུ་གསལ་ལ་སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅིར་འགྱུར་ཡང་ཡིད་ཁྱེད་ཤེས་ཀྱི་དད་པས་འདི་བཞིན་དུ་རྗེས་ཟློས་མཛོད། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། སོགས་ནས། སྐྱབས་སུ་མཆི། ཞེས་པར་དང་། དེ་ལྟ་བུའི་སྐྱབས་སུ་སོང་བའི་ཕན་ཡོན་ནི། ལུང་ལས། སྐྱབས་སོང་འདི་ལ་གཟུགས་མཆིས་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་ལ་གཞལ་བས་ཟད་མི་ནུས། །ཞེས་གསུངས་སོ། །དེ་ནས་རྒྱུད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཕྱི་སོ་སོར་ཐར་པའི་སྡོམ་པ་བཟུང་བ་དང་། ནང་བྱང་ཆུབ་སེམས་དཔའི་བསླབ་པ་སྨོན་པ་དང་འཇུག་པའི་རིམ་པ་རྣམས་ཚུལ་བཞིན་དུ་གཟུང་ངོ་སྙམ་དུ་འདིའི་རྗེས་ཟློས་མཛོད། ཧོ་བླ་མ་ཀུན་བཟང་སྤྱན་སྔ་རུ། སོགས། མྱ་ངན་འདས་ལ་འགོད། བར་དང་། དེ་ནས་གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ལ་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་རྣམས་ཚུལ་བཞིན་དུ་བླང་ལ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ནི་མི་སྤང་ངོ་། །སོགས། ཡོངས་སུ་བཟུང་། དེ་ནས། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་སོགས། སློབ་མའི་ཆས་འཛིན་སོགས་ནས། ས་ཏྭ་ཨཱཿབྱིན་དབབ་པ་ནི། ཀྱེ་ཧོ་བླ་མ་འགྲོ་བའི་མགོན། སོགས། ཞེས་གསོལ་བ་བཏབ་པས་ཁ་བསྐང་སྟེ་སྐལ་བ་དང་ལྡན་པ་ཁྱོད་ལ་འབོད་དེ་གནང་བ་སྦྱིན་པ་ནི། ཚུར་ཤོག་ཚུར་ཤོག་སོགས། འོ་ཁྱོད་རང་ལ་ཡེ་ཤེས་པ་ཕབ་པའི་དོན་ནི། རྩལ་རྫོགས་ཆེན་པོའི་རྒྱུད་ལས། གསང་སྔགས་སེང་གེའི་འོ་མ་འདྲ། །རིན་ཆེན་གསེར་སྣོད་མ་ལགས་པའི། །སྣོད་གཞན་ཕལ་བར་བླུག་གྱུར་ན། །སྣོད་ཀྱང་ཆགས་ལ་བཅུད་ཀྱང་ཟག །སྣོད་བཅུད་གཉིས་ཀ་མ་རུང་འགྱུར་ཞེས་གསུངས་པས་རྒྱུད་ཀྱི་ཉོན་མོངས་པ་མ་སྦྱང་བར་གསང་སྔགས་ཟབ་མོའི་དབང་བསྐུར་དུ་མི་རུང་ཞིང་བསྐུར་ཡང་མི་འཆགས་པས། ཡེ་གདོད་མ་ནས་སྣོད་གཞལ་ཡས་ཁང་དང་བཅུད་ཡི་དམ་གྱི་ལྷ་ཚོགས་རྟོག་ཚོགས་ཆོས་ཉིད་ཀྱི་རོལ་པར་གནས་པ་ཡིན་ཏེ། དེ་ལྟར་མ་ཤེས་པའི་གང་ཟག་ལ་ཡིན་ཚུལ་ངོ་སྤྲད་པའི་ཕྱིར་དམ་ཚིག་ཡེ་ཤེས་གཉིས་མེད་དུ་རྒྱས་གདབ་པ་ནི་ཡེ་ཤེས་པ་དབབས་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཆུས་བསང་ལ། སྭ་བྷ་ཝས་སྦྱངས། སློབ་དཔོན་ཀུན་བཟང་རྡོར་སེམས་ཞི་ཁྲོ་རབ་འབྱམས་ཀུན་འདུས་ཀྱི་ཐུགས་ཀའི་འོད་ཀྱིས་སློབ་མའི་ལུས་སོགས་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་རིན་ཆེན་ཁྲི་རྐང་པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་རྣམས་རྡོ་རྗེ་སེམས་དཔའ་དཀར