སྐྱབས་སྡོམ་འབོགས་ཆོག་མཐོ་རིས་འཁྲི་ཤིང་།

From Khyentse Lineage - A Tsadra Foundation Project
JLKO-KABUM-12-NA-039
Wylie title skyabs sdom 'bogs chog mtho ris 'khri shing
Location 'jigs gling bka' 'bum
Volume 12, Text 39, Pages 707-715 (Folios 1a1 to 5a4)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Skyabs sdom 'bogs chog mtho ris 'khri shing. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 12: 707-715. New Delhi: Shechen Publications, 2025.
Genre Vows - sdom pa
Colophon

ཚུལ་འདི་ལྟ་བུའི་ཆོ་གར་བརྟེན་པའི་ཁྱིམ་པ་དག་ལའང་བསོད་ནམས་དཔག་ཏུ་མེད་པ་ཐོབ་ན། སྙིགས་མའི་དུས་ན་གཙུག་སྐྲ་ར་སྤུ་བཞིན་དུ་བྲེགས་ནས་སེར་མོའི་ཕྱོགས་ལ་བརྟེན་ཅིང་བརྟེན་དུ་འཇུག་པ་རྣམས་ལ་སྡོམ་པས་མ་བསྡམས་པ་ལམ་དང་བྲལ་བའི་ཕྱོགས་མཐུན་ཙམ་སྟོན་པའི་ལྷག་བསམ་གྱི་བློས་རང་བྱུང་རྡོ་རྗེས་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ།།

tshul 'di lta bu'i cho gar brten pa'i khyim pa dag la'ang bsod nams dpag tu med pa thob na/_snyigs ma'i dus na gtsug skra ra spu bzhin du bregs nas ser mo'i phyogs la brten cing brten du 'jug pa rnams la sdom pas ma bsdams pa lam dang bral ba'i phyogs mthun tsam ston pa'i lhag bsam gyi blos rang byung rdo rjes dpal ldan pad+ma 'od gling du sbyar ba'o//

[edit]

