ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་དཀའ་འགྲེལ་ཉིན་བྱེད་སྣང་བ།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-009
Wylie title yon tan rin po che'i mdzod kyi dka' 'grel nyin byed snang ba
Location dpal sprul bka' 'bum
Volume 4, Text 9, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Source Author(s) འཇིགས་མེད་གླིང་པ་ ('jigs med gling pa)
Citation
Genre Commentary on Difficult Points - dka' 'grel
Colophon

།ཡོན་ཏན་རིན་པོ་ཆེའི་མཛོད་འཆད་པའི་དཀའ་གནས་ཁ་ཤས་བརྗེད་ཐོར་བྱས་པའི་ཟིན་བྲིས་འདི་ཉིད་གྲུབ་དབང་བླ་མ་དམ་པའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་བདེ་ཆེན་རིག་པའི་རལ་གྲི་དཔོན་སློབ་ཀྱི་ཐུགས་གསོས་སུ་མདོ་མེད་དཔལ་དགེ་ཧྲལ་པོས་བློ་ཐོག་ནས་བྲིས་པའོ།། །།དགེའོ། །དགེའོ། །དགེའོ།

/yon tan rin po che'i mdzod 'chad pa'i dka' gnas kha shas brjed thor byas pa'i zin bris 'di nyid grub dbang bla ma dam pa'i sku gsung thugs kyi sras mchog bde chen rig pa'i ral gri dpon slob kyi thugs gsos su mdo med dpal dge hral pos blo thog nas bris pa'o//_____//dge'o/_/dge'o/_/dge'o/

[edit]
༄༅། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་དཀའ་འགྲེལ་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ། །


ན་མོ་ཛྙཱ་ན་ས་ཏྭཱ་ཡ། ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །འཇམ་དཔལ་ཡེ་ཤེས་སེམས་དཔར་འདུད། །ཆོས་ཐམས་ཅད་གཞུང་ལམ་གཅིག་ཏུ་སྟོན་པའི་བསྟན་བཅོས་ཡོན་ཏན་རིན་པོ་ཆེའི་མཛོད་འཆད་པར་བྱེད་པ་ལ། བཤད་བྱའི་ཡན་ལག་བཤད་པ་དང་། བཤད་བྱ་དངོས་བཤད་པ་གཉིས། དང་པོ་བཤད་བྱའི་ཡན་ལག་བཤད་པ་ལ། སློབ་དཔོན་གྱིས་ཇི་ལྟར་འཆད་ཚུལ། སློབ་མས་ཇི་ལྟར་ཉན་ཚུལ། དེ་གཉིས་ཀས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་དང་གསུམ། དང་པོ་སློབ་དཔོན་གྱིས་ཇི་ལྟར་འཆད་ཚུལ་ལ་གསུམ་སྟེ། སློབ་དཔོན་སངས་རྒྱས་ཀྱིས་ཆོས་ཇི་ལྟར་འཚད་ཚུལ། སློབ་དཔོན་དགྲ་བཅོམ་པས་ཆོས་ཇི་ལྟར་འཆད་ཚུལ། སློབ་དཔོན་མཁས་པ་པཎྜི་ཏས་ཆོས་ཇི་ལྟར་འཆད་པའི་ཚུལ་ལོ། །དང་པོ་སློབ་དཔོན་སངས་རྒྱས་ཀྱིས་ཆོ་འཕྲུལ་གསུམ་ལ་བརྟེན་ནས་འཆད་དེ། དེ་ཡང་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ། སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་སྤྲོ་བ་སོགས་ཀྱིས་གདུལ་བྱ་འཁོར་དུ་མ་འདུས་པ་བསྡུས་ནས། ལྗགས་ཀྱི་དབང་པོས་སྟོང་གསུམ་ཁེབས་པར་མཛད་པ་སོགས་ཀྱིས་གདུལ་བྱ་འཁོར་དུ་འདུས་པ་རྣམས་ཡིད་ཆེས་པར་མཛད། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱ་འཁོར་དུ་འདུས་པ་དེ་དག་གི་བློ་དང་དབང་པོ་བག་ལ་ཉལ་ཐམས་ཅད་མཁྱེན་པར་མཛད་ནས། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་འགྲོ་བ་རང་རང་གི་སྐད་དང་མཐུན་པའི་གསུང་ཚངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་སྒོ་ནས་གང་ལ་གང་གིས་འདུལ་བའི་ཆོས་དེ་དང་དེ་འཆད་པའོ། །གཉིས་པ་སློབ་དཔོན་དགྲ་བཅོམ་པས། དག་པ་གསུམ་ལ་བརྟེན་ནས་འཆད་དེ་ཉན་པ་པོའི་སྣོད་དག་པ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གདུལ་བྱ་དེའི་རྒྱུད་བརྟགས་ནས་རྒྱུད་སྣོད་རུང་དུ་གྱུར་ན་ཆོས་འཆད་པའོ། །འཆད་པ་པོའི་ངག་དག་པ་ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་པའི་ངག་ཚིག་དྲི་མ་མེད་པ་བརྡ་དག་སྙན་པའི་དབྱངས་ཀྱིས་འཆད། གསུང་རབ་ཀྱི་བརྗོད་བྱ་དག་པ་ནི་རང་ཉིད་ཀྱི་ཡོངས་འཛིན་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཞལ་ནས་ཇི་ལྟར་གསུངས་པ་ལྟར། མི་བརྗེད་པའི་གཟུངས་ཀྱིས་བཟུང་སྟེ། ཚིག་ལ་ལྷག་ཆད་དང་། དོན་ལ་ནོར་འཁྲུལ་མེད་པར་འཆད་པའོ། །འོ་ན་ཉན་ཐོས་དགྲ་བཅོམ་པ་དེ་དག་གིས་ཆོ་འཕྲུལ་རྣམ་པ་གསུམ་ལ་བརྟེན་ནས་ཅིའི་ཕྱིར་ཆོས་མི་འཆད་ཅེ་ན། དེ་དག་ལ་མི་ཤེས་པའི་རྒྱུ་བཞི་ཡོད་པས་ཆོ་འཕྲུལ་གསུམ་ལ་བརྟེན་ནས་འཆད་མི་ནུས་ཏེ། གནས་ཀྱིས་བསྐལ་པས་མི་ཤེས་པ་འཕགས་པ་མོངྒལ་གྱི་བུ་ཆེན་པོས་རང་གི་མ་སངས་རྒྱས་ཀྱི་ཞིང་འོད་ཟེར་ཅན་དུ་སྐྱེས་པ་མ་ཤེས་པ་ལྟ་བུ། དུས་ཀྱི་བསྐལ་པས་མི་ཤེས་པ་ཁྱིམ་བདག་དཔལ་སྐྱེས་ཀྱི་ཐར་པའི་ས་བོན་འཕགས་པ་ཤཱ་རིའི་བུས་མ་ཤེས་པ་ལྟ་བུ། རྒྱུ་ཐུག་མེད་ཀྱི་འབྲས་བུ་ཐུག་མེད་མི་ཤེས་པ། ཇི་སྐད་དུ། རྨ་བྱའི་མདོངས་བཀྲ་གཅིག་ལ་ཡང་། །རྒྱུ་ཡི་དབྱེ་བ་ཐ་དད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་སོ། །སངས་རྒྱས་ཀྱི་ཆོས་རབ་ཏུ་མང་པོ་མི་ཤེས་ཏེ། མི་འཇིགས་པ་བཞི་དང་། མ་འདྲེས་པ་སོགས་མེད་པའོ། །སློབ་དཔོན་མཁས་པ་པཎྜི་ཏས་ཆོས་འཆད་ཚུལ་ལ་གཉིས། ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་ན་གཙུག་ལག་ཁང་ཆེན་པོ་གཉིས་ཡོད་པའི་དཔལ་ན་ལེནྡྲའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་ནི། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཐམས་ཅད་རྩིས་མགོ་ཡན་ལག་ལྔའི་སྒོ་ནས་འཆད། བུ་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས། ཉན་པ་པོ་སྣོད་རུང་དུ་བྱ་བ་དང་། བསྟན་པའི་རྣམ་བཞག་ངེས་པ་གཉིས་ཀྱི་སྒོ་ནས་འཆད། དེ་ལ་གཉིས་ལས་སྔ་མའི་རྗེས་སུ་འབྲངས་ནས་འཆད་དོ། །སྐབས་འདིར་བསྟན་བཅོས་ཡོན་ཏན་རིན་པོ་ཆེའི་མཛོད་ཉིད་རྩིས་མགོ་ཡན་ལག་ལྔའི་སྒོ་ནས་འཆད་པ་ལ། མཛད་པ་པོ་སུས་མཛད། ལུང་གང་ནས་བཏུས། ཕྱོགས་གང་དུ་གཏོགས། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན། དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། དང་པོ་མཛད་པ་པོ་ནི། རང་བཞིན་རྫོགས་པ་ཆེན་པོ་གནས་ལུགས་བྱ་རྩོལ་དང་བྲལ་བའི་ཀློང་དུ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པས། དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་དང་གཉིས་མེད་དུ་བཞུགས་ཤིང་། རིག་རྩལ་སོ་སོར་རྟོག་པའི་ཡེ་ཤེས་སུ་འབར་བས་རིག་པའི་གནས་ཆེན་ལྔ་སོགས་ཤེས་བྱའི་ཆོས་ཐམས་ཅད་མ་བསླབ་པར་མཁྱེན་པའི་ཀློང་བརྡོལ་ཏེ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ལེགས་པར་ཚང་ཞིང་། ཁྱད་པར་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་པའི་ཚེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་དཔལ་ངག་གི་དབང་ཕྱུག་གིས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ཏེ། དགོངས་པ་དབྱེར་མེད་དུ་གྱུར་ནས་བསྟན་པའི་མངའ་བདག་ཆེན་པོར་བཞུགས་པ་རིག་འཛིན་འཇིགས་མེད་གླིང་པའམ་པདྨ་དབང་ཆེན་ཡེ་ཤེས་རོལ་བའི་རྡོ་རྗེས་མཛད། ལུང་གང་ལས་བཏུས་ན། སངས་རྒྱས་ཀྱི་ཆོས་གསུང་རབ་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་ལས་བཏུས། ཕྱོགས་གང་དུ་གཏོགས་ན། སྤྱིར་ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོའི་ཕྱོགས་སུ་གཏོགས། ཐེག་ཆེན་མདོ་སྔགས་གཉིས་ལས་སྔགས་ཕྱོགས་གསང་སྔགས་ཕྱི་ནང་གཉིས་ལས་ནང་རྒྱུད་བླ་ན་མེད་པའི་ཕྱོགས་སུ་གཙོ་བོར་གཏོགས་སོ། །དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན་ཞེ་ན། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ལམ་སྟེགས་སུ་བཀྲལ་ཏེ་བློ་རབ་འབྲིང་ཐ་གསུམ་མཐར་ཐུག་གི་ལམ་དུ་སྐྱེལ་སོ་མཐུན་པར་བྱས་པའོ། །དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། སྔར་བཤད་པ་ལྟར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞལ་མཇལ་བའི་ཚེ་དཔེ་ཆ་བམ་པོ་ཞིག་གཏད་དེ་འདིར་ཤིང་རྟ་ཆེན་པོ་ན་གབ་པའི་ཚུལ་དུ་ཡོད་པ་ཐམས་ཅད་གསལ་བར་ཡོད་པ་ཡིན་ཞེས་བསྟན་བཅོས་རྩོམ་པའི་གནང་བ་བྱིན་པ་བཞིན། ཤིང་རྟ་ཆེན་པོར་རྒྱས་པར་མ་བཀྲལ་བའི་སོ་ཐར་དང་སྔགས་ཐུན་མོང་པའི་སྐོར་རྣམས་རྩལ་དུ་བཏོན་ནས་བཤད་དེ་ཕྱི་རབས་རྗེས་འཇུག་གི་གང་ཟག་རྣམས་ཀྱིས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། རྒྱལ་བའི་གཞུང་ལམ་ཚང་ལ་མ་ནོར་བ་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་ཉམས་སུ་ལེན་ཤེས་པའི་དོན་དུ་མཛད་པ་སྟེ། དེ་ལྟར་རྩིས་མགོ་ཡན་ལག་ལྔས་གཏན་ལ་ཕབ་པས་ཉན་པ་པོ་ཡིད་ཆེས་ཐོབ་ནས་ཆོས་ཀྱི་སྣོད་རུང་དུ་འགྱུར་བའི་དགོས་པ་ཡོད་པའོ། །གཉིས་པ་སློབ་མས་ཇི་ལྟར་ཉན་པའི་ཚུལ་ལ། ཀུན་སློང་དང་ཀུན་སྤྱོད་གཉིས། དང་པོ་ཀུན་སློང་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་བ་སྟེ། འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕ་མར་མ་གྱུར་པ་མེད་ལ་ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་བཞིན་དུ་དྲིན་ཆེན་པོས་བསྐྱངས་ཏེ་ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེ་གཡོགས། ཤིན་ཏུ་བྱམས་པས་སྐྱེད་བསྲིངས་པའི་དྲིན་ཅན་ཤ་སྟག་ཡིན་ལ། དྲིན་ཅན་དེ་དག་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་ལ་སྤྱོད་མི་ཤེས་པར། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཁོ་ན་དང་དུ་བླངས་ཏེ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས། ལམ་ལོག་མགོ་རྨོངས་སུ་གྱུར། ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ་མཚན་ལྡན་གྱི་བླ་མ་མཇལ་ཡང་དག་པའི་ཆོས་ལ་སྤྱོད་དུ་ཡོད་པ་འདི་སྐལ་བ་བཟང་བས། ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་གཏོང་བར། དམ་པའི་ཆོས་ཟབ་མོ་འདི་ལྟ་བུ་ཉན་ནས་ཉམས་སུ་བླངས་ཏེ་མ་རྒན་སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་ནི་གལ་ཆེ་བའི་གནད་དམ་པའོ། །གཉིས་པ་ཀུན་སྤྱོད་ལ་སྤང་བྱའི་ཀུན་སྤྱོད་དང་། བླང་བྱའི་ཀུན་སྤྱོད་གཉིས། དང་པོ་སྤང་བྱའི་ཀུན་སྤྱོད་ལ། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་སྤངས་དགོས་ཏེ། དང་པོ་སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབ་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་སོ། །དྲི་མ་དྲུག་ནི་རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་ལྟར། ཆོས་འཆད་པ་པོ་བླ་མ་ལས་ཀྱང་ང་མཁས་བསམ་པའི་ང་རྒྱལ། ཆོས་དང་བླ་མའི་སྐྱོན་ལ་རྟོག་པའི་མ་དད་པ། ཆོས་ཐོབ་ཀྱང་རུང་ལ་མ་ཐོབ་ཀྱང་རུང་སྙམ་པ་དོན་གཉེར་མེད་པ། སེམས་ཕྱི་རོལ་ཚོགས་དྲུག་གི་ཡུལ་ལ་གཡེངས་པ། སེམས་དབང་ནང་དུ་སྡུད་ཆེས་པས་གཉིད་དང་རྨུགས་པར་འཆོར་བ། ཆོས་ཐུན་རིང་དྲགས་པ་སོགས་ཀྱིས་སེམས་སྐྱོ་སུན་གྱི་དབང་དུ་སོང་བ་རྣམས་སྤང་ངོ་། །མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡའ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། དོན་གོ་ལོག་ཏུ་འཛིན་པ་རྣམས་སྤང་ངོ་། །གཉིས་པ་བླང་བྱའི་ཀུན་སྤྱོད་ལ། འདུ་ཤེས་བཞིར་བསྟེན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ། སྤྱོད་ལམ་གཞན་བསྟན་པའོ། །དང་པོ་འདུ་ཤེས་བཞིར་བརྟེན་པ་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་སོ། །སྤྱོད་ལམ་གཞན་བསྟན་པ་ནི། མ་དད་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་དཀྲིས་དང་། །གདུགས་དང་མཁར་བ་མཚོན་ཐོགས་དང་། །མགོ་བོ་གཡོགས་པར་དག་ལ་མིན། །ཞེས་པ་ལ་སོགས་པའོ། །གསུམ་པ་དཔོན་སློབ་དེ་གཉིས་ཀྱིས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་ལ། ཆིངས་ཆེན་པོ་ལྔའམ་གསུམ་གྱིས་བཅིངས་ནས་འཆད་དེ། དང་པོ་ཆིངས་ཆེན་པོ་ལྔ་ནི། རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བར་འདོད་རྣམས་ལ། །མན་ངག་ཅུང་ཞིག་སྦྱིན་པར་བྱ། །དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་སོ། །གཉིས་པ་ཆིངས་གསུམ་ནི། དཀྱུས་ཀྱི་ས་གཅོད་པ་སྟག་མོའི་མཆོང་སྟབས་ལྟ་བུ། ཚིག་གི་འབྲུ་གནོན་པ་རུས་སྦལ་གྱི་ནུར་འགྲོས་ལྟ་བུ། སྐབས་ཀྱི་མཇུག་བསྡུ་བ་སེངྒེའི་འགྱིང་ལྟ་བུ། གཉིས་པ་བཤད་བྱ་དངོས་བཤད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་དང་གསུམ། དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ། མཚན་བརྗོད་པ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་དང་གསུམ། དང་པོ་མཚན་དོན་ཆིངས་ཆེན་པོ་ལྔའི་སྒོ་ནས་འཆད་པ་ལ། དང་པོ་དགོས་པའི་དོན་ནི། དབང་པོ་རབ་རྣམས་མཚན་དོན་ཤེས་པས་གཞུང་དོན་ཡོངས་རྫོགས་གཏན་ལ་ཕབས་པ་དང་། འབྲིང་རྣམས་ཐེག་པ་ཆེ་ཆུང་གང་གི་ཕྱོགས་སུ་གཏོགས་ཤེས་པ་དང་། ཐ་ནའང་མིང་དོན་གྱི་འབྲེལ་བ་ཤེས་ནས་གླེགས་བམ་འཚོལ་སླ་བ་སོགས་ཀྱི་དགོས་པ་ཡོད་དེ། ཇི་སྐད་དུ་། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་སོ། །གཉིས་པ་མཚམས་སྦྱོར་གྱི་དོན་ནི། སྤྱིར་ཆོས་ཐམས་ཅད་གང་དང་གང་འཆད་ཀྱང་ཐོག་མར་ཀླད་དོན་ནས་འཆད་དགོས་ལ། དེ་ཡང་དང་པོར་མཚན་སྨོས་པ་འབྱུང་བ་ཡིན་ལ། མཚན་དེ་ཡང་ཆོས་ལ་ཡིད་ཆེས་སྐྱེ། སྐད་ལ་བག་ཆགས་འཇོག །རྒྱུད་ལ་བྱིན་རླབས་འབྱུང་བ་སྟེ་དགོས་པ་གསུམ་དང་ལྡན་པའི་ཕྱིར་སྐད་གཉིས་ཤན་སྦྱར་ནས་བཤད་པའི་དང་པོར་མཚན་རྒྱ་གར་སྐད་ལྟར་སྨྲོས་པ་ནི་རྒྱ་གར་ཞེས་པ་ལྟ་བུ། གསུམ་པ་ཚིག་གི་དོན་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཐམས་ཅད་མ་ནོར་བར་ཉམས་སུ་བླངས་པའི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ནི་ཡོན་ཏན། དེ་ཉམས་སུ་བླངས་པ་ལས་དོན་གཉིས་ཀྱི་འདོད་པ་ཐམས་ཅད་འབྱུང་བས་ན་རིན་པོ་ཆེ། དེ་ལྟ་བུའི་བརྗོད་བྱ་ཕུན་སུམ་ཚོགས་པའི་ཚིག་དང་དོན་གྱི་མཛད་ཡིན་པས་ན་མཛོད། རང་རྒྱུད་ལ་ལེགས་བྱས་དགེ་བའི་ལོ་ཏོག་བསྐྱེད་པར་འདོད་པའི་སྐལ་བ་བཟང་པོའི་གང་ཟག་ཐམས་ཅད་དགའ་བར་བྱེད་པའི་ཆར་པ་ལྟ་བུ་ཡིན་པས་དགའ་བའི་ཆར་ཞེས་བྱའོ། །བཞི་པ་བསྡུས་དོན་གྱི་དབང་དུ་བྱས་ན་ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་བྱ་བ་སྟེ། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་གང་ལས་འབྱུང་བའི་མཛོད་ལྟ་བུར་གྱུར་པའོ། །ལྔ་བ་བརྒལ་ལན་གྱི་དོན་ནི། དེ་ལ་ཁ་ཅིག་ན་རེ། དགའ་བའི་ཆར་ཞེས་བྱ་བ་མི་འཐད་དེ། ཆར་ཡིན་ན་དགའ་བར་བྱེད་པ་ཡིན་པས་མ་ཁྱབ་སྟེ། དམྱལ་བར་མེ་མདག་དང་། ཀླུ་དང་ཡི་དྭགས་སོགས་ལ་བྱེ་ཚན་གྱི་ཆར་སོགས་འབེབས་པའི་ཕྱིར་ཟེར་ན། འདི་དཔེ་ལ་མཚན་དུ་གསོལ་བའི་དབང་དུ་བྱས་ཏེ་གང་དག་དགའ་བ་བསྐྱེད་པའི་མཐོ་རིས་ལྷ་དང་མིའི་ཡུལ་གྱི་ཆར་པ་དག་དཔེར་བྱེད་ཀྱི་ངན་སོང་གི་ཆར་པ་དཔེར་བྱེད་པ་མ་ཡིན་པས་རྩོད་པ་དེ་ལ་སྙིང་པོ་མེད་དོ། །གཉིས་པ་མཆོད་པར་བརྗོད་པ་ལ་མཚན་སྨོས་པའི་སྒོ་ནས་བསྡུས་ཏེ་མཆོད་པར་བརྗོད་པ་དང་། ཡོན་ཏན་དྲན་པའི་སྒོ་ནས་རྒྱས་པར་མཆོད་པར་བརྗོད་པ་དང་གཉིས། དང་བོ་མཚན་སྨོས་པའི་སྒོ་ནས་བསྡུས་ཏེ་མཆོད་པར་བརྗོད་པའི་སྐབས་སུ། དང་པོ་སངས་རྒྱས་ལ། ངོ་བོ། ངེས་ཚིག །དབྱེ་བ། སྒྲ་དོན་ནོ། །དང་པོ་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་སངས་རྒྱས་ཀྱི་ངོ་བོ། ངེས་ཚིག་མ་རིག་པའི་གཉིད་འཐུག་པོ་ལས་སངས་ཤིང་ཤེས་བྱའི་ཆོས་ཐམས་ཅད་ལ་བློ་གྲོས་ཀྱི་པདྨོ་རྣམ་པར་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །དབྱེ་ན་རྟེན་སྐུ་བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་སོ། །སྒྲ་དོན་བུངྡྷ་ཁོང་དུ་ཆུད་པ་ལའོ། །ཞེས་པས་ཤེས་བྱ་ཐམས་ཅད་མཁྱེན་ཅིང་ཁོང་དུ་ཆུབ་པས་ན་སངས་རྒྱས་སོ། །གཉིས་པ་ཆོས་ལའང་སྔ་མ་ལྟར་བཞི་ལས། ཉོན་ཤེས་ཀྱི་སྒྲིབ་པ་གང་རུང་སྤངས་པའམ་སྤོང་བྱེད་ཀྱི་ཐབས་སུ་གྱུར་པ་ཆོས་ཀྱི་ངོ་བོ། ངེས་ཚིག་ནི་ནད་ལ་སྨན་གཏོང་བ་ལྟར་རང་རྒྱུད་ཀྱི་ཉོན་མོངས་པ་འཆོས་པས་ན་ཆོས་སོ། །དབྱེ་ན། ལུང་དང་རྟོགས་པའི་ཆོས་སམ་འགོག་ལམ་གྱི་བདེན་པ་གཉིས་སོ། །སྒྲ་དོན་ངྷརྨ། ཞེས་པའི་སྒྲ་ལས་དྲངས་ན། འཛིན་པ་སྟེ་འཁོར་བ་དང་ངན་སོང་གི་ལམ་དུ་མི་འཛིན་ཞིང་ཡང་དག་པའི་ལམ་དུ་འཛིན་པས་ན་ཆོས་སོ། །གསུམ་པ། དགེ་འདུན་ལའང་བཞི་སྟེ། རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པ་དགེ་འདུན་གྱི་ངོ་བོ། ངེས་ཚིག་ཡང་དག་པ་དགེ་བའི་ལམ་དང་རང་རྒྱུད་མི་ཕྱེད་པར་འདུན་པས་ན་དགེ་འདུན་ནོ། །དབྱེ་ན། ཐེག་དམན་ཉན་རང་གི་དགེ་འདུན་དང་། ཐེག་ཆེན་བྱང་ཆུབ་སེམསས་དཔའི་དགེ་འདུན་ནོ། །སྒྲ་དོན་ནི། སངྒ་ཞེས་པའི་སྒྲ་ལས་དྲངས་ན་འདུས་པ་སྟེ། འགྲོ་བ་ལྷ་དང་བཅས་པའི་ལམ་ལས་མི་ཕྱེད་པས་ན་དགེ་འདུན་ནོ། དཀོན་མཆོག་ཅེས་པའི་སྒྲ་དོན་ནི། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཉིད་དང་འཇིག་རྟེན་གྱི། །རྒྱན་གྱུར་ཉིད་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་ཏེ་འཇིག་རྟེན་དུ་སངས་རྒྱས་འབྱོན་པ་དང་། དེས་ཆོས་གསུངས་པ་དང་། དེ་ཉམས་སུ་ལེན་པའི་དགེ་འདུན་རྣམས་ནི་འཇིག་རྟེན་ཨུ་དུམྦ་རའི་མེ་ཏོག་ལྟར་དཀོན་པ་དང་། མི་མཐུན་པའི་ཉེས་ཚོགས་ཀྱི་དྲི་མ་མེད་པ་དང་། སྒྲིབ་གཉིས་དང་བདུད་བཞི་སོགས་བཅོམ་པའི་མཐུ་དང་ལྡན་པ་དང་། གནས་སྐབས་དང་མཐར་ཐུག་གི་ཕུན་སུམ་ཚོགས་པ་ཐམས་ཅད་བསྐྱེད་པའི་རྒྱུ་ཡིན་པས་འཇིག་རྟེན་གྱི་རྒྱན་ཏུ་གྱུར་པ་དང་། འགྲོ་བ་ལྷ་དང་བཅས་པའི་མགོན་དུ་བཞུགས་ཤིང་། སྲིད་ཞིའི་ཁམས་ན་འགྲན་ཟླ་དང་བྲལ་བས་ན་མཆོག་ཉིད་དང་། གནས་སྐབས་སུ་ཀུན་ཏུ་ཡོན་ཏན་གྱི་རང་བཞིན་ཉམས་པ་མེད་ཅིང་ཐུགས་རྗེ་རྒྱུན་ཆད་མེད་པས་ན་འགྱུར་བ་མེད་པ་སྟེ་དཀོན་མཆོག་ཅེས་བྱའོ། །གསུམ་པ་རྩོམ་པར་དམ་བཅའ་བ་ནི། དམ་པའི་ཆོས་འཛིན་པའི་ཕན་ཡོན་ལ་བསམ་ཏེ་རྩོམ་པར་དམ་བཅའ་བ་དང་། དམ་པའི་ཆོས་མི་འཛིན་པའི་ཉེས་དམིགས་ལ་བསམ་ཏེ་རྩོམ་པར་དམ་བཅའ་བ་གཉིས་སོ། །སྐབས་འདིར་དགོས་འབྲེལ་ཡན་ལག་བཞི་འཆད་པའི་སྲོལ་ལྟར་ན། སྤྱིར་ངག་ཙམ་ལ་ཡོད་པའི་དགོས་འབྲེལ་དང་། དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ། བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་རྣམས་ཡོད་ཀྱང་། དོན་བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ཡིན་པས་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཉམས་ལེན་རྣམས་ནི་བརྗོད་བྱ། དེ་ལྟ་བུའི་བརྗོད་བྱ་དང་ལྡན་པའི་བསྟན་བཅོས་འདི་ཐོས་བསམ་གྱིས་གཏན་ལ་ཕབ་ནས་ཐར་བར་འགྲོ་བའི་ལམ་མ་ནོར་བར་ཤེས་པ་ནི་དགོས་པ། དེ་ལྟར་ཤེས་ནས་ཉམས་སུ་བླངས་པས་མཐར་ཐུག་གི་འབྲས་བུ་གྲུབ་པ་ནི་ཉིང་དགོས། དེ་གསུམ་གཅིག་ལ་གཅིག་བརྟེན་གྱིས་འབྲེལ་བར་གྲུབ་པ་ནི་འབྲེལ་པའོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། གཞུང་དོན་ལེའུ་བཅུ་གསུམ་ཡོད་པའི།

༈ ལེའུ་དང་པོ་དལ་འབྱོར་རྙེད་དཀའི་སྐབས་སུ། འདུ་ཤེས་མེད་པའི་ལྷ་ཞེས་པ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པའི་འབྲས་བུ་སྟེ། སེམས་རྟོག་མེད་ཀུན་གཞིའི་སྟེང་དུ་ཚོགས་དྲུག་གི་ཤེས་པ་བཀག་ནས་སྒོམ་པ་གོམས་པ་སྟེ། འདི་དང་འགོག་པའི་སྙོམས་འཇུག་གི་ཁྱད་པར། འདིར་ཉོན་ཡིད་མ་བཀག་ལ་འགོག་པར་ཉོན་ཡིད་འགོག་པ་དང་། འདི་ལ་སོ་སོའི་སྐྱེ་བོ་རྣམས་འཇུག་ཅིང་འཕགས་པ་རྣམས་མི་འཇུག་ལ་འགོག་པར་འཕགས་པ་རྣམས་འཇུག་གི་སོ་སྐྱེ་རྣམས་མི་འཇུག་གོ །ཡང་འདུ་ཤེས་མེད་པ་ནི་ཕྱི་རོལ་པ་རྣམས་ཐར་བའི་ལམ་དུ་འཁྲུལ་ནས་སྒོམ་ཞིང་། འགོག་པ་ལ་ཉན་རང་འཕགས་པ་རྣམས་མཐོང་ཆོས་སུ་བདེ་བར་གནས་ཀྱི་ཕྱིར་སྙོམས་པར་འཇུག་ལ། བྱང་སེམས་འཕགས་པ་རྣམས་ཏིང་ངེ་འཛིན་ལ་རྩལ་སྦྱང་བའི་ཕྱིར་སྙོམས་པར་འཇུག་གོ །དེ་ལྟ་བུའི་སྙོམས་འཇུག་དེ་གོམས་པས་ཤི་མ་ཐག་ཏུ་འདུ་ཤེས་མེད་པའི་ལྷར་སྐྱེས་པ་ཡིན་ཏེ། ལྷ་དེའི་གནས་བསམ་གཏན་བཞི་པའི་ལྷ་གནས་འབྲས་བུ་ཆེ་བའི་གནས་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་པར་བཤད་དོ། །དེ་ལས་གཞན་པའི་ལྷ་གནས་རྣམས་སུ་ནི་ཉན་རང་འཕགས་པ་རྣམས་ཀྱང་སྐྱེ་བ་འཛིན་པས་ན་མི་ཁོམས་པའི་གནས་མིན་ནོ། །

༈ ལེའུ་གཉིས་པ་ཚེ་མི་རྟག་པའི་སྐབས་སྲིད་པ་བརྟན་གཡོ་ཆགས་གནས་འཇིག་སྟོང་སོགས་ཀྱི་དོན། དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས། ནང་བཅུད་ཀྱི་སེམས་ཅན་གཟུགས་ཁམས་ཀྱི་ལྷ་གནས་ནས་བཟུང་ཡས་ནས་མར་ཆགས་ཏེ་སྣོད་ཆགས་པ་ལ་བར་བསྐལ་གཅིག་དང་། བཅུད་ཆགས་པ་ལ་བར་བསྐལ་བཅུ་དགུ་སྟེ་ཉི་ཤུ་ཡོད། གཉིས་པ་གནས་པའི་བསྐལ་པ་དང་པོ་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་འགྲིབ་པ་ལ་ཡ་ཐོག་རིང་མོ། བཅུ་པ་ནས་བརྒྱད་ཁྲིའི་བར་ཡར་འཕེལ་བ་དང་། བརྒྱད་ཁྲི་ནས་བཅུ་པའི་བར་མར་འགྲིབ་པའི་འཕེལ་འགྲིབ་ཕྲུགས་རེ་ལ་བར་གྱི་ཁུག་པ་གཅིག་ཏུ་བརྩིས་པའི་བར་ཁུག་བཅོ་བརྒྱད་རྫོགས་རྗེས་བཅུ་པ་ནས་དཔག་མེད་ཀྱི་བར་ཡར་འཕེལ་བ་ལ་མ་ཐོག་རིང་མོ་བར་བསྐལ་གཅིག་སྟེ་བསྡོམས་པས་བར་བསྐལ་ཉི་ཤུའོ། །དེ་བཞིན་དུ་འཇིག་པ་ལ་བར་བསྐལ་ཉི་ཤུ། ཞིག་ནས་སྟོང་སྟེ་ནམ་མཁའ་གཅིག་གི་རང་བཞིན་བར་བསྐལ་ཉི་ཤུར་གནས་པ་རྣམས་བསྡོམས་པས་བར་བསྐལ་བརྒྱད་ཅུ་ནི་བསྐལ་ཆེན་ཅིག་གོ །འཇིག་པའི་ཚེ་དམྱལ་བའི་གནས་སུ་སེམས་ཅན་གསར་དུ་མི་སྐྱེ་བ་ནས་མགོ་བརྩམས་ཏེ་འདོད་ལྷ་དང་མི་རྣམས་འོད་གསལ་གྱི་ལྷར་སྐྱེས་པའི་བར་བར་བསྐལ་བཅུ་དགུ། དེ་ནས་སྣོད་འཇིག་པའི་ཚེ་ཉི་མ་བདུན་ཤར་བས་དང་པོས་རྩི་ཤིང་དང་ནགས་ཚལ་ཐམས་ཅད་བསྲེགས། གཉིས་ཀྱིས་ལྟེང་ཀ་དང་ཆུ་ཀླུང་ཐམས་ཅད་སྐེམ། གསུམ་གྱིས་ཆུ་ཀླུང་ཆེན་པོ་ཐམས་ཅད་སྐེམ། བཞི་པས་མཚོ་ཆེན་པོ་མ་དྲོས་པ་སྐེམ། ལྔ་པས་རྒྱ་མཚོ་དཔག་ཚད་བརྒྱ་ནས་རིམ་གྱིས་ཆུ་ཐིགས་གཅིག་ཀྱང་མ་ལུས་པར་སྐེམ། དྲུག་གིས་ས་ཆེན་པོ་གངས་རི་དང་བཅས་པ་ཐམས་ཅད་བསྲེག །བདུན་གྱིས་རི་གླིང་གསེར་གྱི་ས་གཞིའི་བར་དུ་བསྲེག་གོ །དེ་ལྟ་བུའི་མེ་ལྕེ་གྱེན་དུ་འབར་བས་ཚངས་པའི་གཞལ་མེད་ཁང་སྟོང་པ་རྣམས་བསྲེགས་ཤིང་མེ་ལྕེ་ཐུར་དུ་འཁྱིལ་བས་མནར་མེད་ཀྱི་ས་གཞིའི་བར་བསྲེགས་ཏེ། བསྲེགས་པའི་བསྐལ་པ་ཆེན་པོ་མེས་འཇིག་པ་ཞེས་བྱའོ། །དེ་ནས་སྟོང་སྟེ་ཐམས་ཅད་ནམ་མཁའ་གཅིག་གི་རང་བཞིན་དུ་གྱུར་ནས་བར་བསྐལ་ཉི་ཤུར་གནས་ཤིང་དེ་ནས་ཡང་སྔར་ལྟར་ཆགས་པའི་བསྐལ་བ་དང་གནས་པ་དང་ཡང་མེས་འཇིག་པའི་བསྐལ་བ་རྣམས་སྔར་ལྟར་འབྱུང་བ་དེ་ལྟར་བསྐལ་པ་ཆེན་པོ་བདུན་མེས་འཇིག་པའི་རྗེས་སུ་བསྐལ་བ་གཅིག་ཆགས་པ་དེ་ཆུས་འཇིག་སྟེ། དེའི་ཚེ་བསམ་གཏན་གཉིས་པའི་ལྷ་གནས་སུ་སྤྲིན་ཆུའི་སྙིང་པོ་ཅན་འཁྲིགས་པ་ལས་ཆར་བབས་ཏེ། སྟོང་གསུམ་ཐམས་ཅད་ལན་ཚྭ་ཆུར་ཞུ་བ་ལྟར་འཇིག་གོ །དེ་ལྟར་མེས་འཇིག་བདུན་རེའི་མཚམས་སུ་ཆུས་འཇིག་རེ་བྱུང་ནས་ཆུས་འཇིག་བདུན་མེས་འཇིག་བཞི་བཅུ་ཞེ་དགུ་རྫོགས་མཚམས་སུ་རླུང་གིས་སྐོར་གཅིག་འཇིག་སྟེ་འོག་གཞི་རླུང་གི་དཀྱིལ་འཁོར་གྱེན་དུ་འཁྲུགས་ནས་བསམ་གཏན་གསུམ་པའི་གནས་མན་ཆད་ཐལ་བ་རླུང་གིས་གཏོར་བ་ལྟར་འཇིག་པ་ཡིན་ཏེ། མཛོད་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །མཐར་ནི་རླུང་གིས་གཏོར་བར་བྱེད། །ཅེས་སོ། །

༈ ལེའུ་གསུམ་པ་ལས་རྒྱུ་འབྲས་ཀྱི་སྐབས་སུ་འཇིག་རྟེན་པའི་ཆོས་བཅུ་གསུམ་ལས་དང་པོ། རིགས་གཟུགས་དབང་ཐང་ལ་སོགས་འཕང་བསྟོད་ཅེས་པ་རྒྱགས་པ་ལྔ་སྟེ། རྒྱལ་རིགས་དང་བྲམ་ཟེའི་རིགས་ལ་སོགས་རིགས། ཆེ་བ་དང་མཛེས་པ་ལ་སོགས་གཟུགས། ལུགས་གཉིས་ཀྱི་རྣམ་གཞག་མང་པོ་ཤེས་པའི་ཐོས་པ། དར་ལ་བབ་པའི་ལང་ཚོ། སྡེ་རིས་དང་བྲན་གཡོག་ལ་སོགས་ལ་དབང་སྒྱུར་བའི་དབང་ཐང་སྟེ་རྒྱགས་པ་ལྔ། སྙོམ་ལས་དང་དྲུག །ཆོས་ཉིད་ཀྱི་དོན་མ་རྟོགས་བཞིན་དུ་རྟོགས་པར་རློམ་པའི་མངོན་པའི་ང་རྒྱལ་དང་བདུན། དཀའ་ཐུབ་དཔལ་ལ་སྡང་བའི་སྲིན་པོ་ཆགས་སྡང་གཉིས་དང་དགུ། རང་ལ་ཡོད་པའི་ཟས་ནོར་དང་ལོངས་སྤྱོད་ལ་སོགས་ཀྱི་རོ་ལ་ཡང་ཡང་མྱོང་བའི་བརྐམ་པ་དང་བཅུ། གཞན་གྱི་ཟས་ནོར་སོགས་ལ་བརྣབ་སེམས་སྐྱེ་བའི་ཆགས་པ་དང་བཅུ་གཅིག །རང་ལ་ཡོན་ཏན་མེད་ཀྱང་ཡོད་པ་ལྟར་ཚུལ་འཆོས་པའི་གཡོ་དང་བཅུ་གཉིས། སྐྱོན་ཡོད་ཀྱང་མེད་པ་ལྟར་སྒྲིབ་པའི་སྒྱུ་དང་བཅུ་གསུམ་མོ། །དགེ་བ་བཅུ་ནི་སྲོག་གཅོད་པ་སོགས་མི་དགེ་བ་བཅུ་སྤོང་བའི་སེམས་བརྟན་པ་དེ་ལས་ལོགས་ན་མེད་ཀྱང་། ཁྱད་པར་ཅན་གྱི་དབང་དུ་བྱས་ན། སྲོག་གཅོད་སྤངས་ནས་སྲོག་བསྐྱབ། མ་བྱིན་ལེན་པ་སྤངས་ནས་སྦྱིན་པ་གཏོང་། འདོད་ལོག་སྤངས་ནས་ཚུལ་ཁྲིམས་བསྲུང་། རྫུན་སྤངས་ནས་བདེན་པར་སྨྲ། ཕྲ་མ་སྤངས་ནས་འཁོན་པ་ཟླུམ། ཚིག་རྩུབ་སྤངས་ནས་སྙན་པར་སྨྲ། ངག་འཁྱལ་སྤངས་ནས་ཁ་ཏོན་ལ་བརྩོན། བརྣབ་སེམས་སྤངས་ནས་གཏོང་སེམས་འཆང་། གནོད་སེམས་སྤངས་ནས་ཕན་སེམས་འཆང་། ལོག་ལྟ་སྤངས་ནས་ཡང་དག་པའི་ལྟ་བ་ལ་གནས་པའོ། །

