སྨོན་ལམ་ཕན་བདེའི་ལྗོན་པའི་མཚམས་སྦྱོར་གྱི་ངག་བཀོལ།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-014
Wylie title smon lam phan bde'i ljon pa'i mtshams sbyor gyi ngag bkol PJCW-KABUM-04-NGA-014.pdf
Location dpal sprul bka' 'bum
Volume 4, Text 14, Pages 355-367 (Folios 1a1 to 7a6)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Source Author(s) འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར་ ('phreng po gter ston shes rab 'od zer)
Citation Dpal sprul rin po che. Smon lam phan bde'i ljon pa'i mtshams sbyor gyi ngag bkol. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 4: 355-367. Kathmandu: Tsadra Foundation and Shechen Publications, 2026.
Genre Outlines - sa bcad  ·  Prayers - smon lam  ·  Procedural Outline for Rituals - mtshams sbyor
[edit]
༄༅། །སྨོན་ལམ་ཕན་བདེའི་ལྗོན་པའི་མཚམས་སྦྱོར་གྱི་ངག་བཀོལ་བཞུགས་སོ། །


༄༅། །བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ་འདིའི་ས་བཅད་ཀྱི་འབྲེལ་པ་ཅུང་ཟད་བརྗོད་ན། དང་པོ་སྨོན་ལམ་འགྲུབ་པའི་རྒྱུ་ཡན་ལག་བདུན་པ་ལ། དང་པོ་ཕྱག་འཚལ་བའི་ཡན་ལག །གཉིས་པ་མཆོད་པ་འབུལ་བའི་ཡན་ལག །གསུམ་པ་སྡིག་པ་བཤགས་པའི་ཡན་ལག །བཞི་པ་བསོད་ནམས་ལ་རྗེས་སུ་ཡི་རང་བའི་ཡན་ལག །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག །བདུན་པ་བསྔོ་བའི་ཡན་ལག་གོ །དེ་དག་ཀྱང་སྨོན་ལམ་འགྲུབ་པའི་རྒྱུ་ཡིན་ཏེ། རྒྱུ་བསོད་ནམས་ཀྱི་ཚོགས་ལ་མ་བརྟེན་པའི་འབྲས་བུ་ཡིད་འོང་གི་དངོས་པོ་ཐོབ་པ་ནི་ནམ་ཡང་མི་སྲིད་པས། དཔེར་ན་ལོ་ཏོག་འདོད་པས་ས་བོན་བཞིན་དུ་འབྲས་བུ་འདོད་པས་རྒྱུ་ལ་ནན་ཏན་ཏུ་བྱ་བ་ནི་རིགས་པ་ཡིན་ནོ། །རྒྱུ་ཚོགས་བསགས་པ་དང་ཡུལ་ཁྱད་པར་ཅན་ལ་བརྟེན་པ་མེད་པར་སོ་སོའི་སྐྱེ་བོས་གྱུར་ཤོག་གི་སྨོན་ལམ་ལ་རེ་བ་བྱེད་པ་ནི་ནམ་མཁའ་ལ་སོ་ནམ་འདོད་པ་དང་འདྲ་སྟེ་ངལ་བ་ཙམ་ཁོ་ན་འབྲས་བུར་ཟད་དོ། །དེ་ཡང་ཡུལ་ཁྱད་པར་ཅན་རྒྱལ་བ་སྲས་བཅས་ལ་བརྟེན་པ་དེ་ཡང་ང་རྒྱལ་གྱི་འགྱིང་བག་བཅོམ་ནས། བདག་ཏུ་འཛིན་པའི་གཞི་ལུས་ངག་ཡིད་གསུམ་བྲན་དུ་ཕུལ་ཏེ་ཞེ་ས་དང་གུས་པར་བཅས་པ་དགོས་པས་དང་པོ་ཕྱག་འཚལ་བའི་ཡན་ལག་གོ །དེ་ནས་བདག་གིར་འཛིན་པའི་ལོངས་སྤྱོད་ལ་ཞེན་པ་སྤངས་ནས་ཅི་ཡོད་མཆོད་པར་མ་ཕུལ་ན། འཇིག་རྟེན་པ་རྣམས་ནོར་འདོད་པས་རྗེ་དཔོན་བརྟེན་པ་ལྟར། དམ་པའི་སྐྱབས་འོག་ཏུ་ཆུད་པ་ཡང་ཆོས་བརྒྱད་ཚེ་འདིར་འཆོར་བས་དེའི་གཉེན་པོར་གཉིས་པ་མཆོད་པ་འབུལ་བའི་ཡན་ལག །དེ་ནས་རང་རྒྱུད་ཀྱི་སྡིག་ལྟུང་ལ་བཤགས་སྦྱོང་མ་བྱས་ན་གཡའ་དང་བཅས་པའི་མེ་ལོང་ལ་གཟུགས་བརྙན་མི་འཆར་བ་དང་། གདོལ་པ་མ་རབས་རྒྱལ་པོའི་བློན་པོར་མི་འོས་པ་ལྟར། རང་རྒྱུད་ལ་ཡོན་ཏན་གྱི་གཟུགས་བརྙན་མི་འཆར་ཞིང་རྒྱལ་བ་སྲས་བཅས་ཀྱི་བྲན་དུ་མི་འོས་པས། དེའི་གཉེན་པོར་གསུམ་པ་སྡིག་པ་བཤགས་པའི་ཡན་ལག །དེ་ནས་གཞན་གྱི་ཡོན་ཏན་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་མེད་ན་རྒྱུད་ཕྲག་དོག་གིས་བསླད་ནས་དམ་པའི་ཡོན་ཏན་མི་མཐོང་བས་དེའི་གཉེན་པོར། བཞི་པ་རྗེས་སུ་ཡི་རང་། དེ་ནས་ཆོས་ཀྱི་བགོ་སྐལ་མ་ལོན་ན་རྒྱ་མཚོའི་གླིང་ན་སྟོང་ལོག་བྱས་པ་དང་འདྲ་བས། ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། དེ་ཡང་ཡུན་ཐུང་ངུས་འགྲོ་བ་མང་པོའི་དོན་དུ་མི་འགྱུར་བས་རྒྱལ་བ་སྲས་བཅས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་རྣམས་ཀྱིས་རང་རྒྱུད་རྣམ་པར་དག་ནས་ཚོགས་རྒྱ་ཆེན་པོ་རྫོགས་པའོ། །དེ་ལྟར་བསོད་ནམས་བསགས་པ་དེ་ཡང་ཐབས་དང་ཤེས་རབ་ཁྱད་པར་ཅན་གྱིས་རང་གཞན་སེམས་ཅན་ཐམས་ཅད་རྣམ་མཁྱེན་སངས་རྒྱས་ཐོབ་པའི་རྒྱུར་མ་བསྔོས་ན་གནས་སྐབས་བདེ་འབྲས་ཕྲ་མོ་མྱོང་ནས་འཛད་པར་འགྱུར་བས་ཀུན་མཁྱེན་རྒྱལ་བའི་གོ་འཕང་མཆོག་གི་རྒྱུར་བསྔོ་བའོ། །གཉིས་པ་སྨོན་ལམ་དངོས་ལ། དེ་ལྟར་དོན་དུ་གཉེར་བྱའི་གཙོ་བོ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་དེ་ཡང་། ལམ་སྒྲུབ་པ་སྔོན་དུ་སོང་བ་མེད་པར་འབྱུང་བ་ནི་མི་སྲིད་པས། ལམ་སྒྲུབ་པ་དེ་ཡང་། ལམ་གྱི་རྟེན་མཆོག་དལ་འབྱོར་གྱི་མི་ལུས་ཁོ་ན་ལ་རགས་ལས་པས། དང་པོ་དལ་འབྱོར་ཐོབ་ནས་དོན་ཡོད་བྱེད་པར་སྨོན་པ། དལ་འབྱོར་དོན་ཡོད་པ་དེའང་གང་ཡིན་ན། དང་པོ་ཡང་དག་པའི་བཤེས་གཉེན་བརྟེན་པ། བར་དུ་ཐོས་བསམ་བསྒོམ་ལ་བརྩོན