༄༅། །སྐྱབས་སྡོམ་འབོགས་ཆོག་མཐོ་རིས་འཁྲི་ཤིང་ཞེས་བྱ་བ་བཞུགས། །

༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདིར་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་སྐྱབས་འགྲོའི་སྡོམ་པ་འབོགས་ན། གནས་གཙང་མར་དཀོན་མཆོག་གསུམ་གྱི་རྟེན་དང་། མཆོད་པ་བཟང་པོ་བཤམ། ཞུ་བ་པོས་ཐོག་མར་རྟེན་དང་། དེ་ནས་བླ་མ་ལ་ཕྱག་གསུམ་རེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། ཐལ་མོ་སྦྱར་ནས་འདུག་པ་ལ། བློ་བཅོས་པ་ནི། ཁྱོད་ཀྱིས་རྙེད་པར་དཀའ་བ་དལ་བའི་རྟེན་བཟང་པོ་འདི་འདྲ་ཐོབ་པས་འཚེངས། དེ་ལ་འབྱོར་པའི་ཁྱད་པར་ཕལ་མོ་ཆེ་ཚང་བའི་སྐབས་འདིར། གཞན་འབྱོར་རྟེན་འབྲེལ་གྱི་སྒོ་བཞི་པའང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ལས་འགྲིག་པ་ཡིན། ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའང་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་རྟེན་ཅན་ལས་གཞན་གྱིས་དབང་དུ་མི་འགྱུར་བས་འདི་ནི་ལམ་གྱི་རྨང་རྡོ་ལྟ་བུར་གཅེས་ལ། དེ་ལྟ་བུའི་སྐྱབས་འགྲོའི་སྡོམ་པའང་དང་པོར་དགེ་བའི་བཤེས་གཉེན་ལས་བླངས་ན། རང་ངོ་ལ་ལྟོས་པའི་ངོ་ཚ་དང་། གཞན་ངོ་ལ་བརྟེན་པའི་ཁྲེལ་ཡོད་ཀྱི་རྟེན་ཅན་དུ་འགྱུར་བ་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་རང་དགར་འཇུག་པ་སྤངས་ནས་སྐྱབས་སྡོམ་ལེན་པ་ཤིན་ཏུ་གལ་ཆེའོ། །ཕན་ཡོན་གྱི་སྒོ་ནས་བསམས་ན་སྐྱེས་བུའི་བློ་སྟོབས་རིམ་པ་གསུམ་ལ་ཡོན་ཏན་འཐོབ་ཚུལ་ཡང་དེ་དང་མཚུངས་ཏེ། ཐ་ན་གྲུབ་མཐའ་ལ་མ་ཞུགས་པའི་གང་ཟག་གིས་དཀོན་མཆོག་ལ་སྐྱབས་སུ་སོང་བས་ཀྱང་ངན་སོང་གསུམ་དང་། བར་མ་དོ། མེ་ཆུ། གཅན་གཟན། རྒྱལ་པོའི་ཆད་པ། ནད་གདོན་ལ་སོགས་པ་སྡུག་བསྔལ་ཉི་ཚེ་བའི་འཇིགས་པ་ལས་སྐྱོབ་པའང་མངོན་སུམ་པས་ན། སྐྱབས་སོང་འདི་ལ་གཟུགས་མཆི་ན། །ནམ་མཁའ་དག་ཀྱང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་ལ་གཞལ་བས་ཟད་མི་འགྱུར། །ཅེས་མང་ཚིག་ཏུ་འདོམས་པ་ཡིན་ནོ། །དེ་ལྟར་སྐྱོབ་པའང་གསུམ་ལ་ཡོན་ཏན་ཚད་མེད་པས་ཡིན་ཏེ། དཀོན་མཆོག་གསུམ་རྗེས་སུ་དྲན་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་སོགས། དཀོན་མཆོག་རྗེས་དྲན་བཏོན་ནས་དེའི་དོན་འཕགས་པའི་བསྟན་བཅོས་དགོངས་འགྲེལ་དང་བཅས་པས་ཅུང་ཟད་བསྙད་ན། བཤེས་སྤྲིང་ལས། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་ཀྱི། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་ཅིག་ཀྱང་། །གསུམ་པོ་དེ་ནང་ཡང་དག་འདུ་བར་འགྱུར། །ཅེས་གསུངས་པ་བཞིན། ཐར་པ་ནི་གྲོགས་ཀྱིས་བསྟང་བའི་ཁ་ན་རག་ལུས་པ་མ་ཡིན་པར་བདག་འབའ་ཞིག་གིས་ལུང་དང་། རིགས་པ་དང་། གཏན་ཚིགས་དང་། དཔྱད་བཟོད་པ་དང་། ལྷག་པ་དང་མཐུན་པའི་མང་དུ་ཐོས་པ། ཉམས་པ། བཅོམ་པ། ལྷུང་བ། ཕམ་པར་གྱུར་པ་མེད་པའི་ཚུལ་ཁྲིམས། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བསམ་གཏན་རྣམས་དང་ལྡན་པས་འཕགས་པའི་བདེན་པ་བཞི་ལ་དམིགས་པར་བྱའོ། །བཞི་གང་ཞེ་ན། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་བཞིའོ། །དང་པོ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་བདེན་པའོ། །གཉིས་པ་ནི། ཡང་འབྱུང་བའི་སྲེད་པ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པ། དེ་དང་དེར་མངོན་པར་དགའ་བ་གང་ཡིན་པ་སྟེ། འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ན་ཀུན་འབྱུང་སྟེ་སྡུག་བསྔལ་གྱི་རྒྱུར་བསྟན་ནོ། །གསུམ་པ་ནི། སྲེད་པ་དེ་ཉིད་གཏན་འགོག་པ་དང་། རྣམ་པར་ཞི་བ་གང་ཡིན་པ་དེ་ནི་ཐར་པའོ། །བཞི་པ་ནི། མྱ་ངན་ལས་འདས་པ་དེ་འཐོབ་པར་བྱེད་པའི་ལམ་གྱི་བདེན་པ་འཕགས་པའི་ལམ་ཡན་ལག་བརྒྱད་དེ་ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