བསང་བརྔན་གྱི་ཆོ་ག་མཆོད་པའི་སྤྲིན་གྱི་ཁང་བཟང་།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-024
Wylie title bsang brngan gyi cho ga mchod pa'i sprin gyi khang bzang JLKO-KABUM-08-NYA-024.pdf
Location 'jigs gling bka' 'bum
Volume 8, Text 24, Pages 617-659 (Folios 1a1 to 22a4)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Bsang brngan gyi cho ga mchod pa'i sprin gyi khang bzang. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 617-659. New Delhi: Shechen Publications, 2025.
Genre Smoke Offerings - bsangs mchod - lha bsang
Colophon
  • First colophon page 633: ཞེས་པའང་ཕོ་བྲང་དམར་པོ་རི་ནས་སྐུ་བཅར་སངྒའི་མཚན་ཅན་གྱིས་ནན་ཏན་ཆེན་པོས་ཕེབས་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་བསམ་ཡས་ཆོས་འཁོར་ཆེན་པོར་ཤར་མར་སྤེལ་བའོ།།
  • Second colophon page 658: །འདི་ནི་མཚོན་སྣ་སྤྲུལ་པའི་སྐུས། །ཀུན་མཁྱེན་ཆེན་པོའི་ཕུད་རབ་ཉིད། །ཚིག་བསྡུ་བྱས་པ་དགོས་གསུང་ཡང་། །ཟློས་དང་མ་ཚང་གྱི་ནའི་གཞུང་། །བཅོས་སུ་རུང་མོད་འཕགས་ཆེན་གྱི། །གཞུང་བཤིག་བྱིན་རླབས་ཉམས་པའི་རྒྱུར། །མཐོང་ནས་དགོངས་པའི་མཛོད་ཀློང་བརྟོལ། །བདག་གི་མཉམ་གཞག་དགོངས་བརྒྱུད་ལ། །རྗེས་ཐོབ་རིག་འཛིན་བརྡ་བརྒྱུད་དེས། །འདུ་བྱེད་ཤོག་སེར་ཚིག་བརྒྱུད་ཕྱིར། །མོས་པ་ཅན་ལ་བྱིན་རླབས་འབྱུང་། །རང་བྱུང་རྡོ་རྗེའི་རྟོགས་ཆོས་སོ།།
  • Third colophon page 659: ཅེས་རྫོགས་གྲྭ་ལམ་ཞུགས་རྣམས་ལ་རིག་འཛིན་འཇིགས་མེད་གླིང་པས་སོ།།
  • First colophon page 633: zhes pa'ang pho brang dmar po ri nas sku bcar sang+ga'i mtshan can gyis nan tan chen pos phebs ngor rgyal ba'i myu gu mkhyen brtse'i lhas bsam yas chos 'khor chen por shar mar spel ba'o//
  • Second colophon page 658: 'di ni mtshon sna sprul pa'i skus/_/kun mkhyen chen po'i phud rab nyid/_/tshig bsdu byas pa dgos gsung yang /_/zlos dang ma tshang gyi na'i gzhung /_/bcos su rung mod 'phags chen gyi/_/gzhung bshig byin rlabs nyams pa'i rgyur/_/mthong nas dgongs pa'i mdzod klong brtol/_/bdag gi mnyam gzhag dgongs brgyud la/_/rjes thob rig 'dzin brda brgyud des/_/'du byed shog ser tshig brgyud phyir/_/mos pa can la byin rlabs 'byung /_/rang byung rdo rje'i rtogs chos so//
  • Third colophon page 659: ces rdzogs grwa lam zhugs rnams la rig 'dzin 'jigs med gling pas so//
Notes There are three texts included in this entry.
[edit]

༄༅། །བསང་བརྔན་གྱི་ཆོ་ག་མཆོད་པའི་སྤྲིན་གྱི་ཁང་བཟང་བཞུགས། །

༄༅། །ན་མ་ཤྲཱི་བཛྲ་ཡ། འདིར་རྒྱུན་བསང་བྱེད་པར་འདོད་པས། གྲུབ་ན་བང་རིམ་ཟླུམ་པོ་སུམ་བརྩེགས་སྟེང་། པདྨ་འདབ་བཞིའི་སྟེང་བླ་གཏོར་དང་། མཐའ་སྐོར་དུ་མགྲོན་བཞིའི་མཆོད་གཏོར་ཆེ་ཆུང་གོ་རིམ་ལྟར་བཞེང་ཞིང་། གཡག་ལུག་ར་གསུམ་དང་དཀར་གསུམ་མངར་གསུམ་གྱིས་བརྒྱན་ལ་ཕྱེ་མར་མདའ་དར་སོགས་བཤམ། མ་གྲུབ་ན་ཕྱེ་མར་དང་བསང་རྫས་སྣེ་འཛོམ་ལ་བརྟེན་དུ་རུང་ངོ་། །སྐྱབས་སེམས་ཡན་ལག་བདུན་པ་སྔོན་དུ་བཏང་ནས། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །སོགས་དང་རོལ་མོས་བྱིན་དབབ། ཧྲཱིཿ། རང་ཉིད་ཧྲཱིཿལས་སྐད་ཅིག་གིས། །འཕགས་པ་འཇིག་རྟེན་དབང་ཕྱུག་ནི། །སྐུ་མདོག་དཀར་གསལ་འཛུམ་མདངས་ཅན། །ཕྱག་གཡས་མཆོག་སྦྱིན་གཡོན་པད་དཀར། །སྟ་ཟུར་ནས་བཟུང་ཐལ་གོང་རྒྱས། །མཉམ་པའི་སྟབས་ཀྱིས་བཞེངས་པར་གསལ། །ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་ཧཱུྃ། ཅི་ནུས་བཟླའོ། །ཧྲཱི། སྣང་སྲིད་རྣམ་དག་དབྱིངས་ཕྱུག་མའི། །ཀློང་ན་སངས་རྒྱས་སྤྱན་མའི་མཁའ། །ཐབ་ཁུང་ཉ་རྒྱས་ཟླ་འདྲའི་དབུས། །དམ་ཚིག་སྒྲོལ་མའི་བརྟུལ་ཞུགས་དང་། །འགྲོགས་པའི་གོས་དཀར་བྱིན་ཟའི་མེས། །བསང་རྫས་འདོད་ཡོན་ལྔ་ལྡན་དུ། །སྦྱངས་རྟོགས་སྦར་བ་མཱ་མ་ཀཱིས། །བྲན་པས་ནམ་མཁའ་མཛོད་དུ་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ། སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། དེ་ནས་ཚོགས་ཞིང་བསྐྱེད་པ་ནི། ཧྲཱི། སྣང་སྲིད་དག་པ་ཡུམ་ལྔའི་ཀློང་། །རྣམ་པར་སྣང་མཛད་གང་ཆེན་མཚོ། །ཞིང་ཁམས་ཐམས་ཅད་སྐུའི་རང་བཞིན། །སྐུ་ལ་ཞིང་ཁམས་མཐའ་དག་རྫོགས། །དེ་ཡི་གཙུག་ཏོར་མགྲིན་པ་ཡན། །དཀོན་མཆོག་སྲི་ཞུ་དམ་པའི་མགྲོན། །ཐུགས་ཀར་མགོན་པོ་ཡོན་ཏན་དང་། །སྐུ་སྨད་འགྲོ་བ་རྒྱུད་ལྔ་སྟེ། །པད་གདན་ལན་ཆགས་བགེགས་རིགས་མགྲོན། །རང་བཞིན་ཡོངས་གྲུབ་ཆེན་པོར་གསལ། །ཀྱཻ། བྱང་ཆུབ་སྙིང་པོ་སངས་རྒྱས་དང་། །འཕགས་པའི་བདེན་པ་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །རྒྱུད་སྡེ་བཞི་དྲུག་ཐེག་པ་དགུ། །བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་ཆེ། །ཆོས་མངོན་མདོ་སྡེ་འདུལ་བ་ཡི། །ལམ་ལྔ་ས་བཅུའི་སྤངས་རྟོགས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །བུམ་གསང་ཤེས་རབ་ཡེ་ཤེས་དང་། །བཞི་པའི་བདག་ཉིད་རིག་འཛིན