་གསལ་ཞལ་གཅིག་འཛུམ་བཅས་བཞད་པ་ཕྱག་གཉིས་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན་ཞིང་གཡོན་སྣང་སྟོང་དྲིལ་བུ་དཀུར་བརྟེན་པ། རིག་ལྔའི་དབུ་བརྒྱན་སོགས་ལོངས་སྤྱོད་རྫོགས་སྐུ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས་པའི། ཐུགས་ཆོས་དབྱིངས་ཁྱབ་བདལ་གྱི་ཀློང་དུ། རང་སེམས་ཀ་དག་རིག་མདངས་ཞལ་ཕྱག་གི་རྣམ་པ་ཀུན་བཟང་ཡབ་ཡུམ་ལ་འཁོར་ཡེ་ཤེས་ལྔའི་རང་འོད་རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་བརྒྱད། སེམས་མ་བརྒྱད། ཐུབ་པ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་དང་བཅས་པའི་རྩལ་མདངས་ལས། ཀླད་པ་དུང་ཁང་འབར་བའི་གཞལ་ཡས་ཁང་འཇའ་འོད་མེད་དཔུང་ཐིག་ལེའི་ཀློང་དུ་ཆེ་མཆོག་ཡབ་ཡུམ་ལ་ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ། ཀོ་རི་མ་བརྒྱད། སེང་ཧ་མ་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་ཞི་ཁྲོ་དམ་པ་རིགས་བརྒྱ་དང་། མགྲིན་པར་རིག་འཛིན་དཔའ་བོ་ཡབ་ཡུམ་བཅུ་རྣམས་གསལ་བའི་སྐུའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་དང་རང་རང་གི་ཐུགས་སྲོག་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་ཁྱོད་རང་རྣམས་ལ་སིབ་སིབ་ཏུ་ཐིམ་པའི་མོས་པར་མཛོད། ༀ་ཨཱཿཧཱུྃ། བླ་མ་ཀུན་བཟང་རིག་ལྔའི་སོགས་བརྗོད། བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཉིས་མེད་རོ་གཅིག་ཏུ་བརྟན་པར་གྱུར་ཅིག །ཨོཾ་སུ་པྲ་སོགས། དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་རང་འདྲ་གཉིས་པ་ཞིག་ཆད་དེ་ཁྱོད་རང་གི་ལག་པ་ནས་བཟུང་སྟེ་ཁྲིད་ནས་ཤར་སྒོ་ནས་རིམ་པ་བཞིན་དུ་རིགས་སོ་སོ་ལ་མི་ཕྱེད་པའི་དད་པས་ཕྱག་དང་སྐོར་བ་བྱེད་པའི་མོས་པ་མཛོད་ཅིག །ཧཱུྃ་དཀྱིལ་འཁོར་ཆེན་པོའི་ནས། ཤ་ཡ་ཕཊཿའོ་འདི་ན་བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཡེ་ཤེས་རང་སྣང་ལས་གྲུབ་པས་བཟང་ངན་བླང་དོར་མ་མཆིས་ཀྱང་རང་གི་རིགས་ཀྱི་ལྷ་ལས་འབྲེལ་གང་ལ་ཕོག་པ་དེ་དག་ལ་ཐོག་མེད་དུ་དབབས་པར་བསམ་མོ། དེའི་དགོས་པ་ནི། སློབ་དཔོན་བི་ཤྭ་མི་ཏྲས། མཉེས་དཀའ་མ་ཡིན་བཀུར་གནས་ཀྱི། །འཇིག་རྟེན་མགོན་པོའི་ཆོས་ལུགས་ཕྱིར། །ཞེས་གསུངས་པས། དེ་ལྟར་ལྷ་ལ་ཕྱག་རྟེན་དུ་རྟེན་འབྲེལ་གྱི་མེ་ཏོག་དོར་ཞིག །ཧཱུྃ་བདག་ཅག་རིག་པའི་མེ་ཏོག་སོགས། ཛ་ཧོཿའོ་དེ་ལྟར་རིགས་གང་ལ་ཕོག་པའི་ལྷ་ལས་དྲིས་པའི་མིང་བཏགས་ཏེ་མེ་ཏོག་དེ་ཉིད་རྒྱལ་བ་རིགས་ལྔའི་རང་བཞིན་གྱི་ཅོད་པཎ་དུ་གྱུར་ནས་ཁྱོད་ཀྱི་མགོ་ལ་བཅིངས་ཏེ་ཡེ་ཤེས་ལྔས་རྒྱས་བཏབས་ཏེ་རིགས་གང་ཡིན་པ་དེ་དག་གི་ངོ་བོར་སངས་རྒྱས་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །འོ་ཁྱོད་རང་དེ་སྔོན་མ་རིག་གཉིས་འཛིན་གྱི་ལྡོང་པ་དེ་དག་མཚོན་བྱེད་ཀྱི་མིག་དར་འདི་ཉིད་བསལ་བ་དང་མཉམ་དུ་གཉིས་འཛིན་མ་རིག་པ་སྲོག་ཏུ་གསལ་ནས་རིག་པ་ཡེ་ཤེས་ལྷའི་ངོ་བོ་ཇི་ལྟ་བར་གསལ་བའི་མོས་པ་མཛོད་ཅིག །ཀུན་བཟང་རིག་ལྔ་རྡོ་རྗེ་སེམས། སོགས་བརྗོད་ལ་མིག་དར་བསལ། འོ་འདི་ན་ཡེ་ཤེས་རང་སྣང་ལས་གྲུབ་པའི་འཁོར་ལོ་སྒྱུ་འཕྲུལ་ཞི་ཁྲོ་རོལ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པ་དང་བཅས་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་ཤར་བ་ཡིན་ཏེ། དེ་ཡང་ཅུང་ཟད་དབྱེ་ན་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་མཁའ་ཀློང་རྣམ་པར་དག་པ་འོག་བཞི་འབྱུང་པ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཐར་པ་ཆེན་པོའི་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་གྲུ་བཞི་སྒོ་བཞི་ལོག་བརྒྱད་རྩིག་པ་རིམ་པ་ལྔ། འདོད་སྣམ་ཕ་གུ་དྲ་ཕྱེད་ཤར་བུ་མདའ་ཡབ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། གཞལ་ཡས་ཁང་གི་རྣམ་པར་ཤར་བ་ནང་དྲག་པོའི་གཞལ་ཡས་ཁང་ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ལ་སོགས་པའི་ཀ་གདུང་དྲལ་ཕྱམ་དང་བཅས་པའི་མཚན་ཉིད་ཡོངས་སུ་རྗོགས་པའི་དབུས་སུ་ཡིད་ཆོས་རྣམ་པར་དག་པ་ཀུན་བཟང་ཡབ་ཡུམ་གཉིས། ཤར་དུ་རྡོ་རྗེ་རིགས་ཀྱི་ཚོམ་བུ་དྲུག །ལྷོར་རིན་ཆེན་རིགས་ཀྱི་ཚོམ་བུ། ནུབ་ཏུ་པདྨ་རིགས་ཀྱི་ཚོམ་བུ། བྱང་དུ་ལས་ཀྱི་རིགས་ཀྱི་ཚོམ་བུ། ཕྱོགས་བཞི་སྟེང་འོག་གཉིས་སུ་འགྲོ་འདུལ་གྱི་ཐུབ་པ་དྲུག་རྣམས་རང་རང་གི་རྟགས་དང་མཚན་མས་གཙོ་བོ་ཡབ་ཡུམ་ལ་ཞལ་གཟིགས་ཏེ་བཞུགས་པ། སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་རྣམས་ཞལ་ཕྱིར་གཟིགས་ཏེ་བར་ཆད་བསྲུང་བའི་ཚུལ་མཛད་པ་སྟེ། དེ་ལྟར་རྡོ་རྗེ་དབྱིངས་ཀྱི་ལྷ་ཞི་བ་བཞི་བཅུ་རྩ་གཉིས་འཇའ་འོད་ཁ་དོག་ལྔ་ལྡན་གྱི་དབུས་ན་བཞུགས་ཤིང་། སྟེང་གི་ནམ་མཁར་ཆོས་དབྱིངས་མེ་རི་འབར་བའི་དབུས་སུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལ་སོགས་ཏེ་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས་ཁྲོ་གཏུམ་གར་དགུའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པ་འཇའ་འོད་མེ་དཔུང་འདྲེས་མར་མཆེད་པའི་དབུས་ན་བཞུགས་པ་འདི་དག་ཁྱོད་རང་གི་ཚེ་རབ་ལས་ཀྱི་འབྲེལ་བའི་ལྷ་ཡིན་པས་མ་བསྒོམ་ཀྱང་སྐྱེ་བ་བདུན་ཚུན་ཆད་ལ་ཡི་དམ་ལྷའི་ངོ་བོར་འཚང་རྒྱ་བའི་རྒྱུ་ཡིན་པས་སྤྲོ་བར་གྱིས་ལ་དཀྱིལ་འཁོར་ལ་གཟིགས་ཤིག །ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ། སོགས། སླར་ཡང་བུམ་དབང་དངོས་ཞུ་བའི་དོན་དུ་གསོལ་འདེབས་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་སོགས། འོ་དེ་ཡང་སྤྲོས་བཅས་བུམ་པའི་དབང་ཆེན་པོ་བསྐུར་བ་ལ། བུམ་དབང་གི་བརྡ་དོན་ནི། ལོ་པཎ་བཀའ་ཐང་ལས། བུམ་ནི་སྙིང་པོ་འོད་ཀྱི་བུམ། །པ་ནི་ཆོས་དབྱིངས་སྐྱེ་བ་མེད། །བྱེད་ལས་སེམས་ཅན་དོན་བྱེད་ཅིང་། །མ་འགགས་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས། སྤྱིར་བུམ་པ་ལ་ཆོས་དབྱིངས་མི་འགྱུར་བའི་བུམ་པ། ཀུན་རྫོབ་མཚན་མའི་བུམ་པ། འདུས་བྱས་རྟགས་ཀྱི་བུམ་པ། བཏགས་པ་མིང་གི་བུམ་པ་དང་བཞི་ཡོད་པ་ལས། འདིར་འདུས་བྱས་རྟགས་ཀྱི་བུམ་པ་ལ་བརྟེན་ཏེ། དོན་ཆོས་དབྱིངས་མི་འགྱུར་བའི་རྒྱས་འདེབས་པ་ཡིན་པས། དེ་ལྟར་དབུས་ཀྱི་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་སྤྱི་བོར་བཞག་ལ། ཧཱུྃ་བུམ་པ་འདི་ནི་སོགས། འོ་རིགས་ཀྱི་བུ་ཁྱོད་ལ་བུམ་པ་འདིས་སོགས། རིག་པའི་དབང་ལྔ་ནི། དེ་ཡང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བར་འཁྱམས་པའི་རྒྱུ་རྐྱེན་ཕུང་པོ་ལ་བདག་ཏུ་བཟུང་ཞིང་དུག་ལྔ་རང་ཁར་ཡན་ཏེ་འཁྲུལ་པ་ལུ་གུ་རྒྱུད་དུ་གྱུར་པ་ལ་བརྟེན་ནས་སྡུག་བསྔལ་གྱི་རྒྱ་མཚོར་འཕྱན་པ་ཡིན་ལ། དེ་དག་པ་བྱེད་པ་རིགས་ལྔའི་ཡེ་ཤེས་ཀྱི་ངོ་བོ་རིག་པའི་དབང་ལྔ་ལ་བརྟེན་དགོས་ཏེ། རྒྱུད་ལས། ཞེ་སྡང་མེ་གསོད་ཆུ་ཡི་དབང་། །ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་། །འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་། །ཕྲག་དོག་ཞགས་བཀྲོལ་དྲིལ་བུའི་དབང་། །གཏི་མུག་མུན་སེལ་མིང་གི་དབང་། །ཞེས་དང་། ཆུ་དང་དབུ་རྒྱན་རྡོ་དྲིལ་མིང་། །བུ་ཁྱོད་རྣམས་ལ་སྦྱིན་པར་བྱ། །ཞེས་པས། དང་པོ་མི་བསྐྱོད་པ་ཆུའི་དབང་ནི། ཧཱུྃ་སྐུ་གསུམ་དམ་ཚིག་སོགས། ཞེས་མི་བསྐྱོད་པ་ཆུའི་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་སུ་དག །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཐུགས་རྡོ་རྗེ་མི་བསྐྱོད་པའི་སྐུ་ལྷུན་གྱིས་གྲུབ། སངས་རྒྱས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར། ཧཱུྃ་སངས་རྒྱས་ཀུན་གྱི་རྒྱལ་སྲིད་དེ་སོགས། རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་སྦྱངས། ཚོར་བའི་ཕུང་པོ་གནས་སུ་དག །མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་སྐུ་ལྷུན་གྱིས་གྲུབ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར། ཧཱུྃ་སངས་རྒྱས་ཀུན་གྱི་རྡོ་རྗེའི་སོགས། དེས་སྣང་བ་མཐའ་ཡས་རྡོ་རྗེའི་དབང་བསྐུར། ཉོན་མོངས་པ་འདོད་ཆགས་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག །སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། གསུང་སྣང་བ་མཐའ་ཡས་ཀྱི་སྐུ་ལྷུན་གྱིས་གྲུབ། སངས་རྒྱས་པདྨའི་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར། ཧཱུྃ་ཐབས་དང་ཤེས་རབ་ལྡན་པ་སོགས། དོན་ཡོད་གྲུབ་པ་དྲིལ་བུའི་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག །བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། ཕྲིན་ལས་དོན་ཡོད་གྲུབ་པའི་སྐུ་ལྷུན་གྱིས་གྲུབ། སངས་རྒྱས་ཕྲིན་ལས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར། ཧཱུྃ་རྡོ་རྗེ་མིང་གི་དབང་བསྐུར་སོགས། དེ་ལྟར་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་སྦྱངས། གཟུགས་ཀྱི་ཕུང་པོ་གནས་སུ་དག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་སྐུ་ལྷུན་གྱིས་གྲུབ། སངས་རྒྱས་བདེ་གཤེགས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར། འོ་དེ་ལྟར་ཐུན་མོང་སོགས་བརྗོད། འོ་དེ་དག་གིས་ཕྱི་མཚན་མའི་བུམ་དབང་ལེ་ལག་དང་བཅས་པ་སོང་ནས། གཉིས་པ་ནང་ཕྱག་རྒྱ་སྐུའི་དབང་ལ་བརྟེན་ནས་མཚན་དཔེའི་དེ་ཁོ་ན་ཉིད་ངོ་སྤྲོད་ཀྱི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་རྡོ་རྗེ་སོགས། དེ་ལྟར་གསོལ་བ་བཏབ་པས་ཞི་ཁྲོ་རིགས་བརྒྱའི་ལྷ་དབང་བསྐུར་བ་ལ་བརྟེན་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ལྷ་གཉིས་པ་རེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན་ནས་སློབ་མའི་ལུས་གནས་སོ་སོ་ལ་ཐིམ་པས་ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་ཐམས་ཅད་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་འཁོར་ལོར་སྨིན་ཅིང་ལྷ་དེ་དང་དེའི་ཡོན་ཏན་དང་ནུས་པ་ཐམས་ཅད་ཐོབ་པར་མོས་ལ། ཧཱུྃ་སྐལ་ལྡན་རིགས་ཀྱི་སོགས། ཀུན་བཟང་ཡབ་ཡུམ་སོགས་ནས། ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་། །དེ་ལྟར་ལྷ་ཚོགས་རྣམས་ཁྱེད་རང་གི་གནས་སོ་སོར་ཐིམ་པས་སྣོད་བཅུད་ཀྱི་བསྡུས་པའི་ཆོས་སོ་ཅོག་ཐམས་ཅད་རིགས་བརྒྱ་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་དག་པར་གྱུར་ནས་ཞི་བ་དང་ཁྲོ་བོའི་སྐུའི་རྣམ་འགྱུར་གང་དང་གང་གིས་འདུལ་བ་དེ་དང་དེའི་རྣམ་རོལ་འགགས་མེད་སྣང་སྟོང་ཆུ་ཟླའི་རོལ་གར་བཞིན་སྤྱོད་པའི་མཐུ་ཐོབ་པར་བྱས་པ་ཡིན་ནོ། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ཡུལ་སྣང་སྟོང་དུ་རྟོགས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཚོགས་ལམ་ནས་ས་བརྒྱད་པ་མན་ཆད་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་སྐུ་རྡོ་རྗེ་སྤྲུལ་བའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །བྷནྔྷ་བདུད་རྩི་ཐོགས་པ། དེ་ནས་གསུང་རྡོ་རྗེའི་ངོ་བོ་ལོངས་སྤྱོད་རྫོགས་སྐུ་བླ་མ་ཀུན་བཟང་ཡབ་ཡུམ་སྙོམ་པར་ཞུགས་པའི་དགའ་བཞིས་དྲངས་པའི་སྒྲ་དང་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ནས་ཞུགས། འདོད་ཆགས་ཆེན་པོས་མེས་ཞུ་བ་མངལ་གསང་ནས་བརྒྱུད་དེ་ཐོད་པའི་བདུད་རྩི་དང་ལྷན་ཅིག་ཏུ་ལྕེ་ལ་བཞག་སྟེ་མྱང་བས་ཡེ་ཤེས་ཀྱི་བདུད་རྩི་ཤེལ་ལྟར་དྭངས་ཤིང་བདེ་བ་ཁྱད་པར་ཅན་བདེ་སྟོང་དབྱེར་མི་ཕྱེད་པས་ཐམས་ཅད་གང་། གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་འཛིན་རྒྱུད་ལ་སྐྱེས་པར་མོས་ལ། ཧཱུྃ་གསང་བ་ཡེ་ཤེས་སོགས། དེ་ལྟར་བླ་མ་ཡབ་ཡུམ་དང་ཡི་གེ་ཆོས་འབྱུང་གི་དཀྱིལ་འཁོར་དུ་སྤྲོས་མེད་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །སེམས་གསལ་སྟོང་བརྗོད་བྲལ་དུ་རྟོགས། ལམ་རྩ་རླུང་གི་རྣལ་འབྱོར་བསྒོམ་པ་དང་སྔགས་བཟླ་བ་ལ་དབང་། སྒོམ་ལམ་ས་དགུའི་ནུས་པ་བརྒྱུད་ལ་བཞག །འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཐུགས་རྡོ་རྗེ་ཆོས་སྐུའི་ངོ་བོ་བླ་མས་ཤེས་རབ་མཚོན་བྱེད་མེ་ཤེལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཅན་སྙིང་གར་བཞག་པ་ལ་བརྟེན་ནས་སོ་སོར་རང་རིག་ཡེ་ཤེས་བདེ་སྟོང་སྤྲོས་དང་བྲལ་བ་ཉིད་ཅིག་ཆར་རྒྱུད་ལ་སྐྱེས་པར་མོས་ཤིང་། དེའི་ངང་ལ་མཉམ་པར་ཞོག་ཅིག །ཧཱུྃ་མེ་ལོང་སྤྲོས་བྲལ་ཆོས་སྐུ་སོགས། དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཚོན་བྱེད་མེ་ལོང་གི་དཀྱིལ་འཁོར་དུ་ཤེས་རབ་མཚོན་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག་རང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས། ལམ་ཐིག་ལེ་དང་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། མཐར་ལམ་རྒྱུན་མཐའི་ཡེ་ཤེས་ཀྱི་ས་ཐོབ་པའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་རང་བཞིན་གྱི་བླ་མས་དབང་བཞི་པ་དཔེས་མཚོན་དུ་མེད་པའི་ཡེ་ཤེས་ཉིད་ཚིག་ཙམ་གྱི་བརྡས་ངོ་སྤྲོད་པ་སྟེ། དེ་ཡང་སེམས་ཀྱི་གཤིས་ལུགས་གང་དུའང་མ་གྲུབ་པའི་སྟོང་ཉིད་སྤྲོས་བྲལ་ཀ་ནས་དག་པ་དེ་ཉིད་རང་གདངས་འགགས་མེད་བདེ་བ་ཆེན་པོ་རྣམ་རོལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ་སྣང་སྟོང་དབྱེར་མེད་ཟུང་འཇུག་སོ་སོ་རང་རིག་གདོད་མའི་གནས་ལུགས་ནམ་མཁའ་དང་མཉམ་པའི་རང་བཞིན་གྱི་ངང་བསྐྱང་བ་ནི་དེ་ཁོ་ན་ཉིད་ཀྱི་དབང་ཡིན་པས་རང་བབས་སུ་མ་བཅོས་པར་ཞོག་ཅིག །ཧྲཱི་ངོ་བོ་ཉིད་ནི་ཀ་དག་སོགས། དེ་ལྟར་དོན་དམ་བྱང་ཆུབ་ཀྱི་སེམས་བླ་མའི་ཐུགས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བརྗོད་བྲལ་དུ་རྟོགས། ལམ་རང་བཞིན་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། བཅུ་གསུམ་ཡེ་ཤེས་བླ་མའི་ས་ཐོབ་པའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །འཁོར་ལོ་རིན་པོ་ཆེའི་དབང་བསྐུར་བས། འཁོར་བ་ལུ་གུ་རྒྱུད་དུ་འཁྲུལ་བའི་རྒྱུ་བདག་འཛིན་གཉིས་སྣང་གི་བག་ཆགས་རྩད་ནས་བཅད་དེ་བདག་དོན་དུ་དག་པ་གཉིས་ལྡན་གྱི་སྐུ་མངོན་དུ་བྱས། གཞན་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་འགྲོ་བའི་དོན་བླ་ན་མེད་པར་བྱེད་ནུས་པའི་མོས་པ་མཛོད་ཅིག །ཧཱུྃ་འཁོར་ལོ་རིན་ཆེན་སོགས། ནོར་བུ་རིན་པོ་ཆེའི་དབང་བསྐུར་བས། ཀུན་རྫོབ་ཏུ་ཟང་ཟིང་གི་ངོ་བོ་གྱ་ནོམ་པ་དང་། དོན་དམ་དུ་ཡང་དག་དང་ལྟར་སྣང་འབྱེད་པའི་བློ་གྲོས་ཀྱི་མཐུས་བཀྲེས་ཤིང་ཕོངས་པ་དག་བསལ་ནས་འཕགས་ནོར་བདུན་ལ་སོགས་པའི་འབྱོར་བས་ཕྱུག་སྟེ། ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་པའི་མོས་པ་མཛོད་ཅིག །ཧཱུྃ་ནོར་བུ་སོགས། བཙུན་མོ་རིན་པོ་ཆེའི་དབང་བསྐུར་པས། ཐབས་ལ་རྨོངས་པ་མ་རིག་པའི་རྒྱུན་བཅད་དེ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས་པས། ཐབས་སྣང་བའི་ཆ་གང་དུ་ཡང་མ་སྤངས་ཤིང་། ཅིར་ཡང་མ་བསྒྱུར་བར་ཤེས་རབ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་དབང་འབྱོར་ནས། སྣང་སེམས་དབྱེར་མེད་དུ་དག །ཕྱི་ཀུན་རྫོབ་ཐབས་ལམ་མཉམ་པར་སྦྱར་བས་དགའ་བཞི་ལུགས་འབྱུང་ལྡོག་གི་རྩལ་སྦྱངས། ཨ་ཝ་རྡུ་ཏིའི་རྩ་མདུད་ཉི་ཤུ་རྩ་གཅིག་གྲོལ་ཏེ། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་གྱུར་པའི་མོས་པ་མཛོད་ཅིག །ཧཱུྃ་བཙུན་མོ་སོགས། བློན་པོ་རིན་པོ་ཆེའི་དབང་བསྐུར་བས། ཕྱི་སྐུ་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག །ནང་གསུང་རྒྱུད་ལུང་ཨ་ནུ་ཡོ་ག །གསང་བ་ཐུགས་ཀྱི་རྒྱུད་རྫོགས་ཆེན་ཨ་ཏི་ཡོ་ག་སྟེ། ཐེག་པ་གསུམ་གྱི་དོན་ལ་མ་རྨོངས་ཤིང་། དེ་ཁོ་ན་ཉིད་བློ་བྲལ་བསམ་ལས་འདས་པས་བསྟན་པ་རིན་པོ་ཆེ་འཛིན་སྐྱོངས་སྤེལ་བར་བྱེད་པའི་ཡོན་ཏན་ཅན་དུ་གྱུར་པའི་མོས་པ་མཛོད་ཅིག །ཧཱུྃ་བློན་པོ་རིན་ཆེན་སོགས། གླང་པོ་རིན་པོ་ཆེའི་དབང་བསྐུར་བས། མུ་སྟེགས་ཀྱི་རྟག་ཆད་དང་། ཉན་ཐོས་ཀྱི་དངོས་ཞེན་ལ་སོགས་ཐེག་དམན་གྱི་ལྟ་ངན་རི་དྭགས་ཕལ་བ་ཟིལ་གྱིས་མནན་ནས་བླ་མེད་རྡོ་རྗེ་ཐེག་པའི་གླང་པོ་ལ་ཞོན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་དུ་ཐོགས་པ་མེད་པར་བགྲོད་པའི་མོས་པ་མཛོད་ཅིག །ཧཱུྃ་གླང་པོ་རིན་ཆེན་སོགས། རྟ་མཆོག་རིན་པོ་ཆེའི་དབང་བསྐུར་བས། ཚོགས་ལམ་ཆེན་པོའི་རྫུ་འཕྲུལ་གྱི་རྐང་བ་བཞིའི་ཤུགས་ཐོབ་ཅིང་། སྦྱོར་ལམ་དང་མཐོང་ལམ་གྱི་རིམ་པ་རྣམ་པར་མི་རྟོག་པའི་གོམ་སྟབས་ཆེན་པོས་སྐད་ཅིག་ལ་བརྒལ་ནས་བསྒོམ་ལམ་དང་མི་སློབ་པའི་ལམ་མངོན་དུ་གྱུར་ཏེ། མྱུར་དུ་སངས་རྒྱས་ཀྱི་ཞིང་ཁམས་བགྲོད་པའི་མོས་པ་མཛོད་ཅིག །ཧཱུྃ་རྟ་མཆོག་སོགས། དམག་དཔོན་རིན་པོ་ཆེའི་དབང་བསྐུར་བས། རྣམ་རྟོག་ཕལ་པས་ཡེ་ཤེས་ལ་རྒོལ་བའི་དགྲ་བོ་རྩད་ནས་བཅད། བདག་འཛིན་ཉོན་མོངས་པའི་གཡུལ་ལས་རྒྱལ་ཏེ། གང་ལའང་བསྙིངས་འཁྲིགས་དང་བྲལ་བ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་སྟག་མོ་རི་སུལ་འགྲིམ་པ་ལྟ་བུའི་འགྲོ་དོན་ཕྱོགས་མེད་དུ་སྤྱོད་པའི་མོས་པ་མཛོད། ཧཱུྃ་དམག་དཔོན་སོགས། འོ་རིགས་ཀྱི་བུ་དངོས་སུ་གཟུགས་བརྙན་ལས་གྲུབ་པའམ། ཡེ་ཤེས་ཀྱི་རྩལ་མདངས་ལས་སྤྲུལ་པ་རེ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་འཕུར་ལྡིང་གཡོ་བ་རིན་པོ་ཆེ་ཨིནྟྲ་ནི་ལའི་ཏོག་གིས་མཛེས་པ་དབུའི་སྟེང་དང་། གསེར་ཉ་གཡུའི་གཤོག་པ་ཅན་མཉེན་ཞིང་ལྕུག་པ་སྤྱན་གྱི་ཡུལ། འདབ་སྟོང་རྣམ་པར་གཡོ་ཞིང་དྲི་ངད་དང་ལྡན་པའི་ཆུ་སྐྱེས་ཀྱི་པདྨ་ལྗགས་ལ། བྱང་ཆུབ་སེམས་དཔའ་རྣམས་འགྲོ་བའི་དོན་དུ་སྲིད་པ་བཟུང་བའི་བཀྲ་ཤིས་ཀྱི་ཆོས་དུང་དཀར་པོ་གཡས་འཁྱིལ་ཚེམས་ལ། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་མགུལ་ལ། ཡིད་བཞིན་རིན་པོ་ཆེའི་འབྱུང་ཁུངས་རིན་པོ་ཆེའི་དཔལ་བེའུ་ཐུགས་ལ། བསྟན་པ་མི་ནུབ་པའི་ཆོས་ཀྱི་རྒྱལ་མཚན་མཆོག་རིན་ཐང་དང་བྲལ་བ་སྐུ་ལ། སྲིད་པའི་དྲྭ་བ་ཉོན་མོངས་པའི་རང་བཞིན་ཅན་རྩད་ནས་གཅོད་པའི་འཁོར་ལོ་ཞབས་རྣམས་ལ་དབུལ་ཞིང་དབང་བསྐུར་བས་བཀྲ་ཤིས་རྒྱ་མཚོའི་དཔལ་ལ་སྤྱོད་པར་གྱུར་པའི་མོས་པ་མཛོད་ཅིག །ཧཱུྃ་ཇི་ལྟར་སྔོན་སོགས། ཧཱུྃ་གདུགས་དང་གསེར་སོགས། ཧཱུྃ་སྐྱོབས་པ་གསེར་གདུགས། སོགས་རྣམས་བརྗོད། དེ་ནས། ཨོཾ་བཛྲ་ས་ཏྭ་ཧཱུྃ། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཨཱཿཧཱུྃ་ལས་བྱུང་བའི་འདོད་ཡོན་གྱི་ངོ་བོ་གཟུགས་སྡུག་པ། དབྱངས་སྙན་པ། དྲི་བཟང་བ། རོ་མངར་བ། རེག་བྱ་ཕུན་སུམ་ཚོགས་པ་མི་ཟད་པ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། མཁའ་མཉམ་ཞིང་ན་སོགས་བརྗོད། དགེའོ། །དགེའོ། །དགེའོ། །དགེའོ། །