་ཏེ། དེའི་འབྲས་བུ་རྒྱལ་བའི་བསྟན་པ་ལུང་དང་རྟོགས་པ་ལ་བཤད་སྒྲུབ་འཁོར་ལོ་གཉིས་ཀྱིས་བྱ་བ་བྱེད་ནུས་པ་ཞིག་དགོས་པས། དེའང་བརྩོན་འགྲུས་དྲག་པོ་རྒྱུན་ཆད་མེད་པས་མ་འབད་ནའང་མི་འབྱུང་བ་ལ། བརྩོན་འགྲུས་དེ་ཡང་མི་རྟག་འཆི་བ་དྲན་པའི་ལྕགས་ཀྱིས་བསྐུལ་ནས་བར་མེད་ཆོས་ལ་བསྐུལ་བ་ཞིག་དགོས་པས། གཉིས་པ་མི་རྟག་པ་འཆི་བ་དྲན་པར་སྨོན་པ། དེ་ལྟར་འཆི་བ་དྲན་ཡང་འཆི་སྙམ་ཀྱི་ཡི་མུག་སྒོམ་པ་ཁོ་ནས་ཕན་པ་མེད་ཅིང་། འཆི་ཚེ་རང་བྱས་ཀྱི་ལས་འབྲས་མ་གཏོགས་ཕན་གནོད་ཀྱི་བྱེད་པོ་སུ་ཡང་མེད་པས། གསུམ་པ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དུ་རྒྱུ་འབྲས་ལ་ཡིད་ཆེས་སྐྱེ་བར་སྨོན་པ། དེ་ལྟར་རྒྱུ་འབྲས་ལ་ངེས་པ་ཅུང་ཟད་རྙེད་ནས་སྤང་བླང་བྱེད་ཁུལ་བྱས་ཀྱང་། འཁོར་བ་མཐའ་དག་སྡུག་བསྔལ་དུ་ཤེས་ནས་བློ་ལྡོག་པ་ཞིག་མེད་ན་དགེ་བ་བསྒྲུབ་ཀྱང་འཁོར་བའི་རྒྱུ་ལས་མ་འདས་ཤིང་འཁོར་བའི་བདེ་བ་ཕྲ་མོ་ལ་སྙིང་པོ་མེད་པས། བཞི་པ་སྐྱེས་བུ་འབྲིང་དང་ཐུན་མོང་གི་ལམ་དུ་འཁོར་བའི་གནས་ལ་ཡིད་འབྱུང་སྐྱེ་བར་སྨོན་པ། དེ་ལྟར་འཁོར་བ་མཐའ་དག་སྡུག་བསྔལ་དུ་ཤེས་པས་རང་ཉིད་གཅིག་པུ་དེ་ལས་ཐར་འདོད་ཀྱི་བློ་ཙམ་སྐྱེས་ཀྱང་ཐོག་མེད་དུས་ནས་དྲིན་གྱིས་བསྐྱངས་པའི་མ་རྒན་སེམས་ཅན་ཐམས་ཅད་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བ་ཡལ་བར་བོར་ན་དེ་ལས་ཁྲེལ་བ་མེད་པས་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་འབྲེལ་བ་སྐྱེས་བུ་ཆེན་པོའི་ལམ་ལ་འཇུག་དགོས་ཤིང་། དེའང་ལམ་གྱི་འགལ་རྐྱེན་སྤངས་ཤིང་མཐུན་རྐྱེན་ཚང་བ་མེད་ན་མི་འབྱུང་བས། ལྔ་པ་ལམ་གྱི་མཐུན་རྐྱེན་ཡིད་བཞིན་དུ་འབྱུང་བར་སྨོན་པ། མཐུན་རྐྱེན་ཚངས་ནས་ལམ་ལ་འཇུག་པ་ལ་དང་པོ་ལམ་ཐམས་ཅད་ཀྱི་རྟེན་གཞི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་དེའི་བསླབ་བྱ་སློབ་པ་གལ་ཆེ་བས། དྲུག་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་སྨོན་པ། དེ་ལྟར་སྐྱབས་སུ་སོང་ནས་ལམ་ལ་སློབ་པ་དེ་ཡང་དང་པོ་བསམ་པ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་མ་སྐྱེས་ན་སྦྱོར་བ་རྒྱལ་སྲས་ཀྱི་སྤྱོད་པ་མི་འབྱུང་ལ་བསམ་པ་བྱང་ཆུབ་སེམས་དེ་ཡང་རྩ་བ་སྙིང་