འབྲས་བུ་སྐུ་བཞིའི་རྣམ་བཤད།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-004
Wylie title 'bras bu sku bzhi'i rnam bshad PJCW-KABUM-04-NGA-004.pdf
Location dpal sprul bka' 'bum
Volume 4, Text 4, Pages 81-90 (Folios 1a1 to 5b1)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. 'bras bu sku bzhi'i rnam bshad. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 4: 81-90. Kathmandu: Tsadra Foundation and Shechen Publications, 2026.
Genre Detailed Explanation - rnam bshad
[edit]
༄༅། །འབྲས་བུ་སྐུ་བཞིའི་རྣམ་བཤད་དང་སེམས་བསྐྱེད་བསླབ་བྱ་བདེ་སྨོན་བཅས་ཀྱི་ཟིན་བྲིས་བཞུགས་སོ། །


༄༅། །འབྲས་བུ་སྐུ་བཞིའི་རྣམ་བཤད། འབྲས་བུ་ལ་བཞི་ལས། དང་པོ་མཚན་གཞི་ནི་སྐུ་གསུམ་ཡེ་ཤེས་ལྔ་དང་བཅས་པ་གང་ཞིག་ལ་ཐེག་ཆེན་མི་སློབ་པའི་ལམ་གྱི་ཐ་སྙད་བྱར་རུང་དུ་མཚོན་ཏེ། ཐེག་ཆེན་གྱི་སྤངས་རྟོགས་མཐར་ཕྱིན་པའི་དགེ་བ་ཡིན་པས་སོ། །གཉིས་པ་འབྲས་བུ་ནི་ཆོས་སྐུ་སངས་རྒྱས་ཀྱི་མི་སློབ་པའི་ཆོས་བཅུ། ཟག་པ་མེད་པའི་ཕུང་པོ་ལྔ། དམིགས་པ་མེད་པའི་ཕར་ཕྱིན་དྲུག་གོ །གསུམ་པ་དབྱེ་བ་ནི་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ་མོ། །དང་པོ་ལའང་གསུམ་ལས་ཆོས་སྐུ་ནི། དབྱིངས་དང་ཡེ་ཤེས་སུ་མི་ཕྱེད་པར་རང་བཞིན་གྱིས་ཟུང་དུ་འཇུག་ཅིང་དྲི་མ་མཐའ་དག་དང་བྲལ་བའི་རྣམ་པར་བྱང་བ་ཆེན་པོའི་ཁམས་ནམ་མཁའ་ལྟ་བུ་སྟེ། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །རྣམ་དག་ནམ་མཁའ་ལྟ་བུ་ཡིན། །ཞེས་སོ། །རྡོ་རྗེ་ཕྲེང་བ་ལས། འདི་ནི་དོན་དམ་བདེན་པ་སྟེ། །སྣང་བ་མེད་ཅིང་མཚན་མ་མེད། །དོན་དམ་བདེན་པ་ཞེས་ཀྱང་བྱ། །སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན། །ཞེས་སོ། །དབྱེ་ན་གཉིས་ཏེ་ངོ་བོ་ཉིད་སྐུ་དང་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུའོ། །དང་པོ་མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་འགྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་པས། དབྱིངས་དག་མཉམ་ཆེན་པོ་ནམ་མཁའ་བཞིན་དུ་རྣམ་པར་མི་རྟོག་ཀྱང་སྐུ་རྣམས་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་ངོ་བོ་ཉིད་སྐུ་ཞེས་བྱ་ལ། ཡེ་ཤེས་སྤངས་རྟོགས་མཐར་ཕྱིན་པ་རིག་པའི་ངོ་བོ་སྟེ་མཚན་ཉིད་ཉི་ཤུ་རྩ་གཅིག་གི་རྟོགས་པ་ཡེ་ཤེས་ཆོས་སྐུའི་ཆ་ཡིན་ཏེ། རྒྱལ་བའི་ཡེ་ཤེས་དབྱིངས་རིག་མཐར་ཐུག་པ་གང་ཟག་གིས་མངོན་དུ་གྱུར་པའོ། །གཉིས་པོ་ངོ་བོ་ཉིད་དབྱིངས་ནམ་མཁའ་ལྟར་གདངས་བྱེད་པའི་ངང་ན་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུ་ཉི་མ་གློ་བུར་གྱི་སྒྲིབ་པ་སྤྲིན་དྭངས་པ་ལྟར་སྣང་བའི་ཚུལ། ཉི་མཁའ་བཞིན་ཏེ་ཡེ་ཤེས་དང་། །སྤངས་རྟོགས་གཉིས་ཀྱི་མཚན་ཉིད་དེ། །འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་སོ། །དེའི་ངང་ལས་ཁམས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རིག་ཆ་ལྡོག་པའི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་ནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་བཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་སོ། །དེ་ལྟ་བུའི་ཆོས་སྐུ་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡིན་པས་བག་ཆགས་དང་བཅས་པའི་ཉེས་པའི་ཆ་རྣམས་ཀུན་རྣམ་པར་སྤངས་ཤིང་། རྟོག་པ་མེད་པའི་ཆོས་ཉིད་མཉམ་པར་བཞག་པའི་ཤེས་རབ་ཀྱིས་མཐོང་བ་ཏེ། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །གཞལ་མེད་གངྒའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་ཉིད་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་ཀུན་སྤངས་པའོ། །ཞེས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། འཁོར་བའི་ཆ་འདུས་བྱས་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་དབྱིངས་སུ་ནུབ་པའི་སྟོབས་ཀྱིས་ཆ་ནས་བཞག་པའི་གནས་ལུགས་ཀྱི་སྣང་ཆའི་ཡོན་ཏན་མཐའ་དག་རྫོགས་པ་ནི་ངེས་པ་ལྔ་དང་ལྡན་པར་ཡོད་དེ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། འཁོར་ངེས་པ་ས་བཅུའི་སེམས་དཔའ་འབའ་ཞིག་ལ། ཆོས་ངེས་པ་ཐེག་པ་ཆེན་པོ། སྟོན་པ་ངེས་པ་རྣམ་པར་སྣང་མཛད་ལ་སོགས་རིགས་ལྔའི་སངས་རྒྱས། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་ཀྱང་། ཐ་མལ་འདུས་བྱས་ཀྱི་དངོས་པོ་ལྟར་རགས་པ་ཐེར་ཟུག་གི་རྣམ་པ་ཡང་མ་ཡིན། རང་བཞིན་གྱིས་སྟོང་པ་ལྟར་སྣང་མི་ནུས་པའང་མ་ཡིན། འདོད་དགུ་འབྱུང་བ་ནོར་བུ་དང་། སྣང་ཡང་ངོ་བོ་མེད་པས་འཇའ་ཚོན་ལྟར། རིག་པའི་ཡེ་ཤེས་འདུས་མ་བྱས་སུ་གནས་པའི་ཚུལ། མགོན་པོ་བྱམས་པས། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུ། །འགྲོ་བའི་རྣམ་རོལ་དོན་གྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་དང་དེ་ཡི་རང་བཞིན་མིན། །ཞེས་སོ། །དེའང་སངས་རྒྱས་རྣམས་ཐོག་མ་མངོན་པར་བྱང་ཆུབ་པའི་གནས། ཁམས་གསུམ་ལས་འདས་པའི་གནས་སྟུག་པོ་བཀོད་པ་སྟེ། དེ་ཕྱོགས་ག་ཤེད་ན་ཡོད་པར་བརྗོད་ཅིང་བསམ་པར་མི་ནུས་ཏེ། རླུང་དབུ་མར་ཞུགས་པའི་ཚེ་སྟོང་གཟུགས་ཀྱི་སྣང་བ་མཐོང་བ་དེ་ད་ལྟ་འདི་ན་ཡོད་དོ་ཞེས་ཕྱོགས་དང་རིས་ཀྱི་ཆད་པ་མ་ཡིན་པ་ལྟར། གང་དུ་ཁམས་ཀྱི་སྒྲིབ་པ་མཐའ་དག་སྤངས་ནས་དབྱིངས་དང་ཡེ་ཤེས་རོ་གཅིག་དུ་འདྲེས་པ་དེ་ན་ཡོད་དེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། གཟུགས་མེད་འདོད་དང་གཟུགས་ཁམས་དང་། །འདུ་ཤེས་མེད་པ་དེ་བཞིན་ཏེ། །ཁམས་ལས་འདས་སོ་སངས་རྒྱས་དང་། །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །ཞེས་པས་ཁམས་གསུམ་ལས་འདས་པར་བསྟན་ཡང་དེ་ཡང་ཤེས་ངོས་ན་འཛིན་པ་དང་མིང་དུ་བཏགས་པ་ཡོད་ཀྱི་གནས་ཐ་དད་པ་གསུམ་ལས་འདས་པའི་ཚུལ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། དབང་ཕྱུག་ཆེན་པོའི་གནས་མཆོག་དང་། །འོག་མིན་དེ་ཉིད་རྣམ་མཛེས་པ། །ཐ་དད་གསུམ་པོ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་དང་། ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་འབྲངས་པས་ན། །དེ་ལ་གདགས་པས་ཐ་དད་འབྱེད། །ཅེས་སོ། །དེ་ལྟ་ནའང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི་ཐོག་མ་མེད་པའི་དུས་ཉིད་ནས་བཤད་མ་ཐག་པའི་འོག་མིན་དེ་ཉིད་དུ་སངས་རྒྱས་སུ་ཟིན་ཀྱང་སེམས་ཅན་གྱི་དོན་མཛད་པའི་ཕྱིར་འདི་མི་མཇེད་དུ་ཆགས་ནས་སེམས་ཅན་སོ་སོའི་སྣང་བ་དང་མོས་པའི་ངོར་ཐོག་མར་གཟུགས་ཁམས་ཀྱི་འོག་མིན་དུ་སངས་རྒྱས་ནས་ལྷ་རྣམས་བསྡུ་བར་མཛད་ནས་སླད་མར་འཛམ་བུའི་གླིང་གི་རྡོ་རྗེ་གདན་དུ་སངས་རྒྱས་པའི་ཚུལ་བསྟན་པ་ཉིད་དེ། ཟླ་གསང་ཐིག་ལེར། འདོད་པའི་ཁམས་དང་གཟུགས་མེད་དང་། །སངས་རྒྱས་མངོན་པར་སངས་མི་རྒྱས། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་དེར་སངས་རྒྱས། །ཞེས་སོ། །གཟུགས་ཀྱི་ཁམས་དེ་ཡང་ཤིན་ཏུ་མཐོང་བ་མན་ཆད་ལས་ཐལ་བས་ཕ་རོལ་གྱི་འོག་མིན་ནི། ལང་ཀར་གཤེགས་པའི་དགོངས་པ་སྟེ། །གཙང་མའི་གནས་དག་སྤང་ནས་སུ། །འོག་མིན་ཞེས་བྱའི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་སངས་རྒྱས། །ཞེས་སོ། །དེ་ལྟ་བུའི་རྟེན་གཞལ་ཡས་ཁང་གི་བརྟེན་པ་རིགས་ལྔའི་སངས་རྒྱས་རྣམས་ནི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུའི་ངོ་བོ་ཉིད་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་དང་ཐབས་གཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཉེ་བར་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་སྟེ། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །དུས་ངེས་པའི་རྒྱུ་མཚན་ནི་ལོངས་སྐུ་དེ་ཉིད་ཆོས་སྐུ་དང་དབྱེར་མེད་ངོ་བོ་ཉིད་གཅིག་ལ་བསམ་གྱིས་མི་ཁྱབ་ཅིང་འཕོ་འགྱུར་མེད་པ་དང་། ལྷུན་གྱིས་གྲུབ་ཅིང་འདུས་མ་བྱས་པ་ཉིད་དང་། གདུལ་བྱའི་བསོད་ནམས་ཚད་མེད་པ་ལས་འཁོར་བ་ཇི་སྲིད་དུ་རང་སྣང་བས་རྟག་པ་སྟེ། རྒྱུད་བླ་མར། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་ཁྱོད་རྟག །ཅེས་དང་། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་པས། །ཡིད་བཞིན་ནོར་བུ་ཇི་ལྟར་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །སྤྲུལ་པའི་སྐུ་ནི། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་སོ། །གཉིས་པ་བརྟེན་པ་ཡེ་ཤེས་ནི། ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོགས་ཡེ་ཤེས། བྱ་གྲུབ་ཡེ་ཤེས་དང་ལྔའོ། །གསུམ་པ་མཛད་པ་འཕྲིན་ལས་ནི། སྔ་མ་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུ་མི་འཆད་པར་འདོད་དོ། །ཅེས་སོ།། །།