ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལས་ཧེ་རུ་ཀ་རིགས་བཞིའི་སྒོས་སྒྲུབ་བསྙེན་པའི་དམར་བྱང་།

From Khyentse Lineage - A Tsadra Foundation Project
JLKO-KABUM-10-THA-060
Wylie title thugs sgrub dpal chen 'dus pa las he ru ka rigs bzhi'i sgos sgrub bsnyen pa'i dmar byang
Location 'jigs gling bka' 'bum
Volume 10, Text 60, Pages 731-737 (Folios 1a1 to 4a2)
Author འཇིགས་མེད་གླིང་པ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jigs med gling pa. Thugs sgrub dpal chen 'dus pa las he ru ka rigs bzhi'i sgos sgrub bsnyen pa'i dmar byang. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 10: 731-737. New Delhi: Shechen Publications, 2025.
Genre Recitation Manual - bsnyen yig
Cycle རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པ་ (rig 'dzin thugs sgrub dpal chen 'dus pa)
Parent Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity dpal chen he ru ka
Colophon

།ཅེས་མདོ་ཁམས་པ་འཇིགས་མེད་བློ་གསལ་ཅན་གཉིས་ཀྱི་ངོར་ཆོས་ཀྱི་བདག་པོས་དེ་མ་ཐག་བཀོད་པའོ།།

ces mdo khams pa 'jigs med blo gsal can gnyis kyi ngor chos kyi bdag pos de ma thag bkod pa'o//

[edit]

༄༅། །ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལས་ཧེ་རུ་ཀ་རིགས་བཞིའི་སྒོས་སྒྲུབ་བསྙེན་པའི་དམར་བྱང་བཞུགས། །

༄༅། །བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ་ན་མོ། རིགས་བཞིའི་ཁྲག་འཐུང་གི་བསྙེན་པ་བྱེད་ན། བསྙེན་རྐྱང་གི་དུས་ཚོམ་བུའི་ཁར་སོ་སོའི་སྒྲུབ་རྟེན་འབྱོར་ན་ཁྲིའུའི་ཁར་བཤམ། མ་འབྱོར་ན་གཏོར་མ་ཁོ་ནས་རུང་། སྒྲུབ་ཆེན་ལ་ཚོན་དཀྱིལ་གཉིས་གང་རུང་གི་ས་ཆོག་སྟ་གོན་རྣམས་དབང་གི་སྤྱི་དོན་ལྟར་བྱ། གཏོར་ཚོགས་བཟང་དུ་བཤམ། དེ་ནས་དང་པོ་འཇམ་དཔལ་གཤིན་རྗེའི་སྐབས། སྣང་སྲིད་ཐམས་ཅད་འཇམ་དཔལ་གཤིན་རྗེའི་རྟེན་དང་བརྟེན་པར་བསྐྱེད་པ་ལས་བདག་མདུན་གྱི་གཉིས་རྟོག་མི་དགོས། ཛབ་ལ་བབ་པ་ན། ཡ་མ་རཱ་ཛའི་ཐུགས་ཀར་ཉི་སྟེང་ཧཱུཾ་ཡིག་མཐིང་ཀས་མཚན་པ་ལ་མདུན་ནས་བརྩམས་ཏེ་སྔགས་ཕྲེང་སྤུས་བྲིས་པ་ལྟར་ཤིན་ཏུ་ཕྲ་བ་གཡོན་བསྐོར་དུ་བཀོད་ལ་ཀློག་ཐབས་སུ་སེམས་འཛིན། དེའི་འོད་ཟེར་གྱིས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར། དང་པོར་གཙོ་བོ་ཡབ་ཡུམ། དེ་གསལ་ཐེབས་ནས་ཕྱག་རྡོར་དང་རུས་སྦལ་ཏེ་རྩ་བའི་ལྷ་ལྔ་ཆར་གྱི་གསལ་སྣང་ལ་སློབ། དེ་ནས་རིམ་བཞིན་རྒྱན་གྱི་ལྷ་རྣམས་དང་བཅས་རྟེན་དང་བརྟེན་པ་ཐམས་ཅད་ཁྲ་ལམ་གྱིས་གསལ་ན་རབ། མིན་ཀྱང་དེ་ལ་འདུན་པ་བརྟས་པ་དང་འོད་ཟེར་སྤྲོ་བསྡུ་གཞུང་བཞིན་བྱ། ཆེར་གོམས་པ་དང་ཐུན་མཇུག་ཚོར། ཐུགས་ཀའི་སྔགས་ཕྲེང་ལས་རང་འདྲ་གཉིས་པ་ཆད་དེ་ལུ་གུ་རྒྱུད་དུ་འབྲེལ་པ་ཞལ་ལས་ཐོན། ཡུམ་ཞལ་དུ་ཞུགས། ཡེ་ཤེས་སེམས་དཔའ་ལ་བསྐོར་བ་རྒྱུན་མི་ཆད་པ་ལ་དོ་ལི་ཟེར། སྒྲུབ་ཆེན་ལ་ཕཊ་ཛས་འཛབ་ཁང་དབྱེ་ནས་བདག་མདུན་ཕྱེ་ཞིང་དམིགས་པ་འདི་གཙོ། སྲོག་སྡོམ་གཟེར་བཞིའི་དོན་སོགས་དཔལ་ཆེན་གྱི་བསྙེན་ཡིག་དང་བསྐྱེད་རིམ་རྣམ་བཤད་དུ་གསལ། སྒོས་ཆོས་རྣམས་མ་གཏོགས་དམིགས་པ་འདིས་འོག་མ་རྣམས་ཀྱང་ཁོག་དབུབ། ༈ རྟ་མཆོག་རོལ་པ་ནི། ཡེ་ཤེས་སེམས་དཔའ་ཡུམ་པདྨ་གཟི་ལྡན་མ་སྐྱིལ་ཀྲུང་ཕྱག་གཡས་སྟེང་དང་གཡོན་པ་འོག་ཏུ་བྱས་པའི་སྡིགས་མཛུབ་སྙིང་གར་ཁ་སྤྲད་པའི་ཐུགས་ཀའི་དབྱིངས་ལ་རིན་ཆེན་ཟུར་བརྒྱད་དམར་པོའི་སྟེང་ཉི་གདན་ལ་ཧྲཱིཿཡིག་མཐར་སྔགས་ཕྲེང་བསྐོར་ཚུལ་དང་སྤྲོ་བསྡུ་སོགས་གོང་དང་འདྲ་རུང་བ་ལས། དང་པོ་འཕྲོ་འདུ་ལྷ་རྣམས་བསྐུལ། །གཉིས་པ་མ་མོ་མཁའ་འགྲོ་བསྐུལ། །གསུམ་པ་ལས་ཀྱི་མཁའ་འགྲོ་བསྙེན། །བཞི་པ་གཉིས་མེད་ངང་དུ་བསྙེན། །འཕྲོ་འདུ་འཕྲོ་བ་མ་དད་བཏུལ། །དེ་ལས་ཕར་མཆོད་ཚུར་དངོས་གྲུབ། །ཚ་ཚའི་ཚུལ་དུ་འཕྲོ་འདུ་བྱ། །དེ་ནི་སྒྲུབ་པ་ཆེན་པོའོ། །ཞེས་རྟ་མཆོག་རོལ་པ་ལས་བཤད་པ་ལྟར་བྱའོ། ༈ །ཡང་དག་གི་ཁྱད་པར། གནས་སོ་སོར་རིན་པོ་ཆེ་ཟུར་བརྒྱད་པ་རེ་ལས། ཀླད་པ་དུང་ཁང་གི་ནང་དུ་ཟླ་གདན་ལ། ཨོཾ་དཀར་པོ་ལ་རུ་ལུ་གསེར་གྱི་ཕྲེང་བ་ལྟ་བུ་དང་། མགྲིན་པར་པདྨ་འདབ་བརྒྱད་ཀྱི་སྟེང་ཨཿཡིག་དམར་པོ་ལ་རུ་ལུ་དམར་གསལ་མགལ་མེ་ཀླད་ལ་བསྐོར་བ་ལྟ་བུ་དང་། སྙིང་གར་ཉི་གདན་ལ་ཧཱུྃ་སྔོན་པོའི་མཐར་རུ་ལུ་སྔོ་ནག་ལྕགས་ཞུན་འཐོར་བ་ལྟ་བུས་བསྐོར། དེ་བཞིན་དུ་གཽ་རཱི་མ་སོགས་ལྷ་མོ་བརྒྱད་ཀྱི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་ལ་རུ་ལུའི་ཡི་གེ་མདུན་ནས་བརྩམས་འབྲུ་རེ་དང་། དབུས་ན་སོ་སོའི་མིང་ཡིག་ཐིག་ལེས་མཚན་པའི་ཐུགས་སྲོག་གནས་པ་ལ་སེམས་འཛིན་ཅིག་ཆར་དུ་ཐོབ་ན་རབ། མིན་ན་གཙོ་བོའི་ཐུགས་ཀ་ནས་རིམ་པར་གྱེན་དུ་སྔགས་ཕྲེང་ལ་སེམས་གཏད་དེ་རུ་ལུའི་བཟླས་པ་བྱས་པས་ཡི་གེའི་སྤྲིན་ནམ་མཁའ་གང་བར་སྤྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་བདེ་སྟོང་གི་མཆོད་པ་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ། ཡང་ཡི་གེའི་སྤྲིན་ལས་སྣོད་བཅུད་དུ་འཛིན་པའི་རྟོག་པ་སྦྱངས། དེ་རྣམས་ཚུར་འདུས་ཡི་གེ་སོ་སོ་ལ་ཐིམ། རྣམ་པར་ཤེས་པའི་ཚོགས་བརྒྱད་དང་ཡུལ་ལ་ཉེ་བར་ལེན་པའི་སེམས་ཤིན་ཏུ་རྣམ་པར་དག་ནས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་བསམ་པ་སྟེ། ཧེ་རུ་ཀ་གལ་པོ་ལས། རང་སེམས་བྱང་ཆུབ་འབྲུ་བརྒྱད་ཉིད། །རུ་ལུ་གསེར་ཕྲེང་རིན་པོ་ཆེ། །གཅིག་ལས་མང་སྤྲོས་དགུ་རུ་ལྡན། །བསམ་འཕེལ་འབྲུ་བརྒྱད་རིན་པོ་ཆེ། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་དབྱིག །གདོད་ནས་ཡེ་ཤེས་སྙིང་པོ་བས། །བྱིན་རླབས་འབྲུ་བརྒྱད་ཕྱག་རྒྱར་གསལ། །དྲོད་ཚད་རྟགས་དང་ལྡན་པ་ཡིས། །དེ་བཞིན་ཉིད་དུ་ཤེས་པར་བྱ། །ཅེས་དང་། ཀུན་གཞིའི་རྣམ་ཤེས་ཡུམ་སྐུར་གསལ། །ཡབ་ཡུམ་གཉིས་མེད་སྐུ་གསུང་ཐུགས། །ཐུགས་ཀྱི་ཡོན་ཏན་འབྱུང་བའི་གཏེར། །ཞེས་གསུངས་པས་འདིས་ནི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྟེར་བ་ཡིན་ནོ། ༈ །ཕུར་པའི་ཁྱད་པར་ནི། ཐུགས་ཀར་རིན་པོ་ཆེའི་གཞལ་མེད་ཁང་སྒོ་གཅིག་པའི་ནང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་མི་བསྐྱོད་པ་དཀར་པོ་ཡུམ་དང་བཅས་པ་པད་ཟླའི་གདན་ལ་བཞུགས་པའི་ཐུགས་ཀར་རྡོ་རྗེ་མཐིང་ནག་རྩེ་ལྔ་པ། དེའི་ལྟེ་བར་ཉི་དཀྱིལ་ལ་ཏིང་འཛིན་སེམས་དཔའ་ཧཱུཾ་མཐིང་ནག་ལ་སྔགས་ཕྲེང་གིས་སྐོར་བ་ལ་སེམས་རྩེ་གཅིག་ཏུ་བཟུང་ནས་རེས་འགའ་རྣམ་པ་གསལ། རེས་འགའ་དག་དྲན་སྒོམ། ཅིས་ཀྱང་གསལ་དཀའ་ན་ང་རྒྱལ་ལ་དྲན་པ་བརྟེན་ནས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱ་བ་ལ་གཙོ་བོར་བསླབ་ཅིང་། སྒྲུབ་པའི་དུས་དོ་ལི་ལ་བསླབ་པ་སྔར་བཞིན་ནོ། །འདིའི་དོ་ལིའི་ཁྱད་པར་སྔགས་ཕྲེང་དབུས་ར་ནས་འཐོན། དམ་ཚིག་སེམས་དཔའི་ཤངས་བུག་གཡས་པ་བརྒྱུད། མདུན་བསྐྱེད་ཡོད་སྐབས་དེའི་ཤངས་བུག་གཡོན་པ་ནས་རིམ་པར་ཤངས་གཡས། དེ་ནས་རང་གི་སྣ་བུག་གཡོན་པ་ནས་འཇུག་པའི་ཁྱད་པར་རོ། །གལ་ཏེ་སྨད་ལས་ཀྱི་དམ་ཅན་ཉེ་བསྙེན་སོགས་འདོད་ན་རྒྱུད་ལུགས་ལོགས་སུ་བཀོད་པ་ལས་ཕུར་པའི་གྲུབ་མཐའ་དཔྱིས་ཕྱིན་པར་ཤེས་པར་བྱའོ། །ཅེས་མདོ་ཁམས་པ་འཇིགས་མེད་བློ་གསལ་ཅན་གཉིས་ཀྱི་ངོར་ཆོས་ཀྱི་བདག་པོས་དེ་མ་ཐག་བཀོད་པའོ།། །།