་བཞི། །ལམ་བདེན་འདུས་བྱས་ཐམས་ཅད་དང་། །འདུས་མ་བྱས་པའི་བདག་ཉིད་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །རྒྱུན་ཞུགས་ལན་ཅིག་ཕྱིར་འོང་དང་། །ཕྱིར་མི་འོང་དང་དགྲ་བཅོམ་བཞི། །ཞུགས་གནས་འཕགས་པ་སློབ་པ་ཡི། །གང་ཟག་ཟུང་བཞི་ཡ་བརྒྱད་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །དྲན་པ་ཉེ་བར་གཞག་པ་ནས། །བཟུང་སྟེ་སློབ་པའི་ལམ་བཞི་དང་། །སློབ་པ་མིན་པའི་འབྲས་བུ་ལ། །ཞུགས་སོ་ཅོག་རྣམས་ཐམས་ཅད་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །ཁྱད་པར་སྒྲོན་མེའི་བསྐལ་པ་འདིའི། །སངས་རྒྱས་སྟོང་དང་གཏད་རབས་བདུན། །ལྔ་སྡེ་བཟང་པོ་མཆོག་ཟུང་སོགས། །འདུལ་བ་འཛིན་པ་ཐམས་ཅད་བསང་། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །འཛམ་གླིང་མཛེས་པའི་རྒྱན་དྲུག་དང་། །མཆོག་བརྒྱད་ཆེན་པོ་རྣམ་པ་བཞི། །སྨྲྀ་ཏི་མར་མེ་མཛད་ལ་སོགས། །ཆོས་མངོན་མདོ་སྡེ་འཛིན་པ་བསང་། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །ཀུན་ཏུ་བཟང་སོགས་ཉེ་སྲས་བརྒྱད། །བཟང་སྐྱོང་དྲྭ་བ་སྦྱིན་དང་ནི། །དྲི་མ་མེད་པ་གྲགས་པ་སོགས། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་བསང་། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །རྒྱལ་རིག་གང་ཟག་གྲགས་ཆེན་གྱི། །སྟོན་པ་ལས་འོང་ཡོངས་གྲུབ་དང་། །རྗེས་སུ་རྣལ་འབྱོར་རྣལ་འབྱོར་ཆེ། །ཕྱི་རྒྱུད་སྡེ་གསུམ་དཀྱིལ་འཁོར་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །རྩ་བརྒྱུད་བླ་མ་རྒྱ་མཚོ་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །སྒྲུབ་སྡེ་བརྒྱད་དང་མདོ་སྒྱུ་སེམས། །ཟླ་གསང་རྟ་མཆོག་རོལ་པ་ཆེ། །གལ་པོ་སངས་རྒྱས་མཉམ་སྦྱོར་དང་། །རྡོ་རྗེ་ཕུར་པའི་ལྷ་ཚོགས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །དུས་འཁོར་སངས་རྒྱས་ཐོད་པ་དང་། །གདན་བཞི་བདེ་གསང་དགྲ་ནག་འཇིགས། །ཀྱེ་རྡོར་ལ་སོགས་མངོན་བྱང་ལྔས། །བྱང་ཆུབ་གྲུབ་ཐོབ་བརྒྱད་ཅུ་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། ཁྱད་པར་རྒྱལ་བསྟན་གངས་རིའི་ཁྲོད། །གསལ་མཛད་མཁན་སློབ་ལོ་པཎ་དང་། །མེས་དབོན་རྣམ་གསུམ་ལ་སོགས་པ། །བསྟན་པའི་ཆུ་མགོ་ཐམས་ཅད་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །གླིང་བཞི་གླིང་ཕྲན་རི་རབ་ཟོམ། །གསེར་རི་རོལ་མཚོ་གོ་ལའི་ཁྱིམ། །རྒྱལ་ཆེན་རིགས་བཞི་ལྷ་གནས་ནས། །སྲིད་རྩེའི་སྙོམས་འཇུག་བར་རྣམས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །དུས་སྦྱོར་བཅུ་གཉིས་ལོ་ཟླ་ཞག །སྤར་སྨེ་གཟའ་སྐར་ཚེས་གྲངས་དང་། །དུས་ཚོད་ལ་དབང་འབྱུང་བཞིའི་ལྷ། །སྣ་ཚོགས་གཟུགས་སྤྲུལ་ཅན་རྣམས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །ས་ཡི་ལྷ་མོ་ས་འཛིན་ལག །ལྟོ་འཕྱེ་ཆེན་པོ་ཕྱོགས་སྐྱོང་བཅུ། །དྲི་ཟ་གྲུལ་བུམ་མི་འམ་ཅི། །གནོད་སྦྱིན་འཕྲོག་མའི་ཚོགས་བཅས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །ས་བདག་རྗེ་བློན་འབངས་དང་འཁོར། །ཁྱིམ་ལྷ་གེལ་ཐུང་ཞིང་ལྷ་དང་། །ཐབ་ལྷ་ཡུ་མོ་བང་མཛོད་ལྷ། །མཁར་གྱི་རྩེ་ལྷ་གཉེན་པོ་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །སྒོ་ལྷ་སྟག་གཡག་བྲེས་ཀྱི་ལྷ། །རྟ་ལྷ་རྨ་དཔོན་ཚོང་ལྷ་དང་། །ཕྱུགས་ལྷ་རྨ་གཡང་ཞིང་ལྷ་ཚས། །མུ་སྣང་མཁར་གོང་ལ་གནས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །ས་འོག་གཏེར་དང་ས་སྟེང་སྨན། །ལྗོན་ཤིང་ནགས་ཚལ་རི་བོ་དང་། །ལོ་ཐོག་ཡུལ་ལྗོངས་བཙན་རྫོང་འཕྲང་། །སྲུང་དང་རྟག་ཆགས་ལྷ་རྣམས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །མདོར་ན་འཛམ་གླིང་ཤིང་རྟའི་དབྱིབས། །གང་ལ་དབང་བྱེད་གཞི་བདག་སྡེ། །མིང་དང་མཚན་ནས་མ་ཐོན་པའི། །ཆེ་དགུ་གཉན་དགུ་ཐམས་ཅད་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །རྡོ་རྗེ་གདན་དང་ཤམ་བྷ་ལ། །དཔལ་ལྡན་འབྲས་སྤུངས་སྤོས་ངད་ལྡན། །རི་བོ་འབིགས་བྱེད་ཨོ་ཏནྟ། །མ་ལ་ཡ་སོགས་གནས་རྟེན་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །བསིལ་བའི་ཚལ་སོགས་དུར་ཁྲོད་བརྒྱད། །ཡུལ་ཆེན་ཉེར་བཞི་གནས་སོ་གཉིས། །ཨོ་རྒྱན་ཁ་ཆེ་འགྲོ་ལྡིང་གླིང་། །ལི་ཡུལ་བྲུ་ཤའི་གཞི་བདག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །གསེར་གླིང་ཟངས་གླིང་སིངྒའི་གླིང་། །བྷཾ་ག་ལ་དང་ཀ་ལིངྐ། །གླང་རི་ལུང་བསྟན་ཤིང་ཀུན་དང་། །བྱ་རུང་ཁ་ཤོར་གཞི་བདག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །མདོར་ན་རྒྱ་གར་རྒྱ་ནག་དང་། ཁྲུང་ཁྲུང་དང་ནི་ཀུ་ཤའི་གླིང་། །རྔ་ཡབ་གླིང་ལ་སོགས་པ་ཡི། །གླིང་ཕྲན་སྣ་ཚོགས་གཞི་བདག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། ཁྱད་པར་བྱང་ཕྱོགས་གངས་རིའི་ལྗོངས། །སྲུང་ཞིང་དཀར་ཕྱོགས་སྐྱོང་བའི་ལྷ། །བསྟན་མ་ཆེན་མོ་བཅུ་གཉིས་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །འབངས་ཀྱི་སྲོག་ལྷ་གཉན་པོ་དང་། །འགོ་བའི་ལྷ་ལྔ་ཟོ་དོར་སོགས། །སྲིད་པ་ཆགས་པའི་ལྷ་རབས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །ར་ས་འཕྲུལ་སྣང་ཆེན་པོ་དང་། །ཁྲ་འབྲུག་བྱམས་པ་མི་འགྱུར་གླིང་། །མང་ཡུལ་བྱམས་སྤྲིན་ལ་སོགས་པ། །མཐའ་འདུལ་ཡང་འདུལ་སྐྱོང་རྣམས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །ཆོས་འཁོར་དཔལ་གྱི་བསམ་ཡས་དང་། །བྲག་དམར་མགྲིན་བཟང་ལྷ་རིང་སྦྲགས། །མཆིམས་ཕུ་ཡེར་བ་ཤེལ་བྲག་སོགས། །གཙུག་ལག་དབེན་གནས་སྐྱོང་རྣམས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །དཀར་པོ་ཟངས་དང་དཀར་མོ་ལྗོངས། །བྷཾ་ག་བྱང་དང་མོན་ཁ་བཞི། །ཙ་རི་ཙ་གོང་པདྨ་བཀོད། །རྒྱ་ལ་སིང་གཏམ་ལ་གནས་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །མདོར་ན་མངའ་རིས་སྐོར་གསུམ་དང་། །དབུས་གཙང་རུ་བཞི་མདོ་ཁམས་ཡུལ། །སྒང་དྲུག་རྒྱུད་དང་འབྲེལ་བ་ཡི། །རོང་ཆེན་རོང་ཕྲན་གཞི་བདག་བསངས། །འདོད་ཡོན་མཆོད་པ་རྒྱ་མཚོས་བརྔན། །དུ་བ་ནམ་མཁར་སོང་བ་ཡིས། །ས་བླར་གནས་པ་ཐམས་ཅད་བསངས། །དྲི་ངད་ཕྱོགས་བཅུར་ཁྱབ་པ་ཡིས། །ས་སྟེང་གནས་པ་ཐམས་ཅད་བསངས། །དངོས་བཤམས་ཡིད་སྤྲུལ་མཆོད་པ་ཡིས། །སྲིད་པ་གསུམ་པོ་ཐམས་ཅད་བསངས། །ཚོགས་ཡོད་ན་སྐབས་འདིར་འབུལ། ཐུབ་པ་རྒྱུད་ཀྱི་རྗེས་འབྲངས་ནས། །དཀར་གསུམ་མངར་གསུམ་གཙང་མས་མཆོད། །ནང་པ་ཐབས་ཀྱི་རྗེས་འབྲངས་ནས། །འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ། །གཡུང་དྲུང་བོན་གྱི་རྗེས་འབྲངས་ནས། །གཡག་ལུག་ར་གསུམ་མདངས་ཀྱིས་བསྐང་། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ལ། །ཡིད་དང་མཐུན་པའི་ལོངས་སྤྱོད་འབུལ། །སྲིད་ཞུའི་མགྲོན་རྣམས་མཉེས་གྱུར་ཅིག །མགོན་པོ་ཡོན་ཏན་ཐུགས་དམ་བསྐང་། །རིགས་དྲུག་སྡུག་བསྔལ་ཞི་གྱུར་ཅིག །བགེགས་རིགས་ལན་ཆགས་བྱང་བར་ཤོག །ལྷ་འདྲེ་མི་གསུམ་འཁྲུགས་པ་དང་། །བདེན་རྫུན་ལེགས་ཉེས་འདྲེས་པ་དང་། །དམེ་མནོལ་ཐབ་གཞོབ་འཁོན་གྲིབ་དང་། །ཉམས་ཆག་སྡིག་སྒྲིབ་དག་གྱུར་ཅིག །མགྲོན་བཞིའི་ཐུགས་དང་འགལ་གྱུར་པ། །ཚངས་པར་སྩལ་ནས་གཞི་བྱེས་ཀུན། །རྟག་ཏུ་བསྲུང་ཞིང་སྐྱོབ་པ་དང་། །ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ། །འཇིག་རྟེན་ལས་འབྲས་ཉིད་ལ་བརྟེན། །རྟག་ཆད་སྨྲ་ལ་གུས་རྣམས་ཀྱང་། །ཕྱྭ་དང་དབང་ཕྱུག་བསྙེན་བསྲིང་ལས། །བདེ་སྡུག་འབྱུང་བར་སྨྲ་བྱེད་ན། །ཀུན་ཀྱང་བདེན་པའི་ཚིག་མཉན་ནས། །འཇིག་རྟེན་བདེ་ཞིང་ལོ་ཕྱུགས་ལེགས། །འབྲུ་དང་བཅུད་འཕེལ་མུ་གེ་ཞི། །སད་སེར་བཙའ་ཐན་ལ་སོགས་པའི། །དམག་འཁྲུག་ནད་མཚོན་མེད་པར་མཛོད། །བཀྲ་ཤིས་ཕུན་སུམ་ཚོགས་པ་དང་། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། །བསམ་དོན་ཡིད་བཞིན་འགྲུབ་པའི་གཡང་། །འབད་པ་མེད་པར་དེང་ཁུག་ཅིག །བསངས་རྐྱང་ལ་འདི་ཡན་གྱི་ཆོག་ཅིང་། མགྲོན་རྣམས། བཛྲ་མུཿས་རང་གནས་སུ་གཏང་ངོ་། །བརྔན་དང་སྦྲེལ་ན་སྐབས་འདིར་མགྲོན་མ་གཤེགས་པར་ཕུད་སྐོང་བརྔན་སྦྱིན་རྒྱ་མཚོ་གཏང་། སྤྲོས་པ་ལ་དགའ་བ་དང་དོན་དམིགས་བསལ་ལ་དགྲ་ལྷ་དཔང་བསྟོད་བྱེད་ན་དགྲ་ལྷའི་སྤྱན་གཟིགས་དང་མཆོད་གཏོར་ཚོགས་པར་བྱས་ལ། ཀྱེ། དང་པོ་དགྲ་ལྷ་གང་ནས་བྱུང་། །ལྷན་ཅིག་སྐྱེས་པའི་ལྷ་ཡིན་ཏེ། །ཕོ་ལྷ་མོ་ལྷ་ཞང་ལྷ་དང་། །སྲོག་ལྷ་དགྲ་ལྷ་ཞེས་སུ་གྲགས། །བར་དུ་དགྲ་ལྷ་གང་ནས་བྱུང་། །ལྷ་དང་ལྷ་མིན་འགྱེད་པའི་ཚེ། །ལྷ་རྒྱལ་དབང་པོ་བརྒྱ་བྱིན་གྱིས། །ལྷ་ལྔ་བསྙེན་ཅིང་དགྲ་ལྷ་མཆོད། །ཐ་མ་དགྲ་ལྷ་གང་ནས་བྱུང་། །གཡུལ་དང་འཁྲུག་རྩོད་དར་བའི་ཚེ། །རྟེན་འབྲེལ་བདེན་པ་ཤེས་པ་ཡི། །དགྲ་ལྷ་གཟེངས་བསྟོད་རུ་མཚོན་འཕྱར། །ད་ལྟ་དགྲ་ལྷ་གང་ན་བཞུགས། །སྐྱེས་བུ་བློ་རྩལ་ལྡན་པ་ཡི། །རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། །དཔའ་དང་རྟུལ་ཕོད་དེ་ལ་ཆགས། །དེ་འདྲའི་དགྲ་ལྷ་སྤྱན་འདྲེན་ན། །བཞུགས་པའི་དེ་ནི་གནས་བཙལ་བ། །ཕྲག་པ་གཡས་ཀྱི་སྟེང་ན་བཞུགས། །མི་དང་ལྷ་རུ་མ་འབྲལ་ཅིག །རྨོག་དང་མེ་ལོང་མདོངས་ལ་བཞུགས། །བཀྲག་དང་གཟི་བརྗིད་མ་འབྲལ་ཅིག །ཆོག་དཀར་གཞུ་ཡི་རྒྱུད་ལ་བཞུགས། །མདའ་དང་འཕངས་སྐྱེན་མ་འབྲལ་ཅིག །རུ་མཚོན་ངར་མའི་རྩེ་ལ་བཞུགས། །འཕྱར་དང་དུང་འབུད་མ་འབྲལ་ཅིག །རལ་གྲི་ངར་མའི་ཀླད་ལ་བཞུགས། །བསྣུན་དང་གཅོད་ཚབས་མ་འབྲལ་ཅིག །སྒྱོགས་དང་གནམ་ལྕགས་དབྱིངས་ལ་བཞུགས། །འཕོག་དང་མདེའུ་མ་འབྲལ་ཅིག །གོ་ཆའི་བླ་དང་དབྱིག་ཏུ་བཞུགས། །སྲ་དང་གཞུ་བླུགས་མ་འབྲལ་ཅིག །རྟ་པོའི་ཟེ་རྔོག་ཀློང་དུ་བཞུགས། །བང་དང་རྩལ་གསུམ་མ་འབྲལ་ཅིག །མདོར་ན་འགྱེད་དང་རྩོད་པ་དང་། །ཕ་རོལ་གནོན་པའི་བླར་བཞུགས་ནས། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །གསོལ་ལོ་མཆོད་དོ་ལྷ་རྒྱལ་ལོ། །དེ་ནས་བསྟན་མ་སྐྱོང་བ་ནི། ཀྱཻ་ཡུལ་ནི་བལ་བོད་མཚམས་ཤེད་ན། །མ་རིག་ལས་བྱུང་ལུག་ཁྱིམ་དང་། །དུས་སྦྱོར་དག་པའི་ཚེ་རིང་མ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་ལ་སྟོད་ཞང་ཞུང་ན། །རྣམ་ཤེས་ལས་བྱུང་གླང་ཁྱིམ་དང་། །དུས་སྦྱོར་དག་པའི་གཡའ་མ་སྐྱོང་། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་གནོད་སྦྱིན་གངས་ཕུག་ན། །འདུ་ཤེས་ལས་བྱུང་འཁྲིག་པའི་ཁྱིམ། །དུས་སྦྱོར་དག་པའི་ཀུན་བཟང་མོ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་འབྲོག་ཆེན་གདོན་གནས་ན། །འདུ་བྱེད་ལས་བྱུང་ཀརྚའི་ཁྱིམ། །དུས་སྦྱོར་དག་པའི་བགེགས་ཀྱི་གཙོ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་ཇོ་མོ་གངས་ར་ན། །ལེན་པ་ལས་བྱུང་སེང་གེའི་ཁྱིམ། །དུས་སྦྱོར་དག་པའི་སྤྱན་གཅིག་མ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་བྱང་ཆེན་གནམ་མཚོ་ན། །སྲེད་པ་ལས་བྱུང་བུ་མོའི་ཁྱིམ། །དུས་སྦྱོར་དག་པའི་ཀླུ་མོ་རྒྱལ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་ཁ་རག་སྒོ་གཉིས་ན། །ཚོར་བ་ལས་བྱུང་སྲང་ཁྱིམ་དང་། །དུས་སྦྱོར་དག་པའི་ཁྱུང་བཙུན་མ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་རྨ་ཆེན་སྤོམ་ར་ན། །སྐྱེ་བ་ལས་བྱུང་སྡིག་པའི་ཁྱིམ། །དུས་སྦྱོར་དག་པའི་དྲག་མོ་རྒྱལ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་ཀོང་ཡུལ་ཀོང་ཕུག་ན། །རྒ་ཤི་ལས་བྱུང་གཞུ་ཡི་ཁྱིམ། །དུས་སྦྱོར་དག་པའི་ཀོང་བཙུན་མ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་འབྲོག་ཆེན་བཙན་ཡུལ་ན། །སྲིད་པ་ལས་བྱུང་ཆུ་སྲིན་ཁྱིམ། །དུས་སྦྱོར་དག་པའི་རྡོ་རྗེ་སྨན། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་ཇོ་མོ་ནགས་རྒྱལ་ན། །མིང་གཟུགས་ལས་བྱུང་བུམ་པའི་ཁྱིམ། །དུས་སྦྱོར་དག་པའི་གཡར་མོ་སིལ། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །ཡུལ་ནི་དབུ་རུ་གཡུ་རུ་ན། །སྐྱེ་མཆེད་ལས་བྱུང་གར་མཁན་ཁྱིམ། །དུས་སྦྱོར་དག་པའི་ཟུ་ལེ་སྨན། །གསེར་སྐྱེམས་ཕུད་དང་གཏོར་མས་བརྔན། །རྟེན་འབྲེལ་དུས་སྦྱོར་གནས་དག་པའི། །བདེན་དོན་བསྟན་མ་བཅུ་གཉིས་ཀྱིས། །ཆར་ཆུ་དུས་འབེབས་སད་སེར་ཞི། །མུ་གེ་འཁྲུག་རྩོད་མེད་པར་མཛོད། །གཡང་འགུགས་བྱེད་ན། ཧཱུྃ། རི་རྒྱལ་ལྷུན་པོའི་སྟེང་ཕྱོགས་ནས། །དབང་པོ་ལ་སོགས་ལྷ་ཆེན་བརྒྱད། །རོལ་མཚོ་ལ་གནས་ཀླུ་ཆེན་སྡེ། །གོ་ལའི་ཁྱིམ་གྱི་དྲང་སྲོང་ཚོགས། །ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་སོགས། །དཔལ་མགོན་བདུན་ཅུའི་ཚོགས་རྣམས་ཀྱིས། །རིན་ཆེན་འབྲུ་ཡི་བང་མཛོད་དང་། །རྟ་དང་བ་ལང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡང་ཁུག་ཅིག །གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། །རི་རབ་ཟོམ་དང་གསེར་རི་བདུན། །རོལ་མཚོ་ལྷ་གནས་རྒྱ་མཚོའི་རུམ། །ས་ཆུ་མེ་རླུང་ནམ་མཁའི་ལྷ། །རི་དང་ནགས་ཚལ་སྐྱེད་མོས་ཚལ། །གཙུག་ལག་ཁང་དང་རྒྱལ་པོའི་ཁབ། །གྲོང་དང་གྲོང་ཁྱེར་ལ་གནས་པའི། །ལྷ་ཡི་ཕྱ་དང་སྣོད་ཀྱི་གཡང་། །རིན་ཆེན་འབྲུ་ཡི་བང་མཛོད་དང་། །རྟ་དང་བ་གླང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡང་ཁུག་ཅིག །མཁར་གྱི་རྩེ་དང་སྒྱེད་པོའི་ལྷ། །ཐབ་ལྷ་ཡུ་མོ་འབར་བ་དང་། །མུ་དང་སྣང་དང་མཁར་གོང་ལ། །གནས་པའི་ཞིང་ལྷ་ཚངས་པ་དང་། ཁྱིམ་ལྷ་གེའུ་ཐུང་ནང་ལྷ་དང་། །སྒོ་ལྷ་རྟ་གཡག་ཕྱུགས་ཀྱི་ལྷ། །རྨ་གཡང་ཚོངས་ལྷ་དོན་གྲུབ་དང་། །རྟ་ལྷ་རྨ་དཔོན་ནོར་ལྷ་མཆོག ཁ་རྗེ་དབང་ཐང་སྙན་གྲགས་ལྷ། །སྦུ་གུ་མི་ལ་འགོ་བ་ཡི། །སྲོག་ལྷ་མོ་ལྷ་དགྲ་ལྷ་དང་། །ཕོ་ལྷ་ཡུལ་ལྷ་ལོ་ཟླ་ཞག །སྤར་སྨེ་ཚེས་གྲངས་དུས་ཚོད་ལྷའི། །སྣོད་ཀྱི་ཕྱ་དང་བཅུད་ཀྱི་གཡང་། །རིན་ཆེན་འབྲུ་ཡི་བང་མཛོད་དང་། །རྟ་དང་བ་གླང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡང་ཁུག་ཅིག །ཁྱད་པར་གཡང་ཅན་ནོར་གྱི་ལྷ། །ཇོ་མོ་བཀྲ་ཤིས་ཚེ་རིང་མ། །མཁའ་འགྲོའི་རྒྱལ་མོ་སྤུན་ལྔ་ཡིས། །འཆི་མེད་ཚེ་དང་རིགས་བརྒྱུད་བུ། །རྨ་གཡང་ནོར་དང་རྐང་བཞི་ཕྱུགས། །མངོན་ཤེས་གཏེར་དང་ཟས་གོས་ནོར། །ལོ་ཏོག་བཅུད་དང་བཟའ་ཤིང་དཔལ། །ཆར་ཆུ་རྒྱས་ཤིང་ལོ་འབྲས་འཕེལ། །ཕན་ཚུན་མཛའ་དང་ནད་ཡམས་མེད། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཡང་། །འབད་པ་མེད་པར་དེང་འདིར་ཁུག །མདོར་ན་ལྷ་དང་མིའི་དྲང་སྲོང་། །ཚོགས་ཀྱི་བདག་པོ་གནོད་སྦྱིན་སྡེ། །ནམ་མཁའ་ལྡིང་དབང་མི་འམ་ཅི། །ལྟོ་འཕྱེ་ཆེ་དང་འཕྲོག་མའི་བུ། །སྣ་ཚོགས་གཟུགས་སྤྲུལ་རྫུ་འཕྲུལ་ཅན། །སྲིད་པ་ཆགས་པའི་སྣོད་དང་བཅུད། །མ་ལུས་ལུས་པ་མེད་པ་ཡི། །ཕྱྭ་གཡང་མ་འཁྱམས་ཆི་ལི་ལི། །ཕྱྭ་གཡང་མ་ཡར་ནུ་རུ་རུ། །ཕྱྭ་གཡང་མ་གོང་ཏ་ལ་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །བླ་དང་ཚེ་དང་བསོད་ནམས་དང་། །དབང་ཐང་རྟེན་དུ་གནས་འདིར་བཞུགས། །དགའ་འཁྱིལ་བཞིན་དུ་ཀྱི་ལི་ལི། །གཡུང་དྲུང་བཞིན་དུ་འདུ་རུ་རུ། །རྒྱ་མཚོ་བཞིན་དུ་མེ་རེ་རེ། །གནས་འདིར་བརྟན་པའི་བཀྲ་ཤིས་སྩོལ། །ཞེས་གཡང་ཆོག་ལྟར་འཛུད་ཅིང་སངས་རྒྱས་བསྟན་སྲུང་མས་གཏོར་གཤེགས་དང་ཤིས་བརྗོད་བསྔོ་སྨོན་སོགས་སྤྱི་ལྟར་འགྲེའོ། །ཞེས་པའང་ཕོ་བྲང་དམར་པོ་རི་ནས་སྐུ་བཅར་སངྒའི་མཚན་ཅན་གྱིས་ནན་ཏན་ཆེན་པོས་ཕེབས་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་བསམ་ཡས་ཆོས་འཁོར་ཆེན་པོར་ཤར་མར་སྤེལ་བའོ།། །།


