ཕུར་པ་རྒྱུད་ལུགས་ལས་བསྐྱེད་རིམ་གྱི་དོགས་སེལ་དཀའ་གནད་མདུད་འགྲོལ།

From Khyentse Lineage - A Tsadra Foundation Project
JLKO-KABUM-09-TA-013
Wylie title phur pa rgyud lugs las bskyed rim gyi dogs sel dka' gnad mdud 'grol JLKO-KABUM-09-TA-013.pdf
Location 'jigs gling bka' 'bum
Volume 9, Text 13, Pages 383-390 (Folios 1a1 to 4b6)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Phur pa rgyud lugs las bskyed rim gyi dogs sel dka' gnad mdud 'grol. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 9: 383-390. New Delhi: Shechen Publications, 2025.
Genre Commentary on Difficult Points - dka' 'grel  ·  Generation Stage - bskyed rim
Cycle ཕུར་པ་རྒྱུད་ལུགས་ (phur pa rgyud lugs)
Deity rdo rje phur pa
Colophon

།ཞེས་དཀའ་འགྲེལ་གྱི་ཚུལ་དུ་སྨོས་པའང་ཡང་སྟེང་ཞབས་དྲུང་པའི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ།། །དགེའོ།།

zhes dka' 'grel gyi tshul du smos pa'ang yang steng zhabs drung pa'i ngor rig 'dzin 'jigs med gling pas so//_/dge'o//

[edit]
༼པ༽ ཕུར་པ་རྒྱུད་ལུགས་ལས་བསྐྱེད་རིམ་གྱི་དོགས་སེལ་དཀའ་གནད་མདུད་འགྲོལ་བཞུགས། འདུས་མ་བྱས་པའི་རྡོ་རྗེ་ནི། །ཆོས་ཉིད་རང་བཞིན་ཕུར་བུ་སྟེ། །ཡོངས་གྲུབ་དོན་དམ་བདེན་པའི་ཞལ། །དཔལ་ཆེན་རྡོ་རྗེ་གཞོན་ནུར་འདུད། །གསང་སྔགས་གསར་རྙིང་མདོ་མཐུན་པར་དཀྱིལ་འཁོར་གྱི་ཆོ་ག་དང་སྒྲུབ་ཐབས་གཉིས་སུ་ཕྱེ་བའི་དང་པོས་ས་ཆོག་ཕྱི་ནང་གསང་གསུམ་གྱི་མཚམས་གཅོད། སྟ་གོན་གྱི་རིམ་པ། དཀྱིལ་འཁོར་འདུ་བྱ་བའི་ལས་རིམ་སོགས་ཚང་ལ་མ་ནོར་བ་སྟོན་པ་ཡིན་པས། འདིར་ཡང་དབང་གི་ཆོ་ག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས་ལྟར་ཤེས་པར་བྱ་ཞིང་། འོན་ཀྱང་གནས་ཀྱི་མཚན་ཉིད་སོགས་བྱ་བའི་གསེབ་ཚགས་འགའ་ཞིག་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་ལས་ཤེས་པར་བྱས་ན་སྒྲུབ་ཁོག་ཏུ་མིང་བཏགས་པའི་ལག་ལེན་ཟུར་པ་མི་དགོས་ལ། དེ་བཞིན་དུ་ས་ཆོག་ལ་གདོན་བགེགས་གཟིར་བའི་སླད་དུ་ཁྲོ་བོ་བཅུའི་སྟངས་སྟབས་དང་ཕྱག་རྒྱ་དམིགས་བསལ་རྒྱུད་ནས་བཤད་པ་སྒྲུབ་ཐབས་སུ་བསྡེབས་པ་ལྟར་ཡིན་ལ། དེ་ལས་གཞན་པ་ཕུར་པའི་རྒྱུད་སྡེ་ལས་བཤད་པ་མ་མཐོང་ཡང་སྔོན་གྱི་བླ་མ་དམ་པ་རྣམས་ཀྱིས་སྲོལ་བཏོད་པ་ཉིད་དུ་རིག་པར་བྱས་ནས་གསང་སྔགས་ཀྱི་དོན་པོ་དབང་དང་བསྐྱེད་རིམ་རྫོགས་རིམ་དང་བཤད་པ་སྟེ། སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞིའི་རྒྱུན་ལ་འདྲིས་པར་བྱས་ན་བྱིན་རླབས་ཆེ་ཞིང་དངོས་གྲུབ་འབྱུང་བ་ཡིན་ཡང་། དེང་སང་གསང་སྔགས་གཟུགས་བརྙན་དུ་ལྟུང་བས་ཕྱག་རྒྱ་དམ་རྒྱ་ཆོས་རྒྱ་ཕྱག་རྒྱ་ཆེན་པོ་བཞིའི་མཚན་ཉིད་ཀྱང་རྣ་ལམ་དུ་མ་སོན་བཞིན་དུ་རྡོ་རྗེ་འཛིན་པར་སྙེམས་པས་གང་བའི་ཕྱིར་རོ། །ལར་གསང་སྔགས་ནི་དོན་ཟབ་ཅིང་དབྱིངས་ཆེ་བས་དབང་རྟུལ་རྣམས་ལ་ཡེ་གསང་ཆེན་པོར་གྱུར་པར་མ་ཟད་དེང་གི་དུས་གསང་སྔགས་མོས་པས་སྤྱོད་པའི་སྐབས་ཡིན་ཡང་དམ་ཚིག་དག་པ་རྣམས་ལ་ཐུན་མོང་གི་དངོས་གྲུབ་མཐོང་ཆོས་སུ་གྱུར་པས་དམ་ཚིག་ཁོ་ན་ལ་བརྩོན་པ་གཞིར་བཞག་ནས་བསྒྲུབ་པར་བྱའོ། །དེ་ལས་འདིར་མངོན་རྟོགས་ཀྱི་དཀའ་ས་ནས་འདྲི་བའི་ཆ་ལ། ཁྲོ་བོ་འཆོལ་བའི་མཚམས་ཀྱི་དུས། །བསྒྲུབ་པའི་ཡེ་ཤེས་ཚོན་གང་པོ། །ཞེས་པ་ལ་སོགས་པའི་དོན། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་ཚོན་གང་པ་དཔག་ཏུ་མེད་པར་སྤྲོས་པའི་རང་སྒྲས་སྟོང་གསུམ་ཐམས་ཅད་རྫུས་སྐྱེས་ཀྱི་ཁྲོ་བོས་གང་། དེ་ཐམས་ཅད་ཀྱང་ཞི་བས་མི་ཐུལ་བའི་གདོན་བགེགས་ལ་ཤིན་ཏུ་ཁྲོས་པའི་ཚུལ་དང་ལྡན་པས་ན་ཐུགས་ལ་འབར་བའི་སྲོག་ཀྱང་ཞུགས་ཞེས་དྲག་པོའི་མངོན་བརྗོད་དང་། དབུ་རྒྱན་ནི་ཡེ་ཤེས་ལྔའི་ངོ་བོ་ཉིད་ཕྱིར་རང་བསྲུང་དག་ཉི་ཟླ་རི་རབ་ཕུར་པ་ལ་སོགས་གཞན་སྡེ་ཚར་གཅོད་པའི་རྒྱན་གྱིས་བརྒྱན་པའོ། །དེ་ནས་མཚོན་ཆ་འཆོལ་བའི་མཚམས་ལ། རྡོ་རྗེ་རབ་ཏུ་ཀཱི་ལ་ཡ། །སོགས་ནི། ཕྱག་མཚན་གྱི་ཕུར་བུ་འདྲིལ་ཞིང་གསོར་བས་དེ་ལས་ཕུར་བུ་མང་པོ་སྤྲོས། གནོད་བྱེད་རྣམས་ཀྱི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཚར་བཅད་པས་འཁོར་བ་མྱང་འདས་སུ་བསྒྲལ། དེའང་བདག་རང་བཞིན་གྱི་དཀྱིལ་འཁོར་དང་། མཚན་མ་རྫས་ཀྱི་དཀྱིལ་འཁོར་དང་། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གསུམ་ལྡན་གྱི་བྱང་ཆུབ་སེམས་ལས་ཀྱང་འཕྲོས་པས་གཟུགས་ཅན་རྣམས་ཀྱི་ཕུང་པོ་རྡུལ་ཕྲན་དུ་བཤིགས་པའི་ཤ་ཁྲག་ཁམས་གསུམ་དུ་འཐོར། གཟུགས་བྲལ་རྣམས་ཀྱི་མིང་བཞིའི་ཕུང་པོ་ཧཱུྃ་དང་ཕཊ་ཀྱིས་གཏོར་ནས་ཡེ་ཤེས་ཀྱི་རྡོ་རྗེ་ཚོན་གང་བ་དང་། ཆོས་ཉིད་ཀྱི་ཕུར་བུ་དེ་འདྲ་བས་སྟོང་གསུམ་གང་སྟེ་ཁམས་གསུམ་དུ་འཛིན་པའི་བག་ཆགས་བཤིགས། དེ་དག་འདུས་པ་ལས་མཚོན་ཆ་འཆོལ་བའི་གུར་དུ་གྱུར་པར་བསམ་མོ། །དེ་ནས་རྟེན་གཞལ་ཡས་ཁང་ནི། ཐིག་ཚོན་གྱིས་བསྒྲུབས་པའི་རྣམ་བཅས་དམིགས་རྟེན་ཙམ་ལས་བསྒོམ་བྱ་ནི་བློས་བླངས་ལྟར་གྱི་འདོད་སྣམ་རྩིགས་པ་ཕ་གུ་ལ་སོགས་པ་ཕལ་ཆེར་མཐུན་ཀྱང་། རྩིགས་པ་ཉིས་རིམ་ཡོད་མེད། རྟ་བབས་མང་ཉུང་། དུར་ཁྲོད་དང་རྡོར་གོ་ལྡོག་བྱས་མིན། གདུང་ཐུང་དང་། གདུང་མའི་འགྲོ་ལུགས། ཡ་ཕུབ་དང་། ཏོག །ཧར་སྒོ་དང་སྒོ་རྒྱན་སོགས་ནི་གསར་རྙིང་ཙམ་མ་ཟད། མདོ་སྒྱུ་སེམས་གསུམ། ཡང་ཕུར་མཉམ་སྦྱོར། བཀའ་བརྒྱད་སོགས་ཀྱང་རྒྱུད་སྡེ་སོ་སོའི་རང་ལུགས་དང་འབྲེལ་དགོས་པ་དཔེར་ན་སྒྱུ་འཕྲུལ་གྱི་འོག་གཞི་འཁོར་ལོས་བྱས་པ་བཞིན་དང་། དེ་བཞིན་དུ་ཕུར་པ་རྒྱུད་ལུགས་ལ་རོ་རློན་སོགས་ཀྱི་སྐྱེས་བུར་བཤད་པས་མཚོན་ནོ། །གཞལ་ཡས་ཁང་དངོས་ལའང་རྐྱང་པ་དང་ཉིས་རིམ་སོགས་ལས་ཕུར་པའི་རྒྱུད་ཁ་ཅིག་ལས་ཉིས་རིམ་དུའང་བཤད་པས། སྤྲོས་པ་ཅན་ལ་དེ་ལྟར་རུང་ལ། ཇི་ལྟར་ཡང་དེའི་ནང་གི་འཁོར་ལོའི་རྩིབས་བརྒྱད་ནི་གདན་ཐབས་མ་ཡིན་པའི་ཆ་ནས་རྩིབས་བརྒྱད་དུ་སྨོས་པ་ལས་དོན་ལ་རྩིབས་བཅུ་དང་ལྡན་པའི་ཚུལ། དཔེར་ན་ཆུ་བཏགས་ཀྱི་འཁོར་ལོ་ལ་གཤོག་པ་བརྒྱད་དུ་སྨོས་པའི་སྟེང་འོག་གི་སྲོག་ཤིང་ཤུགས་ལ་གོ་བ་ལྟར། འདི་ནི་མཚོན་ཆ་འཁོར་ལོ་སྦུབས་སྟོང་སིལ་སྙན་ཁ་སྦྱར་བ་ལྟ་བུ་ཡིན་པས་ཕྱོགས་མཚམས་སུ་རྩིབས་བརྒྱད་དང་། སྟེང་འོག་ཏུ་རེ་རེ་ཡོད་པ་ལ་ཧཱུྃ་ཀཱ་ར་སྟོབས་ཆེན་གཉིས་བཞུགས་པའོ། །གདན་བསྐྱེད་སྐབས་གོ་རིམ་འདོད་རྒྱལ་དུ་བཤད་ཀྱང་རཱུ་ཏྲ་དམ་སྲི་ལ་སོགས་ཞབས་འོག་ཏུ་ཡོད་པ་ཡིན་ཏེ། རྒྱུད་གཅུས། ལུང་དཀྲུགས། མན་ངག་གབ་ཅེས་པའི་དོན་ཡང་འདི་འདྲ་ལ་དགོངས་པ་ཡིན། དེ་ནས་ལྷ་བསྐྱེད་པ་དངོས་ལ་གཞན་སྲས་དང་བདག་སྲས་གཉིས་ལས། དང་པོ་ནི་སངས་རྒྱས་ཀྱི་སྲས་སུ་བདག་ཉིད་བྱ་བའི་དུས། རྡོ་རྗེ་སེམས་དཔའ་སྟངས་དཔྱལ་གནས་འགྱུར་ལས་དཔལ་ཆེན་ཧེ་རུ་ཀར་བཞེངས་པ་ལ་ཡུམ་གྱིས་གླུས་བསྐུལ་བའི་ཚེ། ཨ་དང་ཧཱུྃ་ལས་རབ་ཏུ་སྦྱར། །ཞེས་པ་རྐང་པ་གསུམ་གྱི་དོན། ཨ་ནི་སྐྱེ་མེད་ཡུམ་གྱི་མཁའ། །ཧཱུྃ་ནི་འགག་མེད་ཡབ་ཀྱི་མཚན། །དེ་གཉིས་རོལ་པ་ཆེན་པོའི་ངང་། །འདོད་པའི་སྒྱུ་རྩལ་རོ་འཛིན་གཞིབས། །ཡུམ་སྤྱན་ཨུཏྤལ་འདྲ་བ་དེ། །ཡབ་ཀྱི་ཐུགས་ཀར་གཏད་པའི་དོན། །གཉིས་པ་བདག་ཉིད་ཀྱི་སྲས་སུ་སངས་རྒྱས་བྱ་བས་འབྲས་བུའི་ཧེ་རུ་ཀ་བསྐྱེད་ནས་འཁོར་བ་དང་རྣམ་པ་མཐུན་པའི་མངལ་འབྱིན་གྱིས་འཁོར་རྣམས་བསྐྱེད་པའི་ཚིག་ལ། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །ཡེ་ཤེས་དཀྱིལ་འཁོར་ཀུན་བསྡུས་ཏེ། །ཞེས་པ་ལ་སོགས་པའི་དོན་ཡབ་ཡུམ་རྗེས་ཆགས་ལྷག་པར་རྒྱས་པའི་ཏིང་ངེ་འཛིན་གྱི་རོལ་མོས་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ཀློང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྡུས་ཏེ་སྲས་མཆོག་ལྔ་ལ་སོགས་པའི་འཁོར་རྣམས་ཀྱི་ངོ་བོ་ཉིད་དུ་བྱས་པ་ཐབས་ཤེས་གཉིས་ཀའི་ཐུགས་རྡོ་རྗེ་དང་འདྲེས་པས་ཐུགས་ལ་ཞུགས་པའི་སྒྲར་གྱུར་ལ། དེའི་ཚེ་སྲིད་པའི་འདོད་པ་རྣམ་པར་དག་པའི་ཤེས་རབ་ཀྱི་ཆས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བས། ཤེས་རབ་མ་དགའ་བའི་སྒྲས་བསྟན་ལ། དེ་ལ་ཀུན་ཀྱང་ཀུན་རྫོབ་རྒྱུའི་ཐིག་ལེ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་འདྲེས་པ་ལས་བྱུང་བས་ན། འདིར་སྤྲུལ་པའི་བསྐྱེད་རིམ་ལ་ལྡན་མིན་འདུ་བྱེད་བཏགས་ཡོད་ཙམ་ལས་གྲུབ་པའི་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་དང་པོར་བབས་པས་ཡུམ་མཁའ་རྡོ་རྗེ་བཙུན་མོའི་གཞལ་མེད་ཁང་རྣམ་ཐར་གསུམ་གྱི་བདག་ཉིད་ཅན་དང་། གཉིས་པས་གདན། གསུམ་པས་རླུང་ཁམས་དག་པའི་རྟོག་ཚོགས་ཡི་གེའི་སྤྲིན་དུ་ཤར་བ་དེ་ཡང་ལྷའི་རྣམ་པར་གྲུབ་པར་བསམས་ལ་ཡི་གེ་འཁོར་ལོའི་སྔགས་བརྗོད་པའི་མཐར་ཡུམ་གྱི་འདོད་པ་སྒྱུ་རྩལ་དང་བཅས་སྲས་འབྱིན་གྱི་ཞུ་བ་གླུས་བསྐུལ་ལ། ཕྱག་མཚན་གྱི་ངོ་བོ་ཉིད་སྲས་མཆོག་རྫས་ཀྱི་དཀྱིལ་འཁོར་རང་སྔགས་ཀྱི་རྐྱེན་ལས་ལྷུན་གྱིས་གྲུབ་པར་བལྟ་སྟེ། དེ་ཡང་དང་པོར་ཆོས་ཀྱི་དབྱིངས་ཅི་ཡང་མ་ཡིན་པའི་ཀློང་ནས་ལོངས་སྤྱོད་རྫོགས་པ་ཁྲོ་བོའི་མཚན་དཔེར་རང་ཤར་བ། སྤྲུལ་པའི་བདག་ཉིད་དུ་ཕྱིར་བྱུང་བས་ཡབ་ཀྱི་ཕྱག་སོར་རིགས་ལྔ་ཡབ་ཡུམ་གྱི་བདག་ཉིད་ཆེན་པོའི་བར་དུ་བཟུང་བ་ལ་རོལ་པ་ཆེན་པོའི་བདེ་བའི་རླབས་ཀྱིས་དབང་བསྐུར་བའི་དོན་ནོ། །དེ་ལ་བྱུག་བདུག་བྲབ་གསུམ་གྱི་ཚིག །ལུས་ཀྱི་བ་སྤུའི་བུ་ག་ཀུན། །ཞེས་པ་རྐང་གཉིས་རང་སྔགས་དང་བཅས་པས་ཉུང་དཀར་གྱིས་བྲབ་པ་ཁྲོ་ཆུང་གི་གོ་ཚགས་སུ་བསམ། རཀྟ་ལ་སྔགས་སྔོན་དུ་འགྲོ་བས་བྱུག་པའི་རྫས་ཀྱིས་བཀྲག་དང་གཟི་བྱིན་བསྐྱེད། བ་སྤུའི་བུ་ག་རྡོ་རྗེས་གཏམས། ཨོཾ་མ་གུ་ལ་སོགས་ཀྱིས་གུ་གུལ་གྱིས་བདུག་ནས་བགེགས་བསྲུང་བ་གསུམ་ལ་དོན་ལེགས་པར་ཚང་ངོ་། །དེ་ལ་སྲས་མཆོག་མངལ་སྐྱེས་དང་། ཁྲོ་བཅུ་ཕྲ་ཕྱག་སྒོང་སྐྱེས། སྒོ་མ་བཞི་དྲོད་གཤེར་སྐྱེས། གསོད་བྱེད་རྣམས་རྫུས་སྐྱེས་ཏེ་སྐྱེ་གནས་བཞི་ཀའི་བག་ཆགས་སྦྱང་བ་རྡོ་རྗེ་ཕུར་པའི་རང་ལུགས་ཡིན་ནོ། །དེ་བཞིན་དུ་དཀྱིལ་འཁོར་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར་བ་དང་། ཡེ་ཤེས་སེམས་དཔའི་སྲོག་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་དབང་བསྐུར་བ་སོགས་གཞུང་གིས་གོ་དོན་འཕྲོད་ལ། དེ་ནས་ཁམས་གསུམ་སྦྱང་བའི་དམིགས་པ་དང་། དེ་བཞིན་དུ་ཡེ་ཤེས་སེམས་དཔའི་སྒོ་སྲུང་རྟ་མགྲིན་གྱིས་བྱ་བའི་དགོས་པའང་བསྐྱེད་རིམ་འཕྲོ་ཅན་གྱི་གདོན་བགེགས་བསྲུང་བའི་སླད་དུ་ཡིན་པས་མཐར་བསྐྱེད་རིམ་གྱི་བྱ་བ་རྫོགས་ནས་དབང་བསྐུར་རྒྱས་གདབ་ཟིན་རྗེས་རྟ་མགྲིན་ཡེ་ཤེས་སེམས་དཔའ་ལ་བསྟིམ་པ་ཤེས་པར་བྱའོ། །ཡང་། རྒྱ་དང་བྲལ་བའི་ཞིང་ཁམས་ནི། ཆོས་ཀྱི་དབྱིངས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ལ་བཏགས་པའོ། །དེ་ཡང་ནམ་མཁའི་དཀྱིལ་འཁོར་གྱི་ཕན་ཆོད་ཚུན་ཆོད་ཀྱི་བརྡ་ནི། རྟག་ཆད་ཀྱི་མཐའ་གཉིས་ལ་བཏགས་ནས། དབུ་མའི་ལམ་སྟེ་གཉིས་ཀའི་མཐར་མ་ལྷུང་བས་ཐུན་མོང་དུ་བཏགས་ནས་འདུན་པའི་ཁྱད་པར་ཅུང་ཟད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་གྲགས་པ་བརྟན་པ་རང་བཞིན་གྱི་གནས་ནས་དགུག་ཏུ་རུང་ཞིང་། གཞུག་བྱའི་རྟེན་ལ་དམ་ཚིག་སེམས་དཔའ་ལ་འཇུག་ཏུ་རུང་བས་ཐོབ་པ་ཆེན་པོའི་གབ་ཐིག་གིས་བཤད་པའོ། །ཞེས་དཀའ་འགྲེལ་གྱི་ཚུལ་དུ་སྨོས་པའང་ཡང་སྟེང་ཞབས་དྲུང་པའི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ།། །དགེའོ།། །།