་བོ། །ཡང་དག་པའི་འཚོ་བ་ནི་ཁ་གསགས་ལ་སོགས་ལོག་པའི་འཚོ་བ་ལྔ་སྤངས་པའོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་བརྩམ་པའོ། །ཡང་དག་པའི་དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་པའོ། །ཡང་དག་པའི་ངག་ནི་དགེ་བའི་ལས་ཀྱི་ལམ་བཞིའོ། །ཡང་དག་པའི་ལས་མཐའ་ནི་ལུས་ཀྱི་མི་དགེ་བའི་ལས་ལམ་སྤོང་པའི་རང་བཞིན་གསུམ་མོ། །ཡང་དག་པའི་རྟོག་པ་ནི་གནོད་སེམས་མེད་པ་དང་། ངེས་པར་འབྱུང་བའི་རྟོག་པ་ལ་སོགས་དགེ་བའི་རྟོག་པ་རྣམ་པ་དུ་མའོ། །དེ་བཞིན་དུ་ལྷག་པའི་ཚུལ་ཁྲིམས་ནི་མྱ་ངན་ལས་འདའ་བར་ཡོངས་སུ་བསྔོ་བ་གང་ཡིན་པའོ། །ལྷག་པའི་སེམས་ནི་འཕགས་པའི་ལམ་གྱི་རྟེན་བསམ་གཏན་བཞི་པའོ། །ལྷག་པའི་ཤེས་རབ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །བསླབ་པ་གསུམ་པོ་འདིའི་ནང་དུ་བསླབ་པ་བརྒྱ་ལྔ་བཅུ་ལྷག་ཅིག་འདུ་བར་འགྱུར་བ་དེ་ལ་འབད་པས་བསླབ་པར་བྱེད་པ་གང་ཞིག་ལ་འཕགས་པའི་དགེ་འདུན་ཞེས་བྱའོ། །དེ་ལྟ་བུའི་སྤངས་རྟོགས་ཕུན་སུམ་ཚོགས་པའི་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཆེན་པོ་དཀོན་ཅོག་གསུམ་སྤྲིན་ཕུང་གཏིབས་པ་ཙམ་བྱོན་པ་རང་གི་མདུན་དུ་བཞུགས་པ་ལ་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་བའི་བསམ་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ། ཞེས་ལན་གསུམ་ཟློས་ནས། སློབ་དཔོན་གྱིས། ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། དེ་ལྟར་བརྗོད་པ་གསུམ་གྱིས་སྐྱབས་སྡོམ་ལེགས་པར་ཐོབ་ནས་བསླབ་བྱ་ལ་གསུམ་ལས། དང་པོ་དགག་པའི་བསླབ་བྱ་ནི། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་གཞན་ལ་ཕྱོགས་མི་བྱེད། །ཅེས་གསུངས་པས། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འགྲོ་ཞིང་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་སྤང་། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་མི་འགྲོགས། གཉིས་པ་བསྒྲུབ་པའི་བསླབ་བྱ་ནི། རྒྱལ་སྲས་དྲི་མེད་ཀྱིས། དེ་དག་གཟུགས་ལའང་དད་པས་རབ་མཆོད་ཅིང་། །ཉིན་མཚན་རྗེས་དྲན་རྟག་པར་སྐྱབས་སུ་འགྲོ། །ཞེས་གསུངས་པས་སངས་རྒྱས་ལ་སྐྱབས་སུ་སོང་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་རྣམ་པ་ཙམ་ལའང་མི་སྨད་ཅིང་། གྲིབ་མ་ལ་མི་འགོམ། མཆོད་པ་དང་བསྟི་སྟང་བྱ། ཆོས་ལ་སྐྱབས་སུ་སོང་བས་དེ་ཉིད་ཀྱི་ཡི་གེའི་གཟུགས་སུ་གནས་པ་གསུང་རབ་ཚིགས་བཞི་པ་གཅིག་ལའང་གུས་པ་བླ་ལྷག་བསྐྱེད་ཅིང་ཡི་གེ་འབྲུ་གཅིག་ལའང་མི་འགོང་། དགེ་འདུན་ལ་སྐྱབས་སུ་སོང་ནས། དེ་ཉིད་ཀྱི་རྟེན་རབ་ཏུ་བྱུང་བ་ནས་སེར་མོའི་གོས་ཅན་ཡན་ཆད་ལ་བཀུར་སྟི་བྱ། གསུམ་པ་ཆ་མཐུན་གྱི་བསླབ་བྱ་ནི། གཞི་བསྡུ་བར། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། དགེ་འདུན་དང་རྗེས་སུ་མཐུན་པར་བསྒྲུབ་པ་ནི་སྐྱབས་སུ་འགྲོ་བའོ། །ཞེས་བཤད་པས་སྐྱེས་བུ་དམ་པ་ལ་བརྟེན། ཆོས་ཀྱི་རྗེས་སུ་འཇུག །ཆོས་དང་རྗེས་སུ་མཐུན་པའི་སྤྱོད་པ་ལ་བསླབ་ཅིང་། བཟའ་བཏུང་གི་ཕུད་དང་པོས་དཀོན་མཆོག་མཆོད་པ་དང་། ཉིན་མཚན་འཁོར་མོའམ། དུས་དྲུག་གམ། གསུམ་མམ། ཐ་ནའང་ལན་གཅིག་ཏུ་དཀོན་མཆོག་གི་ཡོན་ཏན་དྲན་པས་སྐྱབས་སུ་འགྲོ་བ་རྣམས་ལ་བརྩོན་པར་གྱིས་ཤིག །ཅེས་བརྗོད་ལ་ཕྱག་གསུམ་འཚལ་དུ་བཅུག་ནས་དགེ་བ་བསྔོ། ཚུལ་འདི་ལྟ་བུའི་ཆོ་གར་བརྟེན་པའི་ཁྱིམ་པ་དག་ལའང་བསོད་ནམས་དཔག་ཏུ་མེད་པ་ཐོབ་ན། སྙིགས་མའི་དུས་ན་གཙུག་སྐྲ་ར་སྤུ་བཞིན་དུ་བྲེགས་ནས་སེར་མོའི་ཕྱོགས་ལ་བརྟེན་ཅིང་བརྟེན་དུ་འཇུག་པ་རྣམས་ལ་སྡོམ་པས་མ་བསྡམས་པ་ལམ་དང་བྲལ་བའི་ཕྱོགས་མཐུན་ཙམ་སྟོན་པའི་ལྷག་བསམ་གྱི་བློས་རང་བྱུང་རྡོ་རྗེས་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ།། །།