༈ ལེའུ་བཞི་བའི་སྐབས་སུ། བདེན་བཞི་བཤད་པ་ལ། ངོ་བོ། རྣམ་པ། སྒྲ་དོན། གོ་རིམ་དང་བཞི། དང་པོ་བདེན་བཞི་རང་རང་གི་ངོ་བོ་ནི། སྡུག་བསྔལ་ནི་འཁོར་བའི་སྣོད་བཅུད་གཉིས་པོ་འདི་ཐམས་ཅད་ཡིན། ཀུན་འབྱུང་ནི་ལས་དང་ཉོན་མོངས་པ་གཉིས་ཡིན་ཏེ། ལས་ནི་འཁོར་བར་འཕེན་བྱེད་དགེ་བ་དང་མི་དགེ་བ་སོགས་ཡིན། ཉོན་མོངས་པ་ནི་ལས་དེ་ཀུན་ནས་སློང་བའི་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་ཡིན། འགོག་པ་ནི། སྡུག་བསྔལ་དང་ཀུན་འབྱུང་གཉིས་པོ་དེ་ལམ་གྱི་མཐུས་སྤང་བའི་ཆ་དེ་དང་། སྤང་གཞི་ཆོས་ཉིད་དེ་བཞིན་ཉིད་དང་གཉིས་ཀ་ཡིན། ལམ་ནི་ཁ་ཅིག་མཐོང་སྒོམ་གཉིས་ཁོ་ན་ལ་འདོད་ཀྱང་གཙོ་ཕལ་ཙམ་ལས་ལམ་ལྔ་ཡོངས་རྫོགས་ཡིན། དེ་དག་གི་རྣམ་པ་བཅུ་དྲུག་སྟེ། སྐད་ཅིག་གཅིག་གིས་སྐྱེ་འགག་བྱེད་པས་མི་རྟག་པ། གང་ཅི་ཚོར་ཡང་རུང་སྡུག་བསྔལ་ལས་མ་འདས་པས་སྡུག་བསྔལ་བ། ང་ཡི་བའི་དངོས་པོ་རྣམས་ལ་བདག་པོ་མེད་པས་སྟོང་པ། གང་ཟག་གི་གདགས་གཞི་མེད་པས་བདག་མེད་པ་སྟེ་སྡུག་བསྔལ་གྱི་རྣམ་པ་བཞི། འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་བས་ཀུན་འབྱུང་། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་གྱུར་པས་རྒྱུ། སྡུག་བསྔལ་དྲག་པོ་འཕྲལ་དུ་སྐྱེད་པས་རབ་སྐྱེ། སྡུག་བསྔལ་ཉམས་སུ་མྱོང་བའི་མཚམས་སྦྱོར་བའི་རྐྱེན་དང་བཞི་སྟེ་ཀུན་འབྱུང་གི་རྣམ་པ་བཞི། མ་འོངས་པའི་སྡུག་བསྔལ་དང་ཀུན་འབྱུང་གི་རྒྱུན་འགོག་པས་འགོག་པ། འཁྲུལ་བའི་ཉོན་མོངས་པ་ཐམས་ཅད་ཞི་བས་ཞི་བ། ཕུན་སུམ་ཚོགས་པ་མཆོག་གི་ཆོས་ཡིན་པས་གྱ་ནོམ་པ། སླར་མི་ལྡོག་པར་འཁོར་བ་ལས་ངེས་པར་ཐར་བས་ངེས་པར་འབྱུང་བ་དང་བཞི་སྟེ། འགོག་པའི་རྣམ་པ་བཞི། གོང་ནས་གོང་དུ་བགྲོད་པར་བྱ་བས་ལམ། ཉོན་མོངས་པའི་གཉེན་པོ་བྱེད་པས་རིགས་པ། སེམས་ཕྱིན་ཅི་མ་ལོག་པར་བསྒྲུབ་པས་སྒྲུབ་པ། གཏན་དུ་ཐར་པ་མྱ་ངན་འདས་ཀྱི་གནས་སུ་ཁྲིད་པས་ངེས་པར་འབྱིན་པ་དང་བཞི་ནི་ལམ་གྱི་རྣམ་པ་བཞིའོ། །སྒྲ་དོན་ནི། བསྟན་པ་དང་མི་མཐུན་པ་མེད་པས་ན་བདེན་པའོ། །ཞེས་གསུངས་པས་བདེན་པ་བཞིའི་མཚན་ཉིད་འདི་ལྟར་ཡིན་ནོ་ཞེས་སངས་རྒྱས་ཀྱིས་བསྟན་པའི་དོན་ཇི་ལྟ་བ་བཞིན་ཡུལ་བདེན་བཞི་རང་རང་གི་ངོས་ནས་མི་མཐུན་པ་མེད་པས་ན་ཡུལ་གྱི་ངོས་ནས་བདེན་པ་དང་། བདེན་བཞིའི་མཚན་ཉིད་ཇི་ལྟར་བསྟན་པ་དེ་ལྟར་ཤེས་ན་ཤེས་པའི་བློ་དེ་ཡང་མ་ནོར་བ་ཡིན་པས་ན་ཡུལ་ཅན་གྱི་ངོས་ནས་བདེན་པའོ། །དེ་ཡང་བདེན་བཞི་རང་རང་གི་མཚན་ཉིད་ཇི་ལྟར་གནས་པ་དེ་འཕགས་པ་རྣམས་ཁོ་ནས་མཁྱེན་པས་ན་འཕགས་པའི་བདེན་པར་བཞག་ལ། སོ་སྐྱེ་རྣམས་ལ་སྡུག་བསྔལ་ཀུན་འབྱུང་སོགས་རང་ལ་ཡོད་ཀྱང་དེ་དག་གི་མཚན་ཉིད་ཇི་ལྟ་བ་བཞིན་མི་ཤེས་པས་ཕྱིན་ཅི་ལོག་ཏུ་འཛིན་པས་ན་དེ་དག་གི་བདེན་པར་མ་བཞག་གོ །བཞི་པ་གོ་རིམ་ནི། ལམ་མངོན་པར་རྟོགས་པའི་གོ་རིམ་དང་སྦྱར་ནས་བཞག་སྟེ། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་ཕྱིར་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་པ་ལྟར་དང་པོ་སྡུག་བསྔལ་ཤེས་པར་བྱས་ནས་འཁོར་བ་ལ་ངེས་འབྱུང་བསྐྱེད། དེ་ནས་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤངས་ཏེ་འགོག་པ་མངོན་དུ་བྱ་བར་འདོད་པས་ལམ་རྒྱུད་ལ་བསྟེན་པའི་གོ་རིམ་དང་སྦྱར་ནས་དེ་ལྟར་བཞག་སྟེ། དེ་ཡང་འཁོར་བའི་རྒྱུ་ཀུན་འབྱུང་ཡིན་ལ་དེའི་འབྲས་བུ་སྡུག་བདེན་ཡིན་པས་དེ་གཉིས་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་། མྱ་ངན་ལས་འདས་པའི་རྒྱུ་ལམ་བདེན་དང་། འབྲས་བུ་འགོག་བདེན་ཏེ་དེ་གཉིས་རྣམ་པར་བྱང་བའི་ཕྱོགས་སོ། །ཡང་དམྱལ་བའི་སྡུག་བསྔལ་གྱི་སྐབས་སུ་ཚེ་ཚད་བཤད་པ་ནི། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། ཞེས་པས་མི་ལོ་ལྔ་བཅུ་ལྷ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག་ཏུ་བརྩིས་པའི་ལྷའི་རང་ལོ་ལྔ་བརྒྱ་དེ་དམྱལ་བ་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །དེ་བཞིན་དུ་མི་ལོ་བརྒྱ། ཉིས་བརྒྱ། བཞི་བརྒྱ། བརྒྱད་བརྒྱ། སྟོང་དྲུག་བརྒྱ་རྣམས་ལྷ་སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་ཀྱི། ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་། ཉིས་སྟོང་། བཞི་སྟོང་། བརྒྱད་སྟོང་། ཁྲི་དྲུག་སྟོང་རྣམས། དམྱལ་བ་ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ་རྣམས་ཀྱི་ཞག་རེར་བརྩིས་པའི་རང་ལོ་སྟོང་། ཉིས་སྟོང་། བཞི་སྟོང་། བརྒྱད་སྟོང་། ཁྲི་དྲུག་སྟོང་རྣམས་ཐུབ་ཅིང་། རབ་ཏུ་ཚ་བས་བར་བསྐལ་ཕྱེད་དང་། མནར་མེད་པས་བར་བསྐལ་གཅིག་ཐུབ་བོ། །གྲང་དམྱལ་གྱི་ཚེ་ཚད་ནི། ཡུལ་ཀོ་ས་ལའི་ཏིལ་ཁལ་ཉི་ཤུ་ཤོང་བའི་ཏིལ་གཞོང་ནས་ལོ་བརྒྱ་རེ་ལ་ཏིལ་ཉག་རེ་ཕྱུངས་པས་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ཚད་རྫོགས་པ་ཡིན་ལ་ལྷག་མ་རྣམས་ཉི་ཤུའི་འགྱུར་རོ། །ཉེ་འཁོར་ལྷག་པ་བཅུ་དྲུག་ནི། མདག་མེའི་འོབས། རོ་མྱགས་ཀྱི་འདག །རལ་གྲིའི་ནགས། ཆུ་བོ་རབ་མེད་དང་བཞི་པོ་ཤར་ན་བཞི། ལྷོ་ན་བཞི། ནུབ་ན་བཞི། བྱང་ན་བཞི་ཡོད་པས་ཉེ་འཁོར་ལྷག་པ་བཅུ་དྲུག་གོ །ཤལ་མ་ལི་ཤར་ལྷོ་ན་གཅིག །དེ་བཞིན་ལྷོ་ནུབ། ནུབ་བྱང་། བྱང་ཤར་རྣམས་ནའང་རེ་རེ་ཡོད་པས་བཞི་ཡོད་ལ། དེ་བཞིན་དུ་སྤུ་གྲིའི་ཐང་གཞུང་འགའ་རེར་བཤད་པ་ལྟར་ཡོད་ཀྱང་། རལ་གྲིའི་ནགས། སྤུ་གྲིའི་ཐང་། ཤལ་མ་རི་དང་གསུམ་མཚོན་ཆའི་རིགས་ཡིན་པས་གཅིག་ཏུ་བསྡུས་ནས་ཉེ་འཁོར་བཅུ་དྲུག་ཏུ་བཞག་གོ །ཡི་དྭགས་ཀྱི་ཚེ་ཚད་ནི་སྤྱིར་མི་ཡི་ཟླ་བ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བརྩིས་པས་རང་ལོ་ལྔ་བརྒྱ་ཐུབ་སྟེ་བྱེ་བྲག་ངེས་པ་མེད་དོ། །ཡང་ལྷའི་འཆི་ལྟས་ལྔ་ནི། བཤེས་སྤྲིངས་ལས། སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བྱ་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་སྔ་ལྟས་ལྔ། །ཞེས་སོ། །སྡུག་བསྔལ་དང་ཀུན་འབྱུང་གཉིས་ཀར་གཏོགས་པའི་ཕུང་པོ་ལྔ་བཤད་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་མཚན་ཉིད་ནི་གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད། ཉམས་སུ་མྱོང་བ་ཚོར་བའི་མཚན་ཉིད། མཚན་མར་འཛིན་པ་འདུ་ཤེས་ཀྱི་མཚན་ཉིད། །ཕུང་པོ་བཞི་ལ་མངོན་པར་ཞེན་པའི་རྒྱུ་རྐྱེན་གྱིས་འདུ་བྱེད་པ་འདུ་བྱེད་ཀྱི་མཚན་ཉིད། ཡུལ་དོན་རིག་པ་རྣམ་ཤེས་ཀྱི་མཚན་ཉིད་དོ། །གཉིས་པ་ལ་དབྱེ་བ་ནི། གཟུགས་ལ་དབྱེ་ན། རྒྱུ་གཟུགས་ས་ཆུ་མེ་རླུང་བཞི། འབྲས་གཟུགས་དབང་པོ་ལྔ་དང་ཡུལ་ལྔ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་ལས་གཞན་རྣམས་གོ་སླ་ལ། རྣམ་པར་རིག་བྱེད་མ་ཡིན་པ་ནི། མཛོད་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་པ་ལྟར་དགེ་བ་དམ་བཅས་པ་སྡོམ་པ། མི་དགེ་བ་དམ་བཅས་པ་སྡོམ་མིན། དམ་བཅས་པ་མེད་པའི་དགེ་བ་དང་མི་དགེ་བ་རྣམས་བར་མ་སྟེ། དེ་དག་ཀྱང་ལུས་ངག་འབྱུང་བ་ཆེན་པོ་རྣམས་ལས་སྐྱེས་པ། སེམས་མེད་པ་དང་ཡེངས་པའི་གནས་སྐབས་རྣམས་སུའང་རྟག་ཏུ་རྗེས་སུ་འབྲང་བ་སྟེ་འདི་བྱེ་བྲག་སྨྲ་བ་ཁོ་ན་འདོད་ཀྱི་མདོ་སྡེ་བ་ཡན་ཆད་རྣམ་པར་རིག་བྱེད་མ་ཡིན་པ་གཟུགས་མི་འདོད་དོ། །ཚོར་བ་ནི་བདེ་སྡུག་བར་མ་གསུམ་མོ། །འདུ་ཤེས་ནི་རྒྱ་ཆེ་ཆུང་བར་མ་གསུམ་མོ། །འདུ་བྱེད་ནི། ལྡན་པའི་འདུ་བྱེད་སེམས་བྱུང་ལྔ་བཅུ་རྩ་གཅིག་ལས་ཚོར་བ་དང་འདུ་ཤེས་གཉིས་མ་གཏོགས་འདུ་བྱེད་ཞེ་དགུའོ། །ལྡན་མིན་འདུ་བྱེད་ཉེར་གསུམ་ཡོད་དོ། །སེམས་བྱུང་ལྔ་བཅུ་རྩ་གཅིག་ནི། །ཚོར་འདུ་སེམས་པ་རེག་ཡིད་བྱེད། །འདི་དག་ཀུན་འགྲོ་ལྔ་ཡིན་ནོ། །འདུན་མོས་དྲན་ཏིང་ཤེས་རབ་སྟེ། །ཡུལ་ནི་སོ་སོར་ངེས་པ་ལྔ། །དད་དང་ངོ་ཚ་ཤེས་ཁྲེལ་ཡོད། །མ་ཆགས་མི་སྡང་གཏི་མུག་མེད། །བརྩོན་འགྲུས་ཤིན་སྦྱངས་བག་ཡོད་པ། །བཏང་སྙོམས་རྣམ་པར་མི་འཚེ་བ། འདི་དག་དགེ་བ་བཅུ་གཅིག་གོ །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ཐེ་ཚོམ་ལྟ་བ་སྟེ། །རྩ་བའི་ཉོན་མོངས་དྲུག་ཡིན་ནོ། །ཁྲོ་བ་འཁོན་འཛིན་འཆབ་དང་འཚིག །ཕྲག་དོག་སེར་སྣ་གཡོ་སྒྱུ་རྒྱགས། །རྣམ་འཚེ་ངོ་ཚ་ཁྲེལ་མེད་རྨུགས། །རྒོད་པ་མ་དད་ལེ་ལོ་དང་། །བག་མེད་བརྗེད་ངས་རྣམ་པར་གཡེངས། །ཤེས་བཞིན་མ་ཡིན་ཉེ་ཉི་ཤུ། །གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། །ཞེས་སོ། །དེ་ཐམས་ཅད་ཀྱང་སེམས་ལས་རྫས་ཐ་དད་ཅིང་། རྟེན་དང་། དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་ཏེ་མཚུངས་པ་ལྔའི་སྒོ་ནས་མཚུངས་པ་ཡིན་ནོ། །དེ་གཉིས་ཀྱང་རྟེན་དབང་པོ་གཅིག་ལ་བརྟེན་པ་དང་། ཡུལ་གཅིག་ལ་དམིགས་པ་དང་གཉིས་ཀས་ཀྱང་རྣམ་པ་གཅིག་འཛིན་པ་དང་། དུས་གཅིག་ཏུ་སྐྱེ་བ་དང་། རྫས་རེ་རེ་བར་མཉམ་པའོ། །དེ་དག་ཀྱང་སེམས་གཅིག་གི་འཁོར་ན་སེམས་བྱུང་མང་དུ་ཡོད་པའི་གཙོ་འཁོར་ཕན་ཚུན་མཚུངས་པ་ལྔས་མཚུངས་པས་ན་མཚུངས་ལྡན་ཞེས་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་ནི། ཉན་ཐོས་རྣམས་དང་དབུ་མ་པ་ཕལ་ཆེར་ལྟར་ན་ཚོགས་དྲུག་དང་། སེམས་ཙམ་པ་དང་དབུ་མ་པ་ཁ་ཅིག་དང་གསང་སྔགས་པ་རྣམས་ལྟར་ན་ཉོན་ཡིད་དང་ཀུན་གཞི་གཉིས་བསྣན་ནས་ཚོགས་བརྒྱད་དུ་འདོད་དེ། དེ་ལ་ཚོགས་དྲུག་ནི། མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས་དང་ལྔ་ནི་སྒོ་ལྔའི་རྣམ་ཤེས་ཡིན་ལ། དེའི་སྟེང་དུ་ཡུལ་རྣམས་ལ་དེ་དང་དེར་འཛིན་པ་ནི་ཡིད་ཀྱི་རྣམ་ཤེས་ཏེ་དྲུག་གོ །ཉོན་ཡིད་ནི་ཁ་ནང་བལྟས་ཀུན་གཞི་ལ་དམིགས་ནས་དུས་རྟག་ཏུ་ངའོ་སྙམ་དུ་བདག་གི་རྣམ་པར་རློམ་སེམས་པ་སྟེ་འཕགས་པའི་མཉམ་གཞག་གི་དུས་མིན་པར་སོ་སྐྱེའི་སར་ནམ་ཡང་མི་འགག་པའོ། །ཀུན་གཞིའི་རྣམ་ཤེས་ནི་ཤེས་ཙམ་གསལ་རིག་ཏུ་གནས་པ་མི་གསལ་བ་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པའོ། །དེ་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་ལྔ་ནི་ཚེ་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་བྱེད་པའི་ཆ་ནས་ཀུན་འབྱུང་དང་། སྔ་མའི་ལས་ཀྱིས་བསྐྱེད་པའི་ཆ་ནས་སྡུག་བསྔལ་གྱི་བདེན་པའི་མཚན་གཞི་ཡིན་ཏེ། ཟག་བཅས་རྒྱུར་གྱུར་པའི་ཕུང་པོ་ལྔ་ཀུན་འབྱུང་དང་ཟག་བཅས་འབྲས་བུར་གྱུར་པའི་ཕུང་བོ་ལྔ་སྡུག་བསྔལ་ཞེས་བྱའོ། །དེས་ན་ཀུན་འབྱུང་ལ་སྡུག་བསྔལ་གྱིས་ཁྱབ་ཀྱང་སྡུག་བསྔལ་ལ་ཀུན་འབྱུང་གིས་མ་ཁྱབ་སྟེ་སྣོད་ཀྱི་འཇིག་རྟེན་ལ་སོགས་པའོ། །ཞེས་འཆད་དོ། །ཡང་བདེན་པ་བཞི་པོ་དེས་ཤེས་བྱའི་ཆོས་ཐམས་ཅད་བསྡུས་སམ་ཞེ་ན། མ་བསྡུས་ཏེ། ནམ་མཁའ་དང་སོ་སོར་བརྟག་མིན་གྱི་འགོག་པ་སོགས་འགའ་ཞིག་མ་བསྡུས་ཞེས་བཞེད་ལ། འཕགས་པའི་ལམ་གྱི་མངོན་རྟོགས་ཐམས་ཅད་བདེན་པ་བཞིས་བསྡུས་སམ་ཞེ་ན་བསྡུས་པར་འདོད་དགོས་པ་ཡིན་ནོ། །དེས་ན་བདེན་བཞིའི་ནང་ཚན་གྱི་འགོག་པ་ནི་སོ་སོར་བརྟག་འགོག་པ་ཁོ་ན་ཡིན་པས། བརྟག་མིན་འགོག་པ་དང་། འགོག་པའི་སྙོམས་འཇུག་འགོག་བདེན་དུ་མི་གཏོགས་པ་ཤེས་དགོས་སོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་བཤད་པ་ལ། དགོས་པ། སོ་སོའི་ངོ་བོ། རྣམ་བཞག །ཚེ་དུ་ལ་རྫོགས། སྒོམ་ཚུལ་ལོ། །དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མའི་སྣང་བ་ཙམ་དུ་ཤེས་ནས་ལྟ་བ་ངན་པ་ལ་མི་འཇུག་ཅིང་མཐར་ཐུག་མྱ་ངན་ལས་འདས་པའི་དགོས་པ་ཡོད་དོ། །དེ་ཡང་མདོ་ལས། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལ་སོགས་གསུངས་ཏེ། འདི་ཡོད་པས་འདི་འབྱུང་ཞེས་གསུངས་པས་ཆོས་ཐམས་ཅད་རྒྱུ་ཡོད་པ་ཁོ་ན་ལས་སྐྱེ་བར་བསྟན་པས་རྒྱུ་མེད་ལས་སྐྱེ་བར་འདོད་པ་འགོག །འདི་སྐྱེས་པས་འདི་སྐྱེ་ཞེས་གསུངས་པས། རྒྱུ་དེ་ཡང་རྐྱེན་ལས་སྐྱེ་བར་བསྟན་པས་རྒྱུ་རྟག་པ་ལས་སྐྱེ་བར་འདོད་པ་འགོག །འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་གསུངས་པས་བློ་ཡི་གཡོ་བ་སྔོན་དུ་བཏང་བས་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བར་འདོད་པ་འགོག་གོ །གཉིས་པ་སོ་སོའི་ངོ་བོ་ནི། མ་རིག་པ་ནི་བདེན་བཞི་དང་ལས་རྒྱུ་འབྲས་ཀྱི་རང་བཞིན་ལ་རྨོངས་ནས་བདག་ཏུ་འཛིན་པའོ། །འདུ་བྱེད་ནི་དེ་ལྟར་བདག་ཏུ་བཟུང་བས་བདག་ལ་ཆགས་པའི་དབང་གིས་ལས་དགེ་བ་བསོད་ནམས་ཆ་མཐུན་དང་། མི་དགེ་བ་དང་། ཁམས་གོང་མར་སྐྱེ་བའི་རྒྱུ་མི་གཡོ་བའི་ལས་གསུམ་གསོག་པའོ། །རྣམ་ཤེས་ནི་ལས་དེས་འཕངས་པས་རྣམ་པར་ཤེས་པ་ཕྱི་མའི་གནས་སུ་འཕེན་པ་སྟེ་འདི་ལ་ལས་གསོག་དུས་ཀྱི་རྣམ་ཤེས་ལ་རྒྱུ་དུས་ཀྱི་རྣམ་ཤེས་དང་། འབྲས་བུ་མྱོང་དུས་ཀྱི་རྣམ་ཤེས་ལ་འབྲས་དུས་ཀྱི་རྣམ་ཤེས་ཏེ་གཉིས་ཡོད། མིང་གཟུགས་ནི་རྣམ་པར་ཤེས་པ་མའི་མངལ་ལ་སོགས་པར་ཞུགས་ནས་ཕུང་པོ་རིམ་གྱིས་འགྲུབ་པའི་གནས་སྐབས་ཏེ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་མིང་བཞི་དང་གཟུགས་སོ། །སྐྱེ་མཆེད་ནི་མིག་རྣ་བ་སྣ་ལྕེ་ལུས་ཡིད་དེ་ནང་གི་སྐྱེ་མཆེད་དྲུག་གོ །རེག་པ་ནི་ཕྱིའི་ཡུལ་ནང་གི་རྣམ་ཤེས་བར་དབང་པོ་གསུམ་འདུས་ནས་ཡུལ་གཅོད་པའོ། །ཚོར་བ་ནི། དེ་ལྟར་ཡུལ་དང་དུ་བླངས་པས་ཚོར་བ་བདེ་སྡུག་བར་མ་གསུམ་སྐྱེས་པའོ། །སྲེད་པ་ནི། དེའི་ཚེ་ཚོར་བ་བདེ་བ་ལ་དང་དུ་ལེན་འདོད་ཀྱི་སྲེད་པ། སྡུག་བསྔལ་ལ་སྤོང་འདོད་ཀྱི་སྲེད་པ་སྐྱེས་པའོ། །ལེན་པ་ནི་སྲེད་པ་སྐྱེས་པས་འདོད་པའི་ཡུལ་དང་དུ་ལེན་པའི་ཕྱིར་རྒྱུག་པའོ། །སྲིད་པ་ནི། སྲེད་ལེན་གྱིས་གསོས་པས་ཚེ་ཕྱི་མ་འགྲུབ་ངེས་ཀྱི་ལས་གྲུབ་པའོ། །སྐྱེ་བ་ནི། ལས་དེའི་རྒྱུས་ཡང་ཕྱི་མའི་གནས་རིས་སུ་སྐྱེ་བའོ། །རྒ་ཤི་ནི། སྐྱེ་བའི་གནས་སྐབས་ནས་བརྩམས་ཏེ་འཆི་བའི་བར་རྒ་བ་དང་། དེ་ནས་འཆི་བ་ནི་ཤི་བའོ། །འདི་གཉིས་ཡན་ལག་གཅིག་ཏུ་བཞག་པ་ནི་མ་རྒས་པར་འཆི་བའང་ཡོད་པས་ཐམས་ཅད་ལ་རིམ་གྱིས་འབྱུང་བར་མ་ངེས་པའོ། །གཞན་མི་འདོད་པ་བྱུང་ནས་ཡིད་གདུང་བ་མྱ་ངན་དང་། མྱ་ངན་དེ་ལས་སྐྱེས་པ་ངག་གིས་བརྗོད་པ་སྨྲེ་སྔགས་དང་། ལུས་ལ་སྡུག་བསྔལ་བྱུང་བ་སྡུག་བསྔལ་དང་། སེམས་ལ་སྡུག་བསྔལ་སྐྱེས་པས་ཡིད་མི་བདེ་བ་དང་། ཕན་ཚུན་མི་མཐུན་པར་རྩོད་པས་འཁྲུགས་པ་ལ་སོགས་པའང་ཐམས་ཅད་ལ་འབྱུང་བར་ངེས་པས་ཡན་ལག་ཏུ་མ་བཞག་ལ་སྐྱོ་བ་བསྐྱེད་པའི་ཕྱིར་རྒ་ཤིའི་འཁོར་དུ་གསུངས་སོ། །གསུམ་པ་རྣམ་པར་གཞག་པ་ལ་བཞི། དང་པོ་ནི། སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། ད་ལྟར་བྱུང་བ་མི་ཤེས་པ་སྟེ་རྨོངས་པ་གསུམ་བཟློག་པའི་དོན་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་བཞག་སྟེ། མ་རིག་འདུ་བྱེད་གཉིས་སྐྱེ་བ་སྔོན་མའི་སྐབས་དང་། སྐྱེ་བ་རྒ་ཤི་གཉིས་ཕྱི་མའི་སྐབས་དང་། བར་གྱི་བརྒྱད་ད་ལྟའི་སྐབས་ཏེ་དེ་གསུམ་ལ་རྨོངས་པ་བཟློག་གོ །གཉིས་པ་ལམ་གསུམ་དུ་རྣམ་པར་བཞག་ན། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་རྣམས་ནི་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་ཉོན་མོངས་པའི་ལམ་གསུམ། ལས་ཀྱི་ལམ་གཉིས། སྡུག་བསྔལ་གྱི་ལམ་བདུན་ནོ། །གསུམ་པ་སྐྱེ་བ་འགྲུབ་པའི་རྒྱུ་འབྲས་ཀྱི་དབང་དུ་བཞག་ན། ལས་གཉིས་ཉོན་མོངས་གསུམ་དང་ལྔ་རྒྱུ་དུས་ཀྱི་རྣམ་ཤེས་དང་དྲུག་ནི་རྒྱུ་ཡིན་ལ། མིང་གཟུགས་སོགས་སྡུག་བསྔལ་དྲུག་འབྲས་དུས་ཀྱི་རྣམ་ཤེས་དང་བདུན་ནི་འབྲས་བུའོ། །ཡང་ན་རྣམ་ཤེས་རྒྱུར་བགྲངས་ནས་རྒྱུ་དྲུག་དང་འབྲས་བུ་དྲུག་ཅེས་ཀྱང་ཟེར་རོ། །འདི་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བས་ཐམས་ཅད་ལ་རྒྱུ་འབྲས་གཉིས་ཀའི་ཆ་ཡོད་ཀྱང་འདིར་སྐྱེ་བ་འགྲུབ་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་སོ། །བཞི་པ་འཕེན་བྱེད་སོགས་ཀྱི་སྒོ་ནས་བཞག་ན། མ་རིག་པ་བདག་འཛིན་མཚུངས་ལྡན་དང་བཅས་པས་ཀུན་ནས་བསླངས་ཏེ་ལས་བསགས་པས་སྐྱེ་བ་ཕྱི་མར་འཕེན་པས་ན་འཕེན་བྱེད་ཡིན་ལ། རྣམ་ཤེས་ལ་རྒྱུ་དུས་ཀྱི་རྣམ་ཤེས་འཕེན་བྱེད་དང་། འབྲས་དུས་ཀྱི་རྣམ་ཤེས་འཕང་བ་ཡིན་ནོ། །འབྲས་དུས་ཀྱི་རྣམ་ཤེས་དེ་དང་བཅས་པ་ཚོར་བ་ཡན་ལྔ། ལས་དེས་འཕངས་པའི་འབྲས་བུ་ཡིན་པས་འཕངས་པའོ། །སྲེད་ལེན་སྲིད་པ་གསུམ་ནི་སྐྱེ་བ་ཕྱི་མ་འགྲུབ་བྱེད་དང་། སྐྱེ་བ་རྒ་ཤི་གཉིས་ནི་གྲུབ་པ་སྟེ། འཕེན་བྱེད་གཉིས། འཕང་བ་ལྔ། འགྲུབ་བྱེད་གསུམ། གྲུབ་པ་གཉིས་སོ། །ཚེ་དུ་ལ་རྫོགས་ནི། རིང་བའི་དབང་དུ་བྱས་ན་ཚེ་གསུམ་ལ་རྫོགས་ཏེ། འཕེན་བྱེད་གཉིས་ཚེ་གཅིག །འཕང་བ་ལྔ་དང་འགྲུབ་བྱེད་གསུམ་དང་བརྒྱད་ཚེ་གཅིག །གྲུབ་པ་གཉིས་ཚེ་གཅིག་གོ །དེ་ལྟར་ན་སྐྱེ་བ་རེ་རེའི་སྐབས་སུ་ཡང་མ་རིག་པའི་སྒོ་ནས་ལས་གསོག་པ་ནི་ཕྱི་མའི་སྐྱེ་བ་འཕེན་བྱེད་ཡིན་པས་རྟེན་འབྲེལ་གཞན་གྱི་མགོ་ཡིན་ལ། སྔ་མའི་འཕེན་བྱེད་ཀྱིས་ད་ལྟའི་མིང་གཟུགས་སོགས་ལྔ་པོ་འདི་འཕངས་པ་ནི་རྟེན་འབྲེལ་གཞན་གྱི་རྐེད་པ་ཡིན། ཡང་ཚེ་རབས་སྔ་མའི་སྔ་མ་དེའི་ལས་ཀྱིས་སྔ་མ་དེ་འཕངས་ནས། སྐབས་དེའི་འགྲུབ་བྱེད་ཀྱིས་ད་ལྟའི་སྐྱེ་ཤི་འདི་གཉིས་གྲུབ་པ་ནི་རྟེན་འབྲེལ་གཞན་གྱི་མཇུག་ཡིན་པས་དེ་ལྟར་ཐོག་མ་མེད་པ་ནས་འཁོར་རོ། །ཡང་ན་ཉེ་བའི་དབང་དུ་བྱས་ན་ཚེ་གཉིས་ལ་རྫོགས་པར་འདོད་དེ། འཕེན་བྱེད་གཉིས་ཀྱིས་ལས་བསགས་པ་དེ་ཉིད་སྲེད་ལེན་གྱིས་གསོས་བཏབ་པས་སྐྱེ་བ་ཕྱི་མ་འགྲུབ་ངེས་སུ་བྱས་པ་ནི་སྲིད་པ་ཡིན་པས་རྒྱུ་དུས་ཀྱི་རྣམ་ཤེས་དང་བཅས་དྲུག་ཚེ་གཅིག་ལ་རྫོགས་ལ་རྒྱུ་དེས་ཕྱི་མའི་གནས་སུ་སྐྱེས་ནས་མིང་གཟུགས་སོགས་བཞི་རིམ་པས་འགྲུབ་ནས་ཤི་ནས་འབྲས་བུ་དྲུག་ཚེ་གཅིག་ལ་རྫོགས་པའོ། །དེ་ཡང་འཕེན་བྱེད་ཀྱི་ལས་ཡོད་ཀྱང་འཆི་ཀ་ཚུན་སྲེད་ལེན་གྱིས་གསོས་མ་བཏབ་ན་སྐྱེ་བ་ཕྱི་མ་མི་འགྲུབ་པས་འཕེན་བྱེད་དང་འགྲུབ་བྱེད་ཚེ་གཅིག་ལ་རྫོགས་དགོས་ལ། འཕངས་པ་དེ་ཡང་སྐྱེ་དགོས་པ་དང་། དེ་ལ་འཆི་བ་ཡོད་པས་འཕང་བ་དང་། གྲུབ་པ་ལྷན་ཅིག་གོ །འཕེན་བྱེད་དང་འཕངས་པ་དེ་གཉིས་ཀྱི་བར་དུ་ནི་ཚེ་དུ་མས་ཆོད་པ་སྲིད་ལ། འགྲུབ་བྱེད་དང་གྲུབ་པ་གཉིས་ཀྱི་བར་དུ་ཚེ་རབས་གཞན་གྱིས་ཆོད་པ་མི་སྲིད་དོ། །དེ་ལྟར་ན་ཚེ་གསུམ་གྱིས་མ་རྫོགས་སོ་ཞེ་ན། འཕེན་བྱེད་དང་འཕངས་པའི་བར་དུ་ཚེ་རབས་དུ་མས་ཆོད་ཀྱང་དེ་དག་རྟེན་འབྲེལ་གཞན་གྱི་ཚེ་ཡིན་པས་སྐྱོན་མེད་དོ། །དེས་ན་ཚེ་གསུམ་དང་གཉིས་ཀྱིས་རྫོགས་པ། གཉིས་ཀ་ཡོད་ལ་དེ་ལས་ལྷག་པ་ནི་མེད་དོ། །དོན་འདི་དག་ལ་ལེགས་པར་དཔྱད་ན་འཁོར་བར་སྐྱེ་བ་འགྲུབ་བྱེད་ཀྱི་རྩ་བ་སྲེད་ལེན་ཡིན་པ་དང་། སྲེད་ལེན་གྱི་རྩ་བ་ཆོད་ན་ལས་ཡོད་ཀྱང་སྐྱེ་བ་མི་ལེན་པ་དང་། དུས་ཐམས་ཅད་དུ་སྡུག་བསྔལ་ཅི་སྐྱེས་སྲེད་ལེན་ཀུན་འབྱུང་གིས་མཚམས་སྦྱར་ནས་ཉམས་སུ་མྱོང་བ་སོགས་ལ་གོ་བའི་གཏིང་རྙེད་པར་བྱའོ། །སྒོམ་ཚུལ་ནི། ལུགས་འབྱུང་ལུགས་ལྡོག་གི་སྒོ་ནས་སྒོམ་པ་སྟེ། ལུགས་འབྱུང་ལྡོག་འདི་ལ་འཇོག་ཚུལ་གཉིས་ཏེ། འཁོར་བར་སྐྱེ་བའི་རིམ་པ་ལ་ལུགས་འབྱུང་དང་། འཁོར་བ་འགག་པའི་རིམ་པ་ལ་ལུགས་ལྡོག་ཏུ་བཞག་པ་ཞིག་དང་། མ་རིག་པ་ནས་རིམ་པས་བགྲང་ན་སྐྱེ་རིམ་དང་འགོག་རིམ་གང་ཡིན་ཡང་ལུགས་འབྱུང་དང་། རྒ་ཤི་ནས་རིམ་མིན་དུ་ཡར་བགྲང་ན་སྐྱེ་རིམ་དང་འགག་རིམ་གང་ཡིན་ཡང་ལུགས་ལྡོག་ཏུ་བཞེད་པ་གཉིས་ཡོད། དང་པོ་ལྟར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་ལ་སོགས་པའམ། རྒ་ཤི་ཅི་ལས་བྱུང་ན་སྐྱེ་བ་ལས་བྱུང་སོགས་གང་ཡིན་ཡང་ལུགས་འབྱུང་དུ་བཞེད། མ་རིག་པ་འགག་པས་འདུ་བྱེད་འགག །འདུ་བྱེད་འགག་པས་རྣམ་ཤེས་འགག་སོགས་སམ། རྒ་ཤི་གང་གིས་འགག་ན་སྐྱེ་བ་འགག་པས་འགག་སོགས་གཉིས་ཀ་ལུགས་ལྡོག་ཏུ་བཞེད། ཕྱི་མ་ལྟར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་སམ་མ་རིག་པ་འགག་པས་འདུ་བྱེད་འགག་པ་སོགས་གང་ཡིན་ཡང་ལུགས་འབྱུང་དང་། རྒ་ཤི་ཅི་ལས་བྱུང་ན་སྐྱེ་བ་ལས་བྱུང་སོགས་སམ། སྐྱེ་བ་འགག་པས་རྒ་ཤི་འགག །སྲིད་པ་འགགས་པས་སྐྱེ་བ་འགག་སོགས་གང་ཡིན་ཡང་ལུགས་ལྡོག་ཏུ་བཞེད། ལུགས་འབྱུང་ལྡོག་ཕྱི་མ་འདི་ལྟར་ལ་བདེན་བཞི་ཤེས་པའི་གོ་རིམ་དང་སྦྱར་བ་མངོན་པ་ཀུན་བཏུས་ལས་བྱུང་བ་ལྟར་ན། སྐྱེ་རིམ་ལུགས་འབྱུང་དང་སྦྱར་ན་ཀུན་འབྱུང་གི་བདེན་པ་གཏན་ལ་ཕེབས་ལ། སྐྱེ་རིམ་ལུགས་ལྡོག་དང་སྦྱར་ན་སྡུག་བདེན་གཏན་ལ་ཕབས། དེ་བཞིན་དུ་འགག་རིམ་ལུགས་འབྱུང་ལྡོག་གཉིས་ཀྱིས་ལམ་དང་འགོག་པ་གཉིས་གཏན་ལ་ཕབས་ཏེ། དེ་ཡང་ཀུན་འབྱུང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་ལ། དེ་ལས་འདུ་བྱེད་ཀྱིས་ལས་བསགས་པའི་ཕྱིར། དང་པོ་ཀུན་འབྱུང་ལས་ཉོན་གཉིས་ནས་བརྩམས་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་ཤེས་རབ་ཀྱིས་གཏན་ལ་འབེབས་པ་ནི། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་ཀུན་འབྱུང་གཏན་ལ་འབེབས་པ་ཡིན་ལ། ཡང་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་གཙོ་བོ་སྐྱེ་བ་དང་རྒ་ཤི་གཉིས་ཡིན་ལ། དེས་ན་རྒ་ཤི་ཅི་ལས་བྱུང་ན་སྐྱེ་བ་ལས་བྱུང་། སྐྱེ་བ་ཅི་ལས་བྱུང་ན་སྲིད་པ་ལས་བྱུང་། སྲིད་པ་ཅི་ལས་བྱུང་ན་ལེན་པ་ལས་བྱུང་བ་སོགས་ལུགས་ལྡོག་དང་སྦྱར་བས་ཀུན་ཉོན་ཕྱོགས་ཀྱི་འབྲས་བུ་སྡུག་བདེན་གཏན་ལ་ཕེབས། ཡང་ཀུན་འབྱུང་མ་རིག་པའི་རྩ་བ་ལམ་བདེན་གྱི་ངོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་དཔྱད་པས། མ་རིག་པ་འགགས་པས་འདུ་བྱེད་འགགས་སོགས་འགག་རིམ་ལུགས་འབྱུང་གཏན་ལ་ཕེབས་པས་རྣམ་བྱང་ཕྱོགས་ཀྱི་རྒྱུ་ལམ་བདེན་གཏན་ལ་ཕེབས། ཡང་སྤང་བྱ་འཁོར་བའི་སྡུག་བསྔལ་གྱི་གཙོ་བོ་སྐྱེ་ཤི་གཉིས་འགགས་པ་ནི་འགོག་བདེན་ཡིན་ལ། དེས་ན་སྐྱེ་བ་འགགས་པས་རྒ་ཤི་འགག །སྲིད་པ་འགགས་པས་སྐྱེ་བ་འགག །ལེན་པ་འགགས་པས་སྲིད་པ་འགགས་སོགས་ནས། མ་རིག་པ་འགགས་པས་འདུ་བྱེད་འགག་གི་བར་དུ་བསམ་པས་རྣམ་བྱང་གི་འབྲས་བུ་འགོག་བདེན་གཏན་ལ་ཕེབས་པ་ཡིན་ནོ། །འདི་དག་ལ་ཞིབ་ཏུ་བརྟགས་ནས་འཁོར་བའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདིའི་རྩ་བ་བདག་འཛིན་མ་རིག་པ་ལས་བྱུང་བ་དང་། ལམ་ཐམས་ཅད་ཀྱི་རྩ་བ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པ་སོགས་ཀྱི་དོན་ཐོས་བྱུང་ལས་འདས་ནས་བསམ་བྱུང་གིས་ངེས་པ་རྙེད་པ་ལ་འབད་དགོས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་རྒྱལ་བ་བདེན་པར་སྨྲ་བའི་གསུང་གི་མཛོད་ཟབ་མོའི་གཅེས་པ་ཡིན་པའི་ཕྱིར་རོ། །

༈ ལེའུ་ལྔ་པ་འཁོར་ལོར་ཆེན་པོ་བཞིའི་སྐབས་སུ་ལོག་འཚོ་ལྔ་ནི། ཐབས་ཀྱིས་བརྐུ་བའམ་གཞོག་སློང་ནི་རང་ལ་ཡོད་པ་སྦས་ནས་གཞན་ཀྱིས་ཐོས་པར་མེད་སྐད་འདོན་པ་སོགས་དངོས་སུ་མི་སློང་བར་ཐབས་ཀྱིས་རྙེད་པ་ཚོལ་བའོ། །རྙེད་པས་རྙེད་འཚོལ་ནི་སྔར་གཞན་གྱིས་རང་ལ་བྱིན་པ་ལ་ཡང་ཡང་བསྔགས་པ་བརྗོད་ཅིང་ཐབས་དེས་རྙེད་པ་འཚོལ་བའོ། །ཁ་གསགས་ནི། ཕ་རོལ་བོ་ལ་བསྔགས་པ་བརྗོད་པ་སོགས་ངོ་དགས་རྙེད་པ་ཚོལ་ བའོ། །ཚུལ་འཆོས་ནི། རང་ལ་ཡོན་ཏན་མེད་ཀྱང་ཡོད་པ་ལྟར་བཅོས་ནས་དད་པས་སྦྱིན་པ་འཚོལ་བའོ། །ཐོབ་འཇལ་ནི། སྦྱིན་བདག་ཆེ་གེ་མོས་བདག་ལ་རྙེད་པ་འདི་ལྟ་བུ་བྱིན་གྱིས་ཁྱོད་ཀྱིས་ཀྱང་དགོས་སོ་ཞེས་ཟེར་བའམ་ཡང་ན་བདག་ལྟ་བུའི་ཡོན་ཏན་དང་ལྡན་པ་ལ་རྙེད་པ་འདི་ལྟ་བུ་མི་འོས་སོ་ཞེས་འཁང་པའོ། །མཐོ་རིས་ཡོན་ཏན་བདུན་ནི། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །

༈ ལེའུ་དྲུག་པ་སྐྱབས་འགྲོའི་སྐབས་སུ་འཇིགས་པ་གསུམ་ནི་སྤྱིར་འཁོར་བ་སྡུག་བསྔལ་གྱི་འཇིགས་པ། སྒོས་རང་དོན་ཡིད་བྱེད་ཀྱི་འཇིགས་པ། ཉིང་སྒོས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པའོ། །ཡང་ཐུབ་པ་རྣམས་ཀྱི་ཡོན་ཏན་མཐའ་ཡས་ཏེ། སོགས་ཀྱི་སྐབས་སུ་སྤངས་པ་གཉིས་ནི་མཐོང་སྤངས་དང་སྒོམ་སྤངས་ཏེ། དང་པོ་མཐོང་སྤངས་བརྒྱ་དང་བཅུ་གཉིས་ནི། ཆགས་ཁྲོ་ང་རྒྱལ་རྨོངས་ཐེ་ཚོམ། །འཇིག་མཐར་ལོག་ལྟ་ལྟ་མཆོག་འཛིན། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་པ། །ལྟ་མིན་ལྔ་དང་ལྟ་བ་ལྔ། །མཐོང་སྤངས་རྩ་བ་བཅུ་ཡིན་ནོ། །དེ་དག་བདེན་པ་བཞི་པོ་ལ། །འཇིག་མཐར་ལོག་རྨོངས་ཐེ་ཚོམ་དངོས། །ཁོང་ཁྲོ་དབང་གིས་ལོག་པར་འཇུག །ལྷག་མ་རྣམས་ནི་བརྒྱུད་ནས་འཇུག །འདོད་པའི་ཁམས་ན་བཅུ་ག་སྟེ། །གཟུགས་དང་གཟུགས་མེད་ཁོང་ཁྲོ་མིན། །དེ་ལྟར་བརྒྱད་དང་བཅུ་གཉིས་སོ། །ཞེས་པའི་དང་པོ་མཐོང་སྤངས་བཅུ་སྟེ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་ཐེ་ཚོམ་སྟེ་ལྟ་མིན་ལྔ། འཇིག་ལྟ་མཐར་ལྟ་ལོག་ལྟ་ལྟ་བ་མཆོག་འཛིན་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཏེ་ལྟ་བ་ལྔ་དང་བཅུའོ། །དེ་དག་བདེན་པ་བཞི་ལ་ལོག་པར་ཞུགས་ཚུལ་གྱི་སྒོ་ནས་བརྒྱ་དང་བཅུ་གཉིས་ཏེ། འདོད་ཁམས་ན་བདེན་པ་བཞི་པོ་རེ་རེ་ལ་ལོག་པར་བཅུ་རེ་འཇུག་པས་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་དགུ་རེ་ཞུགས་པས་དགུ་བཞི་སུམ་ཅུ་རྩ་དྲུག་པ་གཉིས་ཏེ། བདུན་ཅུ་རྩ་གཉིས། སྔར་གྱི་བཞི་བཅུ་དང་བསྡོམས་པས་བརྒྱ་དང་བཅུ་གཉིས་སོ། །དེ་དག་ཇི་ལྟར་ལོག་པར་འཇུག་ན། ལྟ་བ་གསུམ་ལྟ་མིན་གཉིས་དང་ལྔ་ནི་དངོས་སུ་ལོག་པར་འཇུག་སྟེ། བདེན་པ་དེ་དག་ལ་དམིགས་ནས་འཇིག་ལྟས་བདག་དང་བདག་གིར་ལྟ། མཐར་ལྟས་རྟག་ཆད་དུ་ལྟ། ལོག་ལྟ་མེད་པར་ལྟ། མི་རིག་པས་བདེན་པ་དེའི་དོན་མི་ཤེས། ཐེ་ཚོམ་གྱིས་བདེན་ནམ་མི་བདེན་སྙམ་དུ་ཐེ་ཚོམ་ཟ་བའོ། །དེ་དག་ལ་བདེན་པ་དང་བར་དུ་གཞན་གྱིས་མ་ཆོད་པར་འཇུག་པས་ན་དངོས་སུ་ལོག་ཞུགས་ཡིན་ནོ། །ལྟ་བ་གཉིས་དང་ལྟ་མིན་གཉིས་ཏེ་བཞིའི་བརྒྱུད་ནས་ལོག་པར་འཇུག་སྟེ། བདེན་པའི་དོན་ལྟ་བས་ཇི་ལྟར་བཟུང་བའི་ལྟ་ངན་དེ་ལ་འདོད་ཆགས་ཀྱིས་ཆགས། ང་རྒྱལ་གྱིས་ལྟ་ངན་དེས་སེམས་ཁེངས། ལྟ་བ་མཆོག་འཛིན་གྱིས་ལྟ་ངན་ལ་མཆོག་ཏུ་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ལྟ་ངན་དེ་དང་འབྲེལ་བའི་སྤྱོད་ངན་ལ་དག་གྲོལ་ངེས་འབྱིན་དུ་ལྟ་བའོ། །འདི་དག་ལྟ་བས་བདེན་པ་ལ་དམིགས་ཤིང་འདི་དག་གིས་ལྟ་བ་ལ་དམིགས་པས་བདེན་པ་དང་བར་དུ་ལྟ་ངན་དེས་ཆོད་པས་བརྒྱུད་ནས་ལོག་པར་ཞུགས་པའོ། །ཁོང་ཁྲོ་ནི། དབང་གིས་ལོག་ཞུགས་ཡིན་ཏེ་ལྟ་ངན་དེ་རྒྱུད་ན་ཡོད་པའི་དབང་གིས་དེ་དང་མི་མཐུན་པའི་ལྟ་བ་གཞན་ལ་ཁོང་ཁྲོ་བ་སྟེ་འདི་ནི་བདེན་པ་དང་རང་གི་ལྟ་བ་གཉིས་ཀ་ལ་མ་དམིགས་པས་དབང་གིས་ལོག་ཞུགས་ཡིན་ནོ། །འདི་དག་འགོག་ལམ་གཉིས་ལ་འཇུག་ཚུལ་ལ་ཞིབ་ཆ་ཅུང་ཟད་ཡོད་ཀྱང་འདི་ཙམ་གྱིས་ཀྱང་མི་ཆོག་པ་མེད་དོ། །སྒོམ་སྤངས་བཞི་བརྒྱ་བཅུ་བཞི་ནི། འདོད་ཆགས་ཁོང་ཁྲོ་ང་རྒྱལ་རྨོངས། །འཇིག་ལྟ་མཐའ་ལྟ་སྒོམ་སྤངས་དྲུག །འདོད་པར་དྲུག་ཡོད་གཟུགས་གཟུགས་མེད། །ཁོང་ཁྲོ་མ་གཏོགས་ལྔ་རེ་ཡོད། །དེ་ལ་ས་དང་ཆེ་འབྲིང་གིས། །ཕྱེ་བས་བཞི་བརྒྱ་བཅུ་བཞིའོ། །ཞེས་པས་སྒོམ་སྤངས་རྩ་བ་དྲུག་སྟེ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་འཇིག་ཚོགས་ལ་ལྟ་བ་མཐར་འཛིན་པའི་ལྟ་བ་དང་དྲུག་གོ །དེ་ཡང་འདོད་ཁམས་ན་དྲུག །གཟུགས་གཟུགས་མེད་གཉིས་ན་ལྔ་རེ་སྟེ་ཁམས་ཀྱིས་ཕྱེ་ན་བཅུ་དྲུག་གོ །ཡང་འདོད་ཁམས་ན་དྲུག །བསམ་གཏན་བཞི་རེ་རེ་ན་ལྔ་རེ་སྟེ་ལྔ་བཞི་ཉི་ཤུ། གཟུགས་མེད་བཞི་རེ་རེ་ན་ལྔ་རེ་སྟེ་ཉི་ཤུ་བསྡོམས་པས་སའི་སྒོ་ནས་དབྱེ་ན་བཞི་བཅུ་ཞེ་དྲུག་གོ །དེ་དག་ས་དང་ཆེ་འབྲིང་གི་སྒོ་ནས་དབྱེ་ན་བཞི་བརྒྱ་བཅུ་བཞི་སྟེ། སའི་སྒོ་ནས་དབྱེ་བའི་ཞེ་དྲུག་པོ་རེ་རེ་ལའང་དགུ་རེ་ཕྱེ་བས་སམ། ཡང་ན་ཁོང་ཁྲོ་མ་གཏོགས་པའི་ཉོན་མོངས་ལྔ་པོ་ས་དགུ་དང་ཆེ་འབྲིང་དགུས་ཕྱེས་པས་བརྒྱད་ཅུ་རྩ་གཅིག་སྟེ། བརྒྱད་ཅུ་རྩ་གཅིག་པ་ལྔ་བསྡོམས་པས་བཞི་བརྒྱ་དང་ལྔ་འདོད་ཁམས་ཀྱི་ཁོང་ཁྲོ་དགུ་བསྣན་པས་བཞི་བརྒྱ་དང་བཅུ་བཞིའོ། །ཁམས་ནི་གསུམ་སྟེ། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་སོ། །ས་ནི་དགུ་སྟེ། འདོད་ཁམས། བསམ་གཏན་དང་པོ། གཉིས་པ། གསུམ་པ། བཞི་པ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་ཏེ་ཁམས་གསུམ་ས་དགུ་པའོ། །ཆེ་འབྲིང་ནི་འདོད་པའི་འདོད་ཆགས་ལྟ་བུ་ལའང་། ཆེན་པོའི་ཆེན་པོ། ཆེན་པོའི་འབྲིང་པོ། ཆེན་པོའི་ཆུང་ངུ་། འབྲིང་པོའི་ཆེན་པོ། འབྲིང་པོའི་འབྲིང་པོ། འབྲིང་པོའི་ཆུང་ངུ་། ཆུང་ངུའི་ཆེན་པོ། ཆུང་ངུའི་འབྲིང་པོ། ཆུང་ངུའི་ཆུང་ངུ་དང་དགུའོ། །སྤོང་ཚུལ་ནི་མཐོང་སྤངས་ཀུན་བརྟགས་ཡིན་པས་བདེན་བཞིའི་རང་བཞིན་མཐོང་བ་ཙམ་གྱིས་སྤངས་ལ། སྒོམ་སྤངས་རྣམས་ལྷན་སྐྱེས་ཡིན་པས་བདེན་པ་མཐོང་བ་ཙམ་གྱིས་སྤོང་མི་ནུས་པས་མཐོང་ཟིན་གོམས་པར་བྱེད་པའི་སྒོ་ནས་རིམ་གྱིས་སྤང་དགོས་སོ། །དེ་ཡང་ཐེག་དམན་རྣམས་མཐོང་སྤངས་ནི་འདས་ལམ་ཁོ་ན་སྤང་དགོས་ཀྱང་། སྒོམ་སྤངས་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་སྤང་ནུས་པས་མཐོང་སྤངས་ཀྱི་སྔོན་དུ་ཡང་འདོད་པའི་སྒོམ་སྤངས་སྤོང་བ་སྲིད་པས་དེ་འདྲ་དེ་ལ་ལམ་ཐོད་རྒལ་པ་ཞེས་ཟེར་ཞིང་ཕྱིར་འོང་ཞུགས་པ་དང་ཕྱི་མི་འོང་ཞུགས་པ་གཉིས་ཀ་ཡོད་པར་བཞེད། ཐེག་ཆེན་ལྟར་ན་སྒོམ་སྤངས་ཡང་འཇིག་རྟེན་པའི་ལམ་གྱིས་སྤང་མི་ནུས་ཏེ། འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་མགོ་གནོན་པ་ཙམ་ལས་རྩ་བ་དྲུང་ནས་འབྱིན་མི་ནུས་ཞེས་བཞེད། དེ་ཡང་འཇིག་རྟེན་པའི་ལམ་ཞེས་པ་ནི་ཤེས་རབ་ལྷག་མཐོང་དང་མ་འབྲེལ་བའི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་རྐྱང་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ལམ་ནི་བདག་མེད་རྟོགས་པའི་ཤེས་རབ་དང་འབྲེལ་བའི་ཞི་ལྷག་ཟུང་འཇུག་གོ །མཐོང་སྤངས་རྣམས་སྤོང་ཚུལ་ཡང་ཐེག་དམན་ལྟར་ན་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཡོད་པ་ལས། དཔེར་ན་སྡུག་བདེན་མཐོང་བས་མཐོང་ལམ་སྐད་ཅིག་བཞིའི་དང་པོ་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་སུ་འདོད་ཁམས་ཀྱི་སྡུག་བསྔལ་མཐོང་སྤངས་བཅུ་སྤང་། ཆོས་ཤེས་ཀྱི་སྐབས་སུ་གཉེན་པོའི་ཡེ་ཤེས་སྐྱེ། རྗེས་བཟོད་ཀྱི་སྐབས་སུ་གཟུགས་དང་གཟུགས་མེད་ཀྱི་སྡུག་བསྔལ་མཐོང་སྤངས་བཅོ་བརྒྱད་སྤང་། རྗེས་ཤེས་ཀྱི་སྐབས་སུ་གཉེན་པོའི་ཡེ་ཤེས་སྐྱེ། དེ་ལྟར་བདེན་པ་གཞན་གསུམ་ལའང་སྦྱར་བས་ཉི་ཤུ་རྩ་བརྒྱད་པ་ཚན་པ་བཞི་སྤངས་པས་མཐོང་སྤངས་བརྒྱ་དང་བཅུ་གཉིས་སོ། །ཐེག་ཆེན་ལྟར་ཁམས་གསུམ་གའི་མཐོང་སྤངས་རྣམས་ཅིག་ཅར་དྲིལ་ནས་སྤངས་ཏེ། དེ་ཡང་བདེན་པ་རང་རང་གི་ཆོས་ཤེས་ཀྱི་སྐབས་ཁོ་ནར་སྤོང་བར་འདོད་དོ། །དེས་ན་མཐོང་ལམ་སྐད་ཅིག་བཅུ་དྲུག་པོ་འདི་ལ་ཐེག་དམན་ལྟར་ན་ཉན་ཐོས་སྡེ་པ་རྣམས་ཀྱང་བཞེད་པ་མི་འདྲ་བ་དུ་མ་ཡོད་པར་གསུངས་ལ། ཐེག་ཆེན་པའང་སློབ་དཔོན་སེངྒེེ་བཟང་པོ་ནི། སྤྱིར་ཁ་ཅིག་སོ་སོར་རྟོག་པའི་སྐད་ཅིག་མ་ལ་ལྟོས་ནས་བཅུ་དྲུག་རིམ་གྱིས་འབྱུང་ཞིང་དེ་ཁོ་ན་ཉིད་ཀྱི་སྐད་ཅིག་ལ་ལྟོས་ན་སྐད་ཅིག་གཅིག་ཏུ་བཞེད་པ་དང་། ཡང་ཁ་ཅིག་སོ་སོར་རྟོག་པའི་སྐད་ཅིག་དང་དེ་ཁོ་ན་ཉིད་ཀྱི་སྐད་ཅིག་གཉིས་ཀར་སྐད་ཅིག་མ་གཅིག་ཏུ་བཞེད་པའི་ལུགས་གཉིས་ཡོད་པར་བཤད་ཅིང་། རང་ལུགས་ལ་སྐད་ཅིག་མ་བཅུ་དྲུག་ལ་རིམ་གྱིས་འབྱུང་པར་བཞེད། དེ་ཡང་སོ་སོར་རྟོག་པའི་སྐད་ཅིག་ཅེས་པ་ནི། གཏན་ལ་དབབ་བྱའི་ཡུལ་ལ་ལྟོས་ནས་བདེན་པ་བཞི་གཅིག་ཆར་ལ་སྒྲོ་འདོགས་ཆོད་པ་མི་སྲིད་པས། བདེན་བཞི་སོ་སོར་སྒྲོ་འདོགས་རིམ་གྱིས་གཅོད་པ་ལ་ལྟོས་ནས་སྐད་ཅིག་བཅུ་དྲུག་ཡིན་ལ། དེ་ཁོ་ན་ཉིད་ཀྱི་སྐད་ཅིག་ཅེས་པ་རྟོགས་བྱ་ཆོས་ཉིད་ལ་དབྱེ་བ་མེད་པས་བདག་མེད་མངོན་སུམ་མཐོང་བའི་སྐད་ཅིག་གཅིག་ཏུ་འདོད་པ་ཡིན་ནོ། །འཕགས་པ་ཐོགས་མེད་ཀྱི་གཞུང་ལས། བདེན་བཞི་སྐད་ཅིག་བཅུ་དྲུག་འདི་ལྟར་བཞེད་དེ། དང་པོ་སྡུག་བསྔལ་ཆོས་བཟོད་པའི་སྐབས་སུ་མཐོང་སྤངས་རྣམས་སྤང་། ཆོས་ཤེས་ཀྱི་སྐབས་སུ་གཉེན་པོའི་ཡེ་ཤེས་སྐྱེ། རྗེས་བཟོད་ཀྱིས་ཆོས་བཟོད་ཆོས་ཤེས་ཀྱི་ཡེ་ཤེས་གཉིས་པོ་དེ་ཡང་འཕགས་པའི་ལམ་གྱི་རྟེན་གཞི་ཡིན་ནོ་སྙམ་དུ་ངེས་པར་བྱེད། རྗེས་ཤེས་ཀྱིས་རྗེས་བཟོད་དེ་ཡང་འཕགས་པའི་ལམ་གྱི་རྟེན་གཞི་ཡིན་ནོ་སྙམ་དུ་ཤེས་པའོ། །དེས་ན་ཆོས་བཟོད་ཆོས་ཤེས་གཉིས་ནི་ཡུལ་བདེན་པ་ལ་དམིགས་པས་གཟུང་བའི་ཡུལ་ཅན་ཡིན་ལ། རྗེས་བཟོད་རྗེས་ཤེས་གཉིས་ནི་ཡུལ་ཅན་ཡེ་ཤེས་ལ་དམིགས་པ་འཛིན་པའི་ཡུལ་ཅན་ཡིན་ནོ་ཞེས་བཞེད། འདིའི་ལུགས་ཀྱིའང་བཅུ་དྲུག་ཏུ་བཞག་པ་རྗེས་ཐོབ་ལ་ངེས་པ་འདྲེན་ཚུལ་གྱི་དབང་དུ་བྱས་ནས་བསྟན་པ་གནས་པ་སྤྲོས་པ་ལ་དགའ་བའི་ཕྱིར་རྣམ་གྲངས་སུ་བཞག་པ་ཙམ་ཡིན་གྱི། མཉམ་གཞག་རང་ངོ་ལ་ལྟོས་ནས་སྤྲོས་མེད་ཀྱི་དབང་དུ་སྐད་ཅིག་མ་གཅིག་གོ་ཞེས་བཞེད་དོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལས་ནི། སྐད་ཅིག་བཅུ་དྲུག་ཏུ་བཞག་པ་བདེན་བཞི་ལ་སྒྲོ་འདོགས་ཆོད་ཚུལ་གྱི་ཆོས་དབྱེ་བ་ཙམ་སྟེ། དེ་ཡང་ཆོས་བཟོད་ཀྱིས་བདེན་བཞིའི་ཆོས་ཉིད་ལ་ཡིད་ཆེས་ནས་མི་སྐྲག་པའི་བཟོད་པ་ཐོབ། ཆོས་ཤེས་ཀྱིས་བདེན་བཞིའི་ཆོས་ཉིད་མངོན་གསུམ་དུ་མཐོང་། རྗེས་བཟོད་ཀྱིས་ལམ་རྗེས་ཐོབ་ཀྱི་ཚེ་ཡང་ཆོས་ཉིད་ལ་མི་སྐྲག་པའི་ནུས་པ་ཐོབ། རྗེས་ཤེས་ཀྱིས་ལམ་རྗེས་ཐོབ་ཀྱི་ཚེ་བདེན་བཞིའི་ཆོས་ཉིད་ཇི་ལྟར་བ་བཞིན་ཤེས་པའི་ནུས་པ་ཐོབ་པ་ལ་ལྟོས་ནས་གཞག་པ་ཡིན་ལ། དོན་དུ་ཤེས་བྱའི་ཆོས་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་མཐོང་བའི་སྐད་ཅིག་ལ་དབྱེ་བ་མེད་དེ། མདོ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ཏེ། །བྱིས་པ་རྣམས་ནི་བདེན་པ་བཞི་ཞེས་སྨྲ། །བྱང་ཆུབ་སྙིང་པོར་ཞུགས་ནས་བདེན་གཅིག་ཀྱང་། །གྲུབ་པ་མེད་ན་བཞི་ལྟ་ག་ལ་ཡོད། །ཅེས་གསུངས་སོ། །དེས་ན་མཉམ་གཞག་སྐད་ཅིག་གཅིག་ལ་ལྡོག་ཆས་དབྱེ་བ་ཙམ་དུ་བཞེད་དོ། །སྒོམ་སྤངས་རྣམས་ནི་ལམ་སྒོམ་པའི་སྟོབས་ཀྱིས་གཉེན་པོ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ནས་རིམ་གྱིས་སྐྱེས་པས་སྤང་བྱ་ཆེན་པོའི་ཆེན་པོ་ནས་རིམ་གྱིས་སྤོང་བར་འདོད་དེ་འོག་ཏུ་འཆད་དོ། །དེ་ཡང་མཐོང་སྤངས་ཀུན་བརྟགས་དང་སྒོམ་སྤངས་ལྷན་སྐྱེས་ཞེས་པའི་ཀུན་བརྟགས་དང་ལྷན་སྐྱེས་ཀྱི་དོན་ཀུན་བཏགས་ནི་བདག་ཏུ་ལྟ་བ་དང་། རྟག་ཆད་དུ་ལྟ་བ་དང་། ལོག་པར་ལྟ་བ་ལ་སོགས་གྲུབ་མཐའ་ངན་པས་གསར་དུ་བཏགས་པ་རྣམས་ཡིན་ལ། དེ་ཡང་ལམ་ངན་པ་ལ་ཞུགས་པའི་གང་ཟག་རྣམས་ལ་མངོན་གྱུར་དུ་ཡོད་ལ་གྲུབ་མཐས་བློ་མ་བསྒྱུར་བ་རྣམས་ལའང་ས་བོན་ཡོད་དོ། །ལྷན་སྐྱེས་ནི་ཡེ་ནས་རང་རྒྱུད་ལ་ཡོད་པའི་བདག་ལྟ་དང་ཆགས་སྡང་སོགས་ཉོན་མོངས་པ་རྣམས་ཡིན་ཏེ། ཡུལ་ལ་དམིགས་པའི་ཆགས་པ་སོགས་སོ། །དེས་ན་མཐོང་སྤངས་ནི་བདེན་པའི་ཆོས་ཉིད་ལ་ལོག་པར་ཞུགས་ལ། སྒོམ་སྤངས་ནི་གཟུགས་སོགས་དབང་པོའི་ཡུལ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེས་ན་ཡུལ་ལ་དམིགས་པས་ཞེ་སྡང་དྲག་པོ་ལྟ་བུ་སྒོམ་སྤངས་ཡིན་ཡང་། མཐོང་ལམ་སྐྱེས་པའི་འཕགས་པ་ལ་མེད་པས་སྒོམ་སྤངས་ཡིན་ཡང་འཕགས་ལམ་ཐོབ་ནས་རྒྱུད་ན་མེད་པ་དུ་མ་ཡོད་པར་བཞེད་དོ། །མཐོང་སྤངས་ནི་དེ་ལྟར་གྲུབ་མཐའ་གསར་དུ་བཏགས་པའི་སྤང་བྱ་ཡིན་པས་མཐོང་ལམ་སྐྱེས་པའི་གང་ཟག་དེ་ནི་སྐྱེ་བ་ཐམས་ཅད་དུ་གཞན་ཕྱི་རོལ་པ་ལ་སོགས་པས་བློ་གཏན་ནས་བསྒྱུར་མི་ཐུབ་པ་ཞིག་དགོས་པ་ཡིན་ནོ། །སྤྱན་ལྔ་ནི། སྟོང་གསུམ་གྱི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་ཤའི་སྤྱན། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང་འཆི་བ་ཤེས་པ་ལྷའི་སྤྱན་ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་མཁྱེན་པ་ཆོས་ཀྱི་སྤྱན། ཤེས་བྱའི་ཆོས་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་སྤྱན་ནོ། །མངོན་ཤེས་དྲུག་ནི། གཅིག་ལས་དུ་མ་དང་། དུ་མ་ལས་མང་པོར་བསྒྱུར་བ་སོགས་རྫུ་འཕྲུལ་དུ་མ་ལ་དབང་བ་རྫུ་འཕྲུལ་གྱི་མངོན་ཤེས། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཤེས་པ་ལྷའི་མིག་གི་མངོན་ཤེས། སྟོང་གསུམ་གྱི་སྒྲ་ཆེ་ཆུང་ཐམས་ཅད་གསན་པ་ལྷའི་རྣ་བའི་མངོན་ཤེས། རང་དང་གཞན་གྱི་སྐྱེ་བ་སྔོན་མ་དུ་མ་ཤེས་པ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས། སེམས་ཅན་གཞན་གྱི་སེམས་ཀྱི་བསམ་པ་ཐམས་ཅད་ཤེས་པ་གཞན་སེམས་ཤེས་པའི་མངོན་ཤེས། རང་གཞན་གྱི་རྒྱུད་ཀྱི་ལས་ཉོན་ཟད་པར་ཤེས་པ་ཟག་ཟད་ཀྱི་མངོན་ཤེས་དང་དྲུག་གོ །སྤྱན་དང་མངོན་ཤེས་ཀྱི་ཁྱད་པར་ནི། སྤྱན་ནི་ལས་དགེ་བའི་རྣམ་སྨིན་ལས་བྱུང་བ་ཡིན་ལ། མངོན་ཤེས་ནི་བསམ་གཏན་གྲུབ་པའི་ཏིང་འཛིན་གྱིས་ཐོབ་པ་ཡིན་ནོ། །དབང་བཅུ་ནི། བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་པ་ཚེ་ལ་དབང་བ། ཏིང་ངེ་འཛིན་ལ་འཇུག་ལྡང་དང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མཐུན་པར་འཇུག་པ་སེམས་ལ་དབང་བ། ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལ་དབང་བསྒྱུར་བ་ཡོ་བྱད་ལ་དབང་བ། བཟོ་དང་ལས་ཀྱི་གནས་ཐམས་ཅད་ཤེས་པ་ལས་ལ་དབང་བ། འགྲོ་དྲུག་གང་དུ་སྐྱེ་བར་འདོད་པ་དེར་སྐྱེ་བའི་སྐྱེ་བ་ལ་དབང་བ། སྟོང་གསུམ་སངས་རྒྱས་ཀྱིས་གང་བར་སྟོན་པ་ལ་སོགས་མོས་པ་ལ་དབང་བ། གནས་ཀྱི་དབང་དུ་བྱས་པའི་སྨོན་ལམ་གང་བཏབ་འགྲུབ་པ་སྨོན་ལམ་ལ་དབང་བ། སྟོང་གསུམ་ཡུངས་འབྲུར་གཞུག་པ་ལ་སོགས་སྟོན་པ་རྫུ་འཕྲུལ་ལ་དབང་བ། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ཡེ་ཤེས་ལ་དབང་བ། ཆོས་སྒོ་ཐམས་ཅད་སྟོན་པ་ལ་ཐོགས་པ་མེད་པ་ཆོས་ལ་དབང་བ་དང་བཅུའོ། །གཟུངས་ཀྱི་སྒོ་བཞི་ནི། ཡི་གེ་ཨ་ལྟ་བུ་གཅིག་གི་དོན་ལ་བསམས་ནས་སྐྱེ་མེད་དུ་གཏན་ལ་ཕབས་པས་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་ཕེབས་པ་བཟོད་པ་ཐོབ་པའི་སྒོའི་གཟུངས། ཕན་གནོད་ཀྱི་ལས་སྒྲུབ་པའི་སྔགས་བརྩམས་ནས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མཐུས་བྱིན་གྱིས་བརླབས་པས་བསྐལ་བའི་བར་དུ་ནུས་པ་འབྱུང་བ་ནི་སྔགས་ཀྱི་གཟུངས། ཆོས་ཀྱི་ཚིག་ཐམས་ཅད་མི་བརྗེད་པར་འཛིན་པ་ནི་ཚིག་གི་གཟུངས། ཆོས་ཀྱི་དོན་ཐམས་ཅད་མི་བརྗེད་པར་འཛིན་པ་ནི་དོན་གྱི་གཟུངས་སོ། །སྟོབས་བཅུ་ནི། ལས་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་སོགས་གནས་དང་། ལས་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་སོགས་གནས་མ་ཡིན་པ་སྟེ། དེ་ལྟ་བུའི་ཚུལ་ཐམས་ཅད་མཁྱེན་པ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་དགེ་བ་དང་མི་དགེ་བ་ལས་འབྲས་བུ་འདི་དང་འདི་ལྟ་བུ་འབྱུང་ངོ་ཞེས་རྒྱུ་འབྲས་ཀྱི་ཕྲ་ཞིབ་ཐམས་ཅད་མཁྱེན་པ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། སེམས་ཅན་གྱི་དབང་པོ་རྣོ་རྟུལ་ཐམས་ཅད་མཁྱེན་པ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། ཉན་ཐོས་ཀྱི་རིགས་ཅན་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་ས་ཆུ་མེ་རླུང་ལ་སོགས་པ་འབྱུང་བའི་ཁམས་ཐམས་ཅད་མཁྱེན་པ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས། ཆོས་རྒྱ་ཆེན་པོ་ལ་མོས་པ་དང་། ཟབ་མོ་ལ་མོས་པ་ལ་སོགས་མཁྱེན་པ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ངན་འགྲོའི་ལམ་དང་། མཐོ་རིས་ཀྱི་ལམ་དང་། ཐར་པའི་ལམ་ལ་སོགས་པ་མཁྱེན་པ་ཀུན་ནས་འགྲོ་བའི་ལམ་མཁྱེན་པའི་སྟོབས། བསམ་གཏན་བཞི་དང་རྣམ་ཐར་བརྒྱད་སོགས་ཏིང་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པར་མཁྱེན་པ་བསམ་གཏན་རྣམ་པར་ཐར་པ་མཁྱེན་པའི་སྟོབས། རང་གཞན་གྱི་སྔོན་གྱི་སྐྱེ་བ་གྲངས་མེད་པ་མཁྱེན་པ་སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས། སེམས་ཅན་ཐམས་ཅད་འདི་ནས་འཆི་འཕོས་ཏེ་འདིར་སྐྱེ་ཞེས་པ་ལྟ་བུ་ཕྱི་མའི་སྐྱེ་གནས་དུ་མ་མཁྱེན་པ་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཟད་པར་མཁྱེན་པ་ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །མི་འཇིགས་པ་བཞི་ནི་ངས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་སོ་ཞེས་སྤང་བ་ཕུན་སུམ་ཚོགས་སུ་དམ་བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་ན་ཆོས་བཞིན་དུ་རྒོལ་ནུས་སུ་ཡང་མེད་པས། ཞུམ་པ་དང་བག་ཚ་བ་མེད་པ་ཐོབ་ཅིང་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ལྟ་བུ་ཞལ་གྱིས་བཞེས་ལ། འཁོར་གྱི་ནང་དུ་མི་འཇིགས་པ་སེངྒེའི་སྒྲ་བསྒྲགས་ཏེ། འཇིག་རྟེན་ཚངས་པའི་འཁོར་ལོ་ལྷ་དང་བདུད་དང་ཚངས་པ་དང་དགེ་སྦྱོང་དང་བྲམ་ཟེ་བཅས་པ་སུས་ཀྱང་བསྐོར་བར་མ་ནུས་པའི་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་བསྐོར་ཏོ། །དེ་བཞིན་དུ་ངས་ཤེས་བྱའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་རྟོགས་པ་ཕུན་སུམ་ཚོགས་སུ་དམ་བཅས་པ་ལ་ལྷ་དང་སོགས་སྔར་དང་འདྲའོ། །ཡང་འདི་ནི་འཕགས་པ་ངེས་པར་འབྱིན་པའི་ལམ་སྟེ་ལམ་འདི་ལྟ་བུ་ལ་བརྟེན་ན་ངེས་པར་འབྱིན་པར་མི་འགྱུར་བ་དེ་ན་གནས་མེད་དོ། །ཞེས་གཞན་དོན་ལམ་གྱི་གེགས་དམ་བཅའ་བ་ལ་སོགས་སོ། །ཡང་འདི་ནི་ལམ་ལ་བར་དུ་གཅོད་པའི་ཆོས་ཏེ་གནས་འདི་ལྟ་བུ་ལ་སྤྱོད་ན་ལམ་གྱི་བར་ཆད་དུ་མི་འགྱུར་བ་དེ་ནི་གནས་མེད་དོ། །ཞེས་གཞན་དོན་ལམ་གྱི་གེགས་དམ་བཅའ་བ་ལ་སོགས་པ་བཞིའོ། །དེ་ཡང་སྐུ་མ་ཞུམ་པའི་དབང་གིས་དབུ་འཕང་དམའ་བ་དང་། སྤྱན་རིག་རིག་ཏུ་གཟིགས་པ་སོགས་མེད་པར་ཁྱུ་མཆོག་རླབས་པོ་ཆེའི་གནས་ཞལ་གྱིས་བཞེས་ཤིང་། གསུང་བག་ཚ་བ་མེད་པས་གསུང་འདར་བ་དང་ལྡབ་འཆོལ་བ་ལ་སོགས་མེད་པར་རྒོལ་བ་ཐམས་ཅད་ཟིལ་གྱིས་མནན་ཏེ་འཁོར་གྱི་ནང་དུ་སེངྒེའི་སྒྲ་སྒྲོགས་པ་དང་། ཐུགས་མི་འཇིགས་པ་ཐོབ་པས་འཇིག་རྟེན་དུ་ཚངས་པ་ཆེན་པོ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཡང་ལྷ་ནི་མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱིས་རིགས་དྲུག་ལས་མཆོག་ཏུ་གྱུར་པ་དང་། བདུད་སྡེ་དང་ཚངས་པ་ནི་འདོད་ཁམས་དང་། གཟུགས་ཁམས་ན་ང་རྒྱལ་གྱིས་དྲེགས་པ་དང་། དགེ་སྦྱོང་དང་བྲམ་ཟེ་ནི་མཁས་པར་གྲགས་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི། ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པའི་ཚིག་ཐམས་ཅད་མ་འདྲེས་པར་མཁྱེན་པ་ཆོས་སོ་སོ་ཡང་དག་པར་རིག་པ། ཚིག་དེ་ལ་བརྟེན་པའི་དོན་ཐམས་ཅད་མ་འདྲེས་པར་མཁྱེན་པ་དོན་སོ་སོ་ཡང་དག་པར་རིག་པ། ཆོས་དེ་གཞན་ལ་སྟོན་པ་ན་མིང་ཐམས་ཅད་དང་སྐད་ཐམས་ཅད་མ་འདྲེས་པར་མཁྱེན་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། དེ་ལྟར་འཆད་པའི་ཚེ་ཆོས་ཀྱི་སྒོ་གཅིག་ལས་བརྩམས་ཏེ་བསྐལ་པའམ་བསྐལ་པ་ལས་ལྷག་པའི་བར་དུ་བསྟན་ཡང་བློ་གྲོས་ཟད་མི་ཤེས་པས་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ཡང་གཞན་ལ་ཆོས་སྟོན་པའི་ཚེ་རྟེན་ཚིག་དང་བརྟེན་པའི་དོན་གཉིས་པོ་བཤད་བྱ་དང་། གསུང་གིས་སེམས་ཅན་རང་རང་གི་སྐད་དང་མིང་དང་མིང་དེ་ཅིའི་ཕྱིར་བཏགས་པའི་རྒྱུ་མཚན་ངེས་ཚིག་དང་། དེ་དག་གི་ཟབ་ཅིང་རྒྱ་ཆེ་བའི་དོན་ཐམས་ཅད་ཐུགས་ཀྱིས་མཁྱེན་པས་ན་སོ་སོ་ཡང་དག་པར་རིག་པ་བཞི་སྟེ། མདོ་སྡེའི་རྒྱན་ལས། རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བའི། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །མ་འདྲེས་པ་བཅོ་བརྒྱད་ནི། སྤྱོད་ལམ་མ་འདྲེས་པ་དྲུག །རྟོག་པ་མ་འདྲེས་པ་དྲུག །ཡེ་ཤེས་མ་འདྲེས་པ་གསུམ། ཕྲིན་ལས་མ་འདྲེས་པ་གསུམ་མོ། །དང་པོ་སྤྱོད་ལམ་མ་འདྲེས་པ་དྲུག་ནི། སྐུ་འཁྲུལ་པ་མེད་པ་ནི་ཉན་རང་དགྲ་བཅོམ་པ་རྣམས་ལ་བག་ཆགས་ཀྱི་སྒྲིབ་པ་མ་སྤངས་པས་ལམ་དུ་སྦྲུལ་ནག་པོ་རྐང་པས་བརྫི་བ་ལ་སོགས་པ་སྤྱོད་ལམ་ཉེས་པའི་ཆ་ཡོད་ལ་སངས་རྒྱས་ལ་དེ་མེད་པས་སྤྱན་གྱིས་འབྱེད་འཛུམ་དང་ཕྱག་གིས་བརྐྱང་བསྐུམ་ཙམ་ལ་ཡང་གཞན་ཕན་འབའ་ཞིག་ཏུ་ངང་གིས་འབྱུང་བའོ། །གསུང་ཅ་ཅོ་མེད་པ་ནི་ཉན་ཐོས་དག་ནགས་ཐིབ་པོར་ལམ་སྟོར་ནས་ཅ་ཅོ་སྒྲོགས་པ་དང་། གད་མོ་རྟ་གད་དུ་དགོད་པ་སོགས་ངག་མ་བསྡམས་པའི་སྤྱོད་ལམ་ཡོད་ལ་སངས་རྒྱས་ལ་དེ་མེད་པས་གསུང་བསལ་བའི་སྒྲ་ཙམ་ལ་ཡང་ངང་གིས་གཞན་དོན་དུ་འགྱུར་བའོ། །ཐུགས་དྲན་པ་ཉམས་པ་མི་མངའ་བ་ནི་ཉན་རང་ལ་བྱ་བ་འགའ་ཞིག་བརྗེད་པ་དང་མ་བསམ་པར་མངོན་ཤེས་མི་འཇུག་པས་རང་ལ་གནོད་པ་འབྱུང་བ་སོགས་དང་མི་ཤེས་པ་སྲིད་ལ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་དུས་ལས་མི་ཡོལ་ཞིང་། མཁྱེན་པ་ལ་རྩོལ་བྱུང་མེད་པས་བསམ་མ་བསམ་མེད་པར་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་རྟག་ཏུ་གཟིགས་པའོ། །མཉམ་པར་མ་བཞག་པའི་ཐུགས་མི་མངའ་བ་ནི། ཉན་རང་རྣམས་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཏིང་ངེ་འཛིན་དེ་ལས་ལངས་ཏེ་སྤྱོད་ལམ་ལ་འཇུག་པ་ལམ་མཉམ་པར་བཞག་བཞིན་དུ་སྤྱོད་ལམ་ལ་འཇུག་མི་ནུས་པ་ལས། །སངས་རྒྱས་རྣམས་མཉམ་པར་བཞག་བཞིན་དུ་ཆོས་སྟོན་པ་དང་། བསོད་སྙོམས་ལེན་པ་སོགས་མཛད་པས་རྟག་ཏུ་མཉམ་པར་མ་བཞག་པ་མེད་པའོ། །ཐ་དད་པའི་འདུ་ཤེས་མི་མངའ་བ་ནི། ཉན་རང་ལ་མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་དང་འཁོར་བ་ལ་སྐྱོ་བ་སོགས་བཟང་ངན་གཉིས་བཅས་ཀྱི་འདུ་ཤེས་ཡོད་པ་ལ་སངས་རྒྱས་ལ་འཁོར་འདས་གཉིས་མེད་དུ་གཟིགས་པས་གཉིས་ཆོས་ཐམས་ཅད་གཉིས་མེད་ཀྱི་ཀློང་དུ་དག་པའོ། །སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་ནི། སེམས་ཅན་གང་དང་གང་ཐབས་གང་དང་གང་གིས་དུས་ནམ་དང་ནམ་གྱི་ཚེ་འདུལ་བ་ཐམས་ཅད་དགོངས་ནས་དུས་དེར་ཐབས་དེས་གདུལ་བ་དུས་ལས་མི་ཡོལ་བར་མཛད་ལ། ཉན་རང་རྣམས་ཀྱིས་རང་གི་གདུལ་བྱ་ཡིན་ཡང་མ་བརྟགས་པས་དུས་ལས་ཡོལ་བའམ་ཐབས་མ་ཤེས་པས་ཕྱིས་གདུལ་མི་ནུས་པ་ཡོད་པའོ། །རྟོགས་པ་མ་འདྲེས་པ་དྲུག་ནི། རྟག་ཏུ་གཞན་དོན་ལ་དགྱེས་པའི་འདུན་པ། འགྲོ་དོན་ཐུགས་ཀྱིས་མི་འདོར་བའི་དྲན་པ། སེམས་ཅན་གཅིག་གི་ཕྱིར་དུ་བསྐལ་པ་བརྒྱ་ཕྲག་མང་པོར་བཤོས་མི་གསོལ་བར་ཆོས་སྟོན་པ་ཡང་མི་ངལ་བ་བརྩོན་འགྲུས། ཤེས་བྱ་ཐམས་ཅད་མཁྱེན་པའི་ཤེས་རབ། སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན། སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་གྲོལ་བའི་རྣམ་གྲོལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པས་རྣམ་གྲོལ་ཡེ་ཤེས་གཟིགས་པ་ཉམས་པ་མེད་པ་སྟེ་ཉན་རང་དགྲ་བཅོམ་ལ་འདི་དག་ཉམས་པ་ཡོད་དོ། །ཉམས་པ་དེ་ཡང་མ་ཐོབ་པས་ཉམས་པ་དང་། ཐོབ་ཟིན་ཉམས་པ་གཉིས་ལས། སངས་རྒྱས་ཀྱི་ཐུགས་རྒྱུད་ན་ཡོད་པའི་ཁྱད་པར་ཅན་རྣམས་མ་ཐོབ་པས་ཉམས་པ་ཡོད་ལ། ཉན་རང་རང་རྒྱུད་ལ་ཡོད་པའི་ཐོབ་ཟིན་རྣམས་ཀྱང་ཉམས་པར་འགྱུར་བ་ཡོད་པར་ཉན་ཐོས་སྡེ་པ་ཁ་ཅིག་འདོད་དོ། །ཡེ་ཤེས་མ་འདྲེས་པ་གསུམ་ནི། འདས་པའི་དུས་ཀྱི་ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱིས་གཟིགས་པ་འཇུག །ད་ལྟའི་དུས་ཀྱི་ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱིས་གཟིགས་པ་འཇུག །མ་འོངས་པའི་དུས་ཀྱི་ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱིས་གཟིགས་པ་འཇུག་པའོ། །མ་ཆགས་མ་ཐོགས་པ་ནི་ཉོན་སྒྲིབ་སྤངས་པས་མ་ཆགས་ལ་ཤེས་སྒྲིབ་སྤངས་པས་མ་ཐོགས་པའོ། །འདི་དག་དགྲ་བཅོམ་པ་རྣམས་ལ་ཆགས་ཐོགས་ཡོད་དེ་སྔར་མི་ཤེས་པའི་རྒྱུ་བཞི་བཤད་པ་བཞིན་ནོ། །ཕྲིན་ལས་མ་འདྲེས་པ་གསུམ་ནི། སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །དེ་ཡང་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲང་ཞེས་པ་ནི། དང་པོ་ཤེས་བཞིན་དང་བཅས་པའི་ཡེ་ཤེས་སྔོན་དུ་བཏང་ནས་དེ་རྗེས་སུ་སྤྱོད་ལམ་དེ་འབྲང་བ་ལྟ་བུ་ལ་དགོངས་སོ། །ཉན་ཐོས་དགྲ་བཅོམ་ལ་ཤེས་བཞིན་ཉམས་པ་ཡོད་དེ། སྔར་སྤྱོད་ལམ་གྱི་མ་འདྲེས་པར་བཤད་པ་ལྟ་བུའོ། །འདི་ལྟར་བཤད་པའི་མ་འདྲེས་པ་བཅོ་བརྒྱད་ནི་ཐེག་ཆེན་གྱི་ལུགས་ཡིན་ལ། ཐེག་དམན་པ་རྣམས་ནི་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པའི་དྲན་པ་ཉེར་གཞག་གསུམ་ཐུགས་རྗེ་ཆེན་པོ་རྣམས་ལ་མ་འདྲེས་པ་བཅོ་བརྒྱད་ཅེས་བཞེད་དོ། །དེས་ནས་སངས་རྒྱས་ཀྱང་རྟག་ཏུ་མཉམ་པར་བཞག་པ་སོགས་མི་བཞེད་དོ། །ཆོས་ཀྱི་ཡོན་ཏན་གྱི་སྐབས་སུ། ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ནི། ཚིག་མདོར་བསྡུས་ཤིང་དོན་སྡེ་ཚན་དུ་བཅད་པས་ན་མདོ་སྡེ། སྔར་ཚིག་ལྷུག་པའི་སྒོ་ནས་རྒྱས་པར་གསུང་པ་དེ་དག་སླར་ཡང་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ་ནི་དབྱངས་བསྙད། མ་འོངས་པ་ན་འབྱུང་འགྱུར་གྱི་གནས་ལུང་བསྟན་པ་ནི་ལུང་བསྟན། དང་པོ་ནས་ཚིགས་སུ་བཅད་པ་ཁོ་ནས་གསུངས་པ་ནི་ཚིགས་བཅད། ཞུ་བ་པོ་གཞན་གྱིས་ཞུ་མ་དགོས་པར་བསྟན་པ་གནས་པར་བྱ་བའི་ཕྱིར་རང་གི་ཆེད་དུ་གནང་བ་ཆེད་དུ་བརྗོད་པ། གང་ཟག་འགའ་ཞིག་གིས་ཉེས་པ་བྱས་པ་དེ་ལ་བཅས་པ་མཛད་པ་ལྟ་བུ་གཏམ་གླེང་བའི་གཞི་ལས་རྒྱ་ཆེར་བསྟན་པ་གླེང་གཞི། དེ་ལྟ་བུའི་གང་ཟག་གཞན་འགའ་ཞིག་གི་ལོ་རྒྱུས་གསུངས་པ་ནི་རྟོགས་བརྗོད། སྔ་རབས་སུ་བྱུང་བའི་གཏམ་རྒྱུད་ཀྱི་སྦྱོར་བ་ནི་དེ་ལྟ་བུ་བྱུང་བ། བྱང་ཆུབ་སེམས་དཔའི་སྐྱེ་བའི་ཕྲེང་བ་དག་བརྗོད་པ་ནི་སྐྱེས་རབས། ཟབ་པ་རྒྱ་ཆེ་བའི་ཆོས་ཚད་མེད་པ་དག་བསྟན་པ་ནི་ཤིན་དུ་རྒྱས་པ། ངོ་མཚར་རྨད་དུ་བྱུང་བའི་ཆོས་སྔར་མ་གྲགས་པའི་ཟབ་དོན་འགའ་ཞིག་བསྟན་པ་ནི་རྨད་དུ་བྱུང་བ། འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རབ་དབྱེ། ལམ་གྱི་ཆོས་ས་ལམ་ཏིང་ངེ་འཛིན་གྱི་རྣམ་བཞག །འབྲས་བུའི་ཆོས་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་ལ་སོགས་པ་འདུལ་བ་དང་མདོ་སྡེའི་དོན་ཐམས་ཅད་ཞིབ་པར་གཏན་ལ་དབབ་པ་གཏན་ཕབ་པོ། །དེ་དག་ཀྱང་སྡེ་སྣོད་གསུམ་དུ་བསྡུ་ན། མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་བཅད་ཆེད་བརྗོད་དང་ལྔ་ནི་ཐེག་དམན་གྱི་མདོ་སྡེ། གླེང་གཞི་རྟོགས་བརྗོད་དེ་ལྟ་བུ་བྱུང་གསུམ་ཐེག་དམན་གྱི་འདུལ་བ། སྐྱེས་རབས་ནི་ཐེག་ཆེན་གྱི་འདུལ་བ། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་གཉིས་ནི་ཐེག་ཆེན་གྱི་མདོ་སྡེ། གཏན་ལ་ཕབ་པ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའོ། །དེ་ལྟར་རྗོད་བྱེད་སྡེ་སྣོད་གསུམ་གྱི་བརྗོད་བྱ་ནི་ལམ་ལྷག་པའི་བསླབ་པ་གསུམ་སྟེ། འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །མདོ་སྡེའི་བརྗོད་བྱ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའོ། །མངོན་པའི་བརྗོད་བྱ་ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །ཆོས་ནི་བསོད་ནམས་ལམ་དང་མྱ་ངན་འདའ། ཞེས་པའི་སྐབས་སུ་སྤྱིར་ཆོས་ཞེས་པ་ནི་སྒྲ་དོན་བཅུ་ལ་འཇུག་སྟེ། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་བཤད་པའི་ནང་ཚན་ཤེས་པའི་ཡུལ་དུ་གྱུར་ཚད་ཤེས་བྱ་དང་། ཕྱིའི་སྐྱེ་མཆེད་དྲུག་གི་ནང་ཚན་ཆོས་ནི་ཡིད་ཀྱི་ཡུལ་དང་། སྲོག་ཅི་ཙམ་འཚོ་བའི་ཡུན་ནི་ཚེ་དང་། ད་གདོད་འབྱུང་བར་འགྱུར་བ་ནི་འབྱུང་འགྱུར་དང་། དོན་གང་ཡང་མ་ནོར་བར་གྱུར་པ་ནི་ངེས་པ་དང་། རང་རང་གི་ལུགས་སྲོལ་ལྟ་བུ་ནི་ཆོས་ལུགས་ཏེ། དེ་དྲུག་ནི་ཆོས་ཞེས་པའི་སྒྲ་ཙམ་འཇུག་པའོ། །འདིར་དམ་པའི་ཆོས་ཀྱི་སྒྲ་འཇུག་པ། བསོད་ནམས་དང་། ལམ་དང་། མྱ་ངན་ལས་འདས་པ་དང་། གསུང་རབ་བཞི་ཡིན་ལ་དེ་ལས་སྔ་མ་གསུམ་ནི་རྟོགས་པའི་ཆོས་དང་། ཕྱི་མ་ནི་ལུང་གི་ཆོས་སོ། །རྟོགས་པའི་ཆོས་ནི་དྲན་པ་ཉེར་གཞག་སོགས་རིམ་བཞིན་ལམ་ལྔའི་ཡོན་ཏན་ཞེས་པའི་སྐབས་སུ། བྱང་ཕྱོགས་སོ་བདུན་སྡེ་ཚན་བདུན་ནོ། །དེ་ཡང་དང་པོ་དྲན་པ་ཉེར་གཞག་བཞི་ལ། དམིགས་པ་རྣམ་པ། སྒྲ་དོན་དང་གསུམ་ལས། དམིགས་པ་ནི་ལུས་ལ་སོགས་པ་བཞིའོ། །དེ་ཡང་ལུས་ནི་གཟུགས་ཀྱི་ཕུང་པོ་སྟེ། དེ་ལ་གསུམ་སྟེ། ཕྱིའི་ལུས་ནི་ས་ཆུ་མེ་རླུང་ལ་སོགས་འབྱུང་བཞིས་བསྡུས་པའི་སྣོད་ཀྱི་འཇིག་རྟེན་ནོ། །ནང་གི་ལུས་ནི་རང་གི་ལུས་སོ། །བར་གྱི་ལུས་ནི་སེམས་ཅན་གཞན་གྱི་ལུས་སོ། །ཚོར་བ་ནི་ཚོར་བའི་ཕུང་པོ་བདེ་སྡུག་སོགས་སོ། །སེམས་ནི་རྣམ་པར་ཤེས་པའི་ཕུང་པོ་ཚོགས་བརྒྱད་དམ་ཚོགས་དྲུག་གོ །ཆོས་ནི་འདུ་ཤེས་དང་འདུ་བྱེད་ཀྱིས་མཚོན་པའི་ཆོས་ཐམས་ཅད་དོ། །རྣམ་པ་ནི། ཐེག་དམན་རྣམས་ལུས་མི་གཙང་བ་དང་། ཚོར་བ་སྡུག་བསྔལ་བ་དང་། སེམས་མི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ། ཐེག་ཆེན་པ་རྣམས་བཞི་ག་ཡང་མཉམ་བཞག་ཏུ་སྤྲོས་བྲལ་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་ཏུ་སྒྱུ་མ་དང་རྨི་ལམ་ལྟར་བསྒོམ་མོ། །གཞན་ཡང་ཐེག་པ་ཆེ་ཆུང་གི་དྲན་པ་ཉེར་གཞག་ལ་ཁྱད་པར་གསུམ་སྟེ། དམིགས་པའི་ཁྱད་པར་ཐེག་དམན་གྱིས་རང་གི་ལུས་སོགས་བཞི་ཙམ་ལ་དམིགས་ལ། ཐེག་ཆེན་གྱིས་རང་གཞན་ཐམས་ཅད་ཀྱི་ལུས་སོགས་བཞི་ལ་དམིགས་པ་དང་། རྣམ་པའི་ཁྱད་པར་ཐེག་དམན་གྱིས་མི་གཙང་བ་སོགས་སུ་བསྒོམས་ལ། ཐེག་ཆེན་གྱིས་སྟོང་ཉིད་དུ་བསྒོམ་པའོ། །དགོས་པའི་ཁྱད་པར་ཐེག་དམན་གྱིས་ཟག་བཅས་ཀྱི་ལུས་སོགས་དང་བྲལ་བའི་ཕྱིར་བསྒོམས་ལ། ཐེག་ཆེན་གྱིས་འབྲལ་མི་འབྲལ་གཉིས་ཀའི་ཕྱིར་མི་བསྒོམ་གྱི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུ་བསྒོམ་མོ། །སྒྲ་དོན་ནི་ལུས་ལ་སོགས་པའི་སྤྱི་དང་རང་གི་མཚན་ཉིད་ཤེས་རབ་ཀྱིས་སོ་སོར་ཕྱེས་ནས་དེའི་རྒྱུན་དྲན་པས་སྐྱོང་བས་ན་ཤེས་རབ་ཀྱི་ཡུལ་ལ་དྲན་པ་ཉེ་བར་འཇོག་པའོ། །དམིགས་པའི་ཡུལ་དྲན་པས་མི་བརྗེད་པར་ཤེས་རབ་ཀྱི་མ་དཔྱད་པས་བདག་མེད་དུ་གཏན་ལ་འབེབས་པས་ན་དྲན་པའི་ཡུལ་ལ་ཤེས་རབ་ཉེ་བར་འཇོག་པའོ། །གཉིས་པ་ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་བརྩམ་མོ། །སེམས་རབ་ཏུ་འཛིན་ནོ། །སེམས་རབ་ཏུ་འཇོག་གོ །དེ་བཞིན་དུ་སྐྱེས་པ་རྒྱུན་གཅོད་པའི་ཕྱིར་འདུན་པ་སོགས་སོ། །ཡང་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པའི་ཕྱིར་འདུན་པ་སོགས་དང་། སྐྱེས་པ་གོང་ནས་གོང་དུ་སྤེལ་བའི་ཕྱིར་འདུན་པ་སོགས་སོ། །དེ་ལ་འདུན་པ་བསྐྱེད་པ་ནི། དང་པོར་བླང་དོར་ལ་ཡིད་ཆེས་པའི་ཚུལ་གྱིས་སོ། །འབད་པ་ནི་སེམས་དེ་ལས་གཞན་དུ་མི་ཡེངས་པའི་ཚུལ་གྱིས་སོ། །བརྩོན་འགྲུས་རྩོམ་པ་ནི་བྱིང་རྒོད་ལ་སོགས་པ་ཞི་བར་བྱ་བའི་དོན་དུའོ། །སེམས་རབ་ཏུ་འཛིན་པ་ནི་བྱིང་རྨུགས་སུ་གྱུར་ན་རྒྱལ་བའི་སྐུ་དང་ཡོན་ཏན་ལ་སོགས་སེམས་སྤྲོ་བར་གྱུར་པའི་གནས་ལ་དམིགས་ནས་སེམས་རབ་ཏུ་འཛིན་པའོ། །སེམས་རབ་ཏུ་འཇོག་པ་ནི་འཕྲོ་རྒོད་དུ་གྱུར་ན་འཁོར་བའི་སྡུག་བསྔལ་སོགས་སྐྱོ་བར་འགྱུར་བའི་ཡུལ་ལ་དམིགས་ནས་སེམས་རབ་ཏུ་འཇོག་པའོ། །འདིར་མི་དགེ་བ་སྐྱེས་པ་དང་མ་སྐྱེས་པ་གཉིས། དགེ་བ་སྐྱེས་པ་དང་མ་སྐྱེས་པ་གཉིས་དང་བཞི་ནི་དམིགས་པ་ཡིན་ལ། འདུན་པ་བསྐྱེད་པ་སོགས་ནི་རྣམ་པའོ། །སྒྲ་དོན་ནི་མི་དགེ་བ་སྐྱེས་མ་སྐྱེས་གཉིས་སྤོང་བའི་ཕྱོགས་གཅིག་གིས་མིང་བཏགས་པ་སྟེ། ཕྱུགས་ཀྱི་ངོ་དཀར་བ་ལ་གྭ་པ་ཞེས་མིང་འདོགས་པ་བཞིན་ནོ། །གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གསུམ། དང་པོ་དམིགས་པ་ནི་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་ལ་སོགས་པའོ། །རྣམ་པ་ནི་རྫུ་འཕྲུལ་གྱི་རྣམ་གནས་རྣམས་ཏེ་རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་རྣམ་གནས་ནི་ལུས་ཡང་བར་ཡིད་ལ་བྱེད་པའོ། །ལྟ་བའི་མིག་ལ་ཕྱོགས་ཐམས་ཅད་སྣང་བས་ཁྱབ་པར་རོ། །རྣ་བ་ལ་ཕྱོགས་ཐམས་ཅད་སྒྲས་ཁྱབ་པར་རོ། །གཞན་སེམས་ཤེས་པ་ལ་བདག་ལུས་འདི་འདྲ་བ་ལ་ཡིད་འདི་འདྲ་བ་ཡོད་ཀྱི་གཞན་ལ་ཡང་ལུས་འདི་འདྲ་བ་ལ་ཡིད་འདི་འདྲ་བ་ཡོད་དོ་ཞེས་ཡིད་ལ་བྱེད་པའོ། །སྔོན་གནས་རྗེས་དྲན་ནི་ཡིད་ཤེས་ད་ལྟ་འགགས་མ་ཐག་པ་ནས་ས་མཚམས་བཟུང་ལ་ཕུང་པོ་ཉིང་མཚམས་སྦྱོར་བའི་བར་ལུགས་ལྡོག་ཏུ་ཡིད་ལ་བྱེད་པའོ། ཟག་ཟད་ལ་བདག་མེད་པའི་དོན་ཡིད་ལ་བྱེད་པའོ། །དེ་ལ་དབྱེ་ན་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ། བརྩོན་པའི་སོགས། སེམས་པའི་སོགས་དཔྱོད་པའི་སོགས་བཞི། དང་པོར་བསྒོམ་བྱའི་དོན་ལ་ཡིད་ཆེས་པས་དོན་དུ་གཉེར་བ་ནི་འདུན་པ། སྤྲོ་བཞིན་དུ་འཇུག་པ་ནི་བརྩོན་འགྲུས། དེས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དུ་སོང་བ་ནི་ཏིང་ངེ་འཛིན། དེ་ལ་བྱིང་རྒོད་ལ་སོགས་པའི་སྐྱོན་ཞུགས་མ་ཞུགས་དཔྱོད་པ་ནི་དཔྱོད་པའོ། །སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་པའི་དོན་ནི་ཉེས་པ་ལྔ་སྤང་འདུ་བྱེད་བརྒྱད་བསྟེན་པ་སྟེ། ཉེས་པ་ལྔ་ནི། ལེ་ལོ། བརྗེད་ངས། བྱིང་རྒོད། འདུ་མི་བྱེད་པ། འདུ་བྱེད་དོ། །འདི་དག་སྐྱོན་དུ་འགྱུར་ཚུལ་ནི། ལེ་ལོ་ནི་དང་པོར་སྦྱོར་བའི་དུས་ན་སྐྱོན་ཡིན་ཏེ། ཏིང་ངེ་འཛིན་ལ་བརྩོན་པས་མི་སྦྱོར་བའི་ཕྱིར་རོ། །བརྗེད་ངས་ནི་སྦྱོར་བ་བྱེད་པའི་དུས་ན་སྐྱོན་ཡིན་ཏེ་ཏིང་ངེ་འཛིན་སྒོམ་ཚུལ་གདམས་ངག་རྣམས་བརྗེད་པར་འགྱུར་བའི་ཕྱིར་རོ། །བྱིང་རྒོད་ནི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པའི་དུས་ན་སྐྱོན་ཡིན་ཏེ། དེས་ཏིང་ངེ་འཛིན་སྐྱོན་ཅན་དུ་བྱེད་པའི་ཕྱིར་རོ། །འདུ་མི་བྱེད་པ་ནི། བྱིང་རྒོད་བྱུང་བའི་དུས་ན་སྐྱོན་ཡིན་ཏེ་དེས་བྱིང་རྒོད་ཀྱི་གཉེན་པོ་འདུ་མི་བྱེད་པའི་ཕྱིར་རོ། །འདུ་བྱེད་པ་ནི་བྱིང་རྒོད་ཞི་བའི་དུས་ན་སྐྱོན་ཏེ། བྱིང་རྒོད་ཞི་ནས་ཀྱང་ད་དུང་དེའི་གཉེན་པོ་ཚོལ་ན་སེམས་སླར་ཡང་གཡེང་བར་འགྱུར་བའི་ཕྱིར་རོ། །དེ་དག་གི་གཉེན་པོ་ནི་སྤོང་བའི་འདུ་བྱེད་བརྒྱད་དེ། འདུན་པ་དང་། དད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱང་བ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་སོ། །དང་པོ་བཞི་ལེ་ལོའི་གཉེན་པོ་སྟེ། གཉེན་པོ་དངོས་ནི་བརྩོན་འགྲུས་དང་། གཞན་གསུམ་དེའི་ཡན་ལག་གོ །དེ་ཡང་རྒྱུ་དང་འབྲས་བུ་དང་། རྟེན་དང་བརྟེན་པ་ཡིན་ཏེ། དོན་གཉེར་གྱི་འདུན་པ་ཡོད་ན་བརྩོན་འགྲུས་འབྱུང་བས་འདུན་པ་ནི་རྒྱུ་ལ། བརྩོན་འགྲུས་ནི་འབྲས་བུའོ། །རྒྱུ་འདུན་པའི་རྟེན་ནི་དད་པ་ཡིན་ཏེ་ཡིད་ཆེས་ཀྱི་དད་པ་ཡོད་ན་དོན་གཉེར་གྱི་འདུན་པ་འབྱུང་བའི་ཕྱིར་རོ། །འབྲས་བུ་བརྩོན་འགྲུས་ལ་བརྟེན་པ་ནི་ཤིན་སྦྱང་ཡིན་ཏེ་བརྩོན་པས་འབད་ན་གུས་སེམས་ལ་ཤིན་ཏུ་སྦྱངས་པ་སྐྱེ་བའོ། །བརྗེད་ངས་ཀྱི་གཉེན་པོ་ནི་དྲན་པ་ཡིན་ཏེ་དེས་དམིགས་རྣམ་མི་བརྗེད་པའི་ཕྱིར་རོ། །བྱིང་རྒོད་ཀྱི་གཉེན་པོ་ནི་ཤེས་བཞིན་ཡིན་ཏེ་དེས་ཀྱང་བྱིང་རྒོད་བྱུང་མ་བྱུང་རྟོགས་པའི་ཕྱིར་རོ། །འདུ་མི་བྱེད་པའི་གཉེན་པོ་ནི་སེམས་པ་སྟེ་དེས་བྱིང་རྒོད་ཀྱི་གཉེན་པོ་སེམས་པའི་ཕྱིར་རོ། །འདུ་བྱེད་པའི་གཉེན་པོ་ནི་བཏང་སྙོམས་ཏེ་དེས་ཀྱང་བྱིང་རྒོད་ཞི་བའི་ཚེ་ན་རྣལ་དུ་འཇོག་པའོ། །རྫུ་འཕྲུལ་གྱི་རྐང་བའི་སྒྲ་དོན་ནི། རྫུ་འཕྲུལ་ནི་མངོན་ཤེས་ལྔ་སོགས་ཡིན་ལ། དེ་འགྲུབ་བྱེད་ཀྱི་རྩ་བ་ལྟ་བུ་ཡིན་པས་ན་རྫུ་འཕྲུལ་གྱི་རྐང་པའོ། །བཞི་པ་དབང་པོ་ལྔ་ནི། དམིགས་ཡུལ་ནི་འདི་དག་མཐོང་ལམ་གྱི་སྦྱོར་བ་ཡིན་པས། མཐོང་ལམ་དང་དམིགས་ཡུལ་གཅིག་སྟེ་བདེན་པ་བཞི་ལ་དམིགས་པའོ། །རྣམ་པ་ནི་བདེན་པ་བཞི་སོ་སོའི་མཚན་ཉིད་ལ་དམིགས་ནས་དད་པས་ཡིད་ཆེས་པའི་ཚུལ་གྱིས་འཇུག །བརྩོན་འགྲུས་ཀྱིས་སྤྲོ་བའི་ཚུལ་གྱིས་འཇུག །དྲན་པས་དམིགས་རྣམ་མི་བརྗེད་པའི་ཚུལ་གྱིས་འཇུག །ཏིང་ངེ་འཛིན་གྱིས་སེམས་རྩེ་གཅིག་པའི་ཚུལ་གྱིས་འཇུག །ཤེས་རབ་ཀྱིས་དོན་རྣམ་པར་འབྱེད་པའི་ཚུལ་གྱིས་འཇུག་གོ །སྒྲ་དོན་ནི་རྣམ་བྱང་གི་ཡོན་ཏན་བསྐྱེད་པ་ལ་དབང་བྱེད་པས་ན་དབང་པོ་ལྔའོ། །ལྔ་པ་སྟོབས་ལྔ་ནི། དམིགས་རྣམ་དབང་པོ་དང་འདྲ་ལ། སྒྲ་དོན་ནི་དད་སོགས་རང་རང་གི་མི་མཐུན་ཕྱོགས་ཀྱི་དབང་དུ་མི་འགྱུར་བར་སྟོབས་སུ་གྱུར་པས་ན་སྟོབས་སོ། །དྲུག་པ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ། དམིགས་པ་ནི་བདེན་པ་བཞིའོ། །རྣམ་པ་ནི་དྲན་པས་བདེན་པ་བཞིའི་དམིགས་རྣམ་མི་བརྗེད་པར་འཛིན། ཆོས་རབ་ཏུ་རྣམ་འབྱེད་ཀྱིས་བདེན་བཞིའི་ཆོས་ཅན་དང་ཆོས་ཉིད་མཚན་ཉིད་ཇི་བཞིན་པ་གཏན་ལ་འབེབས། བརྩོན་འགྲུས་ཀྱིས་དེ་ལ་སྤྲོ་བཞིན་དུ་འཇུག །དགའ་བས་བདེན་བཞིའི་ཆོས་ཉིད་གསར་དུ་མཐོང་བ་ལ་དགའ་བ་སྐྱེ། ཤིན་ཏུ་སྦྱང་པས་ལུས་དང་སེམས་ལས་སུ་རུང་བར་བྱེད། ཏིང་ངེ་འཛིན་གྱིས་སེམས་གཞན་དུ་མི་གཡེང་བར་བྱེད། བཏང་སྙོམས་ཀྱིས་སེམས་བྱིང་རྒོད་མེད་པར་རྣལ་དུ་འཇུག་པར་བྱེད་དོ། །སྒྲ་དོན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་བྱང་ཆུབ་ཡིན་ལ། གཞན་རྣམས་དེའི་ཡན་ལག་ཏུ་གྱུར་པས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །བདུན་པ་འཕགས་པའི་ལམ་ཡན་ལག་བརྒྱད་ལ། དམིགས་པ་ནི་མཐོང་ཟིན་གོམས་པར་བྱེད་པ་ཡིན་པས་མཐོང་ལམ་དང་གཅིག་སྟེ་བདེན་པ་བཞིའོ། །རྣམ་པ་ནི་ཡང་དག་པའི་ལྟ་བས་སྔར་མཐོང་ལམ་གྱི་དུས་ན་བདེན་པ་བཞིའི་ཆོས་ཉིད་འདི་ལྟར་དུ་རྟོགས་སོ་ཞེས་ཡོངས་གཅོད་ཀྱི་སྒོ་ནས་ངེས་པར་བྱེད། རྟོག་པས་དེ་ལྟ་བུའི་རྟོགས་པ་དེ་རྟགས་དང་གཏན་ཚིགས་ཀྱི་སྒོ་ནས་རྟོགས་ཤིང་དེ་ཇི་ལྟར་གཞན་ལ་མཚོན་པའི་ཚུལ་གྱིས་གཏན་ལ་འབེབས་ཤིང་གོ་བར་བྱེད། ངག་གིས་ཆོས་ཉིད་སྤྲོས་བྲལ་གྱི་རྟོགས་པ་དེའི་རང་བཞིན་ཐ་སྙད་ཙམ་དུ་ཚིག་གིས་མཚོན་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་ལ་སྟོན་ཅིང་ལྟ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད། ལས་ཀྱི་མཐས་སྤྱོད་ལམ་ཐམས་ཅད་དང་མི་མཐུན་པ་མེད་ཅིང་ཆོས་དང་མཐུན་པའི་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་པར་བྱེད། འཚོ་བས་ལོག་འཚོ་སྡིག་པའི་ཟས་དང་མ་འདྲེས་ཤིང་ཡང་དག་པའི་འཚོ་བས་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད། རྩོལ་བས་ནི་མཐོང་ཟིན་ཆོས་ཉིད་ཀྱི་དོན་ལ་ཡང་དང་ཡང་དུ་གོམས་པར་བྱེད་པས་སྒོམ་སྤངས་ཉོན་མོངས་པའི་གཉེན་པོར་བྱེད། དྲན་པས་ཞི་ལྷག་གི་དམིགས་རྣམ་མི་བརྗེད་པར་འཛིན་པས་ཉེ་ཉོན་བརྗེད་ངས་ཀྱི་གཉེན་པོར་བྱེད། ཏིང་ངེ་འཛིན་གྱིས་བྱིང་རྒོད་ལ་སོགས་པའི་སྐྱོན་མེད་པའི་ཏིང་ངེ་འཛིན་བསྒྲུབས་ཤིང་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བས་མི་མཐུན་ཕྱོགས་ཀྱི་གཉེན་པོར་བྱེད་དོ། །དེ་ཡང་དབུས་མཐའ་ལས། ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །ལྷག་མ་གཉེན་པོའི་ཡན་ལག་གོ །ཞེས་སོ། །དེ་ལྟར་བྱང་ཆོས་སོ་བདུན་ཡང་རྫས་སུ་བསྡུ་ན་བཅུའམ་བཅུ་གཅིག་སྟེ། དད་བརྩོན་དྲན་པ་ཏིང་ངེ་འཛིན་ཤེས་རབ་དང་ལྔ། དགའ་བ་ཤིན་སྦྱང་བཏང་སྙོམས་རྟོག་པ་ཚུལ་ཁྲིམས་དང་བཅུའོ། །དེ་ཡང་དྲན་པ་ཉེར་གཞག་བཞི་ནི་ཤེས་རབ་ཏུ་འདུ། ཡང་དག་སྤོང་བ་བཞི་ནི་བརྩོན་འགྲུས་སུ་འདུ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཏིང་ངེ་འཛིན་དུ་འདུའོ། །ཆོས་རབ་ཏུ་རྣམ་འབྱེད་དང་ཡང་དག་པའི་ལྟ་བ་ནི་ཤེས་རབ། ངག་ལས་མཐའ་འཚོ་བ་དང་གསུམ་ཚུལ་ཁྲིམས་སོ། །ཡང་ན་ངག་སོ་སོར་བགྲངས་པས་བཅུ་གཅིག་གོ །བསྐྱེད་དང་རྫོགས་པ་གཟུངས་དང་ཟད་པར་དང་། ཞེས་བསྐྱེད་རྫོགས་ནི་ལེའུ་བཅུ་པར་འཆད་པ་ལྟར་ཡིན་ལ། གཟུངས་ནི་ཆོས་ཀྱི་ཚིག་དོན་ལ་སོགས་པ་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་བོ། །ཟད་པ་ཡང་འཆད་པར་འགྱུར་རོ། །སློབ་ལམ་བཞིའི་ངོ་བོར་གྱུར་པའི་རྒྱུའི་ས་བཅུའི་དང་པོ་རབ་ཏུ་དགའ་བའི་ས་ལ་བདུན་ཏེ། ངོ་བོ་ཐེག་ཆེན་མཐོང་ལམ་གྱི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ཡོན་ཏན་གྱི་རྟེན་བྱེད་པ་དང་། ངེས་ཚིག་ནི། མདོ་སྡེའི་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལས། །རབ་ཏུ་དགའ་བ་སྐྱེ་འགྱུར་བས། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །སྤང་བའི་ཁྱད་པར་མཐོང་སྤངས་བརྒྱ་དང་བཅུ་གཉིས་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་ཀུན་ཏུ་འགྲོ་བའི་དོན་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་དུས་སྐད་ཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་རྣམ་པར་འཇུག་ཅིང་ལྡང་། སངས་རྒྱས་བརྒྱའི་ཞལ་བལྟ། སངས་རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ། ཞིང་བརྒྱ་གཡོ་བར་བྱེད། ཞིང་བརྒྱ་སྣང་བར་བྱེད། ཆོས་ཀྱི་སྒོ་བརྒྱ་འགྱེད། སེམས་ཅན་བརྒྱ་སྨིན་པར་བྱེད། དུས་བསྐལ་པ་བརྒྱར་གནས་པ་སྟོན། སྔོན་དང་ཕྱི་མའི་གནས་བརྒྱ་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག །ལུས་བརྒྱ་རེ་སྟོན། ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་རེས་བསྐོར་བར་སྟོན་པ་རྣམས་ཐོབ། ཤས་ཆེ་བའི་ཁྱད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་ཛམྦུའི་གླིང་གི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པའོ། །ས་གཉིས་པ་དྲི་མ་མེད་པ་ལ། ངོ་བོ་ཐེག་ཆེན་སྒོམ་ལམ་ཆུང་ངུའི་ཆུང་ངུའི་གནས་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ཡོན་ཏན་གྱི་རྟེན་བྱེད་པ་དང་། ངེས་ཚིག །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་སོ། །སྤང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤངས་ཆེན་པོའི་ཆེན་པོ་ཞེ་དྲུག་སྤང་། རྟོགས་པའི་ཁྱད་པར་ཆོས་ཉིད་མཆོག་གི་དོན་དུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་སྟོང་ཕྲག་བཅུ་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྐྱེ་བ་འཛིན་ནུས། ས་གསུམ་པ་འོད་བྱེད་པ་ལ། ངོ་བོ་ཐེག་ཆེན་སྒོམ་ལམ་ཆུང་ངུའི་འབྲིང་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ཡོན་ཏན་གྱི་རྟེན་བྱེད་པ་དང་། ངེས་ཚིག །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཞེས་སོ། །སྤང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤངས་ཆེན་པོའི་འབྲིང་པོ་ཞེ་དྲུག་སྤང་། རྟོགས་པའི་ཁྱད་པར་ཆོས་ཉིད་རྒྱུ་མཐུན་པའི་དོན་གྱི་མཆོག་ཏུ་རྟོགས། དེའི་དོན་སྔར་ཐོས་པ་བྱས་པ་དེ་ཆོས་ཉིད་ཀྱིས་རྟོགས་པའི་རྒྱུ་མཐུན་པའི་དོན་དུ་རྟོགས་ནས་སྟོང་གསུམ་མེ་འོབས་ཀྱིས་གང་པའང་འབོག་ནས་ཆོས་འཚོལ་བའོ། །ཀུན་རྫོབ་ཀྱི་ཡོན་ཏན་འབུམ་ཕྲག་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་ལྷའི་དབང་པོའི་སྐྱེ་བ་འཛིན་པའོ། །ས་བཞི་པ་འོད་འཕྲོ་བ་ལ། ངོ་བོ་ཐེག་ཆེན་སྒོམ་ལམ་ཆུང་ངུའི་ཆེན་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ཡོན་ཏན་གྱི་རྟེན་བྱེད་པ་དང་། ངེས་ཚིག །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པའི་འོད་འཕྲོ་ཅན། །ཞེས་སོ། །སྤང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤངས་ཆེན་པོའི་ཆུང་ངུ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་པའོ། །དེའི་ཚེ་བདག་ཏུ་འཛིན་པ་མེད་པས་ཆོས་ཀྱི་དབྱིངས་ལ་བདག་གིར་འཛིན་པ་མེད་པར་རྟོགས་པའོ། །ཀུན་རྫོབ་ཀྱི་ཡོན་ཏན་བྱེ་བ་ཕྲག་བཅུ་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་འཐབ་བྲལ་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པའོ། །ས་ལྔ་པ་སྦྱང་དཀའ་བ་ནི། ངོ་བོ་ཐེག་ཆེན་སྒོམ་ལམ་འབྲིང་པོའི་ཆུང་ངུའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ཡོན་ཏན་གྱི་རྟེན་བྱེད་པ་དང་། ངེས་ཚིག །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་སྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱི་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཞེས་སོ། །སྤང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤངས་འབྲིང་པོའི་ཆེན་པོ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་གཉིས་སུ་མེད་པའི་དོན་དུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་བྱེ་བ་སྟོང་ཕྲག་བཅུ་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་དགའ་ལྡན་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་ནོ། །ས་དྲུག་པ་མངོན་དུ་གྱུར་པ་ལ། ངོ་བོ་ཐེག་ཆེན་སྒོམ་ལམ་འབྲིང་པོའི་འབྲིང་གི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ཡོན་ཏན་གྱི་རྟེན་བྱེད་པ་དང་། ངེས་ཚིག །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་པོ་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བྱ། །ཞེས་སོ། །སྤང་བའི་ཁྱད་པར་ཁམས་གསུམ་ཀའི་སྒོམ་སྤངས་འབྲིང་པོའི་འབྲིང་པོ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་རྣམ་པར་དག་པའི་དོན་དུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་བྱེ་བ་འབུམ་ཕྲག་བཅུ་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་ཤེས་རབ་ཕར་ཕྱིན་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་འཕྲུལ་དགའི་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་ནུས་སོ། །ས་བདུན་པ་རིང་དུ་སོང་བ་ལ། ངོ་བོ་ཐེག་ཆེན་སྒོམ་ལམ་འབྲིང་པོའི་ཆེན་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ཡོན་ཏན་གྱི་རྟེན་བྱེད་པ་དང་། ངེས་ཚིག །བགྲོད་ཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་སོ། །བགྲོད་གཅིག་ལམ་ནི་ལམ་ལ་འབད་རྩོལ་ཞི་བའི་ས་བརྒྱད་པ་ཡིན་ལ་དེ་དང་འབྲེལ་བར་གནས་པས་འཁོར་བ་ལས་རིང་དུ་སོང་བའོ། །སྤང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤངས་འབྲིང་པོའི་ཆུང་ངུ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་ཐ་དད་མེད་པའི་དོན་དུ་རྟོགས། སངས་རྒྱས་ཀྱི་ཆོས་མདོ་དང་རྒྱས་པ་དུ་མར་གསུངས་ཀྱང་དོན་ཆོས་ཀྱི་དབྱིངས་ལ་ཐ་དད་མེད་པར་རྟོགས་པའོ། །ཀུན་རྫོབ་ཀྱི་ཡོན་ཏན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་ཐབས་ཀྱི་ཕར་ཕྱིན་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོའི་སྐྱེ་བ་འཛིན་པའོ། །ས་བརྒྱད་པ་མི་གཡོ་བ་ནི། ངོ་བོ་ཐེག་ཆེན་སྒོམ་ལམ་ཆེན་པོའི་ཆུང་ངུའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ཡོན་ཏན་གྱི་རྟེན་བྱེད་པ་དང་། ངེས་ཚིག །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཡི་སར་འདོད་དོ། །ཞེས་སོ། །འདུ་ཤེས་གཉིས་ནི། མཚན་མའི་འདུ་ཤེས་དང་། མཚན་མ་མེད་པའི་འདུ་ཤེས་སོ། །སྤང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤངས་ཆུང་ངུའི་ཆེན་པོ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་བྲི་གང་མེད་པ་དང་རྣམ་པར་མི་རྟོག་པ་དང་ཞིང་དག་པ་ལ་དབང་བའི་གནས་སུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་དང་མཉམ་པ་ཐོབ། ཤས་ཆེ་བའི་ཁྱད་པར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་སྟོང་གི་བདག་པོ་ཚངས་པའི་སྐྱེ་བ་འཛིན་ནུས་པའོ། །ས་དགུ་པ་ལེགས་པའི་བློ་གྲོས་ནི། ངོ་བོ་ཐེག་ཆེན་སྒོམ་ལམ་ཆེན་པོའི་འབྲིང་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ཡོན་ཏན་གྱི་རྟེན་བྱེད་པ་དང་། ངེས་ཚིག །སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་སོ། །སྤང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤངས་ཆུང་ངུའི་འབྲིང་པོ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་ཡེ་ཤེས་ལ་དབང་བའི་གནས་སུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་སྟོང་ཆེན་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པ་ཐོབ། ཤས་ཆེ་བའི་ཁྱད་པར་སྨོན་ལམ་གྱི་ཕར་ཕྱིན་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་སྟོང་གཉིས་ཀྱི་བདག་པོ་ཚངས་པ་ཆེན་པོའི་སྐྱེ་བ་འཛིན་པའོ། །ས་བཅུ་པ་ཆོས་ཀྱི་སྤྲིན་ནི། ངོ་བོ་ཐེག་ཆེན་སྒོམ་ལམ་ཆེན་པོའི་ཆེན་པོའི་སྐབས་ཀྱིས་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ཡོན་ཏན་གྱི་རྟེན་བྱེད་པ་དང་། ངེས་ཚིག །སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཁམས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་སོ། །གཉིས་ནི། གཟུངས་དང་ཏིང་ངེ་འཛིན་གྱི་སྤྲིན་གཉིས་ཀྱིས་རང་རྒྱུད་ཀྱི་ནམ་མཁའ་ཁྱབ་པའོ། །སྤང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤངས་ཆུང་ངུའི་ཆུང་ངུ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་ཕྲིན་ལས་ལ་དབང་བའི་གནས་སུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དང་མཉམ་པ་ཐོབ། ཤས་ཆེ་བའི་ཁྱད་པར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་གནས་གཙང་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་པར་ནུས་པའོ། །དག་པ་ས་གསུམ་པོ་འདིར་དབང་བཞི་ཐོབ་སྟེ། ས་བརྒྱད་པ་ལ་ཉོན་ཡིད་གནས་འགྱུར་བས། རྣམ་པར་མི་རྟོག་པ་དང་། སྒོ་ལྔ་གནས་འགྱུར་བས་ཞིང་དག་པ་ལ་དབང་། ས་དགུ་པར་རྣམ་པར་རྟོག་པ་ཡིད་ཤེས་གནས་འགྱུར་བས་ཡེ་ཤེས་ལ་དབང་། ས་བཅུ་པར་ཡིད་ཤེས་ཀྱི་འཆར་གཞིའི་ཤེས་པ་གནས་འགྱུར་བས་འཕྲིན་ལས་ཕུན་སུམ་ཚོགས་པ་ལ་དབང་འབྱོར་ཏེ་གང་དུ་རྟོགས་པའི་ཁྱད་པར་བཤད་པ་དང་གཅིག་གོ །འབྲས་བུའི་ས་གསུམ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཏེ། སྔར་གྱི་ས་བཅུ་པོའི་སྟེང་དུ་བཅུ་གཅིག་ཀུན་ཏུ་འོད་སྤྲུལ་སྐུའི་ས་དང་། བཅུ་གཉིས་མ་ཆགས་པདྨ་ཅན་ལོངས་སྐུའི་ས་དང་། བཅུ་གསུམ་རྡོ་རྗེ་འཛིན་པའམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་བཅུ་གསུམ་མོ། །ཡང་ན་བཅུ་གཅིག་པ་དཔེ་མེད་པ། བཅུ་གཉིས་པ་ཡེ་ཤེས་ལྡན། བཅུ་གསུམ་རྡོ་རྗེ་འཛིན་པའོ། །ཡང་ན། ཀུན་ཏུ་འོད་དང་། བདུད་རྩི་འོད་དང་། ནམ་མཁའ་འོད་དང་། རྡོ་རྗེ་འོད་དང་། རིན་ཆེན་དང་། པདྨ་འོད་དང་། ལས་ཀྱི་འོད་དང་། དཔེ་མེད་པ་དང་། དཔེ་དང་བྲལ་བ་དང་། ཤེས་རབ་འོད་དང་། ཐམས་ཅད་མཁྱེན་པ་དང་། སོ་སོའི་བདག་ཉིད་དག་པའི་ས་སྟེ་བཅུ་གཉིས་སོ། །དེ་དག་ཀྱང་སྐུ་ལྔ་ཡེ་ཤེས་ལྔ་དབྱིངས་དང་ཡེ་ཤེས་ཀྱི་ཆ་ལ་བཏགས་པའོ། །དེས་ན་འབྲས་བུའི་སའི་རྣམ་གྲངས་མི་འདྲ་བ་དུ་མ་ཡོད་ཀྱང་སྐུ་གསུམ་མམ། སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པའི་ལྡོག་ཆ་ལ་བཏགས་པ་ལས་རྒྱུའི་ས་ལམ་ལྟར་གོང་ནས་གོང་དུ་བགྲོད་དུ་མེད་དོ། །དགེ་འདུན་གྱི་ཡོན་ཏན་འཆད་པའི་སྐབས་སུ། ཉན་རང་སྐྱེས་བུ་ཟུང་བཞིའམ། གང་ཟག་ཡ་བརྒྱད་ནི། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་དང་བཞི་ནི་སྐྱེས་བུ་ཟུང་བཞི་ཡིན། དེ་རེ་རེ་ལ་ཞུགས་གནས་གཉིས་རེ་ཕྱེ་བས་ཡ་བརྒྱད་དོ། །དེ་དག་གི་ས་མཚམས་ནི་མངོན་པ་འོག་མ་ལྟར་ན་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ་དང་། གོང་མ་ལྟར་ན་སྦྱོར་ལམ་པ་དང་། མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ་གཉིས་ཀ་རྒྱུན་དུ་ཞུགས་པ་ཞུགས་པ། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་པ་ལམ་རྗེས་སུ་ཤེས་པ་ཐོབ་ནས་རྒྱུན་དུ་ཞུགས་པ་འབྲས་གནས། རྒྱུན་ཞུགས་དེས་འདོད་པའི་སྒོམ་སྤངས་གཅིག་ནས་ལྔའི་བར་སྤངས་པ་ཕྱིར་འོང་ཞུགས་པ། འདོད་པའི་སྒོམ་སྤངས་དྲུག་པ་སྤངས་ན་ཕྱིར་འོང་འབྲས་གནས། འདོད་པའི་སྒོམས་སྤངས་བདུན་པ་དང་བརྒྱད་པ་གང་རུང་སྤངས་ལ་དགུ་པ་མ་སྤང་ན་ཕྱིར་མི་འོང་ཞུགས་པ། འདོད་པའི་སྒོམ་སྤངས་རིལ་གྱིས་སྤངས་ན་ཕྱིར་མི་འོང་འབྲས་གནས་སོ། །ཕྱིར་མི་འོང་འབྲས་གནས་དེས་ཁམས་གོང་མའི་སྒོམ་སྤངས་སྤོང་བ་ལ་ཞུགས་པ་ནས་བཟུང་། སྲིད་རྩེའི་སྒོམ་སྤངས་བརྒྱད་པ་སྤངས་པའི་བར་འདི་དགྲ་བཅོམ་ཞུགས་པ། ཁམས་གསུམ་གྱི་སྒྲིབ་པ་ལྷག་མ་མ་ལུས་པར་སྤངས་པ་ནི་དགྲ་བཅོམ་པ་འབྲས་གནས་སོ། །དགྲ་བཅོམ་དེ་ལ་ཡང་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་གཉིས་ཡོད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ཀའི་སྒྲིབ་པ་མ་ལུས་པ་སྤངས་ནས། དགྲ་བཅོམ་པའི་གོ་འཕང་ཐོབ་ནས་ཀྱང་། རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་མི་ནུས་པ་ནི་ཤེས་རབ་ཀྱི་ཆ་ལས་རྣམ་གྲོལ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀའི་སྒོ་ནས་སྒོམ་སྤངས་སྤངས་པ་བསམ་གཟུགས་སོགས་སྙོམས་འཇུག་དགུ་ག་ལ་སྙོམས་པར་འཇུག་ནུས་པ་ནི་གཉིས་ཀའི་ཆ་ལས་རྣམ་གྲོལ་ལོ། །འདས་ལམ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པས་ཤེས་རབ་ཀྱི་ཆ་ལས་རྣམ་གྲོལ་དང་། འཇིག་རྟེན་པ་དང་འདས་ལམ་གཉིས་ཀའི་སྒོ་ནས་ཉོན་མོངས་པ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ཀ་ལས་གྲོལ་བ་ནི་གཉིས་ཀའི་ཆ་ལས་རྣམ་གྲོལ་ལོ། །སྙོམས་འཇུག་གི་སྒྲིབ་པ་ཞེས་པ་ནི་བསམ་གཏན་གྱི་སེམས་ཐོབ་པའི་གེགས་བྱིང་རྒོད་སོགས་སྒྲིབ་པ་རྣམས་ལས་གྲོལ་བའོ། །ཟུང་བཞི་བོ་དེ་དག་གི་ངེས་ཚིག་ནི། འབྲས་བུ་ཐོབ་པའི་ལམ་གྱི་རྒྱུན་ལ་ཞུགས་པས་ན་རྒྱུན་ཞུགས། འདོད་པར་སྐྱེ་བ་ལན་གཅིག་ལེན་པས་ན་ལན་ཅིག་ཕྱིར་འོང་། ད་ཕྱིན་ཆད་འདོད་པའི་ཁམས་འདིར་མི་སྐྱེ་བས་ན་ཕྱིར་མི་འོང་། ཉོན་མོངས་པའི་དགྲ་ཐམས་ཅད་ཆོམས་པས་ན་དགྲ་བཅོམ་པའོ། །ཞུགས་པ་བཞིའི་འབྲས་བུ་དེ་དག་ཐོབ་པའི་ཕྱིར་བརྩོན་པ་ལ་ཞུགས་པས་ན་ཞུགས་པའོ། །དེ་དག་ལམ་གང་ལ་གནས་ན་མངོན་པ་འོག་མ་པ་རྣམས་ནི། ལམ་རྗེས་ཤེས་སྒོམ་ལམ་དུ་བཞེད་ཅིང་། འབྲས་གནས་ཡིན་ན་སྒོམ་ལམ་ཐོབ་པས་ཁྱབ་པར་བཞེད་པས་རྒྱུན་ཞུགས། ཕྱིར་འོང་ཕྱིར་མི་འོང་གསུམ་སྒོམ་ལམ་དང་། དགྲ་བཅོམ་པ་མི་སློབ་པའི་ལམ་མོ། །མངོན་པ་གོང་མ་ལྟར་ན་ལམ་རྗེས་ཤེས་མཐོང་ལམ་དུ་བཞེད་པས་རྒྱུན་ཞུགས་མཐོང་ལམ། ཕྱིར་འོང་མི་འོང་གཉིས་སྒོམ་ལམ། དགྲ་བཅོམ་པ་མི་སློབ་པའི་ལམ་མོ། །དེ་དག་དམན་ལམ་ས་བརྒྱད་དང་སྦྱར་ན། སྦྱོར་ལམ་དུ་ཉན་ཐོས་ཀྱི་རིགས་ངེས་པ་ཐོབ་པ་ནི་རིགས་ཀྱི་ས། རྒྱུན་ཞུགས་ཞུགས་པ་ནི་བརྒྱད་པའི་ས་སྟེ། དགྲ་བཅོམ་འབྲས་གནས་ནས་ཡར་ལུགས་ལྡོག་ཏུ་བགྲངས་པས་བརྒྱད་པ་ཡིན་པས་སོ། །རྒྱུན་ཞུགས་འབྲས་གནས་ནི་མཐོང་བའི་སྟེ་བདེན་བཞིའི་དོན་དང་པོར་མཐོང་བའོ། །ཕྱིར་འོང་འབྲས་གནས་ནི་སྲབ་པའི་ས་སྟེ་འདོད་ཉོན་ཆུང་ངུ་གསུམ་མ་གཏོགས་སྤངས་པས་ན་འདོད་པའི་འདོད་ཆགས་སྲབ་པའོ། །ཕྱིར་མི་འོང་འབྲས་གནས་ནི་འདོད་ཆགས་དང་བྲལ་བའི་ས་སྟེ་འདོད་ཉོན་དགུ་ག་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བའོ། །དགྲ་བཅོམ་པ་ནི་བྱས་པ་རྟོགས་པའི་ས་སྟེ། རང་དོན་གྱི་བྱ་བ་ཐམས་ཅད་བྱས་ཟིན་ནས་ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་བརྙེས་པའོ། །ཟད་དང་མི་སྐྱེ་ཤེས་པ་ནི། ཁམས་གསུམ་གྱི་ཉོན་མོངས་སྔར་ཡོད་པ་རྣམས་ཟད་པ་དང་། ཕྱིན་ཆད་མི་སྐྱེ་བར་ཤེས་པའོ། །ཕྱིར་འོང་ཞུགས་པ། ཕྱིར་མི་འོང་ཞུགས་པ། དགྲ་བཅོམ་པ་ཞུགས་པ་གསུམ་ནི་ཉན་ཐོས་ཀྱི་ས་ཞེས་ཀྱང་བྱ། དེའི་སྟེང་དུ་རང་རྒྱལ་གྱི་ཞུགས་གནས་བརྒྱད་ཀ་གཅིག་ཏུ་བརྩིས་ནས་རང་སངས་རྒྱས་ཀྱི་ས་ཞེས་དམན་ལམ་ས་བརྒྱད་དོ། །སྐྱབས་འགྲོའི་དབྱེ་བའི་སྐབས་རྒྱུའི་སྐྱབས་འགྲོ་ནི་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ། སྟོན་པ་དང་ལམ་དང་གྲོགས་ཀྱི་ཚུལ་གྱིས་སྐྱབས་སུ་འགྲོ་བ་ཡིན་ལ། འབྲས་བུའི་སྐྱབས་འགྲོ་ནི། མ་འོངས་པ་ན་རང་རྒྱུད་ལ་དཀོན་མཆོག་གསུམ་ཐོབ་པར་སྨོན་པའོ། །འདི་དང་སྨོན་སེམས་ཀྱི་ཁྱད་པར་གང་ཡིན་ཞེ་ན། རྗེ་བཙུན་བསོད་ནམས་རྩེ་མོས་ནི། སྨོན་སེམས་ལ་ངེས་པར་དམ་བཅས་པ་ཞིག་དགོས་པས་འདི་གཉིས་ཀྱི་ཁྱད་པར་དམ་བཅས་པའི་ལྕགས་ཀྱུས་རང་དབང་དུ་བྱས་མ་བྱས་ཀྱི་ཁྱད་པར་ཡིན་ནོ་ཞེས་གསུངས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ནི། སྨོན་སེམས་གཞན་དོན་དང་། འདི་རང་དོན་ལ་དམིགས་པའི་ཁྱད་པར་རོ། །ཞེས་གསུངས་སོ། །འོན་ཀྱང་བསྟན་བཅོས་འདི་ཉིད་ཀྱི་སྐབས་སུ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐྱབས་འགྲོ་རྒྱུའི་སྐྱབས་འགྲོ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པའི་སྐྱབས་འགྲོ་ལ་འབྲས་བུའི་སྐྱབས་འགྲོ་ཞེས་བཞག་ནས་དེ་གཉིས་ག་ལའང་སྔར་ལྟར་རྒྱུ་འབྲས་ཀྱི་སྐྱབས་འགྲོ་གཉིས་རེ་སྟེ། མཚན་ཉིད་ཐེག་ཆེན་པ་ལྟར་ན་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་ལུང་དང་རྟོགས་པའི་བདག་ཉིད་ཀྱི་དམ་ཆོས། རྒྱལ་སྲས་སར་གནས་པའི་འཕགས་པའི་དགེ་འདུན་ཏེ་གསུམ་ལ་སྟོན་པ་ལམ་གྲོགས་ཀྱི་ཚུལ་གྱིས་སྐྱབས་སུ་འགྲོ་བ་རྒྱུའི་སྐྱབས་འགྲོ། ད་ལྟ་ལམ་བསྒྲུབ་པས་མ་འོངས་པ་ན་རང་རྒྱུད་ལ་དཀོན་མཆོག་གསུམ་འབྱོན་པར་སྨོན་པ་ནི་འབྲས་བུའི་སྐྱབས་འགྲོའོ། །གསང་སྔགས་ལྟར་ན་སྔར་གྱི་དཀོན་མཆོག་གསུམ་པོ་དེའི་སྟེང་དུ་མེ་ཏོག་གང་ལ་ཕོག་པའི་ལྷ་དེ་གཙོས་ཡི་དམ་དཀྱིལ་འཁོར་གྱི་གཙོ་བོར་སངས་རྒྱས་དང་རྒྱུད་སྡེ་བཞིའམ་དྲུག་བསྐྱེད་རྫོགས་དང་བཅས་པ་ཆོས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྲུང་དང་བཅས་པ་དགེ་འདུན་ཡིན་ལ། དེ་དག་ཐམས་ཅད་ཀྱང་རྩ་བའི་བླ་མ་སངས་རྒྱས་ཀུན་དངོས་ཡིན་ཏེ་དེའི་སྐུ་དགེ་འདུན་གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་དཀོན་མཆོག་གསུམ་ཀུན་འདུས་སུ་ཤེས་ཤིང་བསྐྱབ་བྱ་དང་སྐྱོབ་བྱེད་ཀྱང་ཐ་དད་དུ་མི་འཛིན་པར་གཉིས་མེད་ཀྱི་ངང་ནས་སྐྱབས་སུ་འགྲོ་བ་ནི་རྒྱུའི་སྐྱབས་འགྲོ་དང་། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་པ་ལྟར་རང་སེམས་འོད་གསལ་བའི་ཡེ་ཤེས་སྐྱོན་ཡེ་ཟད་དུ་གནས་པས་དག་བྱ་དང་བྲལ་ཞིང་། ཡོན་ཏན་ཡེ་ལྡན་དུ་གནས་པས་གསར་ཐོབ་དང་བྲལ་བ་ནི་སངས་རྒྱས་དང་། ཡེ་ནས་འགྱུར་བ་མེད་པའི་ཆོས་ཉིད་དྲི་བྲལ་གྱི་ངོ་བོ་ནི་ཆོས། ཡོན་ཏན་དབྱེར་མེད་པར་འདུས་པ་ནི་དགེ་འདུན་ཏེ་ད་ལྟ་ཉིད་ནས་རང་སེམས་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་ཤེས་པ་ནི་འབྲས་བུའི་སྐྱབས་འགྲོའོ། །ཞེས་འཆད་དགོས་སོ། །གནས་གསུམ་ནི། གནས་ཉེར་བཞི། ཡུལ་སོ་གཉིས། དུར་ཁྲོད་བརྒྱད་དོ།། །།

༈ ལེའུ་བདུན་པ་ཚད་མེད་བཞིའི་སྐབས་སུ་བདེ་བ་དང་མི་ལྡན་པའི་སེམས་ཅན་ལ་དམིགས་ནས་དེ་བདེ་བ་དང་ལྡན་པར་འདོད་པ་བྱམས་པ་དང་། སྡུག་བསྔལ་གྱིས་གདུང་བའི་སེམས་ཅན་ཞིག་ལ་དམིགས་ནས་དེ་སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེ་དང་། སྡུག་བསྔལ་མེད་ལ་བདེ་བ་དང་ལྡན་པའི་སེམས་ཅན་ཞིག་ལ་དམིགས་ནས་དེ་དང་མི་འབྲལ་བར་འདོད་པ་དགའ་བ། ཆགས་སྡང་ཅན་ལ་དམིགས་ནས་བདེ་སྡུག་གི་རྒྱུ་ཉེ་རིང་ཆགས་སྡང་དང་བྲལ་བར་ཤོག་ཅིག་སྙམ་པ་བཏང་སྙོམས་སོ། །དེས་ན་བྱམས་པ་དང་སྙིང་རྗེ་གཉིས་ཀྱི་ཁྱད་པར། ཡུལ་ནད་པ་ལྟ་བུ་ནད་ལས་གྲོལ་འདོད་དུ་འདྲ་ཡང་། ནད་མེད་པའི་བདེ་བ་དང་མི་ལྡན་པ་ཞིག་དེ་དམིགས་ཡུལ་དུ་བྱས་ནས་དེ་དང་ལྡན་པར་འདོད་ན་བྱམས་པ། ནད་ཀྱི་སྡུག་བསྔལ་ལ་དམིགས་ནས་དེ་དང་འབྲལ་བར་འདོད་ན་སྙིང་རྗེ་ཡིན་ཏེ་དོན་གཞན་ཕན་གྱི་བློར་ཐམས་ཅད་གཅིག་ཀྱང་དམིགས་རྣམ་གྱིས་ཁྱད་པར་འབྱེད་པའོ། །ཡང་བཏང་སྙོམས་ལའང་གཉིས་ཏེ། སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པ་འདི་ཆགས་སྡང་གིས་ལན་པ་ཡིན་པས་སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བར་ཤོག་ཅིག་སྙམ་དུ་སྒོམ་པ་དང་། ཡང་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་མེད་པ་ལ་ཉེ་རིང་དང་ཆགས་སྡང་བྱེད་པ་འདི་རེ་ངན་སྙམ་དུ་ཐམས་ཅད་ལ་ཕ་མ་བུ་ཚའི་འདུ་ཤེས་བསྒོམ་པའི་སྒོམ་ཚུལ་ཞིག་དང་གཉིས་ཡོད་པ་ལས་སྔ་མ་ནི་གཞུང་ལུགས་རྣམས་ལས་རྒྱ་ཆེར་འབྱུང་ལ། ཕྱི་མ་ནི་ཁྲིད་ཡིག་རྣམས་ན་མང་ངོ་། །འོན་ཀྱང་དེ་གཉིས་མི་འགལ་ཏེ། སེམས་ཅན་ཐམས་ཅད་ཆགས་སྡང་དང་བྲལ་ན་རང་ཡང་དེའི་ཁོངས་སུ་འདུ་ལ། རང་རྒྱུད་ཀྱི་ཆགས་སྡང་ཞི་ན་གཞན་ལའང་དེ་ལྟར་ཞི་འདོད་ཀྱི་བློ་སྐྱེ་བས་སོ། །མདོར་ན་ལྡན་འདོད་བྲལ་འདོད་མི་འབྲལ་ཞི་བར་འདོད་པ་ནི་བཞིའི་སྒོ་ནས་ཚད་མེད་བཞི་འབྱེད་པ་ཡིན་ནོ། །

༈ ལེའུ་བརྒྱད་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་ལེའུའི་སྐབས་སུ། གང་ལ་རང་དོན་སེམས་པ་ཡོད་མ་ཡིན། ཞེས་པའི་སྐབས་སུ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་སྟེ། གང་གི་ཆེད་དུ་བྱ་བ་སྙིང་རྗེས་གཞན་དོན་ལ་དམིགས་པ་དང་། གང་ཆེད་དུ་བྱ་བ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་གཉིས་སོ། །དེ་གཉིས་ཀ་མ་ཚང་ན་གཞན་ལ་ཕན་འདོད་ཙམ་དང་རྫོགས་བྱང་ཐོབ་འདོད་ཙམ་ནི་སེམས་བསྐྱེད་དུ་མི་འགྲོ་སྟེ། མཐར་ཐུག་རྫོགས་བྱང་ཐོབ་པར་མི་འདོད་ན་སེམས་ཅན་གཞན་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་གཞན་ཇི་ལྟ་བུ་འདོད་ཀྱང་བྱམས་པ་དང་སྙིང་རྗེ་ཙམ་ལས་མི་འདའ་ལ། རང་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་ཙམ་ཉན་ཐོས་ཀྱི་གཞུང་ལས་ཀྱང་བཤད་པས་མདོར་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙམ་པ་དང་། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་ཟུར་གཉིས་པོ་འདི་མ་ཚང་ན་བྱང་ཆུབ་ཀྱི་སེམས་སུ་མི་འགྲོ་བས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱི་ཁྱད་པར་འདི་ཤིན་ཏུ་ཞིབ་པར་ཤེས་དགོས་ཏེ་ཐེག་ཆེན་གྱི་ལམ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཁ་བཤད་ཙམ་ལ་གདེངས་བཅས་པས་མི་འོང་ངོ་། །སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་ལམ་ལྔའི་རྗེས་འགྲོ་སེམས་བསྐྱེད་ལྔ་ནི། ཚོགས་ལམ་ན་ལས་དང་པོ་བའི་སེམས་བསྐྱེད། སྦྱོར་ལམ་ན་ཡོངས་སུ་སྦྱོང་བ་བྱས་པའི་སེམས་བསྐྱེད། མཐོང་ལམ་ན་ཆོས་མཐོང་བའི་སེམས་བསྐྱེད། སྒོམ་ལམ་དུ་རྣམ་པར་གྲོལ་བའི་སེམས་བསྐྱེད། མི་སློབ་པའི་ལམ་དུ་བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་དོ། །ས་མཚམས་དབྱེ་བ་ཉི་ཤུ་རྩ་གཉིས་ནི། རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་དེ་དག་དཔེ་ཡིན་ལ། དཔེ་དེས་མཚོན་ནས་སེམས་བསྐྱེད་ཀྱི་གྲོགས་ཉེར་གཉིས་དང་། དཔེ་དང་དཔེ་ཅན་གཉིས་ཀྱི་ཆོས་མཐུན་པ་ཉི་ཤུ་རྩ་གཉིས་རྣམས་རིམ་བཞིན་སྦྱར་ནས་འཆད་དོ། །གྲོགས་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱུར་པའི་སེམས་བསྐྱེད་ཆོས་ཅན། དཔེ་ས་ལྟ་བུ་ཡིན་ཏེ། ཆོས་དཀར་པོའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར། དེ་བཞིན་དུ་གཞན་ལའང་སྦྱར་ཏེ། གྲོགས་གཞན་ལ་ཕན་ཕྱིར་ཕྱིན་དྲུག་ལ་སྦྱོར་འདོད་ཀྱི་བསམ་པ་དང་མཚུངས་ལྡན། དཔེ་གསེར་ལྟ་བུ། གནས་སྐབས་ཐམས་ཅད་དུ་འགྱུར་བ་མེད་པའི་ཕྱིར། གྲོགས་བསམ་པ་དེ་ཉིད་ལྷག་པར་གྱུར་པས་ལྷག་པའི་བསམ་པ་དང་། དཔེ་ཟླ་བ་ཚེས་པ་ལྟ་བུ། དཀར་པོའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བའི་ཕྱིར། གྲོགས་ཕར་ཕྱིན་དྲུག་ལ་དངོས་སུ་སྦྱོར་བས་སྦྱོར་བ་དང་མཚུངས། དཔེ་མེ་ལྟ་བུ། ཤིང་གི་བྱེ་བྲག་གི་མེ་བཞིན་གོང་ནས་གོང་དུ་འགྲོ་བའི་ཕྱིར། གྲོགས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དཔེ་གཏེར་ལྟ་བུ། མི་ཟད་ཅིང་རེ་བ་སྐོང་བའི་ཕྱིར། གྲོགས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། དཔེ་རིན་པོ་ཆེའི་འབྱུང་གནས་དང་འདྲ་སྟེ། ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར། གྲོགས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། དཔེ་མཚོ་ལྟ་བུ། མེ་མཚོན་ལ་སོགས་པའི་གནོད་པས་མི་ཚུགས་པའི་ཕྱིར། གྲོགས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། དཔེ་རྡོ་རྗེ་ལྟ་བུ། མི་ཤིགས་ཤིང་སྲ་པ་ཉིད་ཀྱིས་གང་ལའང་ཐོགས་པ་མེད་པའི་ཕྱིར། གྲོགས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། དཔེ་རི་ལྟ་བུ། རྣམ་རྟོག་གི་རླུང་གིས་མི་གཡོ་བའི་ཕྱིར། གྲོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དཔེ་སྨན་ལྟ་བུ། ཉོན་མོངས་པའི་ནད་སེལ་བའི་ཕྱིར། གྲོགས་ཐབས་ལ་མཁས་པ་དང་། དཔེ་བཤེས་གཉེན་ལྟ་བུ། དུས་ཐམས་ཅད་དུ་ཕན་པ་འབའ་ཞིག་སྒྲུབ་པའི་ཕྱིར། གྲོགས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ། དཔེ་ཡིད་བཞིན་གྱི་ནོར་བུ་ལྟ་བུ། གང་ལྟར་འདོད་པའི་དོན་ཐམས་ཅད་འགྲུབ་པའི་ཕྱིར། གྲོགས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ། དཔེ་ཉི་མ་ལྟ་བུ། གདུལ་བྱའི་རྒྱུད་ཀྱི་ལོ་ཏོག་ཐམས་ཅད་བསྐྱེད་པའི་ཕྱིར། གྲོགས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ། དཔེ་གླུ་དབྱངས་ལྟ་བུ། ཀུན་གྱི་ཡིད་དང་མཐུན་པར་ཆོས་སྟོན་པའི་ཕྱིར། གྲོགས་མངོན་པར་ཤེས་པ་དང་མཚུངས། དཔེ་རྒྱལ་པོ་ལྟ་བུ། བྱ་བ་ཐམས་ཅད་ལ་རང་དབང་དང་བཅས་པའི་ཕྱིར། གྲོགས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་། དཔེ་མཛོད་ཁང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་གནས་ཡིན་པའི་ཕྱིར། གྲོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། དཔེ་ལམ་པོ་ཆེ། དུས་གསུམ་གྱི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་པོ་ཆེ་ལྟ་བུ་ཡིན་པའི་ཕྱིར། གྲོགས་ཞི་གནས་དང་ལྷག་མཐོང་དང་མཚུངས། དཔེ་བཞོན་པ་བཟང་པོ་ལྟ་བུ། མཐའ་གཉིས་སུ་མི་གོལ་བར་དབུ་མའི་ལམ་དུ་འགྲོ་བའི་ཕྱིར། གྲོགས་གཟུངས་དང་སྤོབས་པ་དང་། དཔེ་བཀོད་མའི་ཆུ་བོ་ལྟ་བུ། ཆོས་ཀྱི་ཚིག་དོན་མི་ཟད་པར་འཛིན་ཞིང་གཞན་ལ་སྟོན་པའི་ཕྱིར། གྲོགས་ཆོས་ཀྱི་དགའ་སྟོན་དང་། དཔེ་སྒྲ་བརྙན་ལྟ་བུ། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར། གྲོགས་བགྲོད་པ་གཅིག་པའི་ལམ་དང་། དཔེ་ཆུ་བོ་ལྟ་བུ། རྣམ་པ་ཐམས་ཅད་མཁྱེན་པའི་རྒྱ་མཚོར་ངང་གིས་འབབ་པའི་ཕྱིར། གྲོགས་ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པའི་སེམས། དཔེ་སྤྲིན་ལྟ་བུ་ཡིན་ཏེ། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་ཕྱིར། ཞེས་སོ། །དེ་དག་གི་ས་མཚམས་ནི། དང་པོ་གསུམ་ཚོགས་ལམ་གསུམ། སྦྱོར་བ་མེ་ལྟ་བུ་སྦྱོར་ལམ། དེ་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་ས་བཅུ་མངོན་ཤེས་ལྔ་སོགས་དག་པ་ས་གསུམ་སྤྱི་ལ་ཡོད། ཆོས་ཀྱི་དགའ་སྟོན་སོགས་གསུམ་ས་བཅུ་པ་ཁོ་ན་ལ་ཡོད་དེ། ཡང་མི་ཟད་པ་བརྒྱད་ཅུ་དང་སྦྱར་ན་འདུན་པ་ནས་ཤེས་རབ་ཀྱི་བར་སྔར་དང་འདྲ་ལ། དེ་ནས་ཚད་མེད་པ་བཞི་བཤེས་གཉེན་ལྟ་བུ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་ཕན་པར་འདོད་པའི་ཕྱིར། མངོན་པར་ཤེས་པ་ལྔ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་ཏེ། གཞན་དོན་སྒྲུབ་པ་ལ་མཐུ་ཐོབ་པའི་ཕྱིར། བསྡུ་བའི་དངོས་པོ་ནི་ཉི་མ་ལྟ་བུ་ཡིན་ཏེ་གདུལ་བྱའི་རྒྱུད་ཀྱི་ལོ་ཏོག་འཕེལ་བར་བྱེད་པའི་ཕྱིར། སོ་སོ་ཡང་དག་པར་རིག་པ་བཞི་གླུ་དབྱངས་ལྟ་བུ་ཡིན་ཏེ། གདུལ་བྱ་འདུལ་བའི་ཆོས་སྟོན་པའི་ཕྱིར། རྟོན་པ་བཞི་རྒྱལ་པོ་ལྟ་བུ་ཡིན་ཏེ་ཀུན་གྱི་ཡིད་ཆེས་པའི་གནས་ཡིན་པའི་ཕྱིར། ཚོགས་གཉིས་བྱང་ཕྱོགས་ཞི་ལྷག་གསུམ་འདྲ་ལ། གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མ་ལྟ་བུ་སྟེ། ཆུ་འཛིན་ཞིང་མི་ཟད་པར་འབྱིན་པ་དང་ཆོས་མཐུན་པར་ཐོས་པ་དང་། མ་ཐོས་པའི་ཆོས་ཀྱི་ཚིག་དང་དོན་འཛིན་ཞིང་མི་ཟད་པ་འབྱིན་པའི་ཕྱིར་རོ། །ཆོས་ཀྱི་སྡོམ་བཞི་སྟོན་པ་སྒྲ་བརྙན་ལྟ་བུ་སྟེ། གདུལ་བྱའི་ཡིད་དང་མཐུན་པའི་ཆོས་སྟོན་པའི་ཕྱིར། ལྷག་མ་གཉིས་ཀྱང་འདྲའོ། །འདིར་བཤད་པ་ཀུན་བསྡོམས་ན་བརྒྱད་ཅུ་ཡོད་པ་དེ་དག་བྱང་ཆུབ་སེམས་དཔའ་རྣམས་ལ་ཟད་མི་ཤེས་པ་ཡོད་པས་མི་ཟད་པ་བརྒྱད་ཅུ་ཞེས་བྱ་སྟེ་བློ་གྲོས་མི་ཟད་པའི་མདོ་ལས་བྱུང་ངོ་། །དེ་ལས་གཞན་རྣམས་གོ་སླ་ལ། རྟོན་པ་བཞི་ནི། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། ཀུན་རྫོབ་ལ་མི་རྟོན་དོན་དམ་ལ་རྟོན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའོ། །རྟོན་ཞེས་པ་ནི་ཡིད་ཆེས་པར་བྱ་བའི་དོན་ཏོ། །ཆོས་ཀྱི་སྡོམ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །འདིར་ས་མཚམས་ཀྱིས་དབྱེ་བའི་སེམས་བསྐྱེད་བཤད་ཚུལ་གཉིས་བྱུང་བའི་སྔ་མ་ནི་ཡུམ་གྱི་མདོ་དང་སྦྱར་བ་ཡིན་ལ། ཕྱི་མ་ནི་བློ་གྲོས་མི་ཟད་པའི་མདོ་དང་སྦྱར་བའོ། །གང་ལྟར་ཡང་འདུན་པ་ལ་སོགས་པ་རྣམས་ནི་གྲོགས་ཡིན་པས། སེམས་བསྐྱེད་ནི་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་སེམས་བསྐྱེད་ཉིད་ཡིན་ལ་གྲོགས་རྣམས་ནི་སྐབས་དེ་དང་དེར་ལྷག་པར་གྱུར་པ་ཙམ་སྟེ་དཔེར་ན། ས་དང་པོ་ལ་སྦྱིན་པ་ལྷག་པར་གྱུར་པ་ལྟ་བུའོ། །འདི་དག་ལ་དཔལ་ཡེ་ཤེས་གྲགས་པ་ལ་སོགས་པས་དང་པོ་གསུམ་སྨོན་སེམས་དང་། ལྷག་མ་བཅུ་དགུ་འཇུག་སེམས་སུ་བཞེད་ཀྱང་། ཀུན་མཁྱེན་ཆེན་པོས་ནི་ཐམས་ཅད་ལའང་བསམ་པས་སྨོན་པའི་ཆ་དང་། འཇུག་པས་ལག་ལེན་ལ་ཁྱབ་པར་བྱེད་པའི་ཆ་གཉིས་རེ་ཡོད་དོ་ཞེས་གསུངས་སོ། །དེའང་ཡིན་ཏེ་དཔེར་ན་འདུན་པ་ལྟ་བུ་ལའང་བློས་བྱང་ཆུབ་ལ་འདུན་པ་ཙམ་ནི་སྨོན་པའི་སེམས་ཡིན་ལ། འདུན་པ་དེས་དྲངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་གཞན་ལ་སློབ་པའི་ཆ་ནས་འཇུག་སེམས་ཡིན་ནོ། །སྤྱིར་སྨོན་འཇུག་གི་ཁྱད་པར་ལའང་རྒྱ་བོད་ཀྱི་མཁས་པ་རྣམས་བཞེད་པ་མི་འདྲ་བ་མང་དུ་སྣང་སྟེ། སོ་སོའི་སྐྱེ་བོའི་སེམས་བསྐྱེད་སྨོན་པ་དང་། །འཕགས་ལམ་ཐོབ་ནས་འཇུག་པར་བཞེད་པ་དང་། ཆོ་གས་མ་བླང་བ་སྨོན་པ་དང་། བླངས་བ་འཇུག་པར་བཞེད་པ་དང་། ཉམས་ལེན་གྱི་བྱ་བས་མ་ཟིན་པ་ནི་སྨོན་སེམས་དང་། ཟིན་ནས་འཇུག་པར་བཞེད་པ་དང་། འབྲས་བུ་དམ་བཅའ་བ་སྨོན་སེམས་དང་། རྒྱུ་ལ་དམ་བཅའ་བ་འཇུག་སེམས་སུ་འདོད་པ་ལ་སོགས་པ་མང་ཡང་སྐྱེ་འཕགས་ཀྱི་སེམས་བསྐྱེད་ལ་འདོད་པ་ཙམ་མ་གཏོགས་གཞན་རྣམས་ཕལ་ཆེར་རྒྱལ་སྲས་ཞི་བ་ལྷའི་ལུང་གི་རྗེས་སུ་འབྲང་བ་འདྲ་ཡང་ལུང་དོན་དགོངས་པ་ལེན་ཚུལ་མི་འདྲའོ། །ཕྱུགས་དང་གླང་པོ་ཤིང་རྟའི་ཉི་ཟླ་སོགས། །ཞེས་པའི་སྐབས་སུ། ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང་། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། ཉི་མ་དང་ཟླ་བ་ལྟ་བུས་འགྲོ་བ་དང་། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའོ། །དེ་ལས་སྔ་མ་གཉིས་ཕྱིར་ལྡོག་ལ་ཕྱི་མ་གསུམ་ཕྱིར་མི་ལྡོག་པའོ། །དང་པོ་ནི་སྐྱེས་བུ་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་སོང་བས་ཡུན་རིང་མོ་ནས་དཔག་ཚད་བརྒྱར་ཕྱིན་པ་ལས། ཕྱིར་དཔག་ཚད་བརྒྱར་ཚུར་རླུང་གིས་ཕུལ་ནས་སོང་ན་དེས་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་མི་ནུས་པ་ལྟར་ཐེག་ཆེན་གྱི་སྡེ་སྣོད་མི་འཛིན་མི་ཀློག་ཁ་ཏོན་མི་བྱེད་ཚུལ་བཞིན་ཡིད་ལ་མི་བྱེད་པར་ཉན་ཐོས་དག་ལ་བརྟེན་ཞིང་ཉན་ཐོས་ཀྱི་སྡེ་སྣོད་ཀློག་པ་ལ་སོགས་པ་སྟེ། དེ་ནི་བྱང་ཆུབ་ལས་ཕྱིར་ལྡོག་གོ །ཡང་ལ་ལ་ཞིག །འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་བར་འདོད་ནས་གླང་པོ་ཆེའི་ཤིང་རྟ་ལ་ཞོན་ཏེ་སོང་ནས་ལོ་བརྒྱས་དཔག་ཚད་ཉིས་སྟོང་དུ་སོང་ནས་སྔར་ལྟར་ཕྱིར་དེད་པ་ལྟར་ཐེག་པ་ཆེ་ཆུང་མཉམ་པར་ཀློག་པ་སོགས་བྱེད་པའང་བྱང་ཆུབ་ལས་ཕྱིར་ལྡོག་གོ །ཡང་སངས་རྒྱས་ཀྱི་ཞིང་དེ་སྙེད་འདའ་བར་འདོད་པས་ཉི་མ་དང་ཟླ་བའི་རླུང་གི་ཤིང་རྟས་སོང་ན་རིང་མོ་ནས་སླེབ་པ་ལྟར། ཉན་ཐོས་ཀྱི་ཐེག་པ་ཚིག་གཅིག་ཙམ་ཡང་ཀློག་པ་སོགས་མི་བྱེད་པ་ནི་རིང་མོ་ཞིག་ནས་རྫོགས་པའི་བྱང་ཆུབ་འགྲུབ་པའོ། །ཞིང་དེ་དག་འདའ་བར་འདོད་ནས་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་ན་སྔ་མ་ལས་མྱུར་ཡང་ཧ་ཅང་མྱུར་དུ་འདའ་མི་ནུས་པ་ལྟར་ཐེག་པ་ཆེན་པོ་འབའ་ཞིག་ཀློག་པ་སོགས་བྱེད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པ་དང་ཞེ་སས་བསྟེན་ཞིང་ཆོས་འཚོལ་ལ་སྲོག་གི་ཕྱིར་ཡང་ཐེག་ཆེན་མི་སྤོང་ཞིང་བྱང་ཆུབ་སེམས་དཔའ་མ་ལོབ་པ་རྣམས་ལ་མི་བརྙས་པ་དེ་ནི་སྔ་མ་ལས་ཆེས་མྱུར་བར་རྫོགས་བྱང་འགྲུབ་པའོ། །ཡང་ཞིང་དེ་དག་འདའ་བར་འདོད་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་ན་སེམས་ཀྱི་སྐད་ཅིག་གིས་ཕྱིན་པ་ལྟར་བྱང་ཆུབ་དུ་སེམས་བསྐྱེད་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་མོས་ཤིང་གཞན་དོན་འབའ་ཞིག་སེམས་པས་བྱམས་སྙིང་རྗེ་ཕྱིན་དྲུག་རྟོན་བཞི་སོགས་ལ་རང་གནས་ནས་གཞན་ཡང་འགོད་པ་ནི་ཆེས་མྱུར་བར་རྫོགས་པའི་བྱང་ཆུབ་འགྲུབ་པའོ། །དེ་ཡང་དང་པོ་གཉིས་སོ་སྐྱེས་མི་བརྟེན་པ། གསུམ་པ་སོ་སྐྱེས་བརྟེན་པ། བཞི་པ་མ་དག་ས་བདུན་པ། ལྔ་པ་དག་པ་ས་གསུམ་ལ་གནས་པའོ། །ཞེས་གསུངས་སོ། །རིག་དང་ཞབས་སུ་ལྡན་སོགས། ཞེས་པའི་དོན། བདུད་བཞི་བཅོམ་ཞིང་སྤངས་རྟོགས་ཀྱི་ཡོན་ཏན་དང་ལྡན་ལ་སྲིད་ཞི་གཉིས་ལས་འདས་པས་ན་བཅོམ་ལྡན་འདས་དང་། འདས་ཞེས་པའི་དོན་ལེགས་སྦྱར་ལ་མེད་ཀྱང་། བོད་སྐད་དུ་བྱའོ། །ཆོས་ཉིད་དེ་བཞིན་ཉིད་དང་རྗེས་སུ་མཐུན་པར་གཤེགས་པས་ན་དེ་བཞིན་གཤེགས་པ། ལས་ཉོན་གྱི་དགྲ་ཐམས་ཅད་བཅོམ་ཞིང་འཇིག་རྟེན་གསུམ་གྱི་མཆོད་འོས་གྱུར་པས་ན་དགྲ་བཅོམ་པའོ། །དགྲ་བཅོམ་གྱི་དོན་ཨརྷ་ཏེ་ཞེས་པའི་སྒྲ་ལས་མཆོད་འོས་ལ་འཇུག་པའོ། །ཤེས་བྱའི་ཆོས་ཐམས་ཅད་ཆགས་ཐོགས་དང་བྲལ་བར་ཡང་དག་པར་མཁྱེན་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས། བུངྡྷ་ཁོང་དུ་ཆུད་པའི་དོན་གྱིས་སངས་རྒྱས་ཞེས་པ་མཁྱེན་པའི་དོན་ནོ། །ཤེས་རབ་ལྷག་མཐོང་གིས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟིགས་པས་ན་སྤྱན་ལྟ་བུ་རིག་པ་དང་། སྙིང་རྗེས་གཞན་དོན་ལ་གཤེགས་པས་ན་ཞབས་སུ་ལྡན་པ། ལམ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ནས་འབྲས་བུ་བདེ་བ་སངས་རྒྱས་ཀྱི་སར་གཤེགས་པས་ན་བདེ་བར་གཤེགས་པ། ཕུང་པོ་ལྔའི་འཇིག་རྟེན་གྲངས་མེད་པ་མཁྱེན་པས་ན་འཇིག་རྟེན་མཁྱེན་པ། གདུལ་བར་དཀའ་བའི་སེམས་ཅན་རྣམས་ཀྱང་ཐབས་ཞི་བས་འདུལ་བས་ན་སྐྱེས་བུ་འདུལ་བ། ཁམས་གསུམ་གྱི་སེམས་ཅན་ཐར་པའི་ལམ་དུ་འདྲེན་པས་ན་ཁ་ལོ་བསྒྱུར་བ། སྲིད་ཞི་ཐམས་ཅད་ལས་མཆོག་ཏུ་གྱུར་པས་ན་བླ་ན་མེད་པ། རིགས་དྲུག་གི་གཙོ་བོ་ལྷ་དང་མི་རྣམས་ལ་ཆོས་སྟོན་པས་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་ལ་སོགས་པའོ། །ཆོས་འཁོར་གྱི་སྐབས་སུ། རྩིབས་རྣོན་མུ་ཁྱུད་འཛིན་ཞེས་པའི་དོན། སྤྱིར་ཆོས་ཀྱི་འཁོར་ལོ་ལ་བཞེད་ཚུལ་མི་འདྲ་བ་ཡོད་དེ། བྱེ་བྲག་སྨྲ་བ་ཁ་ཅིག་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་དེ། སྔར་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་གསུངས་པས་ཀུན་ཤེས་ཀོོཎྜི་ནྱའི་རྒྱུད་ལ་མཐོང་ལམ་སྐྱེས་པ་ན་ལྷ་རྣམས་ཀྱིས། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་སྒྲ་བསྒྲགས་པའི་ཕྱིར། དེ་ཡང་ཡིན་ཏེ། འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པ་མཐོང་ལམ་ན་ཡོད་དེ། མྱུར་བར་འགྲོ་བ་དང་། སྔ་མར་འདོར་བ་དང་། ཕྱི་མར་འཇུག་པ་དང་། མཐོ་བར་འཕར་བ་དང་། དམའ་བར་འབབ་པ་དང་། མ་རྒྱལ་བ་ལས་རྒྱལ་བ་དང་། རྒྱལ་བ་རྣལ་དུ་འགོད་པའོ། །དེ་བཞིན་དུ་མཐོང་ལམ་གྱིས་དམིགས་ཡུལ་མྱུར་དུ་གཅོད་པ་དང་། དམིགས་རྣམ་སྔ་མ་འདོར་བ་དང་། ཕྱི་མར་འཇུག་པ་དང་། ཁམས་གོང་མའི་བདེན་པ་ལ་དམིགས་པས་མཐོ་བར་འཕར་བ་དང་། འོག་མའི་བདེན་པ་ལ་དམིགས་པས་དམའ་བར་འབབ་པ་དང་། བར་ཆད་མེད་ལམ་གྱིས་སྤང་བྱའི་ཐོབ་པ་གཅོད་པས་མ་རྒྱལ་བ་ལས་རྒྱལ་བ་དང་། རྣམ་གྲོལ་ལམ་གྱིས་སྤང་བྱ་སྤངས་པས་བྲལ་ཐོབ་འདྲེན་པས་རྒྱལ་བ་རྣལ་དུ་འགོད་པ་དང་ཆོས་མཐུན་ནོ་ཞེས་བཞེད། ཁ་ཅིག་འཕགས་ལམ་བརྒྱད་ཆོས་འཁོར་ཡིན་ཏེ། ངག་ལས་མཐའ་འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པས་བསྡུས་པས་བརྟན་པའི་ལྟེ་བ་དང་། ལྟ་བ་རྟོགས་པ་གཉིས། ཤེས་རབ་ཀྱི་བསླབ་པས་བསྡུས་པས་གཅོད་པའི་རྩིབས་ལྟ་བུ་དང་། ལྷག་མ་གསུམ་ཏིང་ངེ་འཛིན་གྱི་བསླབ་པས་བསྡུས་པས་སྡུད་པའི་མུ་ཁྱུད་ལྟ་བུ་ཡིན་ནོ་ཞེས་བཞེད། འོན་ཀྱང་ཐེག་ཆེན་པ་རྣམས་ནི་ལུང་དང་རྟོགས་པའི་ཆོས་འཁོར་ཐམས་ཅད་ཆོས་འཁོར་དུ་བཞེད་དོ། །དེ་དག་དམ་པའི་ཆོས་ཀྱི་ངོ་བོ་ཡིན་པ་དང་། རྫོགས་པའི་སངས་རྒྱས་ནས་ད་ལྟའི་གང་ཟག་གི་བར་རྒྱུད་གཅིག་ནས་གཅིག་ཏུ་འཁོར་བའི་ཕྱིར་ཞེས་བཞེད་པ་ཡིན་ནོ། །

༈ ལེའུ་དགུ་པ་བྱང་སེམས་ཀྱི་བསླབ་བྱའི་སྐབས་སུ། བསླབ་པ་བསྲུང་ཐབས་དྲན་ཤེས་བག་ཡོད་གསུམ་ནི། བསླབ་པའི་གནས་མི་བརྗེད་པ་དྲན་པ། སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་ལ་བརྟགས་པ་ཤེས་བཞིན། འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་དོ། །འདི་དག་ཀྱང་ཤིན་ཏུ་གནད་གལ་པོ་ཆེ་ཡིན་པས་དབྱེ་འབྱེད་སེམས་ཐོག་ནས་ཤེས་པར་བྱའོ། །ཉམས་ལེན་ཐམས་ཅད་ཀྱི་གནད་འདི་གསུམ་ལ་འདུ་བ་ཡིན་ནོ། །ཤིན་ཏུ་གལ་ཆེའོ། །སྨོན་སེམས་ཀྱི་སྐབས་སུ་རྒྱུ་འབྲས་ཡན་ལག་བདུན་ནི། མར་ཤེས་པ། དྲིན་དྲན་པ། དྲིན་གཟོ་བ། ཡིད་འོང་གི་བྱམས་པ། བརྩེ་བའི་སྙིང་རྗེ། ལྷག་བསམ་རྣམ་དག་རང་འབྲས་བླ་ན་མེད་པའོ། །སྡོམ་པ་གསུམ་ལྡན་གྱི་སྐབས་སུ། བཞེད་པ་མི་འདྲ་བ་དྲུག་ཡོད་པས། ས་པཎ་སོགས༡། རང་ལུགས༢། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས༣། བཀའ་བརྒྱུད་དང་སྒམ་པོ་སོགས༤། ཨབྷཱ་ཀཱ་ར༥། ཤཱཀྱ་ཤྲཱིའི་སློབ་མ་བི་བྷཱུ་ཏི་ཙནྟ་སོགས་སོ༦། །དེ་ལ་གནས་འགྱུར་ངོ་བོ་གཅིག་པ་ནི། སྡོམ་པའི་ངོ་བོ་དང་ལྡོག་པ་གཉིས་ཀ་གནས་འགྱུར་དུ་འདོད་པས་དབང་བསྐུར་ཐོབ་ནས་སྔགས་སྡོམ་ཁོ་ན་བསྲུང་བས་ཆོག་པར་འདོད་པའོ། །དེ་ནི་མཉམ་པ་ཆེན་པོའི་རྟོགས་པས་རྒྱུད་གྲོལ་བའི་རྣལ་འབྱོར་པ་རྣམས་ལ་ནི་འཐད་པ་ཡིན་ཡང་། ལས་དང་པོ་བས་དེ་ལྟར་བྱས་ན་འོག་མ་ཁྱད་དུ་བསད་པའི་ལྟུང་བའི་ཆར་པ་འབབ་པོ། །གནས་འགྱུར་ངོ་བོ་གཅིག་ལ་གཞི་མི་མཐུན་དུ་འདོད་པ་ནི། ངོ་བོ་གནས་འགྱུར་ལྡོག་པ་ཐ་དད་དུ་བཞེད་པ་ཡིན་ནོ། །གསུམ་པ་རྫས་འགལ་གོང་འཕེལ་དུ་འདོད་པ་ནི། སྡོམ་གསུམ་རྫོགས་པའི་གང་ཟག་དེ་ལ་སྡོམ་པ་གསུམ་ཀ་ངོ་བོ་གཅིག་ལ་རྫས་ཐ་དད་པའི་ཚུལ་དུ་ཡོད་པའི་ཚེ་ཡོན་ཏན་གྱི་ངོས་ནས་གོང་འཕེལ་གྱི་དབང་གིས་སོ་བྱང་གཉིས་སྔགས་སྡོམ་གྱི་ཡན་ལག་ཏུ་ཡོད་པར་འདོད་ཅིང་དེ་ཡང་རྟེན་དང་བརྟེན་པའི་ཚུལ་དུ་ཡོད་པ་འདོད་དེ། དེ་ཡང་གོང་མའི་ཐབས་ཤེས་ཀྱིས་འོག་མ་ཟིལ་གྱིས་གནོན་པར་མི་ནུས་པའི་བློ་ངོ་ན་ཐ་དད་དུ་ཡོད་པ་མི་འགལ་ཡང་། རྟེན་དང་བརྟེན་པ་ཐམས་ཅད་ལ་ཁྱབ་མཉམ་དུ་འདོད་ན་རྟེན་སོ་ཐར་འདོད་པའི་ཚེ་བརྟེན་པ་སྔགས་བྱང་གཉིས་ཀྱང་གཏོང་བར་འགྱུར་བས་མི་འཐད་དོ། །གཏོང་ཐོབ་མཚམས་ནས་རྣམ་པར་དབྱེ་བ་ནི། གོང་མ་ཐོབ་པའི་ཚེ་འོག་མ་གཏོང་བར་འདོད་པ་སྟེ། དེ་ཡང་དབང་བསྐུར་ཙམ་ཐོབ་པ་ལ་ཁག་བཞག་ནས། གོང་མའི་ཐབས་ཤེས་ཁྱད་པར་ཅན་གང་ཡང་མེད་པར་རབ་བྱུང་གི་བསླབ་ཁྲིམས་ཡལ་བར་འདོར་བ་ལ་དགོངས་ནས་ལམ་སྒྲོན་དུ། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། ཞེས་པ་ལྟ་བུ་གནས་སྐབས་དགོས་དབང་གིས་བཞག་པ་ཡིན་ན་ནི་འཐད་དུ་རུང་ལ། ངེས་པར་དེ་ལྟར་འདོད་ན། སུམ་ལྡན་རྡོ་རྗེ་འཛིན་པ་མི་སྲིད་པར་འགྱུར་བས་མི་འཐད་དོ། །དོང་ཙེ་བརྩེགས་ལྟར་མ་འདྲེས་པར་འདོད་པ་ཡང་། སྡོམ་གསུམ་མཉམ་པར་རྫས་ཐ་དད་སོ་སོར་འདོད་པ་ཡང་། སྡོམ་པའི་རང་ལྡོག་མ་འདྲེས་པའི་ངོས་ནས་འཐད་ཀྱང་། ངོ་བོ་ལ་དེ་ལྟར་འདོད་ན་སྲོག་གཅོད་སྤོང་བའི་སེམས་པ་ལྟ་བུ། སེམས་བྱུང་རིགས་མཐུན་གསུམ་དུས་ཐ་དད་པར་གང་ཟག་གཅིག་གི་རྒྱུད་ན་གནས་པར་འགྱུར་བའི་ཕྱིར་མི་འཐད་དོ། །ཉི་ཟླ་སྐར་གསུམ་རིམ་ཅན་ཚོགས་པ་ལྟར་འདོད་པ་ནི། ཉི་ཟླ་སྐར་གསུམ་འཛོམ་ན་ཟླ་སྐར་གཉིས་ཉི་མའི་འོད་ཀྱིས་ཟིལ་གྱིས་མནན་ནས་མི་མཐོང་བ་ལྟར་སྔགས་སྡོམ་ཐོབ་པའི་ཚེ་འོག་མ་ཟིལ་གྱིས་མནན་ནས་ཡོད་ཀྱང་མི་མངོན་པར་འདོད་དོ། །དེ་ཡང་སྡོམ་གསུམ་མཚན་ཉིད་སོ་སོར་འཛིན་བཞིན་དུ་བག་ལ་ཞ་བ་མི་འཐད་དོ། །བླང་འདས་སོ་སོར་བསྲུང་དགོས་ན་ནི་བག་ལ་ཞ་མི་དགོས་ན་སོ་སོར་ཡོད་པ་མི་རུང་བས་མི་འཐད་དོ། །ཞེས་བཤད་པ་ཡིན་ནོ། །བསམ་གཏན་གྱི་སྐབས་སུ་བསམ་གཏན་བཞི་དང་། གཟུགས་མེད་བཞི་ལས། དང་པོ་བསམ་གཏན་བཞི་ལ། ཉེར་བསྡོགས་དང་དངོས་གཞི་གཉིས་ལས་དང་པོ་ཉེར་བསྡོགས་ལ་སྒོམ་ཚུལ་མང་ཡང་འཇིག་རྟེན་པའི་ལམ་རྐྱང་པ་ལ་ཞི་རགས་ཀྱི་རྣམ་པ་ཅན་དུ་སྒོམ་པ་ཤས་ཆེ་བས་དེ་ལྟར་ན། དང་པོ་འདོད་པའི་སེམས་ནི་རགས་པ་དང་། མ་ཞི་བ་དང་། མཚན་མར་དམན་པར་བལྟས་ནས། བསམ་གཏན་དང་པོ་ནི། དེ་བས་ལྷག་པར་ཡང་ཞི་བ་དང་བདེ་བ་དང་གྱ་ནོམ་པའོ་སྙམ་ནས་ཐོས་བསམ་འདྲེས་པའི་ཚུལ་གྱིས་ཡང་དང་ཡང་དུ་ཡིད་ལ་བྱས་པས་ནམ་ཞིག་ཐོས་བསམ་ལས་འདས་ནས་སྒོམ་བྱུང་དུ་སོང་སྟེ་འདོད་པའི་ཉོན་མོངས་ཆེ་འབྲིང་དྲུག་སྤངས་པའི་བར་ནི་བསམ་གཏན་གྱི་ཉེར་བསྡོག་གོ །དེ་ནས་འདོད་པའི་ཉོན་མོངས་པ་ཆུང་ངུ་གསུམ་སྤངས་པའི་ཚེ་ན་བསམ་གཏན་དངོས་བཞིའི་སེམས་ཐོབ་པའོ། །བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། ཏིང་ངེ་འཛིན་དང་ལྔའོ། །རྟོག་དཔྱོད་གཉིས་ནི། མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་པ་ལྟར་སེམས་ཏིང་ངེ་འཛིན་སྐྱོན་མེད་དུ་གནས་མི་གནས་རགས་པར་རྟོག་པ་དང་། ཞིབ་པར་དཔྱོད་པ་དང་། སེམས་ཏིང་ངེ་འཛིན་ལ་གནས་པས་ཡིད་ཤེས་བདེ་བས་ཁྱབ་པ་དགའ་བ་དང་། དེའི་སྟོབས་ཀྱིས་ལུས་ལ་ཤིན་སྦྱང་གི་བདེ་བ་སྐྱེས་པ་བདེ་བ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པ་ཏིང་ངེ་འཛིན་ནོ། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། རབ་དང་། དགའ་དང་། བདེ་བ་དང་། ཏིང་ངེ་འཛིན་ནོ། །དྲན་པ་དང་ཤེས་བཞིན་དང་བཏང་སྙོམས་ཀྱི་ངོ་བོ་ཡིན་ཡང་། འདིར་དགའ་བའི་གཡོ་བ་དང་མ་བྲལ་བའི་ཕྱིར་རབ་དྭངས་ཀྱི་སྒྲས་བསྟན་ཏོ། །ལྷག་མ་གསུམ་ནི་སྔར་བཞིན་ནོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བདེ་བ་དང་། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། ཏིང་ངེ་འཛིན་དང་ལྔའོ། །བདེ་བ་ནི་སྔར་དང་འདྲ་ལ། བཏང་སྙོམས་ནི་སེམས་བྱིང་རྒོད་མེད་པར་གནས་པའི་ཚེ་རང་བབས་སུ་འཇོག་པའོ། །དྲན་པ་ནི། ཏིང་ངེ་འཛིན་མི་བརྗེད་པའོ། །ཤེས་བཞིན་ནི་བྱིང་རྒོད་ལ་སོགས་བྱུང་མ་བྱུང་རྟོགས་པའོ། །ཏིང་ངེ་འཛིན་ནི་སྔར་ལྟར་རོ། །བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ་དྲན་པ་དང་། ཚོར་བ་བཏང་སྙོམས་དང་། འདུ་བྱེད་བཏང་སྙོམས་དང་། ཏིང་ངེ་འཛིན་ནོ། །དྲན་པ་དང་ཏིང་ངེ་འཛིན་ནི་སྔར་དང་འདྲ་ལ། ཚོར་བ་བཏང་སྙོམས་ནི་ལུང་མ་བསྟན་དང་། འདུ་བྱེད་བཏང་སྙོམས་ཀྱང་སྔར་དང་འདྲའོ། །དེ་ཡང་རྟོག་དཔྱོད་ལ་སོགས་ཡན་ལག་ལྔ་དང་ལྡན་པ་ནི་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བ་ཡིན་ལ། དེ་ལས་རྟོག་པ་མེད་ལ་དཔྱོད་པ་དང་བཅས་པ་ནི་དངོས་གཞི་ཁྱད་པར་ཅན་ནོ། །རྟོག་དཔྱོད་གཉིས་ཀ་སྤང་བ་ནི་བསམ་གཏན་གཉིས་པའོ། །རྟོག་དཔྱོད་དགའ་བ་གསུམ་སྤངས་པ་ནི་བསམ་གཏན་གསུམ་པའོ། །དེ་གསུམ་བདེ་བ་དང་བཞི་སྤངས་པ་ནི་བསམ་གཏན་བཞི་པའོ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་བསམ་གཏན་དང་བོའི་ཉེར་བསྡོགས་ཡང་དག་པ་དེས་ཀྱང་ལྷག་མཐོང་གི་རྟེན་བྱེད་པས་ཉེར་བསྡོགས་མི་ལྕོགས་མེད་ཅེས་བྱ་ལ། ཉེར་བསྡོགས་དེ་དང་དང་པོའི་དངོས་གཞི་ལ་ཙམ་ཁྱད་གཉིས། ལྷག་མ་གསུམ་དང་དྲུག་ལ་བསམ་གཏན་ས་དྲུག་ཅེས་བྱའོ། །གཉིས་པ་གཟུགས་མེད་རྣམས་ནི་ཡན་ལག་གི་དབྱེ་བ་མེད་པས་དམིགས་རྣམ་གྱིས་འབྱེད་དེ། བསམ་གཏན་བཞི་པ་ཐོབ་པ་དེས། གྲུ་བཞི་ཟླུམ་པོ་ལ་སོགས་དབྱིབས་ཀྱི་འདུ་ཤེས། དཀར་སེར་དམར་ལྗང་ལ་སོགས་ཁ་དོག་གི་འདུ་ཤེས། རི་དང་ཁང་ཁྱིམ་ལ་སོགས་ཐོགས་རེག་གི་འདུ་ཤེས་གསུམ་ཀ་བཀག་ནས་ཆོས་ཐམས་ཅད་ནམ་མཁའ་ལྟར་བསྒོམས་པས། གཟུགས་ཀྱི་འདུ་ཤེས་ཐམས་ཅད་ལས་འདས་ནས་ནམ་མཁའ་ལྟ་བུའི་ངང་དུ་གནས་པ་ནི་ནམ་མཁའ་མཐའ་ཡས། ནམ་མཁའ་ཙམ་དུའང་འཛིན་པ་སྤངས་ནས་ནམ་མཁའོ་སྙམ་བྱེད་རྣམ་ཤེས་ཙམ་གྱི་ངང་དུ་གནས་པ་ནི་རྣམ་ཤེས་མཐའ་ཡས། རྣམ་ཤེས་ཙམ་དུ་འཛིན་པ་ཡང་སྤངས་ནས་ཅི་ཡང་མེད་དོ། །སྙམ་དུ་གནས་པ་ནི་ཅི་ཡང་མེད་པ། ཅི་ཡང་མེད་དོ་སྙམ་དུ་འཛིན་པ་ཡང་སྤངས་ནས་ཅི་ཡང་མེད་དོ་སྙམ་མཁན་གྱི་འདུ་ཤེས་ལ་བརྟགས་ནས་འདུ་ཤེས་ཀྱི་འགྱུ་བ་རགས་པ་ཐམས་ཅད་བཀག་ནས་འདུ་ཤེས་ཕྲ་མོ་ཙམ་ལ་གནས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །འདི་ལ་ཡོད་མིན་མེད་མིན་ཡང་ཟེར་རོ། །ཡང་མཉམ་གཞག་དང་རྗེས་ཐོབ་ཀྱི་དབྱེ་བ་ལ་གཉིས། མཉམ་རྗེས་ངོ་བོ་གཅིག་པ་དང་། ངོ་བོ་ཐ་དད་པའོ། །དང་པོ་ངོ་བོ་གཅིག་ནི། སེམས་རྩེ་གཅིག་མཉམ་པར་བཞག་པའི་ཚེ། སེམས་དང་སེམས་བྱུང་གི་འགྱུ་བ་རགས་པ་ཐམས་ཅད་ནུབ་ནས་སེམས་རྟོག་མེད་དུ་གནས་པ་ནི་མཉམ་བཞག་ཡིན་ལ། དེའི་ཚེ་དབང་ཤེས་མ་འགགས་པ་ལ་ཡུལ་སྣང་ཐམས་ཅད་སྣང་ལ་འཛིན་པ་མེད་པར་གསལ་བའི་ཆ་ནི་རྗེས་ཐོབ་པོ། །གཉིས་པ་མཉམ་རྗེས་ཐ་དད་པ་ནི། སེམས་རྩེ་གཅིག་ཏུ་མཉམ་པར་གཞག་པའི་ཚེ་ན་མཉམ་གཞག་ཡིན་ལ། དེ་ལས་ལངས་ནས་ཟ་ཉལ་ལ་སོགས་པའི་སྤྱོད་ལམ་གྱི་ཚེ་སྒྱུ་མ་ལྟ་བུའི་དྲན་རྫི་དང་མ་བྲལ་བ་ནི་རྗེས་ཐོབ་པོ། །རྗེས་ཐོབ་རྒྱ་ཡན་པ་ཞེས་པ་ནི། སེམས་དྲན་ཤེས་དང་བྲལ་ནས་འཁྲུལ་འབྱམས་སུ་སོང་བའོ། །དེས་ན་རྒྱ་ཡན་པ་འདི་ནི་དག་ས་ཐོབ་ནས་མེད་ལ། མཉམ་རྗེས་ཀྱི་ཁྱད་པར་ཙམ་ནི་སངས་རྒྱས་མ་ཐོབ་བར་དུ་ཡོད་དོ། །མཉམ་པར་བཞག་བཞིན་དུ་སྤྱོད་ལམ་མཛད་པ་སངས་རྒྱས་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །གྲུབ་མཐའི་སྐབས་སུ་གཟུང་བ་རྡུལ་ཕྲན་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་དོན་དམ་དུ་འདོད་པ་ནི་བྱེ་བྲག་སྨྲ་བ་ཡིན་ཏེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །དེ་ཡང་བཅོམ་ན་དེའི་བློ་མི་འཇུག་པ་བུམ་པ་ལྟ་བུ། བློས་གཞན་བསལ་ན་དེའི་བློ་མི་འཇུག་པ་ཆུ་ལྟ་བུ། རགས་པ་དེ་ནི་ཀུན་རྫོབ་ཏུ་ཡོད་དེ། ཡོད་དམ་དུ་ཡོད་པ་ལས་གཞན་མེད་པའོ། །བཅོམ་པ་དང་བློས་བསལ་མི་ནུས་པ་ནི་རྡུལ་ཕྲན་དང་སྐད་གཅིག་ཆ་མེད་དེ་དོན་དམ་དུ་ཡོད་པའོ། །མདོ་སྡེ་པ་ནི། དོན་བྱེད་ནུས་པ་དངོས་པོ་ཡིན་པས། དོན་བྱེད་ནུས་པ་དེ་ནི་དོན་དམ་དུ་ཡོད་ལ། དོན་བྱེད་ནུས་པ་ལས་གཞན་དོན་བྱེད་མི་ནུས་པ་དངོས་མེད་ནི་ཀུན་རྫོབ་བདེན་པའོ། །དེ་ཡང་རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་སོ། །དེ་ཡང་དོན་རང་མཚན་ཐམས་ཅད་དོན་དམ་དང་། སྤྱི་མཚན་ཐམས་ཅད་ཀུན་རྫོབ་པོ། །དོན་རང་མཚན་དོན་དམ་བདེན་པ། དངོས་པོ། མི་རྟག་པ་རྣམས་དོན་གཅིག །དོན་སྤྱི་མཚན་ཀུན་རྫོབ་བདེན་པ། དངོས་མེད། རྟག་པ་རྣམས་དོན་གཅིག་གོ །དེ་ཡང་ཆུ་སྐྱོར་བའི་དོན་བྱེད་ནུས་པའི་བུམ་པའི་རང་མཚན་ནི་དངོས་པོ་དང་དོན་དམ་གཉིས་ཀ་ཡིན་ལ། ཡིད་རྟོག་པའི་སྣང་ཡུལ་དོན་སྤྱི་མཚན་དངོས་མེད་ནི་ཀུན་རྫོབ་བདེན་པ་ཡིན་ནོ། །སེམས་ཙམ་གྱི་སྐབས་སུ་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་ལས། གཟུང་བ་ཕྱིའི་ཡུལ་དང་། ཡུལ་དེ་འཛིན་པའི་སེམས་དང་། དེ་གཉིས་ལ་བཏགས་པའི་མིང་ཐམས་ཅད་ནི་ཀུན་བརྟགས་ཡིན་ལ། དེ་ཐམས་ཅད་ཀྱི་ངོ་བོ་ནི་སེམས་དང་སེམས་བྱུང་ཡིན་ཏེ། དེ་ནི་གཞན་དབང་ངོ་། །གཞན་དབང་དེ་ལ་ཀུན་བརྟགས་མེད་པའི་ཆ་གང་ཡིན་པ་ནི་ཡོངས་གྲུབ་པོ། །དེ་ཡང་དཔེར་ན་རྡེའུ་དང་ཤིང་བུ་ལ་རིག་སྔགས་བཏབ་པས་རྟ་གླང་དུ་སྣང་དུས་རྡེའུ་དང་ཤིང་བུ་ལྟ་བུ་ནི་གཞན་དབང་དང་། རྡེའུ་ལ་རྟ་གླང་སྣང་བ་ལྟ་བུ་ནི་ཀུན་བརྟགས་རྟ་གླང་སྣང་ཡང་རྡེའུ་དང་། ཤིང་བུའི་རང་བཞིན་ལས་རྟ་གླང་གིས་སྟོང་པ་ལྟ་བུ་ནི་ཡོངས་གྲུབ་པོ། །དེ་ལ་ཀུན་བརྟགས་ནི་ཀུན་རྫོབ་དང་། གཞན་དབང་ཆོས་ཅན་དོན་དམ་དང་། ཡོངས་གྲུབ་ཆོས་ཉིད་དོན་དམ་མོ། །དབུ་མ་པ་ནི། ཆོས་ཐམས་ཅད་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་ལྟ་བུ་དང་། དོན་དམ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་འདོད་པའོ། །གྲུབ་མཐའ་བཞི་པོ་དེ་ཡང་། དོན་བསྡུ་ན་ཕྱི་དོན་འདོད་རང་རིག་མི་འདོད་པ་བྱེ་བྲག་སྨྲ་བ། ཕྱི་དོན་རང་རིག་གཉིས་ཀ་འདོད་པ་མདོ་སྡེ་བ། ཕྱི་དོན་མི་འདོད་རང་རིག་འདོད་པ་སེམས་ཙམ་པ། ཕྱི་དོན་རང་རིག་གཉིས་ཀ་མི་འདོད་པ་དབུ་མ་པའོ། །ཕྱི་དོན་འདོད་མི་འདོད་ཕྱི་རོལ་གྱི་དོན་དུ་སྣང་བའི་གཟུགས་སྒྲ་སོགས་ཀྱི་དངོས་པོ་དོན་དམ་པར་ཡོད་མེད་ཡིན་ལ། རང་རིག་འདོད་མི་འདོད་ནི་ཐ་སྙད་དུ་ཤེས་པས་རང་རིག་པར་འདོད་པ་དང་མི་རིག་པར་འདོད་པའི་ཁྱད་པར་རོ། །འབྲས་བུའི་སྐབས་སུ། སྟོབས་བཅུ་དང་ནི་མི་འཇིགས་བཞི། །མཐའ་དག་མངོན་གྱུར་སངས་རྒྱས་ཡིན། །ཞེས་པའི་སྐབས་སུ་ལམ་མཐར་ཕྱིན་པའི་འབྲས་བུ་བཤད་པ་ལ་གསུམ། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་སོ། །དང་པོ་རྟེན་སྐུ་ལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་ནི་གཅིག་སྟེ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུའོ། །ཡང་ན་སྐུ་གཉིས་ཏེ་ཆོས་སྐུ་དང་གཟུགས་སྐུའོ། །ཡང་ན་སྐུ་གསུམ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའོ། །ཡང་ན་སྐུ་བཞི་སྟེ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་སྐུའོ། །དང་པོ་ངོ་བོ་ཉིད་སྐུ་ནི། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་པས་མཐར་ཐུག་སངས་རྒྱས་ཀྱི་སའི་ཟག་པ་མེད་པའི་ཡེ་ཤེས་སྡེ་ཚན་ཉི་ཤུ་རྩ་གཅིག་ལ་སོགས་པ་དེ་དག་གི་རང་བཞིན་ནམ་ཆོས་ཉིད་དེ་བཞིན་ཉིད་དག་པ་གཉིས་དང་ལྡན་པ་གང་ཡིན་པའོ། །གཉིས་པ་ཡེ་ཤེས་ཆོས་སྐུ་ནི། མཁྱེན་ཆ་ཡེ་ཤེས་ཀྱི་རྣམ་གྲངས་སངས་རྒྱས་ཉིད་ཀྱི་ཐུགས་རྒྱུད་ན་བཞུགས་པའི་རྟོགས་པའི་ཆོས་རྣམས་ཏེ་སྔ་མ་ལས། བྱང་ཆུབ་༡ཕྱོགས་མཐུན་༢ཚད་མེད་དང་། །རྣམ་པར་༣ཐར་དང་མཐར་གྱི་ནི། །སྙོམས་འཇུག་༤དགུ་ཡི་རང་བཞིན་དང་། །ཟད་པར་༥བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བ་རྣམ་བརྒྱད་༦དང་། །ཉོན་མོངས་༧མེད་དང་སྨོན་མཁྱེན་༨དང་། །མངོན་ཤེས་༩སོ་སོ་ཡང་དག་༡༠རིག །རྣམ་པ་ཐམས་ཅད་དག་བཞི་༡༡དང་། །དབང་བཅུ་༡༢དང་ནི་སྟོབས་བཅུ་༡༣དང་། །མི་འཇིགས་པ་ནི་བཞི་དག་༡༤དང་། །བསྲུང་བ་མེད་པ་རྣམ་གསུམ་༡༥དང་། །དྲན་པ་ཉེར་གཞག་རྣམ་གསུམ་༡༦དང་། །བསྙེལ་བ་མི་མངའི་ཆོས་ཉིད་༡༧དང་། །བག་ཆགས་ཡང་དག་༡༨བཅོམ་པ་དང་། །སྐྱེ་ལ་ཐུགས་༡༩རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་༢༠བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་༢༡མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པ་ལྟར་སྡེ་ཚན་ཉེར་གཅིག་ལས། དང་པོ་བྱང་ཕྱོགས་སོ་བདུན་ནི། སྔར་ལམ་གྱི་དུས་ན་ཚོགས་ལམ་ནས་བཟུང་སྟེ་བྱང་ཕྱོགས་རིམ་གྱིས་རྫོགས་པ་རྣམས་ཐོབ་ལ་མ་ཉམས་པའི་ཚུལ་དུ་ཐུགས་རྒྱུད་ལ་བཞུགས་པ་སྟེ་སྔ་མ་དག་དང་རྣམ་གྲངས་འདྲའོ། །ཚད་མེད་པ་བཞི་ནི་མདོ་སྡེའི་རྒྱན་གྱི་ལུང་དོན་སྔར་བཤད་པ་ལྟར་རོ། །རྣམ་པར་ཐར་བ་བརྒྱད་ནི། དང་པོ་སྤྲུལ་པའི་ལམ་རྣམ་ཐར་གསུམ་དང་། གཟུགས་མེད་ཀྱི་རྣམ་ཐར་བཞི། འགོག་པའི་རྣམ་པར་ཐར་བ་དང་བརྒྱད་དོ། །དང་པོ་སྤྲུལ་ལམ་ལ་གསུམ་ལས། དང་པོ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་པར་ཐར་བ་ནི། ནང་གཟུགས་ཡོད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟས་ནས་སྤྲུལ་པ་དང་བསྒྱུར་བ་ལ་སོགས་པ་བྱེད་པ་གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་ཐར། ནང་གཟུགས་མེད་པར་འདུ་ཤེས་པས་དེ་ལྟར་བྱེད་པར་གཟུགས་མེད་གཟུགས་ལ་བལྟ་བའི་རྣམ་ཐར། དེ་ལྟར་སྤྲུལ་པར་གོམས་ཀྱང་གཟུགས་མཛེས་པ་དང་ཡིད་དུ་འོང་བ་སོགས་སྤྲུལ་འདོད་ཀྱང་མི་མཛེས་པ་དང་ཡིད་དུ་མི་འོང་པ་སོགས་ལ་སྤྲུལ་མི་འདོད་པ་ལྟ་བུ་བྱུང་ན་སྤྲུལ་པ་མི་རྫོགས་པས་དེའི་ཕྱིར་གཟུགས་མཛེས་པ་དང་མི་མཛེས་པ་གཉིས་ཀའང་ཕན་ཚུན་ལྟོས་པ་ཙམ་དང་བློས་བཏགས་པ་ཙམ་ལས་དོན་ལ་མེད་ཅིང་མཉམ་པར་བལྟ་བ་སྡུག་པའི་རྣམ་པར་ཐར་བ་དང་གསུམ། །གཉིས་པ་གཟུགས་མེད་ཀྱི་རྣམ་པར་ཐར་པ་བཞི་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པ་ཐར་པ། ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའོ། །འགོག་པའི་རྣམ་པར་ཐར་པ་ནི། བསམ་གཟུགས་བརྒྱད་ཀ་ཐོབ་པའི་འཕགས་པས་ཚོགས་བདུན་འཁོར་དང་བཅས་པ་བཀག་ནས་ཀུན་གཞི་མ་གཏོགས་པའི་སེམས་མེད་པའི་འདུ་ཤེས་དང་ཚོར་བ་འགོགས་པའི་སྙོམས་འཇུག་ལ་སྙོམས་པར་ཞུགས་པའོ། །འདི་ལ་ཉན་ཐོས་རྣམས་རྣམ་པར་ཤེས་པ་ཚོགས་དྲུག་ལས་མི་བཞེད་པས་ཚོགས་དྲུག་བཀག་པའི་ལུས་ཙམ་མ་གཏོགས་སེམས་ཀྱི་རྒྱུན་མེད་ཀྱང་ཕྱིས་སེམས་འབྱུང་བ་ན་སྔར་འགགས་པའི་སེམས་ཀྱི་ས་བོན་ལས་སྐྱེ་བར་འདོད་པ་དང་། ཁ་ཅིག་ལུས་ལ་སེམས་ཀྱི་ས་བོན་ཡོད་པ་ལས་སྐྱེ་བར་འདོད་པ་དང་། ཡང་འགའ་ཞིག་ཡིད་ཤེས་ཕྲ་བ་མི་འགག་པར་འདོད་པ་སོགས་ཡོད་ཀྱང་ཐེག་ཆེན་པ་རྣམས་ཀུན་གཞི་ལས་སྐྱེ་བར་འདོད་དོ། །འདི་ལ་འཇུག་ནུས་པ་ནི་ཐེག་དམན་ལྟར་ན་གཉིས་ཏེ། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་དང་། ཕྱིར་མི་འོང་བསམ་གཟུགས་བརྒྱད་ཐོབ་པ་ཞིག་སྙོམས་པར་འཇུག་ནུས་སོ། །དེ་ལས་གཞན་གྱིས་མི་ནུས་ཏེ། སོ་སྐྱེ་ཐམས་ཅད་ནི་དུས་དང་རྣམ་པ་ཐམས་ཅད་ངར་འཛིན་དང་འབྲལ་མི་ཤེས་པས་ཉོན་ཡིད་དགག་མི་ནུས་ལ། རྒྱུན་ཞུགས་དང་ཕྱིར་འོང་ལ་སྲིད་རྩེའི་སེམས་ཐོབ་པ་མི་སྲིད་པས་དེ་ཤིན་ཏུ་ཕྲ་བའི་འགོག་པ་ལ་སྙོམས་པར་འཇུག་མི་ནུས་སོ། །དགྲ་བཅོམ་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་ཡང་སྲིད་རྩེའི་སེམས་མི་ཐོབ་པས་སྙོམས་པར་འཇུག་མི་ནུས་སོ། །དེས་ན་འགོག་པར་སྙོམས་པར་འཇུག་པ་ལ་ཕྱིས་གོམས་པའི་སྐབས་སུ་བསམ་གཟུགས་གང་རུང་ངམ། འདོད་པའི་སེམས་ལས་ཀྱང་འགོག་སྙོམས་ལ་འཇུག་ནུས་ཀྱང་དང་པོ་གསར་དུ་ཐོབ་པའི་ཚེ་ན། ཕྲ་བ་ཕྲ་བའི་མཇུག་ཐོག་ཏུ། ཞེས་གསུངས་པས་སྲིད་རྩེའི་སེམས་དེ་འགྱུ་བ་ཕྲ་བས། དེ་ལ་བརྟེན་པའི་འདུ་ཤེས་དང་ཚོར་བའི་འགྱུ་བ་ཕྲ་རགས་འགོག་སླ་བས། དེ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་ཅན་གྱི་ཡིད་བཀག་ནས་འགོག་སྙོམས་མངོན་དུ་བྱེད་དོ། །མཐར་གྱིས་གནས་པའི་སྙོམས་འཇུག་དགུ་ནི། བསམ་གཏན་བཞི། གཟུགས་མེད་བཞི། འགོགས་པའི་སྙོམས་འཇུག་དང་དགུའོ། །རྣམ་ཐར་དང་སྙོམས་འཇུག་གི་ཁྱད་པར་ནི། རང་སའི་སྒྲིབ་པ་ལས་རྣམ་པར་ཐར་པས་ན་རྣམ་པར་ཐར་བ་དང་། ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་དང་། སེམས་དང་སེམས་བྱུང་ཆ་སྙོམས་པར་བྱེད་པས་ན་སྙོམས་འཇུག་གོ །མཐར་གྱིས་གནས་པ་ཞེས་པ་ནི་སྙོམས་འཇུག་དགུ་པོ་འདི་དང་པོ་མངོན་དུ་བྱེད་པའི་ཚེ་མཐར་ཆགས་སུ་རིམ་གྱིས་རྒྱུད་ལ་སྐྱེ་བའི་བསམ་གཏན་དང་པོ་མ་ཐོབ་གོང་དུ་གཉིས་པ་ཐོབ་པ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ནི། འབྱུང་བའི་ཟད་པ་བཞི། ཁ་དོག་གི་ཟད་པར་བཞི། ནམ་མཁའ་རྣམ་ཤེས་གཉིས་དང་བཅུའོ། །དེ་དག་གི་སྒོམ་ཚུལ་ནི། དང་པོ་ཟད་པར་རང་རང་གི་དམིགས་རྟེན་ལ་བརྟེན་ནས་ས་ཞེས་པ་ལ་སོགས་པ་ལས་སེམས་གཞན་དུ་མི་ཡེངས་པར་རྩེ་གཅིག་ཏུ་ཡིད་ལ་བྱེད་ཅིང་སེམས་ཟིན་པ་ན་ས་ལ་སོགས་པ་རྒྱ་ཆེན་པོར་སྤྲོས་ཏེ་བསྒོམས་པས་འགྲུབ་པའོ། །དམིགས་རྟེན་ནི་ས་ལ་ཆུའི་སྟེང་ན་གནས་པའི་སའི་ཟམ་པ་ལ་སོགས་པ་དང་། ཆུ་ལ་ནམ་མཁའ་ནས་ཆུ་དྲི་མ་མེད་པ་འབབ་པ། མེ་ལ་འོག་ཏུ་བུད་ཤིང་། བར་དུ་མེ། སྟེང་དུ་དུ་བ་དང་བཅས་པའི་མེ། རླུང་ལ་སྐར་ཁུང་ལ་སོགས་པ་ནས་རླུང་འོང་བས་ལུས་ལ་རེག་པ། ཁ་དོག་བཞི་པོ་མཐིང་ག་ལ་སོགས་པའི་ཚོན་གྱིས་དཀྱིལ་འཁོར་ཟླུམ་པོ་ཁ་དོག་གཞན་གྱིས་མཐའ་ཆོད་དང་བཅས་བྲིས་པ་དང་། ནམ་མཁའ་ལ་རྩིག་པ་ལ་སོགས་པའི་བུག་པའི་ནང་གི་ནམ་མཁའ། རྣམ་ཤེས་ལ་རྩིག་ཁུང་སོགས་ནས་ཉི་ཟླ་དང་སྒྲོན་མེའི་འོད་ཤར་བའི་འོད་ཀྱི་ཐིག་ལེ་རྣམས་སོ། །དེ་ལྟར་བསྒོམས་པས་གྲུབ་པ་ན། ས་གྲུབ་པས་ཆུ་ལ་ས་བཞིན་དུ་བྱེད་པ་དང་། ནམ་མཁའ་སར་བསྒྱུར་བ་དང་། ལུས་སར་བསྒྱུར་བ་སོགས་དང་། ཆུ་གྲུབ་པས་ཆུའི་ཆར་འབེབས་པ་དང་། ས་ལ་ཡང་ཆུ་ལྟར་བྱེའུ་འཛུལ་གྱིས་འགྲོ་བ་དང་། ལུས་ཆུར་བསྒྱུར་བ་སོགས་བྱེད། །མེ་གྲུབ་པས་ལུས་མེ་དཔུང་དུ་བསྒྱུར་པ་དང་། དངོས་པོ་གཞན་དང་ཐ་མལ་གྱི་མེ་ལ་སོགས་པའང་སྲེག་པ་དང་། རླུང་གྲུབ་པས་རླུང་ལྟར་ཐོགས་པ་མེད་པར་འགྲོ་བ་དང་། ལུས་རླུང་དུ་བསྒྱུར་བ་དང་། ཁ་དོག་རྣམས་གྲུབ་པས་ལུས་དང་སྣང་བ་ཐམས་ཅད་སྔོན་པོ་སེར་པོ་དཀར་པོ་དམར་པོ་རྩ་བའི་ཁ་དོག་རང་རང་དུ་བསྒྱུར་བ་དང་། ནམ་མཁའ་དང་རྣམ་ཤེས་གྲུབ་པས་ལུས་དང་དངོས་པོ་མི་སྣང་བ་དང་། ལྷའི་མིག་གིས་ཡུལ་སྣང་བར་བྱེད་པ་ལ་སོགས་པའོ། །ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ནི། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་རྣམས་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་དང་། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཐམས་ཅད་ཟིལ་གྱིས་མནན་སོགས་སྔར་ལྟར། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་ཐམས་ཅད་སོགས་སྔར་ལྟར། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཐམས་ཅད་སོགས་སྔར་ལྟར་ཏེ་དབྱིབས་ཟིལ་གྱིས་གནོན་པ་བཞི། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་ཁ་དོག་སྔོན་པོ། སེར་པོ་དང་། དཀར་པོ་དང་། དམར་པོ་ཐམས་ཅད་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་སྟེ་ཁ་དོག་ཟིལ་གྱིས་གནོན་པ་བཞི་དང་བརྒྱད་དོ། །དེ་དག་གི་དོན་རང་གི་ལུས་ལ་གཟུགས་མེད་པའི་འདུ་ཤེས་བཞག་པ་དང་། ཡང་རང་གི་ལུས་ལ་གཟུགས་ཀྱི་འདུ་ཤེས་མི་བཤིག་པ་གཉིས་ཀྱི་སྒོ་ནས་ཕྱི་རོལ་གྱི་གཟུགས་མཛེས་པ་དང་མི་མཛེས་པ་བཟང་པོ་དང་ངན་པ་སོགས་ལ་མཐའ་གཅིག་ཏུ་མི་ཞེན་པར་བལྟས་ནས་དེ་ལས་ཆེ་དང་ཆུང་བ་སོགས་གཞན་དུ་བསྒྱུར་བས་སྤྲུལ་བསྒྱུར་བྱེད་པ་སྟེ། དེ་ཡང་ཞི་གནས་ཀྱི་སྒོ་ནས་ཟིལ་གྱིས་མནན་ནས་ཤེས། ལྷག་མཐོང་གི་སྒོ་ནས་ཟིལ་གྱིས་མནན་ནས་མཐོང་བའོ། །ནང་གཟུགས་ཡོད་པ་དང་མེད་པར་འདུ་ཤེས་པའི་དོན་ནི་སྤྲུལ་པ་བྱེད་པའི་ཚེ་སྤྲུལ་པ་བྱེད་པ་པོ་རང་གཞན་ལ་སྣང་བ་དང་མི་སྣང་བའི་ཁྱད་པར་རོ། །ཡང་ན་གཟུགས་མེད་པར་འདུ་ཤེས་པ་ནི་གཟུགས་མེད་ཀྱི་སེམས་ཐོབ་པ་ཡིན་ན་ནི་སླ་ལ་མིན་ཡང་གཟུགས་མེད་པའི་འདུ་ཤེས་ཙམ་བཞག་དགོས་སོ། །ནང་གཟུགས་སུ་འདུ་ཤེས་པ་ནི་གཟུགས་མེད་པ་མ་ཐོབ་པ་ཡིན་ན་སླ་ལ་མིན་ཡང་གཟུགས་མངོན་དུ་མི་བྱེད་པར་གཟུགས་ཀྱི་འདུ་ཤེས་ཙམ་བཞག་པའོ། །དེས་ན་གཟུགས་མེད་ཀྱི་སེམས་ཐོབ་པ་ཡིན་ན་བསམ་གཟུགས་གང་རུང་ལ་བརྟེན་པ་དང་། གཟུགས་མེད་པ་མཐོང་བ་ཡིན་ན་བསམ་གཏན་བཞི་པ་ལ་བརྟེན་ནས་ཟིལ་གནོན་རྣམས་བསྒོམ་པར་བཞེད་དོ། །ཉོན་མོངས་མེད་པ་ནི། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །ཅེས་གསུངས་པ་ལྟར། ཉན་ཐོས་རྣམས་ཀྱིས་གྲོང་སོགས་སུ་འགྲོ་བའི་ཚེ་རང་ལ་བརྟེན་ནས་གཞན་ཆགས་སྡང་སོགས་སྐྱེ་བར་འགྱུར་མི་འགྱུར་མངོན་ཤེས་ཀྱིས་བརྟགས་ནས་སྐྱེ་བར་འདུག་ན་དེར་མི་འགྲོ་བ་དང་། རྫོགས་པའི་སངས་རྒྱས་ཀྱིས་ནི་དེ་ལྟར་དགོངས་ཚེ་དེར་ཆེད་དུ་གཏད་ནས་ཕེབས་ཏེ་ཆོས་སྟོན་པ་དང་རྫུ་འཕྲུལ་སོགས་ཀྱིས་བཏུལ་ནས་དེའི་རྒྱུད་ལ་ཕྱིན་ཆད་ཉོན་མོངས་པ་རྒྱུན་གཅོད་པའི་ཐབས་མཛད་པའོ། །སྨོན་གནས་མཁྱེན་པ་ནི། ཉན་ཐོས་ཀྱིས་ཡིད་ཀྱིས་འདོད་པའི་དོན་གང་ཤེས་པར་འདོད་ཀྱང་དང་པོ་དོན་འདི་དང་འདི་ཤེས་པར་བྱའོ་སྙམ་ནས་རབ་མཐའི་བསམ་གཏན་ལ་སྙོམས་པར་ཞུགས་ནས་བརྟགས་པས་ཤེས་སོ། །སངས་རྒྱས་ཀྱིས་ནི། སངས་རྒྱས་སྨོན་གནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤང་དང་། །ཐོགས་པ་མེད་དང་རྟག་གནས་དང་། །དྲི་བ་ཀུན་ལན་འདེབས་པར་བཞེད། །ཅེས་གསུངས་པ་ལྟར་འབད་རྩོལ་ལ་མ་ལྟོས་པར་ལྷུན་གྱིས་གྲུབ་པ་དང་། ཉོན་སྒྲིབ་སྤངས་པས་མ་ཆགས་པ་དང་། ཤེས་སྒྲིབ་སྤངས་པས་མ་ཐོགས་པ་དང་། རྒྱུན་ཆད་མེད་པས་རྟག་ཏུ་གནས་པ་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་དུས་གཅིག་ཏུ་སྐད་མི་འདྲ་བ་དུ་མའི་སྒོ་ནས་སོ་སོར་དྲིས་ཀྱང་རང་རང་གི་སྐད་དང་བསམ་པ་བཞིན་ལན་མཉམ་དུ་འདེབས་པ་དང་ཁྱད་ཆོས་ལྔ་ལྡན་ནོ། །མངོན་ཤེས་ལྔ་དང་སོ་སོ་ཡང་དག་པར་རིག་པ་བཞི་ནི་སྔར་བཤད་པ་དང་འདྲའོ། །རྣམ་པ་ཐམས་ཅད་དག་པ་བཞི་ནི། ལུས་ལེན་པ་དང་། གནས་པ་དང་། གཏོང་བ་ལ་མངའ་བརྙེས་པ་རྟེན་ལུས་དག་པ་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སོགས་སྤྲུལ་པ་དང་བསྒྱུར་བ་ལ་མངའ་བརྙེས་པས་ལོངས་སྤྱོད་དག་པ་དམིགས་པ་དག་པ་དང་། ཏིང་ངེ་འཛིན་ལ་མངའ་བརྙེས་པས་དག་པ་ཐུགས་དག་པ་དང་། ཤེས་རབ་ལ་མངའ་བརྙེས་པས་ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱའོ། །དབང་བཅུ་སྟོབས་བཅུ་མི་འཇིགས་པ་བཞི་རྣམས་སྔར་དང་འདྲ། བསྲུང་བ་མེད་པ་རྣམ་པ་གསུམ་ནི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ཐམས་ཅད་ངང་གིས་དགེ་བས་སྤྱོད་ལམ་ཐམས་ཅད་ལ་གཞན་གྱིས་ཤེས་ཀྱིས་དོགས་ནས་བཅབ་དགོས་པའི་འཁྲུལ་བ་མི་མངའ་བའོ། །དྲན་པ་ཉེར་གཞག་རྣམ་གསུམ་ནི། སངས་རྒྱས་རྣམས་ཆོས་འཆད་པའི་ཚེ་ཁ་ཅིག་གུས་པ་དང་བཅས་ཞེ་ས་དང་བཅས་རྣ་བ་བླགས་ཏེ་ཆོས་ཉན་པར་བྱེད་ཀྱང་དེ་ལ་རྗེས་སུ་ཆགས་པ་མེད། ཡང་ཁ་ཅིག་མ་གུས་པ་དང་། ཞེ་ས་མེད་པ་དང་། རྣ་བ་གཏད་དེ་ཆོས་ཉན་པར་མི་བྱེད་ཀྱང་། དེ་ལ་ཐུགས་ཁྲོ་བ་མེད་པ་དང་། ཡང་ཁ་ཅིག་གུས་པས་ཉན་པར་བྱེད། ཁ་ཅིག་མ་གུས་པས་ཉན་པར་མི་བྱེད་ཀྱང་དེ་ལ་ཆགས་སྡང་མི་མངའ་བའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི། སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་དུ་བྱུང་བ་རྣམས་ཀྱང་ཐུགས་ཀྱིས་མི་བརྗེད་པར་ད་ལྟ་བཞིན་དུ་མཁྱེན་པའོ། །བག་ཆགས་ཡང་དག་པར་བཅོམ་པ་ནི། ཉན་རང་དགྲ་བཅོམ་པ་རྣམས་ནི་ཉོན་མོངས་ཐམས་ཅད་སྤངས་ཀྱང་ཉོན་མོངས་པའི་བག་ཆགས་མ་བཅོམ་པའི་དབང་གིས་ལུས་ངག་གི་འཁྲུལ་པ་ཅུང་ཟད་མངའ་ལ། སངས་རྒྱས་རྣམས་ཀྱིས་བག་ཆགས་ཐམས་ཅད་ཟད་པར་བཅོམ་པས་ཉེས་སྤྱོད་འཁྲུལ་བའི་ཆ་ཙམ་ཡང་མི་འབྱུང་བའོ། །སྐྱེ་ལ་ཐུགས་རྗེ་ཆེན་པོ་ནི། སངས་རྒྱས་རྣམས་ནི་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་དུས་དང་རྣམ་པ་ཐམས་ཅད་དུ་གཟིགས་ནས། སུ་ནི་དར། སུ་ནི་རྒུད། སུ་ནི་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་མཐོ་རིས་དང་ཐར་པའི་ལམ་བདེ་བ་ལ་འགོད། སུ་ནི་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་དགྲོལ་བར་བྱ་སྙམ་པ་སོགས་ཉིན་ལན་གསུམ་མཚན་ལན་གསུམ་དུ་དགོངས་པའོ། །མ་འདྲེས་པ་བཅོ་བརྒྱད་ནི་སྔར་བཤད་པ་དང་འདྲའོ། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། ཞེས་པས་དང་སྒྲས་བསྡུས་པ་གཉིས་དང་། མཁྱེན་པ་གསུམ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཐམས་ཅད་མཁྱེན་པ་ཉིད་དང་། གཞི་ཐམས་ཅད་མཁྱེན་པའོ། །དེ་ལ་དང་པོ་ཤེས་བྱའི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐ་དད་པ་མ་འདྲེས་པར་མཁྱེན་པའོ། །གཉིས་པ་ནི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ལམ་གསུམ་ཀ་དོན་དམ་པར་སྐྱེ་བ་མེད་པ་དང་ཀུན་རྫོབ་ཏུ་རྒྱུ་ངོ་བོ་འབྲས་བུ་དང་བཅས་པ་མཁྱེན་པའོ། །གསུམ་པ་ནི་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པར་ཤེས་པའོ། །དེ་ལྟར་མཁྱེན་པའི་ཡེ་ཤེས་སྡེ་ཚན་ཉི་ཤུ་རྩ་གཅིག་པོ་དེ་དག་ལས་སྟོབས་བཅུ། མི་འཇིགས་བཞི། མ་འདྲེས་བཅོ་བརྒྱད། དྲན་པ་ཉེར་གཞག་གསུམ། སྲུང་བ་མེད་པ་གསུམ། བག་ཆགས་ཡང་དག་བཅོམ་པ་ཐུགས་རྗེ་ཆེན་པོ་རྣམས་སངས་རྒྱས་ཁོ་ནའི་ཡོན་ཏན་ཡིན་ལ། དབང་བཅུ་སོ་སོ་ཡང་དག་པར་རིག་པ་བཞི་རྣམས་བྱང་སེམས་རྣམས་དང་ཐུན་མོང་དང་། བྱང་ཕྱོགས་སྙོམས་འཇུག་རྣམ་ཐར་སོགས་ཉན་རང་བྱང་སེམས་སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་པའི་ཡོན་ཏན་ནོ། །དེ་དག་ཉན་རང་དང་བྱང་སེམས་ཀྱི་ཐུགས་རྒྱུད་ན་བྱང་ཕྱོགས་སོགས་མཚན་ཉིད་པ་ཡོད་པ་ཙམ་ལ་ལྟོས་ནས་ཆོས་དབང་བཙན་དུ་བྱས་ཏེ་ཐུན་མོང་པའི་ཡོན་ཏན་ཞེས་བཞག་གིས། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ཁྱད་པར་ཅན་ལ་ལྟོས་ནས་རྒྱུད་དབང་བཙན་དུ་བྱས་ན་ནི་སྡེ་ཚན་ཉེར་གཅིག་པོ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ནོ། །འདི་ལ་ཟིལ་གནོན་དང་རྣམ་ཐར་ལ་སོགས་པ་དང་པོ་སྒོམ་ཚུལ་དང་། མཐར་ཡང་ཏིང་ངེ་འཛིན་ལ་བརྟེན་ནས་མངོན་དུ་བྱེད་ཚུལ་སོགས་བཤད་པ་རྣམས་ནི་སྤྱིའི་དབང་དུ་བྱས་ཀྱི། སངས་རྒྱས་ཀྱིས་ནི་སྤྲུལ་པ་ལ་སོགས་དེ་དག་བཞེད་པ་ཙམ་གྱིས་ལྷུན་གྱིས་གྲུབ་པས་རྩོལ་བྱུང་གི་དགེ་བ་ཅུང་ཟད་ཀྱང་མི་མངའ་ལ་འགོག་པའི་སྙོམས་འཇུག་གསུངས་པའང་འགོག་པ་ལ་སྙོམས་པར་འཇུག་ནུས་པ་ཙམ་ལ་དགོངས་ཀྱི། དངོས་སུ་རྫོགས་པའི་སངས་རྒྱས་འགོགས་པ་ལ་སྙོམ་པར་འཇུག་པ་ནི་མི་སྲིད་ཅེས་གསུངས་སོ། །དེ་ལྟ་བུའི་ཡོན་ཏན་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་རྣམས་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་རྟོགས་པའི་ཆོས་ཡིན་པས་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུའོ། །གསུམ་པ་ལོངས་སྐུའི་མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པས། འོག་མིན་གྱི་གནས་སུ་བྱང་སེམས་ས་བཅུ་པ་རྣམས་ལ་སྣང་བའི་སངས་རྒྱས་ཀྱི་གཟུགས་སྐུ་མཚན་དང་དཔེ་བྱད་ཀྱི་བདག་ཉིད་ཅན་དེ་ནི་དུས་རྟག་པ་རྒྱུན་གྱི་འཁོར་ལོར་ཆོས་ཐེག་པ་ཆེན་པོ་ཁོ་ན་ལ་ལོངས་སྤྱོད་པའི་ཕྱིར་ན་ལོངས་སྤྱོད་རྫོགས་སྐུའོ། །མཚན་བཟང་པོ་སོ་གཉིས་ལ་བཅུ་ཚན་གསུམ་དང་གཉིས་ལས། དང་པོ་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །ཞེས་པས་རུས་སྦལ་ཞབས་ནི་རུས་སྦལ་གྱི་ལྟོ་བ་ལྟར་ཞབས་ཀྱི་མཐིལ་ཐམས་ཅད་མཉམ་པར་ས་ལ་འཇོག་པས་ཞབས་མཐིལ་གྱི་གཤོང་བུ་མེད་པ་དང་། བདུན་མཐོ་བ་ནི། ཕྱག་ཞབས་ཀྱི་རྒྱ་བཞི། ཕྲག་གོང་གཉིས། ལྟག་པ་སྟེ་བདུན་པོར་གཤོང་བུ་མེད་པར་ཤས་གང་བས་མཐོ་བའོ། །ཞབས་འབུར་མི་མངོན་པ་ནི་ཞབས་ལོང་བུའི་འབུར་མི་མངོན་པའོ། །སྤུ་གྱེན་དུ་ཕྱོགས་པ་ནི། བ་སྤུ་ཐམས་ཅད་གཡས་སུ་འཁྱིལ་པའི་རྩེ་མོ་གྱེན་དུ་ཕྱོགས་པའོ། །གཞན་ནི་གོ་སླའོ། །བཅུ་ཚན་གཉིས་པ་ནི། བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེངྒེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །ཞེས་པ་རྣམས་སོ། །བྱིན་པ་ཨེ་ན་ཡ་འདྲ་ཞེས་པས་ཨེ་ན་ཡ་ནི། སེངྒེ་ཤ་ར་བྷའམ་རྐང་བ་བརྒྱད་པའམ། བསེ་ཁ་སྒོ་ཞེས་པ་ཡིན་ཞེས་གཞུང་འགའ་ཞིག་ལས་བཤད། གང་ཡིན་ཡང་ཞབས་ཀྱི་བྱིན་པ་བྱིན་གྱིས་ཕྲ་ཞིང་སྙོམས་པའོ། །པགས་པ་གསེར་མདོག་ནི་གསེར་དྲི་མ་མེད་པ་ལྟར་དག་ཅིང་གསལ་བའི་དོན་ཡིན་གྱི་སེར་པོ་ཡིན་པའི་དོན་མིན་ཅེས་གསུངས་སོ། །རོ་སྟོད་སེངྒེ་འདྲ་བ་ནི་རོ་སྟོད་འཕེལ་ཀ་ཆེ་བའོ། །ཐལ་གོང་ཞེས་པ་ནི་ཕྲག་པ་གཡས་གཡོན་གྱི་བར་ཏེ། །དེ་ན་སྒྲོག་རུས་ཀྱི་གཤོང་མེད་པར་ཤས་གང་བའོ། །བཅུ་ཚན་གསུམ་པ་ནི། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞིང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེངྒེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །ཞེས་སོ། །རོ་མཆོག་སྣང་བ་ནི། རྟ་ཆས་ཀྱི་ནས་རུལ་པ་གསོལ་ཡང་ཚེམས་པར་དུ་སླེབས་ནས་ལྷའི་ཞལ་ཟས་རོ་བརྒྱ་པ་ལྟར་བསོད་པའོ། །ནྱ་གྲོ་ངྷ་ལྟར་ཆུ་ཞེང་གབ་པ་ནི་ཤིང་གི་རྒྱལ་པོ་ནྱ་གྲོ་དྷ་ལྟར་ཆུ་དབུའི་སྤྱི་བོ་ནས་ཞབས་མཐིལ་གྱི་བར་དང་། ཞེང་དུ་ཕྱག་སོར་གྱི་རྩེ་ནས་ཕྱག་སོར་གྱི་རྩེའི་བར་འདོམས་གང་ཚད་ཤིན་ཏུ་མཉམ་ཞིང་རིང་ཐུང་མེད་པའོ། །ལྗགས་རིང་ཞིང་མཛེས་པ་ནི། རྫུ་འཕྲུལ་གྱི་རྣམ་རོལ་མ་མཛད་ཀྱང་ལྗགས་བརྐྱངས་པས་ཞལ་གྱི་དཀྱིལ་འཁོར་སྐྲ་མཚམས་ཀྱི་བར་ཁེབས་པའོ། །རྫུ་འཕྲུལ་གྱི་སྤྲུལ་པའི་དབང་དུ་བྱས་ན་ནི་སྟོང་གསུམ་ལ་སོགས་པ་ཁེབས་པའོ། །ཚངས་དབྱངས་ནི་གསུང་ཚངས་པའི་སྐད་ལྟར་སྙན་ཞིང་ཡིད་དུ་འོང་བ་དང་། དྲུང་ནས་ཉན་ཡང་གསུང་ཆེ་བར་མི་མངོན་ལ། རྒྱང་རིང་པོ་ནས་ཉན་ཡང་ཆུང་བར་མི་འགྱུར་བའོ། །འགྲམ་པ་སེངྒེ་འདྲ་བ་ནི། འགྲམ་པ་འཁྱིལ་ཆེ་ཞིང་ཟླུམ་པོར་འདུག་པའོ། །ཚད་མཉམ་པ་ནི་ཚེམས་ཐམས་ཅད་ཆེ་ཆུང་དང་རིང་ཐུང་མེད་པའོ། །ཐགས་བཟང་བ་ནི་ཚེམས་ཀྱི་བར་ན་བར་སྟོང་མེད་པའོ། །ལྷག་མ་གཉིས་ནི། སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་པ་ལྟར། སྤྱན་རིན་པོ་ཆེ་མཐོན་ཀ་ཆེན་པོ་ལྟར་མཐིང་གར་འདུག་པ་དང་། སྤྱན་གྱི་རྫི་མ་བ་མཆོག་གི་རྫི་མ་ལྟར་མ་འཛིང་ཞིང་དྲི་མ་མེད་པའོ། །དཔེ་བྱད་བརྒྱད་ཅུ་ནི་བཅུ་ཚན་བརྒྱད་དེ། བཅུ་ཚན་དང་པོ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་ཕྱག་སོར་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །ཞེས་པས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ནི་ཕྱག་སོར་རྣམས་ཚིགས་མདུད་མེད་པར་རྩ་བ་ནས་རིམ་གྱིས་ཕྲ་བའོ། །མདུད་པ་མེད་པ་ནི་རྩ་མདུད་མེད་པའོ། །ལོང་བུ་མི་མངོན་ཞེས་པའི་སྐབས་མཚན་བཟང་དུ་གཏོགས་པ་ནི་ལོང་བུ་ཆེན་པོ་ཡིན་ལ། དཔེ་བྱད་དུ་གཏོགས་པ་ནི་ལོང་བུ་ཆུང་ངུ་ཡིན་ཞེས་གསུངས་སོ། །ཞབས་མཉམ་པ་ནི། ཞབས་གཡས་གཡོན་གཉིས་རིང་ཐུང་མེད་པར་མཉམ་པའོ། །བཅུ་ཚན་གཉིས་པ་ནི། སེངྒེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། །ཞེས་པས་མི་ཟིལ་གྱིས་གནོན་པ་ལ་མཁས་པས་སེངྒེ་ལྟར་གཤེགས་པ་དང་། ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པས་གླང་ཆེན་ལྟར་གཤེགས་པ་དང་། ནམ་མཁའ་ལ་འགྲོ་བ་བྱའི་རྒྱལ་པོའི་སྟབས་སུ་གཤེགས་པ་དང་། ཚོགས་ཀྱི་སྣ་འདྲེན་པ་ལ་མཁས་པ་བ་གླང་དང་གླང་པོ་ཁྱུ་མཆོག་ལྟར་གཤེགས་པ་དང་སྟབས་གཤེགས་བཞི། གཡས་ཕྱོགས་ནི། ཞལ་བསྐོར་ནས་གཤེགས་པའི་ཚེ་དུས་ནམ་ཡང་གཡས་ཕྱོགས་སུ་བསྐོར་ནས་གཤེགས་པ་དང་། མཛེས་གཤེགས་དང་དྲང་པོར་གཤེགས་པ་ཡན་གཤེགས་སྟབས་སོ། །འཁྲིལ་བག་ཆགས་པ་ནི། སྐུ་ཤ་མི་ལྷོད་པའོ། །རིམ་པར་འཚམས་པ་ནི། ཆེ་ཆུང་དང་སྦོམ་ཕྲ་རིམ་པར་འཚམས་པའོ། །བཅུ་ཚན་གསུམ་པ་ནི། གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམས་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཞེས་པས། སྐུ་དྲི་མ་མེད་པས་གཙང་བ་དང་། པགས་པ་འཇམ་པ་དང་། སྐུ་གནག་བག་མེད་པར་འཇམ་པ་དང་། སྐུའི་ཁྱོན་ཆེ་བས་ཁོ་ལག་ཡངས་པ་དང་། གཤེགས་པའི་ཚེ་གོམ་པ་ཆེ་ཆུང་མེད་པར་གོམ་པ་སྙོམས་པ་དང་། སྤྱན་གྱི་དྲི་མ་མེད་པས་དག་པ་དང་། སྐུ་ཤ་མི་སྐེམ་པས་ཞུམ་པ་མེད་པ་སོགས་སོ། །བཅུ་ཚན་བཞི་པ་ནི། ཤིན་ཏུ་གྲིམ་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོང་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་དང་། །ཞེས་པས་ཡན་ལག་འབྱེས་པ་ནི། །ཡན་ལག་གི་སྐབས་ཕྱེད་པ་དང་། །གཟིགས་པ་སྒྲིབ་མེད་ནི། སྤྱན་རབ་རིབ་ལ་སོགས་མེད་པ་དང་། དཀུ་ཟླུམ་ནི་ལྟེ་བའི་ཐད་ཀྱི་སྐེད་པ་ཟླུམ་པོར་ཡོད་པ་དང་། སྐེད་པ་ཕྲ་སྦོམ་མཚམས་ལེགས་པར་དོད་པའི་སྐབས་ཕྱིན་པ་དང་། མ་རྙོང་བ་ནི་མི་རིང་པས་དཀུ་མ་རྙོང་བ་རྣམས་སོ། །ཕྱང་ངེ་བ་ནི་ཕྱལ་ཕྱང་ངེ་ཞེས་ལྟོ་བའི་ངོས་ཁོད་མི་མཉམ་པ་མེད་པ་དང་། ཀུན་ནས་ལྟ་ན་སྡུག་པ་ནི་སྐུ་ཐམས་ཅད་དོ། །བཅུ་ཚན་ལྔ་པ་ནི། ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམྤ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །ཞེས་པས་ཕྱག་རིས་མདངས་ཡོད་པ་དང་། ཕྱག་རིས་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། མཆུ་བིམྤ་ཞེས་པས་ཤིང་ཏོག་བིམྤ་ལྟར་དམར་བ་སོགས་སོ། །བཅུ་ཚན་དྲུག་པ་ནི། དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་གཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །ཞེས་པས། ལྗགས་དམར་བ་དང་། མཆེ་བ་ཟླུམ་པ་ནས་བྱིན་གྱིས་ཕྲ་བའི་བར་དང་། ཤངས་གཟེངས་མཐོ་བ་དང་། ཤངས་སྣབས་ལུད་མེད་པ་སོགས་མཆོག་ཏུ་དག་པ་སོགས་སོ། །བཅུ་ཚན་བདུན་པ་ནི། སྤྱན་ཡངས་པ་དང་རྫི་མ་སྡུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པར་རྣམ་པར་སྤངས་པ་དང་། །ཞེས་པས། དེ་ཡང་མིག་གི་སྟེང་ན་སྐྱེ་བའི་སྤུ་ནི་སྨིན་མ་ཡིན་ལ། མིག་སྒོར་སྐྱེ་བ་ནི་རྫི་མའོ། །པདྨའི་འདབ་མ་འདྲ་བ་ནི། ཞེས་པདྨ་འདབ་མ་དང་ཟེའུ་འབྲུར་བཅས། ཁ་ཚང་བར་ཡོད་པ་ལྟར་དཀར་ནག་གི་མཚམས་ཕྱེད་ཅིང་མཛེས་པའོ། །སྙན་མཉམ་ནི་སྙན་གཡས་གཡོན་མཉམ་པ་དང་། ཉམས་པ་རྣམ་པར་སྤངས་པས་དྲི་མ་མེད་པའོ། །བཅུ་ཚན་བརྒྱད་པ་ནི། དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིང་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་མཚན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་པས། དཔྲལ་བ་ལེགས་པར་འབྱེས་པ་ནི་དཔྲལ་བའི་སྐྲ་མཚམས་ལེགས་པར་དོད་པ་དང་། དབྱེས་ཆེ་བ་ནི་དཔྲལ་བའི་ཁྱོན་ཆེ་བ་དང་། དབུ་སྐྲ་མ་འཛིང་པ་ནི་དབུ་སྐྲ་ཉག་མ་ཕན་ཚུན་མ་འདྲེས་པ་དང་། ནག་ནོག་ཏུ་གྱུར་པ་མེད་པ་དང་། མི་གཤོར་བ་ནི། དབུ་སྐྲ་གྱེན་དུ་མ་བརྫེས་པ་དང་། དབུ་སྐྲ་ལ་དྲི་ཞིམ་པོར་བྲོ་བས་སྐྱེས་བུའི་ཡིད་འཕྲོག་པར་བྱེད་པ་དང་། ཐུགས་ཀ་ན་དཔལ་གྱི་བེའུ་དང་ཕྱག་དང་ཞབས་ཀྱི་མཐིལ་ན་རི་མོ་གྲུ་བཞི་པ་བཀྲ་ཤིས་པ་དང་། གཡུང་དྲུང་འཁྱིལ་བ་ལ་སོགས་པས་བརྒྱན་པའོ། །མཚན་དང་དཔེ་བྱད་འདི་དག་ཉིད་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་ཏན་ཡིན་ལ། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དངོས་ནི་ལོངས་སྤྱོད་རྫོགས་སྐུ་ཡིན་པས། འདི་དག་ལོངས་སྐུ་ལ་བཞག་པ་ཡིན་ལ། སྤྲུལ་སྐུ་ལའང་མཆོག་གི་སྤྲུལ་སྐུ་ལ་མཚན་དཔེ་འདི་དག་ཡོད་མོད་ཀྱང་། སྤྲུལ་སྐུ་གཞན་དོན་གདུལ་བྱར་སྣང་པ་ཙམ་ཡིན་པས་མཚན་དཔེ་དངོས་མ་བཞག་གོ །མཚན་བཟང་རྣམས་ལས་དབུ་གཙུག་ཏོར་དང་། མཛོད་སྤུ་གཉིས་མ་གཏོགས་གཞན་རྣམས་འཁོར་ལོས་བསྒྱུར་བ་ལའང་ཆ་འདྲ་ཙམ་ཡོད་ཀྱང་། སངས་རྒྱས་ཀྱི་མཚན་བཟང་གསལ་བ་དང་མཛེས་པ་སོགས་ཁྱད་པར་ཆེའོ། །མཚན་དང་དཔེ་བྱད་ཀྱི་སྒྲ་དོན་ནི། སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པས་ན་མཚན་དང་། ནང་གི་ཡོན་ཏན་གྱི་དཔེ་ལྟ་བུ་ཕྱི་རོལ་ན་སྣང་བས་དཔེ་བྱད་དོ། །སྤྲུལ་སྐུ་ནི། གང་གིས་སྲིད་པ་ཇི་སྲིད་དུ། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་པས། སྲིད་པ་འཁོར་བའི་འཇིག་རྟེན་མ་སྟོངས་ཀྱི་བར་དུ་ཕན་བདེ་བསམ་གྱིས་མི་ཁྱབ་པར་མཛད་པའི་སྤྲུལ་སྐུ་གྲངས་མེད་པ་དུས་མཉམ་དུ་སྣང་ཞིང་། དེ་ཡང་འཁོར་བ་མ་སྟོངས་བར་དུ་རྒྱུན་མི་འཆད་པའོ། །གཉིས་པ་བརྟེན་པ་ཡེ་ཤེས་ནི། ལེའུ་བཅུ་གསུམ་པར་བཤད་པ་ལྟར་མེ་ལོང་ལྟ་བུ་ལ་སོགས་པ་དང་། དེ་དག་ཀྱང་བསྡུ་ན་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་དང་། དེ་ཡང་བསྡུ་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་གོ །གསུམ་པ་མཛད་པ་ཕྲིན་ལས་ནི། གདུལ་བྱ་རྣམས་ལམ་གྱི་རྟེན་ལ་འགོད་པ་དང་། ལམ་ལ་འགོད་པ་དང་། འབྲས་བུ་ལ་འགོད་པའོ། །དང་པོ་ལམ་གྱི་རྟེན་ལ་འགོད་པ་ནི། ངན་སོང་གི་སེམས་ཅན་རྣམས་ཐུགས་རྗེའི་འོད་ཟེར་ལྔ་ཕོགས་པས་རྒྱུད་སྦྱངས་ནས་མངོན་མཐོ་ལྷ་མིའི་ལུས་རྟེན་ཁྱད་པར་ཅན་ཡང་དག་པའི་ཆོས་ཀྱི་སྣོད་དུ་རུང་བ་ལ་འགོད་པའོ། །གཉིས་པ་ནི་རིགས་ཅན་གསུམ་གྱི་གདུལ་བྱ་རང་རང་གི་སྐལ་བ་དང་མཐུན་པར་ཐེག་པ་གསུམ་གྱི་ལམ་ལ་འགོད་པའོ། །གསུམ་པ་ནི་ལམ་དེ་དག་གི་འབྲས་བུ་མྱ་ངན་ལས་འདས་པ་ལ་འགོད་པའོ། །ཕྲིན་ལས་དེ་དག་ཀྱང་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་དང་། བྱེད་པོ་ཡུལ་ཅན་ལ་ཡོད་པའི་ཕྲིན་ལས་སོ། །དང་པོ་ནི། གདུལ་བྱ་རྣམས་མཐོ་རིས་ཐོབ་པ་དང་ལམ་རྒྱུད་ལ་སྐྱེ་བ་སོགས་གདུལ་བྱའི་རྒྱུད་ཀྱིས་བསྡུས་ལ། གཉིས་པ་ནི། དེ་ལྟར་མཛད་པའི་ཐབས་སམ་ནུས་པ་སྟེ་སངས་རྒྱས་ཉིད་ཀྱི་ཐུགས་རྒྱུད་ཀྱིས་བསྡུས་པའོ། །ལམ་གྱི་སྦས་དོན་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་བཤད་པའི་སྐབས་སུ། སྔགས་ཀྱི་ཐེག་པ་ཞེས་པའི་དོན་ནི། མན་ཡིད་དང་ཏྲ་ཡ་སྐྱོབ་པའི་སྒྲས་བསྡུས་པས་མནྟྲ་ཞེས་བྱ་སྟེ། ཡིད་ཤེས་བདེ་མྱུར་གྱིས་སྐྱོབ་པས་ན་གསང་སྔགས་སོ། །འབྲས་བུའི་ཐེག་པ་ཞེས་པའི་དོན་ནི་གཞི་གཏན་ལ་དབབ་པའི་དུས་སུ་མཐར་ཐུག་གི་སངས་རྒྱས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་སེམས་ཉིད་བདེ་གཤེགས་སྙིང་པོའི་རང་རྩལ་དུ་རྫོགས་པས་འབྲས་བུ་གཞི་ལ་གནས་པར་འདོད་པ་དང་། ལམ་ཉམས་སུ་ལེན་པའི་དུས་སུ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་བཞུགས་ཚུལ་དང་མཐུན་པའི་ལམ་སྒོམ་པས་འབྲས་བུ་ལམ་དུ་བྱེད་པ་དང་། འབྲས་བུ་མངོན་དུ་བྱེད་པའི་དུས་སུ་མི་ལུས་གཅིག་གིས་འབྲས་བུ་མངོན་དུ་བྱེད་པས་འབྲས་བུའི་ཐུས་ཀ་ཡིན་པའི་ཕྱིར་ན་འབྲས་བུའི་ཐེག་པ་ཞེས་བྱའོ། །རྡོ་རྗེའི་ཐེག་པ་ཞེས་པའི་དོན་ནི། མཚོན་བྱེད་དཔེའི་རྡོ་རྗེ་དང་རྗེས་སུ་མཐུན་པའི་ཆོས་ཉིད་དོན་དམ་པའི་རྡོ་རྗེ་བདེ་གཤེགས་སྙིང་པོའི་ཡིན་ལུགས་བླ་མས་ངོ་སྤྲད་པ་དེ་ཉིད་ཕར་མཚན་མའི་རྣམ་རྟོག་ཐམས་ཅད་ཀྱིས་གླགས་མི་རྙེད་པས་ན་རྡོ་རྗེ་ཡིན་ལ། དོན་དམ་ཉམས་ལེན་གྱི་གཙོ་བོར་བརྟེན་པས་ན་རྡོ་རྗེ་ཐེག་པ་ཞེས་བྱའོ། །ཐབས་ཀྱི་ཐེག་པ་ཞེས་པའི་དོན་ནི། སྦྱིན་པ་ལྟ་བུ་སྤྱོད་པའི་སྒོ་རེ་རེ་ཡང་ཐབས་དུ་མའི་སྒོ་ནས་སྒྲུབ་པས་ཐབས་མང་བ་དང་། ཉོན་མོངས་པ་ལྔ་ཡང་ལམ་དུ་བྱེད་པས་ཐབས་མཁས་པ་དང་། འདོད་ཡོན་མ་སྤངས་པས་ཐབས་བདེ་བ་དང་། ཚེ་ལུས་གཅིག་གིས་འགྲུབ་པས་ཐབས་མྱུར་བའོ། །རིག་པ་འཛིན་པའི་སྡེ་སྣོད་ཅེས་པའི་དོན་ནི། རིག་པ་བདེ་གཤེགས་སྙིང་པོའི་ཆོས་ཉིད་བླ་མས་ངོ་སྤྲད་པ་དེ་ཉིད་མི་འབྲལ་བར་འཛིན་པའི་རིག་འཛིན་ནི་གསང་སྔགས་ཉམས་སུ་ལེན་པའི་གང་ཟག་རྣམས་ཡིན་ལ། དེ་དག་གིས་ཉམས་སུ་བླང་བྱའི་སྡེ་སྣོད་ཡིན་པས་ན་རིག་པ་འཛིན་པའི་སྡེ་སྣོད་དོ། །སྡེ་སྣོད་ཅེས་པའི་དོན་ནི། ཚིག་དོན་གྱི་སྡེ་ཚན་དུ་མའི་སྣོད་ཡིན་པས་ན་སྡེ་སྣོད་དོ། ལམ་སྨིན་བྱེད་ཀྱི་དབང་བཤད་པའི་སྐབས་སུ་ཕྱི་ནང་གསང་བའི་དེ་ཉིད་བཅུ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་སྡུད་པ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོ། །ཕྱིར་བཟློག་གཉིས་ནི་ཁྲོ་བཅུ་ལ་སོགས་པའི་སྲུང་འཁོར་བསྒོམས་ནས་བར་ཆད་ཐམས་ཅད་ཕྱིར་བཟློག་པ་དང་། བྲིས་པའི་སྲུང་འཁོར་གྱི་སྒོ་ནས་བཟློག་པ་ཡིན་ནོ། །ཕྱིའི་དེ་ཉིད་བཅུ་པོ་གསང་སྔགས་ནང་རྒྱུད་དང་བསྟུན་པའི་དཀྱིལ་འཁོར་བྲི་བ་དང་ཏིང་ངེ་འཛིན་སྒོམ་པ་སོགས་ནང་གི་དེ་ཉིད་བཅུ་དང་ཕྱི་རྒྱུད་སྡེ་གསུམ་དང་བསྟུན་ན་ཕྱིའི་དེ་ཉིད་བཅུའོ། །ཆོ་གའི་ཡན་ལག་བཅུ་དྲུག་བཤད་པའི་སྐབས་སུ། བསྙེན་པ་ལ་གཞི་བསྙེན་དང་ལས་བསྙེན་གཉིས་ལས། གཞི་བསྙེན་ལ་གྲངས་དུས་མཚན་མའི་བསྙེན་པ་དང་གསུམ། ལས་བསྙེན་སློབ་མ་ལ་དབང་བསྐུར་བའི་དུས་སུ་བསྙེན་པ་ཁ་གསོ་བ་སྟེ། དེ་གཉིས་ཀ་ལ་བསྙེན་སྒྲུབ་ཡན་ལག་བཞི་ཀ་ཚངས་པར་བསྒོམ་དགོས་ཏེ། དེ་ཡང་ཆོ་གའི་ཐུན་གཅིག་དང་སྦྱར་ན་ཏིང་ངེ་འཛིན་གསུམ་སྒོམ་པ་ཡན་ཆད་བསྙེན་པ། རང་ལྷ་གཙོ་བོར་སྒོམ་པ་ཉེ་བསྙེན། འཁོར་གྱི་ལྷ་ཚོགས་ཚང་བར་སྒོམ་པ་སྒྲུབ་པ་དབང་བསྐུར་རྒྱས་གདབ་སྤྱན་འདྲེན་སོགས་ནས་བཟླས་པ་མཆོད་བསྟོད་སོགས་སྒྲུབ་པ་ཆེན་པོའོ། །ཡང་ན་བསྙེན་པ་ཇི་ཙམ་བྱེད་པའི་ཞག་གྲངས་ཀྱིས་བསྙེན་སྒྲུབ་ཡན་ལག་བཞི་ཚང་བ་ཡིན་ཏེ། ཞག་དང་པོ་སྒྲུབ་རྫས་དང་ཡོ་བྱད་སྟ་གོན་བྱས་ནས་ཆོ་ག་ཚར་གཅིག་གཏོང་བ་བསྙེན་པ། དེ་ནས་སྒྲུབ་པ་ཇི་ཙམ་བྱེད་པའི་ཞག་གྲངས་ཀྱི་ཕྱེད་ཚུན་ཆད་འོད་ཟེར་དཀར་པོའི་སྤྲོ་བསྡུས་སྡིག་སྒྲིབ་སྦྱངས་པའི་དམིགས་པ་གཙོ་བོར་བྱེད་པ་ཉེ་བསྙེན། དེ་ཕྱིན་ཆད་ཕྱེད་ཕྱི་ལ་འོད་ཟེར་དམར་པོའི་སྤྲོ་བསྡུས་མཆོག་ཐུན་མོང་གི་དངོས་གྲུབ་རང་ལ་བསྡུ་བའི་དམིགས་པ་གཙོ་བོར་བྱེད་པ་བསྒྲུབ་པ། ཞག་ཐ་མ་ལ་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོའོ། །དེ་ནས་ས་ཆོག་ལ་ཡན་ལག་བཞི་སྟེ། དང་པོ་ས་བསླང་བ་ལ་སྣང་བ་མི་ལས་བསླང་བ་རྒྱལ་པོ་ལ་སོགས་ལ་རིན་གྱིས་གཞལ་བའམ་ཚིག་གིས་བཀྲོལ་ནས་ས་གཞི་རང་དབང་ཐོབ་པར་བྱ། མི་སྣང་བ་སའི་ལྷ་མོ་ལས་བསླང་པ་སའི་ལྷ་མོ་ས་བདག་གཞི་བདག་གི་འཁོར་དང་བཅས་པ་ལ་གཏོར་མ་ཕུལ་ནས་གནང་བ་ཞུ་བ་དང་གཉིས་སོ། །གཉིས་པ་ས་སྦྱང་བ་ལ་བཞི། དང་པོ་ལྟོ་འཕྱེ་བརྟགས་ནས་སྦྱང་བ་ནི། ས་བདག་ལྟོ་འཕྱེའི་ཐིག་ལེགས་པར་བཏབ་སྟེ་དེའི་ལྟོ་བའི་ཐད་ནས་བརྐོའོ། །གཉིས་པ་སའི་ཟུག་རྔུ་དབྱུང་བ་ནི། དཀྱིལ་འཁོར་གཞིར་ལུས་ཕྱེད་ནུབ་པ་ལ་སོགས་པའི་ས་བརྐོས་ནས་རུས་པ་གྱོ་མོ་རྡོ་སྐྲ་སོགས་སའི་ཟུག་རྔུ་རྣམས་དབྱུང་བའོ། །གསུམ་པ་རྫས་སྔགས་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། བ་བྱུང་དྲི་བཟང་གི་ཆུ་ལ་སོགས་པའི་རྫས། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་སྔགས་དང་། ལག་པ་རྡོ་རྗེའི་རང་བཞིན་ལས་འཕྲོས་པའི་འོད་ཀྱིས་ས་གཞི་རྡོ་རྗེར་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་རྣམས་ཀྱིས་སྦྱང་བའོ། །བཞི་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པས་སྦྱང་བ་ནི། སྦྱང་བྱ་སྦྱོང་བྱེད་ཀྱི་སྤྲོས་པ་ཞི་བའི་ཆོས་ཉིད་ལ་མཉམ་པར་འཇོག་པའོ། །གསུམ་པ་གཟུང་བ་ནི། རྐང་བ་བྱིན་གྱིས་བརླབས་ཏེ་རྡོ་རྗེའི་འགྲོས་དང་གར་གྱིས་ས་བཅག་པའོ། །བཞི་པ་ས་སྲུང་བ་ནི། བགེགས་ཀྱི་གཙོ་བོ་རྣམས་ལ་ཕུར་བུས་བཏབ་སྟེ་སྲུང་བའོ། །གསུམ་པ་སྟ་གོན་ལ་ཡན་ལག་བཞི་སྟེ། ས་ཡི་ལྷ་མོ་སྟ་གོན་དང་། དཀྱིལ་འཁོར་གྱི་ལྷ་སྟ་གོན་དང་། བུམ་པ་སྟ་གོན་དང་། སློབ་མ་སྟ་གོན་ནོ། །དང་པོ་ནི། ས་ལྷ་སྤྱན་དྲངས་ཏེ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ་བ་སྔར་ལྟར་རོ། །གཉིས་པ་ནི། དཀྱིལ་འཁོར་གྱི་གཞིར་ཚོམ་བུ་བཀོད་པ་ལ་ལྷ་བསྐྱེད་བསྟིམ་སོགས་བྱས་ནས་གནང་བ་ཞུ་བའོ། །གསུམ་པ་ལྷ་གྲངས་སམ། རྣམ་རྒྱལ་དང་ལས་བུམ་ཙམ་སྒྲུབ་པའོ། །བཞི་པ་ནི་སློབ་མ་ལ་ཆོས་བཤད་ནས་སོ་ཤིང་ཁྱོར་ཆུ་སྲུང་སྐུད་ཀུ་ཤ་རྣམས་བྱིན་ཏེ་དངོས་གྲུབ་ཀྱི་ལྟས་བརྟགས་པའོ། །བཞི་པ་སློབ་མ་འཇུག་ཅིང་སྨིན་པ་ལ་ཡན་ལག་བཞི་སྟེ། སློབ་དཔོན་རང་ཉིད་འཇུག་པ་དང་། སློབ་མ་འཇུག་པར་གནང་བ་ཞུ་བ་དང་། སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང་། ཞུགས་པ་ལ་དབང་བསྐུར་བའོ། །དང་པོ་ནི། རྒྱས་པར་བདག་ཉིད་འཇུག་པ་དང་། བསྡུ་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་འཇུག་གོ །གཉིས་པ་ནི། སློབ་མ་གཞུག་པར་གནང་བ་ཞུས་པས། གནང་བ་བྱིན་པར་བསམ་མོ། །གསུམ་པ་ནི། སྡོམ་པ་རྣམས་ཕོག་པ་ནས་བཟུང་དཀྱིལ་འཁོར་བསྟན་པའི་བར་ཕྱི་འཇུག་དང་། ཡེ་ཤེས་ཕེབས་པ་ནང་འཇུག་གོ །བཞི་པ་ནི། དབང་བཞི་རྒྱས་པར་བསྐུར་བའོ། །དབང་བཞི་རྒྱས་པར་བཤད་པའི་སྐབས་སུ། དབང་རེ་རེ་ལའང་འདོད་ཆགས་ཀྱིས་འཇུག་ཚུལ་བཞི་ལས། གང་གི་གཉེན་པོར་ཆ་བ། དཀྱིལ་འཁོར་གང་ལ་བརྟེན་པ། དབང་གང་བསྐུར་བ། སྒྲིབ་པ་གང་འདག །ལྟ་བ་གང་རྟོགས། ལམ་གང་སྒོམ་པ་ལ་དབང་། གྲུབ་མཐའ་གང་སྙོགས། འདའ་ཀ་མའི་མན་ངག་གང་ཡིན། འབྲས་བུ་གང་ཐོབ་པ་དང་དགུ་རེ་ཡོད་པ་ལས། དང་པོ་བུམ་དབང་གི་སྐབས་སུ། བལྟས་པས་ཚིམ་པའི་འདོད་ཆགས་ཀྱི་གཉེན་པོར་བྱེད། དཀྱིལ་འཁོར་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན། དབང་བུམ་དབང་བསྐུར། ལུས་ཀྱི་སྒྲིབ་པ་དག །ལྟ་བ་ངོ་བོ་ཉིད་གསུམ་རྟོགས། དེ་ཡང་སྣང་བ་ལྷ་ཡི་དཀྱིལ་འཁོར་དུ་གསལ་བ་སྣང་ཕྱོགས་ཀྱི་ངོ་བོ་ཉིད་དང་། དེའི་རང་བཞིན་སྟོང་ཉིད་དུ་ཤེས་པ་སྟོང་ཕྱོགས་ཀྱི་ངོ་བོ་ཉིད་དང་། དེ་གཉིས་ཟུང་དུ་འཇུག་པ་ཟུང་འཇུག་གི་ངོ་བོ་ཉིད་དོ། དང་པོ་གཉིས་རྒྱུ་དུས་ཀྱི་ལྟ་བ་དུག་ཅན་དང་། ཕྱི་མ་འབྲས་དུས་ཀྱི་ལྟ་བ་དུག་མེད་དོ། །ལམ་བསྐྱེད་རིམ་དབྱིབས་ཀྱི་ལམ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང་། གྲུབ་མཐའ་གང་རྟོགས་ན་འཁོར་འདས་དབྱེར་མེད་རྟོགས། དེ་ཡང་འདི་མན་ཆད་ཀྱི་གྲུབ་མཐའ་སྙོགས་པ་ཐམས་ཅད་རང་རང་གིས་ལྟ་བ་མངོན་སུམ་དུ་རྟོགས་པ་ཡིན་པས་ས་ཐོབ་པའམ་རིག་འཛིན་གྲུབ་པ་ཡིན་ནོ། །འཁོར་འདས་དབྱེར་མེད་ནི། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་མཉམ་པ་ཉིད་དུ་རྟོགས་པའོ། །འདའ་ཀ་མའི་མན་ངག་ནི། ཚེ་འདིར་གྲུབ་མཐའ་མ་སྙོགས་ན་འོད་ཀྱི་གོང་བུས་འཕོ་བ་དང་། སྒྲ་ཡི་གོང་བུས་འཕོ་བ་ལ་བརྟེན་ནས་དག་པའི་ཞིང་ངམ་སྔགས་ལ་སྤྱོད་པའི་རྟེན་ཅན་དུ་སྐྱེས་ཏེ་ལམ་གྱི་འཕྲོ་མཐུད་པའོ། །དེ་ཡང་འོད་ཀྱི་གོང་བུ་ནི་རྣམ་ཤེས་འོད་ཀྱི་ཐིག་ལེར་བསྒོམ་ནས་འཕོ་བ་དང་། སྒྲའི་འཕོ་བ་ནི་ཧི་ཀ་ལ་སོགས་པའི་སྒྲས་འཕོ་བའོ། །ཚེ་འདིར་གྲུབ་མཐའ་སྙོགས་ན་འདའ་ཀ་མའི་མན་ངག་མི་དགོས་སོ། །འབྲས་བུ་ནི་རྩའི་འགྲོས་ཐིམ་ནས་སྤྲུལ་སྐུ་འགྲུབ་པའོ། །གཉིས་པ་གསང་དབང་ལའང་དགུ་སྟེ། དང་པོ་དགོད་པས་ཚིམ་པའི་འདོད་ཆགས་ཀྱི་གཉེན་པོར་བྱེད། དཀྱིལ་འཁོར་རྩ་ཡི་གེ་བྷ་གའི་དཀྱིལ་འཁོར་ལ་བརྟེན། དབང་གསང་དབང་བསྐུར། ངག་གི་སྒྲིབ་པ་དག །ལྟ་བ་རང་བྱུང་གི་ཡེ་ཤེས་རྟོགས། ལྟ་བ་འདི་ལ་བཞི་སྟེ། དང་པོ་སྙིང་གའི་ཉོན་མོངས་པའི་རྩ་འཁོར་དུ་རླུང་སེམས་འདུས་པས་ཉོན་མོངས་པ་སྔར་བས་རགས་པ་ལྟར་གྱུར་པས་ཉོན་མོངས་རང་བྱུང་ཡེ་ཤེས། དེ་ནས་རོ་རྐྱང་རྣམ་རྟོག་གི་རྩ་ལ་རླུང་སེམས་འདུས་པས་རྣམ་རྟོག་སྔར་བས་རགས་པ་ལྟར་གྱུར་པ་རྣམ་རྟོག་རང་བྱུང་ཡེ་ཤེས། དེ་ནས་དབུ་མའི་རྩ་འཕྲེད་བསྟན་འགའ་ཞིག་ཏུ་རླུང་སེམས་འདུས་པས་ཤེས་པ་སྔར་བས་རྨོངས་པ་ལྟར་གྱུར་པ་སྣྲེལ་ཞི་རང་བྱུང་ཡེ་ཤེས། དེ་ནས་དབུ་མར་རླུང་སེམས་འདུས་ནས་རིག་པ་གསལ་དྭངས་སྔར་བས་ཁྱད་པར་དུ་འཕགས་པ་རྒྱུད་ལ་སྐྱེས་པ་གསལ་ཞིང་ཡངས་པ་རང་བྱུང་ཡེ་ཤེས་སོ། །སྔ་མ་གསུམ་ལྟ་བ་དུག་ཅན་དང་། ཕྱི་མ་དུག་མེད་དོ། །ལམ་བདག་བྱིན་གྱིས་རློབ་པའི་ལམ་གཏུམ་མོ་བསྒོམ་པ་ལ་དབང་། གྲུབ་མཐའ་གང་སྙོགས་ན་མ་འདྲེས་ལ་ཡོངས་སུ་རྫོགས་པའི་གྲུབ་མཐའ་སྙོགས་ཏེ། འགྲོ་དྲུག་གི་སྒྲ་སྐད་ཆེ་ཆུང་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་རྟོགས་པའོ། །ཚེ་འདིར་གྲུབ་མཐའ་མ་སྙོགས་ན་འདའ་ཀ་མའི་མན་ངག་དཔེའི་འོད་གསལ་ཏེ་སྔར་གྱི་ལྟ་བ་དེའི་ངང་ནས་འཕོ་བའོ། །འབྲས་བུ་གང་ཐོབ་ན་ཡི་གེའི་འགྲོས་ཐིམ་ནས་ལོངས་སྐུ་འགྲུབ་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལའང་དགུ་སྟེ། དང་པོ་འདོད་ཆགས་བཞི་ལས་ལག་བཅང་གི་འདོད་ཆགས་ཀྱི་གཉེན་པོར་བྱེད། དཀྱིལ་འཁོར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན། དབང་ཤེར་དབང་བསྐུར་ཡིད་ཀྱི་སྒྲིབ་པ་དག །ལྟ་བ་གང་རྟོགས་ན་བདེ་སྟོང་དགའ་བཞིའི་ལྟ་བ་རྟོགས། དེ་ཡང་དགའ་བ་དང་པོ་གསུམ་ལྟ་བ་དུག་ཅན། ཕྱི་མ་དུག་མེད་དོ། །ལམ་གང་སྒོམ་པ་ལ་དབང་ན་ཁམས་ཀྱི་ཞུ་བདེ་ལ་བརྟེན་ནས་སྣང་མཆེད་ཐོབ་གསུམ་གཞན་ལུས་ཕྱག་རྒྱའི་ལམ་སྒོམ་པ་ལ་དབང་། གྲུབ་མཐའ་གང་རྟོགས་ན་བདེ་སྟོང་དབྱེར་མེད་ཀྱི་གྲུབ་མཐའ་རྟོགས། ཚེ་འདིར་གྲུབ་མཐའ་མ་སྙོགས་ན། འདའ་ཀ་མའི་མན་ངག་རྡོ་རྗེ་སེམས་དཔའ་འབྱོན་པ་སྟེ། རྡོ་རྗེ་སྟོང་པ་ཉིད། བདེ་བ་ཆེན་པོ་སེམས་ཏེ་བདེ་སྟོང་རྡོ་རྗེ་སེམས་དཔའི་རང་བཞིན་གཞི་དུས་ཀྱི་འོད་གསལ་ངོ་འཕྲོད་ནས་གྲོལ་བའོ། །འབྲས་བུ་གང་ཐོབ་ན་ཐིག་ལེའི་འགྲོས་ཐིམ་ནས་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའོ། །བཞི་པ་ཚིག་དབང་རིན་པོ་ཆེ་ལ་ཡང་སྔར་ལྟར་དགུ་ལས། འདོད་ཆགས་བཞི་ལས་གཉིས་སྦྱོར་གྱི་འདོད་ཆགས་ཀྱི་གཉེན་པོར་བྱེད། དཀྱིལ་འཁོར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། དབང་ཚིག་དབང་བསྐུར། སྒྲིབ་པ་གང་དག་ན་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །ལྟ་བ་གང་རྟོགས་ན་རིག་སྟོང་བསམ་གྱིས་མི་ཁྱབ་པའི་ལྟ་བ་རྟོགས། ལམ་གང་སྒོམས་པ་ལ་དབང་ན་འོད་གསལ་ཕྱག་རྒྱ་ཆེན་པོའམ་རིག་སྟོང་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། གྲུབ་མཐའ་གང་རྟོགས་ན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བདེ་སྟོང་ཕྱག་རྒྱ་ཆེན་པོ་རྟོགས། ཚེ་འདིར་གྲུབ་མཐའ་མ་སྙོགས་ན་འདའ་ཀ་མ་གསང་ཆེན་ཕྱག་རྒྱ་ཆེན་པོའི་ངང་དུ་འཕོ་བའོ། །འབྲས་བུ་གང་ཐོབ་ན་སྙིང་པོ་ཡེ་ཤེས་རླུང་གི་འགྲོས་ཐིམ་ནས་ཡེ་ཤེས་རྡོ་རྗེའི་ངོ་བོ་ཉིད་སྐུའི་གོ་འཕང་ཐོབ་པའོ། །སྐབས་འདིར་དག་པའི་ལྟ་བ་རྣམས་ནི་ཉམས་མྱོང་ཏིང་ངེ་འཛིན་གྱི་ལྟ་བ་ཞེས་བྱ་སྟེ། མཚན་ཉིད་ཐེག་པར་ཐོས་བསམ་གྱིས་གཏན་ལ་དབབ་པའི་ལྟ་བ་བཤད་པ་དང་མི་འདྲའོ། །རྩའི་འགྲོས་ཐིམ་སོགས་ནི་མ་དག་པའི་རྩ་རླུང་ཐིག་ལེ་རྣམས་དག་པ་ཡེ་ཤེས་ཀྱི་ངང་དུ་ཐིམ་པའོ། །མཐར་ཐུག་གི་འབྲས་བུ་རྣམས་ཐོབ་རུང་གི་ས་བོན་རྒྱུད་ལ་བཞག་པ་ཙམ་ཡིན་གྱི། དབང་དེ་དག་ཐོབ་པ་ཙམ་གྱིས་དངོས་སུ་ཐོབ་པ་ནི་མ་ཡིན་ནོ། །གྲུབ་མཐའ་ཡང་ལམ་དེ་བསྒོམས་པས་ད་གཟོད་གྲུབ་པའོ། །རྫོགས་རིམ་གྱི་སྐབས་སུ་ཆོས་དྲུག་ནི། ལམ་གྱི་རྩ་བ་གཏུམ་མོ། །ལམ་གྱི་གཞི་མ་སྒྱུ་ལུས། ལམ་གྱི་དྲོད་ཚད་རྨི་ལམ། ལམ་གྱི་སྙིང་པོ་འོད་གསལ། ལམ་གྱི་སུན་མ་བར་དོ། །ལམ་གྱི་བློ་ཆོད་འཕོ་བ་དང་དྲུག་གོ །དང་པོ་ལམ་གྱི་རྩ་བ་གཏུམ་མོ་ལ། ལས་ཀྱི་གཏུམ་མོ། །ཉམས་ཀྱི་གཏུམ་མོ། །མཆོག་གི་གཏུམ་མོའོ། །ལས་ཀྱི་གཏུམ་མོ་ནི། ལུས་ཀྱི་བྱེད་པ་བཅིངས་ཏེ་ཆོས་བདུན་གཡོ་མེད་དུ་བྱེད་པ། ངག་གི་བྱེད་པ་བཅིངས་ཏེ་རླུང་ཁ་སྦྱོར་དུ་འཆིང་བ་དང་། སེམས་ཀྱི་བྱེད་པ་བཅིངས་ཏེ་གཏུམ་མོ་འབར་འཛག་སྒོམ་པ་སོགས་སོ། །ཉམས་ཀྱི་གཏུམ་མོ་ནི་དེ་ལྟར་བསྒོམས་པས་རླུང་སེམས་དབུ་མར་འདུས་པའི་རྟགས་སུ་དུ་བ་སྨིག་སྒྱུ་མེ་ཁྱེར་ལ་སོགས་པ་སྣང་ཞིང་སེམས་བདེ་སྟོང་གི་ཉམས་སྐྱེ་བའོ། །མཆོག་གི་གཏུམ་མོ་ནི། རླུང་སེམས་འདུ་ཚུལ་ལས་སྣང་བ་གསུམ་གྱིས་དྲངས་པའི་འོད་གསལ་མངོན་དུ་གྱུར་ནས་རྣམ་པར་མི་རྟོག་པ་མཆོག་གི་གཏུམ་མོ་རྒྱུད་ལ་སྐྱེ་བའོ། །གཉིས་པ་ལམ་གྱི་གཞི་མ་སྒྱུ་ལུས་ལའང་། མ་དག་པའི་སྒྱུ་ལུས། དག་པའི་སྒྱུ་ལུས། སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་སོ། །དང་པོ་མ་དག་སྒྱུ་ལུས་ནི། ཕྱི་ནང་གི་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་སྒོམ་པའོ། །དག་པའི་སྒྱུ་ལུས་ནི་སྣང་བ་ཐམས་ཅད་ལྷ་སྐུ་སྒྱུ་མ་ལྟར་སྒོམ་པའོ། །སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་ནི། དེ་ལྟར་སྣང་བ་ལྷ་གོམས་པ་དང་། དེ་ཉིད་འོད་གསལ་དུ་འཇུག་པའི་བསྡུ་རིམ་གཉིས་ཀ་སྤེལ་ནས་གོམས་པས་བསྡུ་རིམ་ཚེ་ཐ་མལ་གྱི་ལུས་རགས་པའི་འཛིན་པ་དང་བྲལ་ནས། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་པ་དེ་ཉིད་རང་ངོ་ལ་རྟག་པར་སྣང་ཞིང་གཞན་སྣང་དུ་སྔར་གྱི་ལུས་རགས་པ་དེ་ཉིད་མི་སྣང་བ་སྟེ་དེའི་ཚེ་སྒྱུ་ལུས་གྲུབ་པ་ཞེས་བྱའོ། །གསུམ་པ་ལམ་གྱི་དྲོད་ཚད་རྨི་ལམ་ནི། སྒྱུ་ལུས་ཀྱི་ཡན་ལག་སྟེ། དང་པོ་འདུན་སྟོབས་དང་རླུང་སྟོབས་གང་རུང་གིས་རྨི་ལམ་བཟུང་ནས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་ལ་སྦྱངས། དེ་ནས་རྨི་ལམ་གྱི་སྣང་བ་སྤྲུལ་སྒྱུར་བྱེད་པ་དང་རྨི་ལམ་བཟུང་ནས་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་གནས་ལ་སོགས་པ་ཉུལ་བ་དང་། འཇིགས་སྐྲག་གི་གནས་མེ་དང་ཆུ་དང་གཡང་ས་སོགས་ལ་ཐོག་བརྫིས་བྱ་བ་དང་། མཐར་རྨི་ལམ་གྱི་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དུ་བལྟས་ནས་སྒྱུ་མར་སྦྱོང་བ་དང་། མཐར་སྒྱུ་མའི་ལྷ་སྐུ་ཡང་བསྡུ་རིམ་གྱིས་བསྡུས་ནས་འོད་གསལ་དུ་འཇུག་པ་སྟེ་མཐར་རྨི་ལམ་དབྱིངས་སུ་ནུབ་པའི་ཐབས་ལ་སློབ་པའོ། །བཞི་པ་ལམ་གྱི་སྙིང་པོ་འོད་གསལ་ནི། སྔར་སྒྱུ་ལུས་ཀྱི་སྐབས་ཀྱི་སྒྱུ་མར་ལྟ་བུའི་ལྷ་སྐུ་དེ་ཡང་བསྡུ་རིམ་གྱིས་འོད་གསལ་དུ་བསྡུས་ནས་གཏུམ་མོ་རང་ལུས་དང་གཞན་ལུས་ཕྱག་རྒྱའི་ལམ་གང་རུང་ལ་བརྟེན་ནས་དགའ་བཞི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོགས་ལ་གོམས་པ་ལས། སྟོང་པ་བཞིའམ་དགའ་བ་བཞིས་དྲང་བའི་འོད་གསལ་རྒྱུད་ལ་སྐྱེ་བའོ། །དེ་ཡང་སྟོང་པ་བཞི་ནི། དང་པོ་རྣམ་ཤེས་སྣང་བ་ལ་ཐིམ་པའི་སྐབས་སུ་ཞེ་སྡང་གི་རྟོག་པ་སོ་གསུམ་འགག །ཕྱི་རྟགས་སུ་སྟོན་གནམ་ཟླ་འོད་ཀྱིས་བསླད་པ་ལྟར་དཀར་ལམ་ལམ་པའི་སྣང་བ་དང་ནང་རྟགས་སུ་གསལ་བའི་ཉམས་མཐའ་དབུས་མེད་པར་འཆར་ཏེ་སྟོང་པ་ཞེས་བྱ། དེ་ནས་སྣང་བ་མཆེད་པ་ལ་ཐིབ་པས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག །ཕྱི་རྟགས་སུ་སྟོན་གནམ་ཉི་འོད་ཀྱིས་བསླད་པ་ལྟ་བུའི་དམར་ལམ་པ་དང་། ནང་རྟགས་སུ་བདེ་བ་མུ་མཐའ་མེད་པར་འཆར་ཏེ་སྟོང་པ་ཆེན་པོ་ཞེས་བྱ། དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་གཏི་མུག་གི་རྟོག་པ་བདུན་འགག་ཕྱི་རྟགས་སུ་སྟོན་གནམ་སྨག་གིས་བསླད་པ་ལྟ་བུའི་ནག་ལམ་པ་དང་ནང་རྟགས་སུ་རྣམ་པར་མི་རྟོག་པའི་ཉམས་མཐའ་དབུས་མེད་པར་འཆར་ཏེ་ཤིན་ཏུ་སྟོང་པ་ཞེས་བྱ། དེ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པ་ཞེས་ཟེར་ཡང་། དོན་དུ་སྔར་ཉེར་ཐོབ་ཀྱི་སྐབས་ཀྱི་མི་རྟོག་པ་དེ་ཉིད་ཅུང་ཟད་སངས་ནས་རང་བཞིན་གཞིར་གནས་ཀྱི་འོད་གསལ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཅོས་མིན་དུ་ཤར་བ་ནི་སྟོན་གྱི་དུས་སུ་ཐོ་རངས་ཀྱི་ནམ་མཁའ་བསླད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བ་ལྟ་བུ་སྟེ་ཐམས་ཅད་སྟོང་བའི་འོད་གསལ་ཞེས་བྱའོ། །དེ་དག་གི་སྐབས་སུ་བཤད་པའི་ཞེ་སྡང་གི་རྟོགས་པ་སོ་གསུམ་ནི། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་། གང་ཡིད་ཀྱིས་འོང་བ་དག་དང་། ཡིད་ཀྱིས་འགྲོ་དང་། སོང་བ་དང་། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དང་། ཞི་བ་དང་། རྣམ་པར་རྟོག་པ་དང་། འཇིགས་པ་དང་འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་དང་། རིག་པ་འཛིན་པའི་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་བ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དོགས་པ་དང་བཅས་པ་དང་། སྡུད་པ་དང་། སེར་སྣ་རྣམས་སོ། །འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་ནི། འདོད་ཆགས་པ་དང་། ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། དགོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབ་པ་དང་། བརྟན་པ་དང་། བརྩོན་པ་དང་། ཁེངས་པ་དང་། བྱེད་པ་དང་། འཕྲོག་པ་དང་། སྟོབས་དང་། སྤྲོ་བ་དང་། ཚོམ་ཚོམ་མེད་པ་དང་། ཚོམ་ཚོམ་མེད་པ་བར་མ་དང་། ཤིན་ཏུ་ཚོམ་ཚོམ་མེད་པ་དང་། དྲེགས་པ་དང་། རྣམ་པར་སྒེག་པ་དང་། འགྲས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་། ཉེ་བར་ལེན་པ་དང་། སྦྱིན་པ་པོ་ཉིད་དང་། བརྟུལ་བ་དང་། དཔའ་བ་དང་། ངོ་ཚ་མེད་པ་དང་། གཡོ་ཅན་དང་། གདུག་པ་ཅན་དང་། མི་སྲུན་པ་དང་། གྱ་གྱུ་ཆེ་བ་རྣམས་སོ། །གཏི་མུག་གི་རྟོག་པ་བདུན་ནི། འདོད་ཆགས་བར་མ་དང་། བརྗེད་ངེས་དང་། འཁྲུལ་བ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་རྣམས་སོ། །དེ་ལྟ་བུའི་སྣང་གསུམ་མམ། ཡང་ན་དགའ་བ་བཞིས་དྲངས་པའི་འོད་གསལ་གང་རུང་ཡིན་ཡང་འདྲ་སྟེ་དེ་ལ་འོད་གསལ་ཙམ་དུ་འདྲ་ཡང་། དེའང་དཔེ་དོན་གྱི་འོད་གསལ་དུ་མ་དང་། དཔེའི་འོད་གསལ་ལ་ཡང་མཆོག་དམན་གྱི་རིམ་པ་དུ་མ་ཡོད་ཀྱང་། དེས་ན་མཐོང་ལམ་མ་སྐྱེས་ཚུན་ཆད་དུ་དཔེའི་འོད་གསལ་ཡིན་ལ། མཐོང་ལམ་གྱི་བདེན་པ་མཐོང་བ་ནི་དོན་གྱི་འོད་གསལ་ཡིན་ཏེ། དེ་ཡན་ཆད་དོན་གྱི་འོད་གསལ་ལ་འགྱུར་བ་མེད་དོ། །འཆི་དུས་ཀྱི་ཐིམ་རིམ་རྫོགས་པའི་མཐའ་དང་གཉིད་དུས་སོགས་སུ་འོད་གསལ་ཤར་བ་ནི་གཞིའི་འོད་གསལ་ཡིན་ལ། རྣལ་འབྱོར་པས་ལམ་གོམས་པའི་སྟོབས་ཀྱིས་དེ་ཉིད་ངོ་ཤེས་པར་བྱས་ནས་དཔེ་དོན་གྱི་འོད་གསལ་གང་རུང་ལ་སྦྱར་རོ། །ལྔ་པ་ལམ་གྱི་སུན་མ་བར་དོ་ནི། རབ་འབྱུང་འཁྲུགས་འཆི་ཀའི་བར་དོ་ལ་སྣང་གསུམ་གྱིས་དྲངས་པའི་གཞིའི་འོད་གསལ་འཆར་བའི་ཚེ་སྔར་འདྲིས་ཀྱི་གདིང་ལ་བརྟེན་ནས་ངོས་བཟུང་སྟེ་འོད་གསལ་ཆོས་སྐུའི་ངང་དུ་གྲོལ་ལོ། །འབྲིང་སྣང་མུན་སྲིད་པའི་བར་དོའི་སྒྱུ་ལུས་ལ་བརྟེན་ནས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་། ཐ་མ་སྲེད་ལེན་སྐྱེ་གནས་ཀྱི་བར་དོར་མངལ་སྒོ་བཟང་པོ་འདམ་པ་དང་། མངལ་སྒོ་ངན་པ་འགེགས་པ་དང་། དག་པའི་ཞིང་ཁམས་སུ་འཕེན་པ་གཏོད་པ་སོགས་ཀྱིས་གསང་སྔགས་ཀྱི་ཆོས་ལ་སྤྱོད་པའི་སྣོད་རུང་དུ་སྐྱེས་ནས་ལམ་གྱི་འཕྲོ་མཐུད་པའོ། །དྲུག་པ་ལམ་གྱི་བློ་ཆོད་འཕོ་བ་ནི། གང་ཟག་རབ་ཚེ་འདིར་ལྟ་བ་རྟོགས་པ་དང་། གྲུབ་མཐའ་སྙོགས་པ་ཡིན་ན་འཕོ་བ་མི་དགོས་ཀྱང་། ཇི་སྐད་དུ། ལམ་སྦྱང་བ་དམན་ན་འཕོ་བས་བསུ། ཞེས་གསུངས་པ་ལྟར་ལམ་གྱི་སྦྱང་བགྲོད་དམན་པ་དག་གིས་འཆི་ལྟས་བརྟགས་པས་འཆི་བར་ངེས་ཤིང་མི་བསླུ་བར་ཤེས་ནས། ཐིམ་རིམ་མ་བྱུང་གོང་དུ་སྔར་བཤད་པའི་འོད་ཀྱི་གོང་བུའི་འཕོ་བ་དང་། སྒྲ་ཡི་འཕོ་བ་སོགས་ཀྱིས་རྣམ་ཤེས་དག་པའི་ཞིང་དུ་འཕོ་བའོ། །དམ་ཚིག་གི་སྐབས་སུ་ཁྱད་པར་རིགས་ལྔའི་སྡོམ་པ་ལ། རྡོ་རྗེའི་རིགས་ལ་སྲོག་གཅོད་པ་ནི། ཕྱི་ལྟར་ན་ཞིང་བཅུ་ཚངས་པའི་དགྲ་བོ་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་སྒྲོལ་བ་སྟེ་ཞིང་བཅུ་ནི་དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། དམ་ཉམས་ལོག་པར་འཁུ་བ་དང་། །དམ་དགྲ་ངན་པའི་ངང་ཚུལ་ཅན། །འདུ་བར་འོང་དང་ཡོངས་ལ་གནོད། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་སོ། །ནང་ལྟར་གཟུང་འཛིན་ལས་རླུང་གི་སྲོག་དབུ་མ་སྒྲ་གཅན་གྱི་སྦུབས་སུ་གཅོད་པའོ། །གསང་བ་ལྟར་ན་རྣམ་རྟོག་གི་སྲོག་སྐྱེ་མེད་དུ་གཅོད་པའོ། །རིན་ཆེན་རིག་ལ་མ་བྱིན་ལེན་དུ་གསུངས་པ་ནི། ཕྱི་ལྟར་ན་སྦྱིན་གཏོང་སོགས་བསོད་ནམས་ཀྱི་ཚོགས་བསགས་པའི་སྐལ་བ་མེད་པའི་སེར་སྣ་ཅན་གྱི་ནོར་དང་། གཞན་གསང་སྔགས་ཀྱི་དམ་རྫས་ཁྱད་པར་ཅན་སྐལ་བ་མེད་པར་འཁྱམས་པ་རྣམས་འཕྲོག་པ་དང་། ནང་ལྟར་ན་མཚན་ལྡན་གྱི་གཟུངས་མ་ཐབས་ཀྱིས་དབང་དུ་བྱ་བ་དང་། དེའི་ཁམས་དམར་ཆ་རླུང་གི་སྟོབས་ཀྱིས་མ་བྱིན་པར་ལེན་པ་དང་། གསང་བ་ལྟར་ན་ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་གཞན་གྱིས་མ་བྱིན་པར་རང་གི་སྟོབས་ཀྱིས་ལེན་པའོ། །པདྨའི་རིགས་ལ་བུད་མེད་བསྟེན་པར་གསུངས་པ་ནི། ཕྱི་ལྟར་ན་དངོས་རིག་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་དང་། ནང་ལྟར་ན་ཡིད་རིག་ཆོས་ཀྱི་ཕྱག་རྒྱ་དང་། གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་སྒོམ་པ་དང་། གསང་བ་ལྟར་ན་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་དོན་སྒོམ་པའོ། །ལས་ཀྱི་རིགས་ལ་བརྫུན་དུ་སྨྲ་བར་གསུངས་པ་ནི། ཕྱི་ལྟར་ན་བླ་མའི་ནོར་རྫས་དང་། སེམས་ཅན་གྱི་སྲོག་རང་གི་དམ་ཚིག་སྲུང་བའི་ཕྱིར་བརྫུན་དུ་སྨྲ་བ་དང་། ནང་ལྟར་ན་སྲོག་རླུང་སྙིང་གར་ཐིབ་པས་རང་ངོར་ཆོས་ཀྱི་རྣམ་གྲངས་གྲངས་མེད་པར་འཆར་བ་དང་། གསང་བ་ལྟར་ན་མེད་སྣང་འཁོར་བ་ལས་སྒྲོལ་བའི་རྫུན་ཚིག་སྨྲ་བའོ། །འཁོར་ལོའི་རིགས་ལ་ཤ་ཆེན་ལྔ་དང་ཆང་བསྟེན་པར་གསུངས་པ་ནི། ཕྱི་ལྟར་དམ་ཚིག་གི་རྫས་སུ་འོས་པ་དང་། ཁམས་བྱང་ཆུབ་སེམས་འཕེལ་བའི་ཕྱིར་མི་ཤ་ཁྱི་ཤ་རྟ་ཤ་བ་གླང་གི་ཤ་གླང་པོ་ཆེའི་ཤ་སྟེ་ཁ་ཟས་ཀྱི་དོན་དུ་བསད་པར་མ་གྱུར་པའི་ཤ་ལྔ་བསྟེན་པ་དང་། དེ་བཞིན་དུ་བདུད་རྩི་ལྔ་དང་ཆང་བསྟེན་པའོ། །ནང་ལྟར་ན་དབང་པོ་ལྔའི་དྭངས་མ་འཆིང་བ་དང་། རྣམ་པར་རྟོག་པ་ཐམས་ཅད་མི་རྟོག་པའི་ངང་དུ་བཟའ་བ་དང་ཡེ་ཤེས་ཡས་བབས་ཀྱི་བདུད་རྩིའི་ཞུ་བདེ་སྒོམ་པ་རྣམས་སོ། །གསང་བ་ལྟར་ན་སྣང་སེམས་ཐམས་ཅད་ཆོས་ཉིད་མཉམ་པ་ཆེན་པོར་བླང་དོར་དང་རྩོལ་སྒྲུབ་མེད་པའི་ངང་དུ་དག་པར་བྱེད་པའོ། །མི་སྤངས་པའི་དམ་ཚིག་གི་སྐབས་སུ་དངོས་བསྟན་ལྟར་ན། རང་བཞིན་ཤེས་ན་སྤང་བྱའི་གཞི་མ་གྲུབ་པས་མི་སྤངས་པ་སྨིག་སྒྱུ་ལ་ཆུ་རགས་མི་དགོས་པ་ལྟ་བུ་དང་། ཐབས་ཀྱིས་ཟིན་ན་གྲོལ་བའི་ལམ་ཡིན་པས་མི་སྤངས་པ་རྣ་བར་ཆུ་ཞུགས་པ་ཆུས་འགུགས་པ་ལྟ་བུ་དང་། དོན་དམ་པར་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པས་མི་སྤངས་པ་སྣུམ་འདོད་པས་ཏིལ་འབྲུ་སྒྲུབ་པ་ལྟ་བུ་དང་གསུམ་ནི། གཞུང་རྩ་བས་དངོས་བསྟན་ལྟར་ཡིན་ནོ། །མི་དོར་བ་ལྔ་ནི་བདུད་རྩི་ལྔའོ། །ཡན་ལག་གི་དམ་ཚིག་ཉིས་བརྒྱའི་དབྱེ་བ་ནི། མི་སྤངས་པ་ལྔ་དང་མི་འདོར་བ་ལྔ་ཚན་རེ་ལ། ཐབས་ཀྱིས་ཟིན་པའི་ཆ་དང་ཤེས་རབ་དང་མ་བྲལ་བའི་ཆ་གཉིས་རེ་དབྱེ་བས་བཅུ། བཅུ་པོ་དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་དབྱེ་བས་ལྔ་བཅུ་རེ་སྟེ་བརྒྱའོ། །དེ་རེ་རེ་ལའང་ཤེས་རབ་ཐབས་སུ་ལྡན་པ་དང་། ཐབས་ཉིད་ཤེས་རབ་དང་ལྡན་པའི་ཆས་དབྱེ་བས་ཉིས་བརྒྱའོ། །སྒྱུ་འཕྲུལ་ལས་བཤད་པའི་རྩ་བའི་དམ་ཚིག་ལྔ་ནི། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་པ་ལྟར་ལྔའོ། །གསང་བཅུ་མི་སྨྲ་བའི་སྐབས་སུ། སྤྱིར་གསང་བཞི་ནི། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷའི་མིང་གཟུངས་དང་གྲུབ་རྟགས་རྣམས། །སྤྱིར་གསང་རྣམ་པ་བཞི་ཡིན་ནོ། །ཞེས་དང་། བར་གསང་བཞི་ནི། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་པ་ལྟར་བརྒྱད་དང་། གསང་བར་འོས་པ་དང་། གཉེར་གཏད་པ་གཉིས་དང་བཅུའོ། །ཡན་ལག་དམ་ཚིག་ཉེར་ལྔའི་སྐབས་སུ། སྤྱད་བྱ་ལྔ་ནི་ཕྱི་ནང་གི་བཤད་པ་བྱེད་ཚུལ་རིགས་ལྔའི་དམ་ཚིག་གི་སྐབས་བཤད་པ་ལྟར་ཡིན། མི་སྤོང་པའི་སྐབས་སུ། སྦས་དོན་ཡང་དག་པའི་དུག་ལྔ་ནི། འཁོར་འདས་མཉམ་པ་ཉིད་དུ་རྟོགས་ནས་ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱིས་འབྱེད་པ་མེད་པ་གཏི་མུག །དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ཐུགས་རྗེས་ཆགས་པ་འདོད་ཆགས། ལོག་པར་རྟོག་པ་རྣམས་སྒྲོལ་བ་ཞེ་སྡང་། མཉམ་ཉིད་རྟོགས་པའི་ལྟ་བ་གཤོངས་སུ་མི་འབེབས་པ་ང་རྒྱལ། གཉིས་འཛིན་གྱི་ལྟ་སྤྱོད་ཆོས་ཉིད་ཀྱི་ཀློང་དུ་མི་ཤོང་བ་ཕྲག་དོག་གོ །དང་དུ་བླང་བའི་དམ་ཚིག་ལྔ་ནི། བདུད་རྩི་ལྔ་ཡེ་ནས་རྣམ་པར་དག་པ་གཙང་སྨེའི་རྟོག་པ་མེད་པའི་ཕྱིར་དང་དུ་བླང་པའོ། །དེ་ལ་ཡིན་པ་གསུམ་དང་གྲུབ་པ་བཞི་དང་ལྡན་པའི་ཕྱིར་དང་དུ་བླང་སྟེ། གྲུབ་པ་བཞི་ནི། ཆོས་ཉིད་ངོ་བོས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། ནུས་པའི་མཐུས་གྲུབ་པ། བྱིན་གྱིས་བརླབས་པས་གྲུབ་པ་དང་བཞིའོ། །ཡིན་པ་གསུམ་ནི། ནད་ལྔ་སེལ་བའི་སྨན་ཡིན་པ། ཐུན་མོང་གི་དངོས་གྲུབ་ལྔ་སྒྲུབ་པའི་རྫས་ཡིན་པ། རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པ་ལས། ནད་ལྔ་སེལ་བ་ནི། དྲི་ཆེན་གྱིས་དུག་ནད་སེལ། དྲི་ཆུས་གག་པ། མཱཾ་སས་མཛེ། རཀྟས་གྲང་བ། བྱང་སེམས་དཀར་པོས་ཚ་བའི་ནད་སེལ་བའོ། །ཐུན་མོང་གི་དངོས་གྲུབ་ལྔ་སྒྲུབ་པ་ནི། དྲི་ཆེན་གྱིས་མཐུ་ཆེ། དྲི་ཆུས་སྐད་སྙན། མཱཾ་སས་ཚེ་རིང་། རཀྟས་བཀྲག་མདངས་གསལ། བྱང་སེམས་དཀར་པོས་མི་བརྗེད་པའི་གཟུངས་ཐོབ་པའོ། །རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པ་ནི། དྲི་ཆེན་བུདྡྷའི་རིགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དྲི་ཆུ་ལས་རིགས་བྱ་གྲུབ། མཱཾ་ས་རིན་པོ་ཆེའི་རིགས་མཉམ་ཉིད། རཀྟ་པདྨའི་རིགས་སོར་རྟོགས། བྱང་སེམས་དཀར་པོ་རྡོ་རྗེའི་རིགས་མེ་ལོང་ཡེ་ཤེས་སོ། །དེ་ཡན་ཆད་བཅོ་ལྔ་ནི་སྤྱད་བྱ་སྤྱོད་པའི་དམ་ཚིག་བཅོ་ལྔའོ། །ཤེས་བྱ་ལྟ་བའི་དམ་ཚིག་ལྔ་ནི། ཕུང་པོ་འབྱུང་ཡུལ་དབང་པོ་ཁ་དོག་ལྷར། །ཤེས་བྱ་ལྔ་ནི་ཤེས་རབ་སྟོབས་ཀྱིས་སྤྱོད། །ཅེས་པའི་སྐབས་སུ་གཟུགས་ཕུང་རྣམ་སྣང་། རྣམ་ཤེས་རྡོར་སེམས། ཚོར་བ་རིན་འབྱུང་། འདུ་ཤེས་སྣང་མཐའ། འདུ་བྱེད་དོན་གྲུབ་སྟེ་རྒྱལ་བ་རིགས་ལྔ། ས་ཁམས་སངས་རྒྱས་སྤྱན། ཆུ་ཁམས་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཕྱུག་མ་སྟེ། ཁམས་ལྔ་ཡུམ་ལྔ། ཡུལ་ལྔ་ནི། མཆོད་པའི་ལྷ་མོ་ལྔ། དབང་པོ་ལྔ་སེམས་དཔའ་ལྔ། ཁ་དོག་ལྔའི་དཀར་པོ་ཐམས་ཅད་མེ་ལོང་ཡེ་ཤེས། སེར་པོ་ཐམས་ཅད་མཉམ་ཉིད་ཡེ་ཤེས། དམར་པོ་ཐམས་ཅད་སོར་རྟོག །ལྗང་གུ་ཐམས་ཅད་བྱ་གྲུབ། མཐིང་ག་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པར་བྱའོ། །གྲུབ་པ་བརྒྱད་ནི། མཁའ་༡སྤྱོད་རལ་གྲི་༢རིལ་བུ་༣དང་། །རྐང་མགྱོགས་༤བུམ་པ་༥གནོད་སྦྱིན་ཁོལ་༦། །བཅུད་ཀྱིས་༧ལེན་དང་མིག་སྨན་༨དང་། །ཞེས་སོ། །དབང་ཕྱུག་བརྒྱད་ནི། ཕྲ་༡ཞིང་ཡང་༢ལ་ཕྲ་བར་ནུས་པ་༣དང་། སྤྱོད་པར་ནུས་༤དང་བདག་ཉིད་༥ཆེན་པོ་དང་། །དགའ་མགུ་༦བྱེད་དང་ཐམས་ཅད་དབང་དུ་༧འགྱུར། །ཅི་འདོད་བྱེད་༨དང་དབང་ཕྱུག་རྣམ་བརྒྱད་དོ། །ཞེས་སོ། ཁ་སྦྱོར་ཡན་ལག་བདུན་ནི། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་སྔ་ནས། ལོངས་སྤྱོད་རྫོགས་༡དང་ཁ་སྦྱོར་༢བདེ་ཆེན་༣རང་བཞིན་༤མེད། །སྙིང་རྗེས་ཡོངས་༥གང་རྒྱུན་མི་ཆད༦་དང་འགོག་པ་༧མེད། །ཅེས་སོ། །རིག་འཛིན་བཞི་ནི། སེམས་ཉིད་ལྷའི་སྐུར་སྨིན་ཡང་། རྣམ་སྨིན་ལུས་རྒྱ་ལས་མ་གྲོལ་བ་རྣམ་སྨིན་རིག་འཛིན། སྐྱེ་འཆི་མེད་པ་ཚེ་དབང་རིག་འཛིན། ཕྱག་རྒྱ་ཆེན་པོའི་ལྷའི་སྐུར་གྱུར་པ་ཕྱག་ཆེན་རིག་འཛིན། དྲུག་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་མཛད་པ་ལྷུན་གྲུབ་རིག་འཛིན་ནོ། །རྫོགས་ཆེན་གྱི་སྐབས་སུ། ཀུན་ཏུ་བཟང་པོའི་ཁྱད་ཆོས་དྲུག་ནི། གཞི་ལས་འཕགས་པ༡། རང་ངོར་སྣང་བ༢། བྱེ་བྲག་ཕྱེད་པ༣། ཕྱེད་ཐོག་ཏུ་གྲོལ་བ༤། གཞན་ལས་མ་བྱུང་བ༥། རང་སར་གནས་པའོ༦། །ཡིད་དྲུག་ནི། མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་དང་། གཏན་ལ་འབེབས་པའི་ཡིད་དང་། ཀུན་ཏུ་ཚོལ་བའི་ཡིད་དང་། རྣམ་པར་རེག་པའི་ཡིད་དང་། ངེས་པར་འཇོག་པའི་ཡིད་དོ། །འདུལ་བ་བཞི་ནི། སྐུ་བསོད་ནམས་ཆེན་པོས་འདུལ་བ། གསུང་ཐེག་པ་སྣ་ཚོགས་པས་འདུལ་བ། ཐུགས་མངོན་པར་ཤེས་པས་འདུལ་བ། ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འདུལ་བས་འཁོར་བ་མ་སྟོངས་ཀྱི་བར་དུ་དོན་གཉིས་ལྷུན་གྱིས་གྲུབ་པའོ། །འདིར་སྨྲས་པ། གང་ཞིག་ལེགས་བཤད་བདུད་རྩི་དངར་པོའི་སྐྱེས། །དོན་གཉེར་སྙིམས་པས་འཐུང་བའི་སྐལ་བཟང་གི། ཐོས་བསམ་སྒོམ་པའི་ཡི་ག་ཕྱེ་སྲིད་ན། །ཕུལ་བྱུང་གཏམ་འདི་རོ་བརྒྱའི་བཅུད་དུ་དངར། །ཐོས་པའི་མཐའ་རྒྱ་གཅོད་པའི་བློ་གསལ་དང་། །བསམ་པའི་དོན་བཅུད་མྱོང་བའི་སྙིང་སྟོབས་དབང་། །གུས་དང་རྟག་པའི་བརྩོན་འགྲུས་མི་དམན་པའི། །རྣམ་དཔྱོད་ལྡན་པའི་ཡུལ་ལ་དཔྱིད་དཔལ་བཞིན། །བློ་གྲོས་གཡེང་བའི་ཁོལ་དུ་རྒྱུག་དགའ་བའི། །རྣམ་རིག་ཡལ་གའི་རི་དྭགས་བཞིན་རྩེན་ལ། །དོན་བཟང་རི་མོ་བཀྲ་བའི་ཟ་འོག་བཀྲག །བཀྲམ་པའི་ལྟད་མོ་ངོམ་དུ་སུ་ཞིག་སྤྲོ། །དོན་གཉེར་དུལ་བའི་ངང་ཚུལ་ལས་རིངས་པའི། །སེམས་རྟ་ན་ཚོད་གསར་བའི་ཙབ་ཙུབ་ལ། །ཐོས་བསམ་ཁལ་ཆེན་འགེལ་བའི་ཤོམ་ར་འདི། །འབྲས་མེད་ངལ་ཁུར་རང་གིས་ལེན་པར་ཟད། །མཚན་དཔེའི་བྱད་ལས་ལེགས་འཕོས་རི་མོའི་ལྷ། །རེ་ཆེན་རྒྱལ་བར་རེ་བའི་གདུང་ཡུས་ཀྱིས། །ལེགས་བཤད་ངག་གི་མཎྜལ་ཕུལ་ཕུལ་ཡང་། །ཐུགས་བརྩེས་བདག་གིར་བཞེས་སམ་སུ་ཡིས་ཤེས། །རང་དོན་སྙིང་པོའི་སྒྲུབ་པ་བློས་བཏང་ནས། །དོན་མེད་འཆད་དང་རྩོམ་པའི་གཟུགས་བརྙན་གྱི། །རྣམ་གཡེང་སྙིང་པོར་རེ་བའི་ཅོལ་ཆུང་འདི། །ཤེས་མེད་ཤྲཱི་ཧྲལ་པོའི་རང་གཤིས་ལགས། །ཆོས་དོན་ཟབ་པར་བཤད་ཀྱང་ངག་གི་ཁུར། །སྣ་ཚོགས་ཡི་གེར་བྲིས་ཀྱང་ཤོག་བུའི་གྲོན། །བདག་དང་བདག་འདྲ་བྱིས་པའི་བྱེད་སྤྱོད་འདི། །རང་དང་གཞན་བཅས་སུ་ཡི་དོན་དུ་འགྱུར། །ད་ནི་མི་ཚེའི་ལྷག་མ་ཅུང་ཟད་འདི། །དབེན་པའི་རི་ཁྲོད་མི་མེད་ལུང་སྟོང་དུ། །རྣམ་གཡེངས་སྤངས་པའི་རྩེ་གཅིག་ཉམས་ལེན་གྱིས། །ཚེ་འདིར་སྙིང་པོའི་དོན་ལ་འདྲིལ་བར་ཤོག །ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་བླ་མ་རྗེ། །བྱིན་གྱིས་རློབས་ཤིག་ཡི་དམ་སྤྱན་རས་གཟིགས། །ལས་ངན་བདག་གི་བློ་སྣ་ལ་འུར་བསྟུང་། །གོང་མའི་རྗེས་སུ་སྙེགས་པར་བྱིན་གྱིས་རློབས། །རྒྱལ་བ་ཀུན་ལས་རྒྱལ་བའི་མཛད་པ་ཅན། །སངས་རྒྱས་ཀུན་ལས་བཀའ་དྲིན་ཆེས་ལྷག་པ། །མགོན་མེད་བདག་གི་མགོན་གཅིག་རིན་པོ་ཆེ། །ཡང་དང་ཡང་དུ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཡོན་ཏན་རིན་པོ་ཆེའི་མཛོད་འཆད་པའི་དཀའ་གནས་ཁ་ཤས་བརྗེད་ཐོར་བྱས་པའི་ཟིན་བྲིས་འདི་ཉིད་གྲུབ་དབང་བླ་མ་དམ་པའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་བདེ་ཆེན་རིག་པའི་རལ་གྲི་དཔོན་སློབ་ཀྱི་ཐུགས་གསོས་སུ་མདོ་མེད་དཔལ་དགེ་ཧྲལ་པོས་བློ་ཐོག་ནས་བྲིས་པའོ།། །།དགེའོ། །དགེའོ། །དགེའོ། །