ཕུར་པ་རྒྱུད་ལུགས་ལས། དམ་ཅན་ལྕམ་དྲལ་གྱི་མཆོད་བསྐུལ།

From Khyentse Lineage - A Tsadra Foundation Project
JLKO-KABUM-09-TA-023
Wylie title phur pa rgyud lugs las/ dam can lcam dral gyi mchod bskul/
Location 'jigs gling bka' 'bum
Volume 9, Text 23, Pages 583-588 (Folios 1a1 to 3b5)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Phur pa rgyud lugs las dam can lcam dral gyi mchod bskul. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 9: 583-588. New Delhi: Shechen Publications, 2025.
Genre Invocations - bskul ba  ·  Protector Rituals - gsol mchod
Cycle ཕུར་པ་རྒྱུད་ལུགས་ (phur pa rgyud lugs)
Deity phur srung lcam dral
[edit]

༄༅། །ཕུར་པ་རྒྱུད་ལུགས་ལས། དམ་ཅན་ལྕམ་དྲལ་གྱི་མཆོད་བསྐུལ་བཞུགས། །

༄༅། །དཔལ་ཆེན་ཧེ་རུ་ཀ་ལ་ན་མོ། འདིར་ཕུར་པའི་དམ་ཅན་མཆོད་པ་ནི། གཏོར་མ་དང་སོ་སོའི་མཐུན་རྫས། ཉེར་སྤྱོད་དང་། སྨན་ཕུད་བཟང་པོ་བཤམས་ལ། བདག་ཉིད་ཡི་དམ་ལྷའི་བསྐྱེད་རིམ་དང་ལྡན་པས། བྷྱོ། ཕུར་པའི་སྲུང་མ་དམ་ཚིག་ཅན། །སྲིད་པ་གསུམ་གྱི་ཕྱ་ཆེན་པོ། །ཧེ་ལེ་ཡབ་ཡུམ་རོལ་པའི་སྲས། །ལྕགས་ཀྱི་སྤྱང་མོ་མགོ་དགུ་དང་། །ལྕགས་ཀྱི་ཁྱི་མོ་མཚལ་མི་གཅན། །ཟངས་ཀྱི་ཝ་མོ་རྐང་གསུམ་མ། །གསེར་གྱི་འཕར་བ་ལྕེ་བརྒྱད་ལ། །རང་རང་མགོ་ཅན་བུད་མེད་ཞོན། །ཕྱག་ན་ཕུར་པ་ལྕགས་ཀྱུ་བསྣམས། །རོལ་དུ་ཁྱི་སྤྱང་འཕར་བ་ཁྲིད། །ཝ་མོའི་ངར་སྐད་ལྷངས་སེ་ལྷང་། །མིང་པོ་ཤེལ་གིང་དཀར་པོ་སྟེ། །ཕྱག་ན་སྙིང་དང་ཕུར་པ་བསྣམས། །རི་རབ་ཟོམ་ལ་གནས་བཅས་ཤིང་། །དུག་མཚོ་མེར་བའི་ཀློང་ན་འཕྱོ། །དུང་མཁར་དཀར་པོའི་ནང་ཤེད་ནས། །ཤྭ་ནའི་མ་ཚོགས་དམ་ལ་འདུ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །དཔལ་ལྡན་ནག་མོ་རེ་མ་ཏི། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །གཡས་པ་དུག་གི་ཕུར་པ་གདེངས། །གཡོན་པ་བདུད་ཀྱི་ཁྲམ་བམ་བསྣམས། །དཔལ་ལྡན་ནག་མོ་རེ་མ་དུ། །ཆིབས་སུ་བྱ་རྒྱལ་ཁྱུང་ལ་ཆིབས། །གཡས་པ་མཆོག་གི་ཕུར་པ་འདྲིལ། །གཡོན་པ་འཛིན་བྱེད་ལྕགས་ཀྱུ་བསྣམས། །དཔལ་ལྡན་ནག་མོ་རེ་མ་ཛ། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །གཡས་པ་སེང་ལྡེང་ཕུར་པ་བསྣམས། །གཡོན་པས་སྟོང་ཁམས་ཁྲམ་ལ་འདེབས། །དཔལ་ལྡན་ནག་མོ་རེ་མ་ཛུ། །ཆིབས་སུ་ཆུ་གླང་སྔོན་མོ་ཆིབས། །གཡས་པ་ལྕགས་ཀྱི་ཕུར་པ་གདེངས། །གཡོན་པ་འཛིན་བྱེད་ལྕགས་ཀྱུ་བསྣམས། །ནམ་ཟླ་དུས་བཞིའི་བདག་མོ་མཛད། །འཇིག་རྟེན་ཁམས་ཀྱི་ནད་བདག་མོ། །ཞིང་ལྤགས་རློན་པའི་ན་བཟའ་ཅན། །མིང་པོ་མ་ཧཱ་ཀཱ་ལ་སྟེ། །བེ་ཅོན་ཕུར་བུ་འཇོལ་བེར་གསོལ། །སྐུ་མདོག་ནག་པོ་འབར་བའི་གདོང་། །རི་རབ་ནག་པོའི་བྱང་ཤར་མཚམས། །མུ་ལེ་དིང་གི་ལྕགས་མཁར་ནས། །ནག་མོ་ཆེན་མོ་དམ་ལ་འདུ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། །གནོད་སྦྱིན་ཟངས་མདོག་རྒྱལ་པོ་ཆེ། །ཡབ་ཡུམ་རོལ་པའི་སྲས་མཆོག་ནི། །དེ་བྱིན་གཟའ་ཡི་བུ་མོ་སེར། །ཆིབས་སུ་གཟའ་རྟ་འུང་བ་ཆིབས། །སྐུ་ལ་བེར་ཆེན་སེར་ནག་གསོལ། །ཕྱག་ན་ཕུར་པ་ལྕགས་ཀྱུ་བསྣམས། །བསེ་བྱིན་བཙན་གྱི་བུ་མོ་ནི། །དམར་ནག་བཙན་རྟ་དམར་པོ་ཆིབས། །སྐུ་ལ་བེར་ཆེན་དམར་ནག་གསོལ། །ཕྱག་ན་ཕུར་པ་ལྕགས་ཀྱུ་བསྣམས། །ཕག་བྱིན་ཀླུ་ཡི་བུ་མོ་སྔོ། །ཆིབས་སུ་ཀླུ་རྟ་ལྗང་སྔོན་ཆིབས། །འཇོལ་བེར་སྔོ་ཁྲ་སྦྲུལ་གྱིས་བརྒྱན། །ཕྱག་ན་ཕུར་པ་ལྕགས་ཀྱུ་བསྣམས། །ཡ་བྱིན་བདུད་ཀྱི་བུ་མོ་ནག །སྐུ་ལ་མཐིང་ནག་བེར་ཆེན་གསོལ། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །ཕྱག་ན་ཕུར་པ་ལྕགས་ཀྱུ་བསྣམས། །བློན་མོ་ཡང་བློན་ཚོགས་དང་བཅས། །མིང་པོ་བསེ་ཡི་སྐྱེས་བུ་ནི། །སྐུ་ལ་བསེ་ཡི་ཁྲབ་ཆེན་གསོལ། །བསེ་མདའ་བསེ་གཞུ་ཕུར་པ་འདྲིལ། །ཀུན་ཀྱང་ཤན་པ་ཕོ་མོ་འགྱེད། །རི་རབ་ཆེན་པོའི་ལྷོ་ནུབ་མཚམས། །བསེ་མཚོ་མེར་བའི་ནང་ཤེད་ན། །བསེ་མཁར་སྨུག་པོའི་ཕོ་བྲང་ནས། །ས་བདག་ཆེན་མོ་དམ་ལ་འདུ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། །རྡོ་རྗེ་གར་གྱི་དབང་ཕྱུག་མ། །རྡོ་རྗེ་གསལ་བ་གློག་བྱིན་མ། །རྡོ་རྗེ་ཀུན་བཟང་མཐུ་མོ་ཆེ། །རྡོ་རྗེ་ཡེ་ཤེས་ཆེན་མོ་མ། །རྡོ་རྗེ་གསུང་ཆེན་འོད་འབར་མ། །རྡོ་རྗེ་གསུང་དབྱངས་སྒྲོག་པ་མོ། །རྡོ་རྗེ་སྒྲོལ་མ་ཟ་བྱེད་མ། །མ་བདུན་སྐུ་མདོག་དམར་ནག་ལ། །རྡོ་རྗེ་ཕུར་འདྲིལ་ཆས་དང་ལྡན། །ཤར་གྱི་རྡོ་རྗེ་སྤྱན་གཅིག་མ། །ལྷོ་ཡི་རྡོ་རྗེ་རལ་གཅིག་མ། །ནུབ་ཀྱི་རྡོ་རྗེ་དབང་སྡུད་མ། །བྱང་གི་རྡོ་རྗེ་ལས་མཁན་མོ། །སྲིང་བཞི་སྨུག་ནག་ཐོད་ཁྲག་དང་། །ཕུར་འདྲིལ་རང་རང་རྒྱན་དང་ལྡན། །དཀར་སེར་དམར་དང་ལྗང་གུའི་མདོག །ཀུན་ཀྱང་ཕུར་པའི་སྲུང་མ་སྟེ། །དེ་རིང་དཔལ་གྱི་དམ་ལ་འདུ། །བོས་པའི་ཚེ་ན་སྙན་མ་སྲ། །ཁྱོད་དང་ང་གཉིས་དམ་ཚིག་འབྲེལ། །བརྟེན་པའི་ཚེ་ན་རྒྱང་མ་རིང་། །མཐུན་པའི་དམ་རྫས་འདི་ན་མཆིས། །བསྐུལ་བའི་ཚེ་ན་མཐུ་མ་ཆུང་། །ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད། །བ་ལིང་ཤ་ཁྲག་རི་ལྟར་སྤུངས། །མཐུན་རྫས་ལོངས་སྤྱོད་གཅལ་དུ་བཀྲམ། །ཀླུ་དབྱངས་གདུང་བས་ཁྱོད་འབོད་ན། །ཉམས་པའི་དགྲ་ལ་མཐུ་མ་ཆུང་། །བརྣག་པའི་བགེགས་ལ་རྩལ་མ་ཞན། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་བཛྲ་ཀྲོ་དྷ་ཙིཏྟ་མ་ཧཱ་ལཱི་ཤུ་ར་ཤུ་ར། ཁྱི་ར་ཁིང་། གྷ་དྷ་ར་ནི། ཤུ་ལ་ཙི་པཱ་ར་ཤུ་པ་ར་ནི་ཡོ་ག་ཤུདྡྷ་ཙིཏྟ་མ་ར་ལི། ཀྲོ་དྷ་ཡོ་གི་ནཱི་བཛྲ། ཛ་ལནྡྷ་རི། ཤ་ཥ་ཎི་ཛ་ཛ། ཞེས་བརྗོད་གཏོར་མ་གཙང་སར་འབུལ། ལས་སྦྱོར་དུས་སུ་དུས་དྲུག་བསྐུལ། །ཕུར་པ་བསྒྲུབ་པའི་རིག་འཛིན་ལ། །ཉེ་བའི་གསོལ་ཀ་རྒྱུན་མི་གཅད། །རྒྱ་འདྲེ་འབྱུང་པོ་གསར་སྐྱེས་དང་། །ཉམས་པ་བདུན་གྱི་གཤེད་མ་ཡིན། །དེ་བས་འདི་ལ་གཅེས་པར་ཟུངས། །དགེའོ།།