རྗེ་སྐྱེས་པ་ལ་རགས་ལས་པས། བདུན་པ་སྙིང་རྗེའི་རྩ་བ་ཅན་གྱི་སྨོན་སེམས་བསྐྱེད་པར་སྨོན་པ། དེ་ལྟར་བཅོས་མིན་གྱི་སྨོན་སེམས་རྒྱུད་ལ་སྐྱེས་ན་དེ་ཉིད་དངོས་སུ་སྒྲུབ་འདོད་ཀྱི་འཇུག་སེམས་སྐྱེ་བས། བརྒྱད་པ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་སྨོན་པ། དེ་ལྟར་སེམས་བསྐྱེད་པ་དེ་མི་ཉམས་ཤིང་གོང་དུ་འཕེལ་བའི་ཕྱིར་དུ་གཞན་ཕན་གྱི་ཐབས་ལ་སློབ་དགོས་པས། དགུ་པ་བསམ་སྦྱོར་ཁྱད་པར་ཅན་ལ་སྨོན་པ། དེ་ལྟར་སེམས་བསྐྱེད་ནས་ཐེག་ཆེན་གྱི་ལམ་ལ་སློབ་པ་ལ་ཉམས་ལེན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དང་པོ་ལུས་དང་ལོངས་སྤྱོད་ལ་ཡོངས་སུ་འཛིན་པའི་ཆགས་པ་མ་སྤངས་ན་གཞན་ཕན་སྒྲུབ་པ་ལྟ་ཅི་གཞན་གནོད་སྤངས་པ་ཙམ་ཡང་མི་ནུས་པས། བཅུ་པ་སྦྱིན་པ་རྣམ་གསུམ་གཏོང་བར་སྨོན་པ་དང་། སྦྱིན་པས་ལོངས་སྤྱོད་ལ་མ་ཆགས་པ་དེས་གཞན་གནོད་ཀྱི་ཉེས་སྤྱོད་སྡོམ་ཞིང་རྣམ་གཡེང་མེད་པར་དགེ་བ་སྡུད་པའི་ཚུལ་ཁྲིམས་ཡང་དག་པ་སྲུང་ནུས་པས་ན། བཅུ་གཅིག་པ་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་བར་སྨོན་པ། ཚུལ་ཁྲིམས་ལྡན་པ་དེས་གཞན་གནོད་དང་སྡུག་བསྔལ་སོགས་བཟོད་ནུས་ཤིང་གནོད་ལན་ལ་གནོད་པ་བྱེད་པ་སོགས་སྤང་བའི་བཟོད་པ་སྐྱེ་སླ་བས། བཅུ་གཉིས་པ་རླབས་ཆེན་བཟོད་པ་སྒོམ་པར་སྨོན་པ། བཟོད་པ་དང་ལྡན་པ་དེ་ལ་ཚ་གྲང་ངལ་དུབ་སོགས་ཀྱིས་མི་སྐྱོ་བར་བརྩོན་འགྲུས་རྩོམ་པ་འབྱུང་བས་ན། བཅུ་གསུམ་པ་ཉིན་མཚན་དགེ་བའི་བརྩོན་འགྲུས་རྩོམ་པར་སྨོན་པ། བརྩོན་འགྲུས་དང་ལྡན་པ་དེས་འབད་པ་དྲག་པོས་ཡེངས་མེད་དུ་བསྒོམ་ན་བསམ་གཏན་གྱི་སེམས་ཁྱད་པར་ཅན་ཐོབ་པར་ནུས་པས། བཅུ་བཞི་བ་བསམ་གཏན་དོན་ལ་མཉམ་པར་འཇོག་པར་སྨོན་པ། བསམ་གཏན་གྱིས་སེམས་གཞན་དུ་མི་གཡེངས་པའི་རྟེན་ལ་ཡང་དག་པའི་ཤེས་རབ་དྲི་མ་མེད་པ་སྐྱེ་སླ་བས། བཅོ་ལྔ་པ་ཐོས་བསམ་བསྒོམ་པའི་ཤེས་རབ་ལྡན་པར་སྨོན་པ། དེ་ལྟར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཚུལ་བཞིན་དུ་སློབ་པ་དེ་ལ་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ངེས་པར་འབྱུང་བས། བཅུ་དྲུག་པ་ལམ་ལྔ་ས་བཅུ་སྤྱིར་སྨོན་པ། དེ་ཡང་བྱང་ཆུབ་ཆེན་པོའི་རྒྱུ་ཚོགས་ལ་དང་པོར་སློབ་ཅིང་ཕྱི་ནང་གི་དངོས་པོ་ལ་རྟོག་པའི་ཤེས་རབ། དགེ་སྡིག་གི་སྤང་བླངས་ལ་འཇུག་པའི་བརྩོན་འགྲུས། ཡང་དག་པའི་བསམ་གཏན་སྦྱོང་བའི་ཏིང་ངེ་འཛིན་གསུམ་གྱིས་བདེན་པ་བཞིའི་འཇུག་ལྡོག་གི་ལམ་ལ་འཇུག་པ་ཚོགས་ཀྱི་ལམ་དང་པོར་སྐྱེ་བས། བཅུ་བདུན་པ་ཚོགས་ལམ་གསུམ་ལ་འཇུག་པར་སྨོན་པ། དེའི་རྗེས་སུ་བདེན་པ་བཞིའི་འཇུག་ལྡོག་ལ་ཉེ་བར་སྦྱོར་བའི་ཕྱིར་དུ་དད་སོགས་དབང་པོ་ལྔ་དང་སྟོབས་ལྔ་སྒོམ་པའི་ལམ་འབྱུང་བས། བཅོ་བརྒྱད་པ་སྦྱོར་བའི་ལམ་ལ་གནས་པར་སྨོན་པ། དེ་ནས་སྦྱོར་ལམ་ཆོས་མཆོག་ཆེན་པོའི་རྗེས་སུ་སྡུག་བསྔལ་སྟོང་ཉིད་དུ་ཤེས། ཀུན་འབྱུང་མཐོང་སྤང་སྤངས། དེ་སྤང་བའི་འགོག་པ་མངོན་དུ་བྱས། རྣམ་པར་མི་རྟོག་པའི་མཐོང་ལམ་རྒྱུད་ལ་བརྟེན་པའི་མངོན་པར་རྟོགས་པ་འབྱུང་བས་ན། བཅུ་དགུ་པ་མཐོང་ལམ་རྒྱུད་ལ་སྐྱེ་བར་སྨོན་པ། དེ་ནས་རྣམ་པར་དག་པ་མཐར་ཐུག་གི་འབྲས་བུར་ངེས་པར་འབྱིན་པའི་ཕྱིར་དུ་མཐོང་བའི་དོན་ལ་ཡང་དང་ཡང་དུ་གོམས་འདྲིས་བྱེད་པས། ཉི་ཤུ་པ་སྒོམ་པའི་ལམ་དུ་ས་བཅུ་བགྲོད་པར་སྨོན་པ། དེ་ལྟར་ས་བཅུ་རིམ་གྱིས་བགྲོད་པའི་མཐར་བཅུ་གཅིག་པ་འབྲས་བུ་སངས་རྒྱས་ཀྱི་ས་མངོན་དུ་བྱེད་པས། ཉེར་གཅིག་པ་ས་བཅུ་མཐར་ཕྱིན་ནས་ཀུན་ཏུ་འོད་ལ་གནས་པར་སྨོན་པ། དེ་ལྟ་བུའི་ས་བཅུ་གཅིག་པ་དེ་ལ་འབྲས་བུའི་ཆོས་རྒྱ་མཚོ་ལྟ་བུ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བས། ཉེར་གཉིས་པ་སངས་རྒྱས་ཀྱི་སའི་ཡོན་ཏན་སྤྱི་ལ་སྨོན་པ། དེ་ཡང་སངས་རྒྱས་ཐམས་ཅད་ཆོས་སྐུའི་ངོས་ནས་སྤངས་རྟོགས་ལ་ཁྱད་པར་མེད་ཀྱང་། སྔོན་སློབ་པ་ལམ་གྱི་གནས་སྐབས་ན་སྨོན་ལམ་རྒྱ་ཆེ་ཆུང་གི་དབང་གིས་གཟུགས་སྐུའི་འགྲོ་དོན་མཛད་པ་ལ་ཁྱད་པར་ཡོད་པས། ཉེར་གསུམ་པ་དུས་གསུམ་གྱི་རྒྱལ་བ་ཀུན་དང་མཛད་པ་མཉམ་པར་སྨོན་པ། དེ་ཡང་གཞི་བདེ་གཤེགས་སྙིང་པོའི་ཆོས་ཉིད་སྒྲིབ་བྲལ་དུ་གྱུར་པའི་ཆོས་ཉིད་ཀྱི་སྐུའམ་ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཆོས་སྐུ་སངས་རྒྱས་རང་ངོའི་དགོངས་པ་མངོན་དུ་བྱེད་པས། ཉེར་བཞི་པ་དག་པ་གཉིས་ལྡན་ཆོས་སྐུ་ཐོབ་པར་སྨོན་པ། དེའི་ངང་ལས་རྣམ་པར་སྨིན་པའི་སྐུ་མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་སངས་རྒྱས་ཀྱི་གཟུགས་སྐུ་ཁྱད་པར་ཅན་ས་བཅུའི་སེམས་དཔའ་ལ་སྣང་བས། ཉེར་ལྔ་པ་ལོངས་སྤྱོད་རྫོགས་སྐུ་མངོན་དུ་འགྱུར་བར་སྨོན་པ། དེ་ལས་དག་དང་མ་དག་གི་གདུལ་བྱ་ཐུན་མོང་དུ་མཁའ་ཟླ་ལས་ཆུ་ཟླ་བཞིན་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པ་འཁོར་བ་མ་སྟོང་བར་འཆར་བས་ན། ཉེར་དྲུག་པ་སྤྲུལ་སྐུས་གཞན་དོན་མཛད་པར་སྨོན་པ། དེ་ལྟར་སྐུ་གསུམ་པོ་དེ་ཡང་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེ་ལ་བརྟེན་པ། ཉེར་བདུན་པ་ཡེ་ཤེས་རྣམ་པ་ལྔ་ཐོབ་པར་སྨོན་པ། ཡེ་ཤེས་དེ་ཡང་རང་དོན་གྱི་མཁྱེན་པ་ཡོངས་སུ་རྫོགས་པ་ཡིན་པས། ཉེར་བརྒྱད་པ་མཁྱེན་པའི་སྟོབས་བཅུ་ཐོབ་པར་སྨོན་པ། དེ་ལྟ་བུའི་རྣམ་པ་ཐམས་ཅད་མཁྱེན་པ་དེ་གཞན་དོན་བླ་ན་མེད་པའི་སྟོན་པ་ཡིན་པས། ཉེར་དགུ་པ་སྤོབས་པ་མི་འཇིགས་བཞི་ཐོབ་པར་སྨོན་པ། དེ་ལྟར་དོན་གཉིས་མཐར་ཕྱིན་པ་དེ་སྲིད་ཞིའི་ཡུལ་ལས་འདས་ཤིང་སུས་ཀྱང་འགྲན་ཟླ་མེད་པ་ཡིན་པས། སུམ་ཅུ་པ་ཁྱད་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྨོན་པ། ཐུགས་ཆོས་སྐུའི་ཡོན་ཏན་ཡོངས་སུ་རྫོགས་པ་དེ་གཞན་སྣང་དུ་གཟུགས་སྐུའི་བཀོད་པ་རྒྱ་མཚོ་སྟོན་པར་ནུས་པས་ན། སོ་གཅིག་པ་མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་སྨོན་པ། སྐུ་གཉིས་དབྱེར་མེད་པའི་སྟོན་པ་དེ་ལ་ཉན་རང་བྱང་སེམས་རྣམས་ལ་མངའ་བའི་ཐུན་མོང་གི་ཡོན་ཏན་ཇི་སྙེད་པ་རྣམས་ཀྱང་ཡར་ལྡན་གྱི་ཚུལ་དུ་མངའ་བས་ན། སོ་གཉིས་པ་ཡོན་ཏན་ལྷག་མ་ཐམས་ཅད་རྫོགས་པར་སྨོན་པ། ཡོན་ཏན་རྒྱ་མཚོའི་བདག་ཉིད་སྟོན་པ་མཆོག་དེས་སྨོན་ལམ་དང་ཐུགས་རྗེའི་དབང་གིས་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་འགྲོ་དོན་འཁོར་བ་མ་སྟོངས་བར་དུ་འབྱུང་བས་ན། སོ་གསུམ་པ་འཕྲིན་ལས་རྒྱུན་མི་འཆད་པར་སྨོན་པ། དེ་ལྟར་མཛད་པ་མཐར་ཕྱིན་པའི་སངས་རྒྱས་རྣམས་ཀྱང་གཞན་དོན་གདུལ་བྱའི་དབང་གིས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚུལ་བཟུང་ནས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་གཞན་དོན་མཛད་པ་ཡོད་པས་ན། སོ་བཞི་པ་རྒྱལ་སྲས་རིགས་གསུམ་གྱི་མགོན་པོ་དང་འགྲོ་དོན་མཉམ་པར་སྨོན་པ། དེ་ལྟར་ལམ་དང་འབྲས་བུའི་གནས་སྐབས་ཀུན་ཏུ་དཔེར་ན་བྲམ་ཟེའི་མཆོད་སྡོང་བསྒྲུབ་པའམ། བཅུད་ལེན་གྲུབ་པའི་སྨན་མཆོག་བཞིན་དུ་རང་གཞན་གྱི་སྒོ་གསུམ་སྨོན་ལམ་གྱི་བདེན་པས་བྱིན་བརླབས་ཏེ་རང་གི་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པས་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོ་བླ་ན་མེད་པར་གྱུར་ནས་མཐོང་ཐོས་དྲན་རེག །དོན་དང་ལྡན་པའི་རྟེན་འབྲེལ་གྱི་གནད་གཙོ་ཆེ་བས་ན། སོ་ལྔ་པ་འགྲོ་བའི་ཉེར་འཚོ་བླ་ན་མེད་པར་སྨོན་པ་ཤོ་ལོ་ཀ་ལྔས་སྨོན་ལམ་གྱི་མཇུག་བསྡུ་བ། དེ་ལྟ་བུའི་སྨོན་ལམ་དེ་དག་ཀྱང་སྐྱབས་བླ་ན་མེད་པ་དཀོན་མཆོག་གསུམ་གྱི་བདེན་གསུང་བསླུ་བ་མེད་པའི་རྒྱབ་བརྟེན་བཟང་ཞིང་ཆོས་ཉིད་གང་དུའང་གྲུབ་པའི་ངོ་བོ་མེད་པའི་རང་བཞིན་རྣམ་པར་དག་པའི་ས་གཞི་ཡངས་པ་ལ། ལྷག་པའི་བསམ་པ་གཡོ་སྒྱུ་མེད་ཅིང་ཡིད་ཆེས་འགྱུར་བ་མེད་པའི་ཁ་ལོ་བས་བསྒྱུར་ན་སྨོན་པའི་ཤིང་རྟ་གང་ལྟར་འདོད་པ་དེ་ལྟར་དྲང་དུ་བཏུབ་པ་ནི་ཆོས་ཉིད་ཡིན་པས། སོ་དྲུག་པ་སྨོན་ལམ་འགྲུབ་པའི་བདེན་དཔང་གསོལ་བ། དེ་ལྟར་སྨོན་པའི་མཐུ་ལས་ཕྱོགས་དུས་གནས་སྐབས་ཀུན་ཏུ་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་ཟླ་བ་ཡར་ངོ་ལྟར་གོང་ནས་གོང་དུ་འཕེལ་བའི་གཞིའམ་རྩ་བ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་འཇིག་རྟེན་ན་མངོན་པར་གསལ་ཞིང་གྲགས་པའི་མཐུ་ལས་སྣོད་དང་བཅུད་དུ་བཅས་པའི་འཇིག་རྟེན་ཐམས་ཅད་རྟེན་འབྲེལ་གྱི་བཀྲ་རྟགས་ལེགས་ཤིང་ཤིས་པས་ཁྱབ་སྟེ་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པའི་ཕྱིར། སོ་བདུན་པ་དཀོན་མཆོག་གསུམ་གྱི་བཀྲ་ཤིས་བརྗོད་པས་མཇུག་རྒྱས་པར་བྱ་བ་སྟེ་གང་ཞིག་སློབ་པ་ལམ་གྱི་གནས་སྐབས་ན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པ་ན་འཇིག་རྟེན་གྱི་ཉི་མ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་ཏེ་སྲིད་པ་ནམ་མཁས་གར་ཁྱབ་ཏུ་ཅིག་ཅར་གསལ་བར་བྱེད་པ་ལྟར་འདིར་ཡང་། དང་པོ་དལ་འབྱོར་རྙེད་པར་དཀའ་བ་ནས་བཟུང་མཇུག་བཀྲ་ཤིས་ལ་ཐུག་གི་བར་དུ་ས་བཅད་སུམ་ཅུ་རྩ་བདུན་གྱིས་རང་གཞན་གྱི་དོན་གཉིས་ཡོངས་སུ་རྫོགས་ཏེ་ཕྱོགས་དུས་ནམ་མཁས་གར་ཁྱབ་ཏུ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་འབར་བར་བྱེད་པའོ། །བཀྲ་ཤིས་སོ། །