༈ །།ཕུད་སྐོང་བརྔན་སྦྱིན་རྒྱ་མཚོ་བཞུགས། ན་མཿསརྦ་ཏ་ཐཱ་ག་ཏ་ཡ། དེ་ལ་ཚོགས་བསགས་ཅིང་འགལ་རྐྱེན་ཞི་བར་འདོད་པས་ཕུད་རབས་བརྔན་སྦྱིན་རྒྱ་མཚོ་འདི་ལ་འབད་པར་བྱ་སྟེ། རིའི་རྩེ་མོའམ་བླ་གབ་མེད་པའི་གནས་སུ་གྲུབ་ན་ཕྱེ་ཁལ་གཅིག་ལས་མི་ཉུང་བར་མངར་གསུམ་དང་། རིན་པོ་ཆེ་བདར་བའི་བཤོས་གཏེར་གཙང་མ་ལྷ་བསངས་ཇི་ལྟ་བ་བཤམ། དེ་ཡང་སྔོན་གྱི་དམ་པ་རྣམས་ཀྱིས་ཕྱེ་ཁལ་སྟོང་ཕྲག་ལ་སོགས་པར་གཏོར་ཆོག་མཛད་པས་སོ། །མ་གྲུབ་ན་འདིར་ཕུད་རབས་ལ་བརྟེན་པའི་ཕྱིར། རང་འབྱོར་དང་བསྟུན་པའི་ཆང་བན་ལས་མི་ཉུང་བ་དང་། བསྔོ་ཚིག་རེ་བཞིན་འབུལ་རྒྱུའི་བཤོས་བུ། ཉེར་སྤྱོད། ཆབ་གཏོར། རིལ་བུ་གང་མང་། ཁྲག་སྐྱེམས། ཇ་ཆང་འོ་ཞོས་བཀང་པའི་ཡོལ་གོ་ཟེ་བྲོག་ཅན། ཤིང་ཏོག །ཇ་མར། དཀར་མོ་ལག་གཡས། ཕྱེ་མར། ཆུ་ཕུད། མདའ་དར། ཆང་ཟན་གྱི་ཆངས་བུ། བསང་གསུར་སོགས་ཀྱང་འདུ་བྱས་ལ་ཆབ་ཀྱིས་བྲན། དེ་ནས་སྐྱབས་སེམས་སྔོན་དུ་འགྲོ་བས་གཏོར་རྫས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བརླབ། རང་ཉིད་ཡི་དམ་གྱི་ང་རྒྱལ་ལ་གནས་པས། སཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་གདན་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་ཧྲཱིཿལས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་གངས་ཆེན་མཚོ་འཁོར་འདས་ཐམས་ཅད་ལ་སྐུས་ཁྱབ་ཅིང་སྐུ་ལ་ཞིང་ཁམས་ཐམས་ཅད་རྫོགས་པའི་དཔྲལ་བ་ནས་མགྲིན་པ་ཡན་ཆད་དུ་བདེ་གཤེགས་རིན་ཆེན་མང་ལ་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ཀྱིས་བསྐོར་བ། ཐུགས་ཀ་ནས་ལྟེ་བའི་བར་དུ་འཕགས་པ་འཇམ་དཔལ་ལ་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱིས་བསྐོར་བ། སྐུ་སྨད་ཀྱི་ཆ་ལ་སྤྱན་རས་གཟིགས་གཟུགས་དམ་པ་ལ་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱིས་སྐོར་བ། པད་གདན་གྱི་ཆ་ལ་གསང་བའི་བདག་པོ་ལ་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ཀྱིས་བསྐོར་བར་བསྐྱེད་ཅིང་། བྱང་ཆུབ་སེམས་ཀྱི་འོད་ཟེར་དང་། འདུན་པ་དྲག་པོས་སྤྱན་དྲངས་པས་སྟེང་ཕྱོགས་ནས་བྱོན་པ་རྣམས་ནམ་མཁའ་ལ་གཟའ་སྐར་བཀྲམ་པ་ལྟ་བུ། བར་སྣང་ནས་བྱོན་པ་རྣམས་ཁ་ཆར་བུ་ཡུག་འཚུབས་པ་ལྟ་བུ། འོག་ཕྱོགས་ནས་བྱོན་པ་རྣམས་ས་གཞི་ལ་རྡུལ་ཕྲན་ལངས་པ་ལྟ་བུ་ཕན་པ་དང་ཞི་བའི་ཐུགས་ཀྱིས་བྱོན་ནས་སོ་སོའི་རྟེན་ལ་གཉིས་སུ་མེད་པར་བཞུགས་པར་གྱུར། བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས་ཀྱིས་མཆོད། དུང་དཀར་དང་རོལ་མོའི་སྒྲ་བསྒྲག་ཅིང་། ཧཱུྃ། འོག་མིན་སྟུག་པོ་བཀོད་པ་ནས། །གདན་གསུམ་ཚང་བའི་སྟོན་འཁོར་ཏེ། །རྒྱལ་བ་དགོངས་བརྒྱུད་བླ་མ་དང་། །རིག་འཛིན་བརྡ་དང་གང་ཟག་སྙན། །མཁའ་འགྲོ་གཏད་རྒྱ་སྨོན་ལམ་དབང་། །བཀའ་བབས་ལུང་བསྟན་བརྒྱུད་པ་སོགས། །བསྟན་པའི་ཆུ་མགོ་ཐམས་ཅད་དང་། །པདྨ་ས་ར་ཧ་པ་སོགས། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དང་། །ཀླུ་སྒྲུབ་ཐོགས་མེད་སྐུ་མཆེད་སོགས། །འཛམ་གླིང་རྒྱན་དྲུག་མཆོག་བརྒྱད་དང་། །ཟླ་བཟང་དྲག་པོ་འཁོར་ལོ་སོགས། །ཆོས་རྒྱལ་རིགས་ལྡན་ཐམས་ཅད་དང་། །ཧཱུྃ་ཀཱར་བཤེས་གཉེན་ལ་སོགས་པ། །རིག་པ་འཛིན་པ་བརྒྱད་རྣམས་དང་། །དེ་ཝ་པུཥྤེ་ལ་སོགས་པ། །རྗེ་བཙུན་ཉི་ཤུ་རྩ་ལྔ་སོགས། །དམ་ཚིག་དབང་དང་ཤེས་རབ་རྒྱུད། །མན་ངག་ལུང་བྱིན་ཉམས་ཆག་བསྐང་། །མཐོང་ཐོས་དྲན་རེག་སློབ་དཔོན་སོགས། །རྩ་བརྒྱུད་བླ་མའི་དཀྱིལ་འཁོར་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་བསྒྲུབ་ལ་རེ་བ་སྐོངས། །ལས་བཞིའི་གྲུབ་པའི་དངོས་གྲུབ་སྩོལ། །མར་མེ་མཛད་དང་རྣམ་གཟིགས་སོགས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་དགའ་བའི་དཔལ་ལ་སོགས། །ཕྱོགས་བཅུར་བཞུགས་པ་ཐམས་ཅད་དང་། །བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། །རང་རང་ལུང་དང་རྟོགས་པའི་ཆོས། །གསུང་རབ་ཡན་ལག་བཅུ་གཉིས་དང་། །དྲན་པ་ཉེ་བར་གཞག་པ་སོགས། །རྣམ་པར་བྱང་གྲོལ་ཆོས་སོ་བདུན། །འཕགས་པའི་སྤངས་རྟོགས་ཁྱད་པར་ཅན། །ས་བཅུ་དང་ནི་ལམ་ལྔ་སོགས། །དགེ་འདུན་ཟུང་བཞི་ཡ་བརྒྱད་དང་། །མཆོག་ཟུང་གནས་བཅུ་གཏད་རབས་བདུན། །ཚོགས་སྤྱོད་བསེ་རུ་ལྟ་བུ་ཡི། །རང་རྒྱལ་རྣམ་པ་གཉིས་དག་དང་། །སྟོན་པའི་འཁོར་ནི་རྣམ་བཞི་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་བསྒྲུབ་ལ་རེ་བ་སྐོངས། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །འཇམ་དཔལ་དབྱངས་དང་རྡོ་རྗེ་རྣོན། །མིག་མི་འཛུམ་དང་ས་སྙིང་སོགས། །དབང་ཤེས་དག་པའི་སེམས་དཔའ་བརྒྱད། །དགེ་བསྙེན་ཆེན་པོ་ལི་ཙ་བྱི། །བཟང་སྐྱོང་དྲ་བ་སྦྱིན་དང་ནི། །བསྐལ་བཟང་སེམས་དཔའ་བཅུ་དྲུག་དང་། །ཤེར་ཕྱིན་སྒྲོལ་མ་འོད་ཟེར་ཅན། །རྨ་བྱ་ཆེ་དང་རིག་བྱེད་མ། །གཙུག་གཏོར་དཀར་ནག་ལ་ལི་ཏ། །ལྷ་མོ་དཔལ་དང་ཁྲོ་གཉེར་ཅན། །སོ་སོར་འབྲང་མ་ནོར་རྒྱུན་སོགས། །གཟུངས་ཀྱི་ལྷ་མོ་ཐམས་ཅད་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་བསྒྲུབ་ལ་རེ་བ་སྐོངས། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དེ། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། །མདོ་སྒྱུ་སེམས་གསུམ་མཉམ་སྦྱོར་དང་། །ཁྲག་འཐུང་གལ་པོ་ཟླ་གསང་ཐིག །དོང་སྤྲུགས་རྟ་མཆོག་རོལ་པ་དང་། །རྡོ་རྗེ་ཕུར་པ་ལ་སོགས་པ། །ཀུན་འདུས་སྒྲུབ་སྡེ་ཆེན་པོ་བརྒྱད། །བདེ་གསང་དགྱེས་རྡོར་གཤིན་རྗེ་གཤེད། །ཕྱི་ནང་གཞན་གསུམ་དུས་འཁོར་ལོ། །གདན་བཞི་སངས་རྒྱས་ཐོད་པ་དང་། །སངས་རྒྱས་མཉམ་སྦྱོར་མ་ཧཱ་མ་ཡ། །ཕག་མོ་དང་ནི་རྣལ་འབྱོར་མ། །སེང་གེའི་གདོང་ཅན་ཁྲོས་མ་ནག །དམེ་བརྩེགས་མ་དང་དབུ་བཅད་མ། །ཕ་རྒྱུད་མ་རྒྱུད་ཐམས་ཅད་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་བསྒྲུབ་ལ་རེ་བ་སྐོངས། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །ཞི་བ་ཆེན་པོའི་ངང་ཉིད་ལས། །བསྟན་པ་བསྲུང་ཕྱིར་མངོན་སྤྱོད་གཟུགས། །ནག་པོ་ཆེན་པོ་ལྕམ་དྲལ་དང་། །ཕྱག་བཞི་ཕྱག་དྲུག་ལེགས་ལྡན་ནག །མ་ནིང་སྲོག་བདུད་བྱ་རོག་གདོང་། །སྟག་ཞོན་བེང་དང་གྲི་གུག་ཅན། །སེང་ཞོན་ཏྲག་ཤད་གུར་མགོན་དང་། །གདོང་བཞི་དཔལ་མགོན་བདུན་ཅུ་དང་། །རྡོ་རྗེ་ལེགས་པ་རཱ་ཧུ་ལ། །གནོད་སྦྱིན་དམར་ནག་སེང་གེའི་གདོང་། །རང་རང་ཡུམ་དང་སྤྲུལ་འཁོར་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་བསྒྲུབ་ལ་རེ་བ་སྐོངས། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །ནག་མོ་ཁྲོས་མ་རལ་གཅིག་མ། །ཨེ་ཀ་ཙ་ཊཱི་སྤུན་དྲུག་དང་། །བྲན་མོ་བཅུ་བཞི་ཡང་གཡོག་འབུམ། །འདོད་ཁམས་བདག་མོ་དམག་ཟོར་མ། །གདོང་ཅན་དུས་བཞིའི་ལྷ་མོ་དང་། །བཤན་པ་སྲོག་སྒྲུབ་རེ་མ་ཏི། །དུར་ཁྲོད་བདག་མོ་དུད་སོལ་དང་། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་མ། །དཔལ་གནས་མ་དང་ཡང་དག་ཤེས། ཁྱུང་བཙུན་ཀོང་བཙུན་གཡུ་བུན་མ། །མེ་སྟག་ཟླ་འོད་བྱང་རྒྱལ་མ། །གསེར་ཐང་ཀུན་བཟང་ཤན་ཏིང་མ། །ཀླུ་མོ་གཟི་འོད་འབར་མ་སྟེ། །བསྟན་མ་བཅུ་གཉིས་དྲག་མོ་རྒྱལ། །ཤྭ་ན་མོ་དང་ས་བདག་མ། །བདག་ཉིད་མ་དང་མིང་པོའི་ཚོགས། །གནོད་སྦྱིན་ནོར་ལྷ་རྟ་བདག་བརྒྱད། །རྒྱལ་པོ་སྐུ་ལྔ་དཔོན་སློབ་ཡུམ། །དགེ་བསྙེན་འབར་བ་སྤུན་བདུན་དང་། །ཡ་བ་སྐྱ་བདུན་བཙན་གྱི་སྡེ། །ལེགས་ཉེས་སྟངས་འཛིན་ཅན་རྣམས་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་བསྒྲུབ་ལ་རེ་བ་སྐོངས། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །ཁྱད་པར་རིགས་ལྔ་གང་ཆེན་མཚོའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནི། །མི་ཟད་རྒྱན་གྱི་འཁོར་ལོ་ལས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་། །བསམ་ཡས་བློ་ཡིས་མི་ཐུབ་པའི། །གནས་དུས་སྟོན་པ་ཆོས་དང་འཁོར། །ཕུན་སུམ་ཚོགས་པ་ལྔ་ལྡན་གྱི། །བདག་ཉིད་ཆེན་པོ་ཐམས་ཅད་དང་། །ཁྱད་པར་ས་བཅུ་ལམ་ལྔའི་བདག །དཔའ་བོ་མཁའ་འགྲོ་འདུ་བའི་གནས། །ཨོ་རྒྱན་ཛ་ལནྡྷ་ར་སོགས། །ཉི་ཤུ་རྩ་བཞི་སྤྲུལ་པའི་ཡུལ། །གནས་མཆོག་སུམ་ཅུ་རྩ་གཉིས་དང་། །དུར་ཁྲོད་ཆེན་པོ་བརྒྱད་རྣམས་ལ། །གནས་པའི་ཞིང་སྐྱོང་གཞི་བདག་དང་། །སྟོང་གསུམ་བྱེ་བ་ཕྲག་བརྒྱའི་ཞིང་། །བདེ་གཤེགས་སྙིང་པོའི་ཆོས་ཉིད་ལས། །གདུལ་བྱ་འདུལ་བྱེད་ལྟར་བསྡུས་པའི། །སྤྲུལ་དང་ཡང་སྤྲུལ་རང་རྒྱུད་པའི། །མཆོག་དམན་མགྲོན་རིགས་རྒྱ་མཚོ་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །ཚེ་རིང་ནད་མེད་ལོངས་སྤྱོད་སྤེལ། །བསམ་པ་བསྒྲུབ་ལ་རེ་བ་སྐོངས། །ལས་བཞི་འགྲུབ་པའི་དངོས་གྲུབ་སྩོལ། །དེ་ལས་ཐུབ་པའི་གདུལ་ཞིང་མཆོག །འཛམ་བུའི་གླིང་གི་བྱང་ཕྱོགས་ནས། །དབུས་ཀྱི་རི་བོ་མཆོག་རབ་ཆེ། །འོག་གཞི་རླུང་གི་དཀྱིལ་འཁོར་ནས། །འབྱུང་བའི་འཁོར་ལོ་རིམ་བརྩེགས་ནང་། །དེ་ལས་འཕྲོས་པས་འབྱུང་བཞིའི་ལྷ། །རི་རྒྱལ་ལྷུན་པོའི་ཕྱོགས་བཞི་མཚམས། །ལྷ་གནས་སུམ་ཅུ་རྩ་གསུམ་ནས། །གཞན་འཕྲུལ་དབང་བྱེད་མན་ཆད་ཀྱི། །འདོད་པ་ཁམས་ན་གནས་སོ་ཅོག །གཟུགས་ཁམས་གནས་རིགས་བཅུ་བདུན་དང་། །གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ། །ཁམས་གསུམ་སྣོད་བཅུད་མགྲོན་རིགས་དང་། །དྲང་སྲོང་གྲུབ་པ་ཅན་རྣམས་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །གྲུ་ཆགས་རླུང་གི་དཀྱིལ་འཁོར་ལ། །བརྟེན་པ་གོ་ལའི་ཁྱིམ་བཅུ་གཉིས། །གང་ལ་དབང་བྱེད་ཉི་ཟླ་སོགས། །གཟའ་དང་རྒྱུ་སྐར་དྲང་སྲོང་སྟེ། །གཉའ་ཤིང་འཛིན་སོགས་གསེར་རི་བདུན། །རོལ་མཚོ་རྒྱ་མཚོ་ལྕགས་རི་ལ། །གནས་པའི་དཀར་ཕྱོགས་ཀླུ་ཆེན་བརྒྱད། །ཧུ་ལུ་ཧུ་ལུ་ཡི་རང་སོགས། །འཇིག་རྟེན་བདེ་སྡུག་བདག་པོ་དང་། །གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། ཁྲུང་ཁྲུང་ཀུ་ཤ་གསེར་གླིང་དང་། །ཟངས་གླིང་སིངྒ་གླིང་ལ་སོགས། །གླིང་ཆུང་གནས་པའི་གཞིས་བདག་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། ཁྱད་པར་ལྷོ་རྒྱལ་འཛམ་གླིང་དབུས། །རྡོ་རྗེ་གདན་དང་མ་ག་དྷཱ། །རྒྱལ་པོའི་ཁབ་དང་བྱ་རྒོད་སྤུངས། །མཉན་དུ་ཡོད་དང་ཛེ་ཏའི་ཚལ། །ཝཱ་རཱ་ཎ་སཱི་ལུམྦི་ནི། །ཤཾ་བྷཱ་ལ་དང་ཤམྦྷ་ཤ། །དཔལ་ལྡན་འབྲས་སྤུངས་དགའ་བའི་ཚལ། །བྷངྒ་ལ་དང་ཟ་ཧོར་ཁབ། །མ་ལ་ཡ་དང་གནམ་ལྕགས་འབར། །འགྲོ་ལྡིང་ཡངས་པ་ཅན་དང་ནི། །རི་བོ་འབིགས་བྱེད་ཨོ་ཏན་ཏ། །ཁ་ཆེ་ཁྲི་བརྟན་ནེ་པ་ལ། །གླང་རུ་ལུང་བསྟན་ཤིང་ཀུན་དང་། །བྱ་རུང་ཁ་ཤོར་ཡང་ལེ་ཤོད། །ཨ་སུ་ར་ཡི་བྲག་ཕུག་དང་། །སྟག་མོ་ལུས་སྦྱིན་ཕུ་ལ་ཧར། །ཤིང་གི་རི་དང་ཏི་སེ་གངས། །མ་དྲོས་མཚོ་དང་ཆུ་ཀླུང་བཞི། །ལྷ་དབང་གླང་ཆེན་བྲེས་རྣམས་ལ། །གནས་པའི་ཞིང་སྐྱོང་གཞིས་བདག་དང་། །ཕན་གནོད་ལས་ལ་དབང་རྣམས་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །ཁྱད་པར་གངས་ཅན་བོད་ཀྱི་ཡུལ། །སྟོད་ན་མངའ་རིས་སྐོར་གསུམ་དང་། །བར་ན་དབུས་གཙང་རུ་བཞི་སྟེ། །སྨད་ན་མདོ་ཁམས་སྒང་དྲུག་དང་། །དྭགས་ཀོང་ཙ་རི་ཙ་གོང་དང་། །སྦས་གནས་པདྨ་བཀོད་ཆེ་ཆུང་། །གད་པ་སྐྱ་བོ་རླུང་སྒྲོམ་འབར། །རྒྱ་ལ་སེང་གཏམ་སྦས་ཆགས་ཤིང་། །མོན་ཁ་སྣ་བཞི་འབྲས་མོ་ལྗོངས། །མཁན་པ་ལྗོངས་དང་རོང་མོ་སྟེངས། །བུམ་ཐང་སྐུ་རྗེས་བྲག་དང་ནི། །སྤ་གྲོ་སྟག་ཚང་སྒོམ་པ་ཕུག །བྷཾ་ག་བྱང་དང་དཀར་པོ་ཟངས། །སྟག་གཟིག་དོམ་སྤྱང་རོང་གནས་བཞི། །མོན་དང་ཀླ་ཀློའི་རོང་ཡུལ་ལ། །གནས་པའི་ཞིང་སྐྱོང་གཞིས་བདག་དང་། །ཕན་གནོད་ལས་ལ་དབང་རྣམས་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །གཞན་ཡང་སྲིད་པ་ཆགས་པའི་ལྷ། །ང་ཆེ་ང་བཙན་ཐམས་ཅད་དང་། །གནོད་སྦྱིན་ཆེན་པོ་གང་བ་བཟང་། །ཡར་ལྷ་ཤམ་པོ་ཐང་ལྷ་དང་། །མཁའ་རི་སྨྱོན་ཁ་གཡའ་སྤང་སྐྱེས། །རྨ་ཆེན་སྤོམ་ར་ལ་སོགས་པའི། །དགེ་བསྙེན་ཉི་ཤུ་རྩ་གཅིག་སྟེ། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །འབངས་ཀྱི་སྲོག་ལྷ་གཉན་དགུ་དང་། །ཁྱད་པར་བདག་ལ་འགོ་བའི་ལྷ། །མིང་དང་མཚན་ནས་མ་ཐོན་པའི། །སྟོང་གྲོགས་བྱེད་པ་ཐམས་ཅད་དང་། །སྨན་ཕྲན་འབུམ་སྡེ་ལ་ཆུ་འཕྲང་། །སྲུང་ཞིང་རང་དབང་བྱེད་པའི་སྡེ། །ཡར་འབྲོག་གཡུ་མཚོ་ལ་སོགས་པ། །ཕྱག་རྒྱས་བཏབ་པའི་མཚོ་ཆེན་བཞི། །གནམ་མཚོ་ཁྲི་ཤོར་རྒྱལ་མོ་སོགས། །མཚོ་ཆེན་ལྷ་ཀླུ་གཉན་པོ་དང་། །ཝེར་མ་ཟོ་དོར་ལ་སོགས་པ། །གཡུང་དྲུང་བོན་གྱིས་བསྟེན་པའི་ལྷ། །འཇིག་རྟེན་སྐྱོང་བ་ཐམས་ཅད་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །ཁྱད་པར་རིགས་གསུམ་མགོན་པོ་ཡི། །རྣམ་སྤྲུལ་མེས་དབོན་རྣམ་གསུམ་གྱིས། །ཐུགས་བསྐྱེད་བསྟན་པ་དར་བའི་གནས། །ཆོས་ཚིགས་སྤྲུལ་པའི་གཙུག་ལག་ཁང་། །ལྷ་ས་འཕྲུལ་སྣང་ར་མོ་ཆེ། །དེ་འཁོར་མཐའ་འདུལ་ཡང་འདུལ་དང་། །རུ་གནོན་སྤྲུལ་པའི་གཙུག་ལག་ཁང་། །གཡོ་རུ་ཁྲ་འབྲུག་དབུ་རུ་ན། །ཀ་ཚལ་གཙང་ན་རྒྱ་རོང་རྩིས། །མང་ཡུལ་བྱམས་སྤྲིན་པྲ་དུན་རྩེ། །སྐྱོ་དུན་རྩེ་དང་ཀོང་བུ་ཆུ། །བུམ་ཐང་དགེ་གནས་ཁམས་ཀློང་སྒྲོན། །ག་ཆུ་གསེར་དང་བྱང་ན་ར། །དབང་ཆེན་ཞྭ་སྟེ་བཅུ་གཉིས་ཀྱི། །རྟེན་དང་བརྟེན་པ་དཀོར་སྲུང་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །ཁྱད་པར་ལྷ་སྲས་ཁྲི་སྲོང་གིས། །འོག་མིན་ས་ལ་སྤྱན་དྲངས་པ། །ཆོས་འཁོར་དཔལ་གྱི་བསམ་ཡས་ཆེ། །དབུ་རྩེ་རིགས་གསུམ་ཉི་ཟླ་གཉིས། །གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། །དཀོར་མཛོད་བཙུན་མོའི་གླིང་གསུམ་དང་། །མེས་ཀྱི་བྲག་དམར་མཆིམས་ན་ར། །ག་ཆུ་དཔལ་འབྱུང་ག་པ་གོང་། །དཔོན་གྱི་སྐར་ཆུང་རྡོ་རྗེ་དབྱིངས། །འུ་ཤང་རྡོ་དང་རྒྱ་མཁར་རྩེའི། །རྟེན་དང་བརྟེན་པ་ཐམས་ཅད་དང་། །ཆོས་འཁོར་སྐྱོང་དང་དཀོར་བདག་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །གཙུག་ལག་རྣམ་གསུམ་གོས་ལ་ནི། །གོང་བའི་ཚུལ་དུ་འབྲེལ་བ་ཡི། །ཡེར་པ་མཆིམས་ཕུ་ཤེལ་བྲག་དང་། །བྲག་དམར་ཟང་ཡག་ཆུ་བོ་རི། །ལྷོ་བྲག་གཉན་ཡོན་ལྷ་མོ་མཁར། །ཤངས་ཀྱི་ཟབ་བུ་སྒྲགས་ཡངས་རྫོངས། །ཁུམ་ཕུ་རྫོང་དང་འོན་སྟག་ཚང་། །ཕུག་པོ་ཆེ་དང་རྩེ་ཆེན་བྲག །ཡུམ་བུ་གླ་མཁར་བཙན་ཐང་གཡུ། །ངམ་ཤོད་གནམ་ལྕགས་རྡོའི་མཆོད་རྟེན། །ཅོག་རོའི་ཚེ་འབུམ་ལ་སོགས་པ། །ཡེ་ཤེས་བཞུགས་སོ་འཚལ་རྣམས་དང་། །གཞན་ཡང་རང་བཞིན་སྤྲུལ་པའི་སྐུ། །འབུར་དུ་དོད་དང་རིས་སུ་གསལ། །དབྱིབས་དང་ཁ་དོག་གིས་གྲུབ་པའི། །སྐུ་གསུང་ཐུགས་ཀྱི་སྣང་བརྙན་དང་། །གྲུ་གཟིངས་ཟམ་པ་སྐྱེད་མོས་ཚལ། །ཁྲུས་རྫིང་དཔག་བསམ་ཤིང་ལ་སོགས། །ཡོན་ཏན་ཕྲིན་ལས་སྤྲུལ་པའི་སྐུ། །དེ་དག་སྲུང་ཞིང་གཉེར་གཏད་པའི། །ལྷ་སྲུང་གཉན་པོ་ཐམས་ཅད་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །མདོ་སྨད་ཧོར་དང་རྒྱལ་མོ་རོང་། །ལ་སོགས་རོང་ཆེན་རོང་ཕྲན་དང་། །ལྡོངས་དང་ལི་ཚེ་མི་ནུབ་ཡུལ། །རི་བོ་རྩེ་ལྔ་དབུས་གནས་པའི། །མ་ཧཱ་ཙི་ན་སོག་པོའི་ཡུལ། །རྒྱ་སེར་ཙུ་ཏ་ཤྭ་ནའི་གདོང་། །ཁལ་ཁ་སྤོ་རོད་ལ་སོགས་པ། །མཐའ་ཁོབ་སུམ་ཅུ་རྩ་དྲུག་ལ། །གནས་པའི་ཞིང་སྐྱོང་གཞིས་བདག་དང་། །ཕན་གནོད་ལས་ལ་དབང་རྣམས་ལ། །གཙང་མ་ཕུད་ཀྱི་མཆོད་པ་དང་། །དབང་པོ་དྲུག་ལ་བཞེད་དགུའི་རྫས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འབུལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །མུ་གེ་འཁྲུག་རྩོད་ནད་ཡམས་ཞི། །ཆར་ཆུ་དུས་འབབ་བཙའ་ཐན་སོལ། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །གཙུག་ལག་འབྱུང་བའི་ལྷ་ཡི་གཙོ། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །ཁམས་དང་སྐྱེ་མཆེད་ལས་བྱུང་བའི། །སྲིད་པའི་ལོ་འགྲོས་བཅུ་གཉིས་དང་། །སྤར་ཁ་བརྒྱད་དང་སྨེ་བ་དགུ། །བྱི་བ་ལ་སོགས་གནས་པའི་ལྷ། །བདུན་ཅུ་རྩ་གཉིས་བཅས་པ་དང་། །ས་འཛིན་ལག་པ་ཆེན་པོ་སོགས། །མི་འཕོའི་ས་བདག་ཉི་ཤུ་གཅིག །ས་ཡི་ལྷ་མོ་བརྟན་མ་སོགས། །ས་འོག་རིམ་དགུའི་ས་བདག་དང་། །ཐེ་སེ་རྒྱལ་པོ་ལ་སོགས་ཏེ། །ལོ་འཁོར་གནས་པའི་ས་བདག་དང་། །འབྲུག་ལྷ་འབྲུག་རྗེ་ལ་སོགས་པ། །ཟླ་བར་འཁོར་བའི་ས་བདག་དང་། །བིཥྚི་ཟིང་ཕུང་ལ་སོགས་པ། །ཚེས་དང་དུས་ཚོད་ལ་དབང་ཞིང་། །རྒྱུ་བའི་ལྷ་དང་ས་བདག་དང་། །བིཥྚི་ཐུན་བརྒྱད་ནུ་རུ་ལུགས། །རྣལ་འབྱོར་དུས་མཚན་ལྷ་མོ་སོགས། །མདོར་ན་འབྱུང་བ་ལྔས་བསྡུས་ཤིང་། །ལོ་ཟླ་ཞག་དང་དུས་ཚོད་ལ། །དབང་བྱེད་ལྷ་དང་སའི་བདག་པོ། །ཀོ་ལོང་གདུག་སེམས་འཆང་བ་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །དམེ་མནོལ་ཐབ་གཞོབ་རོ་བག་གྲིབ། །ས་བརྐོ་རྡོ་སློག་འཕོ་སྐྱས་སོགས། །འགལ་འཁྲུལ་ཉམས་ཆག་བཟོད་པར་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །གཞན་ཡང་རྒྱལ་པོའི་ཕོ་བྲང་དང་། །ཁྱིམ་ལྷ་བྲང་ཁང་སྐྱེད་ཚལ་ཞིང་། །སྒོ་ཕྱི་ཁང་སྐོར་ལ་གནས་པའི། །མཁར་གྱི་རྩེ་དང་ཐབ་ཀྱི་ལྷ། །ཡུ་མོ་སྒྱེད་ལྷ་སྤུན་གསུམ་དང་། །བང་ལྷ་གྲུ་ཅན་མཛོད་ལྷ་གཡང་། །རྟ་བདག་ཀུ་བེ་ར་དང་ནི། །ཕྱུགས་ལྷ་རྨ་གཡང་འགྲོ་བཟང་མ། །སྐྱེད་ཚལ་ལྗོན་པའི་ལྷ་མོ་དང་། །ཚོང་ལྷ་དོན་གྲུབ་ལམ་ལྷ་རྨུན། །ཞིང་ལྷ་ཚང་བ་སྣང་ལྷ་རྒྱས། །མུ་སྲུང་ནེའུ་དཀར་ཁོངས་ལ། །ཆགས་ཤིང་ཕན་གནོད་བྱེད་པ་རྣམས། །བརྔན་སྦྱིན་འདི་ཡིས་ཚིམ་གྱུར་ནས། །རྩེ་ལ་ཞིག་རལ་སོང་བ་དང་། །ཐབ་ལ་དཀར་དམར་གཞོབ་ཤོར་དང་། །རྫོངས་པ་ཕྱག་དར་བྱས་པ་དང་། །བྲེས་སུ་བྱ་འཇུན་བྱས་པ་དང་། །ལྷས་ལ་བཤས་ར་བྱས་པ་དང་། །སྐྱེད་ཚལ་རྩད་ནས་དབྱུང་བ་དང་། །མུ་བྲེགས་སྣང་དཔྲལ་ལོ་ཏོག་ལ། །ཟོར་ཁ་གཏད་ལ་འཁུན་པའི་སེམས། །བྱང་ནས་ཞི་དང་བདེ་ལེགས་མཛོད། །ཞོ་ཆང་འདྲེ་ལ་མ་བསྐུར་ཅིག །ཐབ་ལ་དུ་བ་རྒྱུན་མ་བཅད། །ཕྱག་ཚང་གཡོས་དང་མ་བྲལ་ཅིག །བང་མཛོད་འབྲུ་དང་ནོར་གྱིས་ཁོང་། །རྟ་བང་ཕྱུགས་ལུག་འཕེལ་བ་དང་། །གོད་ཁ་གཡང་ཤོར་མེད་པ་དང་། །ལོ་ཏོག་ལེགས་པའི་ཕྲིན་ལས་མཛོད། །དེ་བཞིན་རིགས་དྲུག་སྙིང་རྗེའི་མགྲོན། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང་། །ལྷུན་པོའི་ཆུ་ལོན་གྱིས་དུབ་པའི། །གནོད་སྦྱིན་ལག་ན་གཞོང་ཐོགས་དང་། །འཕྲེང་ཐོགས་སྟག་མྱོས་རི་རྩེ་སྐན། །སུམ་ཅུ་རྩ་གསུམ་ཡན་ཆད་ནས། །སྐྱེ་མཆེད་མུ་བཞི་མན་ཆད་ཀྱི། །ཏིང་འཛིན་ལོངས་སྤྱོད་ཆེན་པོ་ཡིས། །འཚོ་བ་ལྷ་ཡི་རིགས་རྣམས་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །གླིང་བཞི་མི་ཡི་འགྲོ་བ་ནི། །བསྐལ་པ་རྫོགས་ལྡན་སུམ་ལྡན་དང་། །ཉིས་ལྡན་རྩོད་པར་ལྡན་པ་ལས། །ཚེ་ཚད་ལོངས་སྤྱོད་ཚང་བའི་དུས། །གསེར་དངུལ་ཟངས་ལྕགས་འཁོར་ལོས་སྒྱུར། །གཞན་ཡང་དཔུང་ཚོགས་བཞི་ལྡན་པའི། །སྟོབས་ཀྱི་འཁོར་ལོས་སྒྱུར་བ་སོགས། །རྒྱལ་རིགས་དྲ་མ་ཆེན་པོ་དང་། །དེ་བཞིན་རྗེའུ་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་ལ་སོགས་པ། །མདུན་ན་འདོན་དང་དམག་དཔོན་དང་། །དེད་དཔོན་བཟོ་གནས་ཤེས་པ་དང་། །ཁྱིམ་བདག་ཞོ་ཤས་འཚོ་བ་དང་། །སློང་མོས་འཚོ་བ་ཡན་ཆད་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །ཕྲག་དོག་ལས་གྱུར་ལྷ་མིན་སྡེ། །དབང་ཆེན་གཞིར་གནས་གསེར་ཕྲེང་དང་། །ཀུན་གྱི་སྡེ་དཔོན་ཐགས་བཟང་རིས། །ཆུ་མཚམས་གནས་པའི་སྒྲ་གཅན་དང་། །མཐུ་དཔལ་ལྷ་དང་གདུག་པ་ཀླུ། །ནག་པོ་བདུད་དང་གདུག་རྩུབ་བགེགས། །འབྱོར་པ་གནོད་སྦྱིན་རིགས་ལྔ་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །གཞན་ཡང་དུད་འགྲོའི་སྡེ་ཚན་ནི། །དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད། །ཀླུ་ཕྲན་བྱེ་བ་འབུམ་སྡེ་དང་། །གནས་རིགས་གཅིག་པའི་ས་བདག་གཉན། །རི་དྭགས་རྒྱལ་པོ་སེང་གེ་ནས། །སྡེར་ཆགས་རྨིག་ཆགས་འདབ་ཆགས་སོགས། །སྐྱེ་གནས་བཞིས་བསྡུས་དུད་འགྲོ་རྣམས། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །སེར་སྣ་ལས་གྱུར་ཡི་དྭགས་སྡེ། །བཀྲེས་སྐོམ་གདུངས་བས་ཉེན་གྱུར་ཅིང་། །ཕྱིན་ཅི་ལོག་བཞིས་འཇིགས་པ་ཡི། །བྱིངས་ན་གནས་པའི་ཡི་དྭགས་ཀྱི། །སྡེ་དཔོན་ཁ་ལས་མེ་འབར་དང་། །ཕྱི་ནང་ཟས་སྐོམ་སྒྲིབ་པ་ཅན། །དེ་བཞིན་མཁའ་ལ་རྒྱུ་བའི་རིགས། །བཙན་དང་རྒྱལ་པོ་འགོང་པོ་དང་། །དམུ་དང་དམ་སྲི་ཐེ་བྲང་སོགས། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །ཞེ་སྡང་ལས་གྱུར་དམྱལ་བ་པའི། །སྡེ་དཔོན་ཆོས་ཀྱི་རྒྱལ་པོ་དང་། །ཨ་བ་རཀྴ་གླང་མགོ་ཡི། །དགེ་སྡིག་སྟངས་འཛིན་ཚ་དམྱལ་བརྒྱད། །དེ་བཞིན་གྲང་དམྱལ་བརྒྱད་དང་ནི། །འབྱུང་བ་བཞི་དང་ནམ་མཁའ་ལ། །རྟེན་ཅིང་གནས་རིགས་ཐ་དད་པའི། །ཉི་ཚེ་བ་དང་མནར་མེད་ཀྱི། །ཉེ་འཁོར་ལྷག་པ་བཅུ་དྲུག་སོགས། །སྡུག་བསྔལ་གསུམ་དང་བརྒྱད་དག་གིས། །ཀུན་ཏུ་གཟིར་ཞིང་རྨོངས་པ་ཡི། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །སོ་སོའི་སྡུག་བསྔལ་དང་བྲལ་ནས། །ཐར་པའི་གོ་འཕང་ཐོབ་པར་ཤོག །གཞན་ཡང་དྲི་ཟ་ཉེ་བར་འཁོར། །དབང་པོ་ཀུན་ཚང་ཡིད་ཀྱིས་ལུས། །མིང་བཞི་འདུས་པའི་ཕུང་པོ་ནི། །འགྲོ་དྲུག་ལས་གཞན་བདུན་པ་སྟེ། །གཤིན་གྱི་གྲལ་ན་གནས་པའི་རིགས། །རྒྱལ་བློན་བཙུན་མོ་པཎྜི་ཏ། །ལོ་ཙཱ་རབ་བྱུང་སྔགས་པ་དང་། །སྨན་པ་ཡུལ་དཔོན་བཟོ་གནས་མཁན། །དེད་དཔོན་དམག་དཔོན་ཁྱིམ་བདག་དང་། །ཕོ་བཙུན་མོ་བཙུན་བྱིས་པ་དང་། །གཉན་པ་གདོལ་པ་རྫ་མཁན་དང་། །ཀོ་པགས་མཁན་དང་ཐ་ག་པ། །སྔ་མའི་བག་ཆགས་རྗེས་འབྲང་ཞིང་། །གནད་གཅོད་ཚོར་བས་ཉམ་ཐག་པས། །ཉེ་འབྲེལ་ཡིད་ལ་འདུ་བྱེད་ཅིང་། །དྲི་ཟ་ཤ་མར་ཆང་གསུམ་ལ། །གདུང་ཞིང་སྲེད་པ་འཕེལ་བའི་ཚེ། །རྫ་རི་སྨུག་པོ་ཤར་འཁྲུལ་ནས། །རྐན་སྒྲ་ཏོག་ཅིང་རྒྱུག་པ་དང་། །དེ་བཞིན་གངས་རི་མཐོང་ན་མར། །ཆུ་ཀླུང་ཆང་དུ་འཁྲུལ་གྱུར་ནས། །སྦར་མོ་དང་ནི་སྐྱོགས་གདེངས་པའི། །བར་དོ་ཡིད་ཀྱིས་གཟུགས་ཅན་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །དྲི་གསུར་འདོད་པའི་ཡོན་ཏན་འདི། །གང་འདོད་དངོས་པོར་དམིགས་ཏེ་བསྔོ། །འདོད་པ་ངོམས་ཤིང་ཚིམ་གྱུར་ནས། །གཤིན་མིག་གསོན་ལ་མ་བལྟ་ཞིག །གཤིན་གྱིས་བརྩེ་གདུང་གསོན་ལ་གནོད། །གདུང་སེམས་ཕྲོལ་ལ་བདེ་བ་ཅན། །ཡིད་ལ་སྒོམ་ནས་དེར་བྱོན་ཅིག །གཞན་ཡང་འཁོར་བ་ཐོག་མེད་ནས། ཁམས་གསུམ་རྒྱུད་དྲུག་ལ་འཁོར་བས། །མཐོ་བས་སྐྱབས་དང་དམའ་བས་བཀུར། །བར་པས་མཛའ་བའི་ལན་ཆགས་དང་། །ཕ་མ་བུ་ཚ་གཉེན་གྲོགས་དང་། །གནས་མལ་བཟའ་བཏུང་རྒྱན་གོས་དང་། །ས་ཞིང་བུ་ལོན་ནོར་གྱིས་འབྲེལ། །བྲན་གཡོག་བཞོན་པ་རྐང་ཕྲན་བྱས། །ཞོ་བཞོས་ཁལ་བསྐུར་རྨོ་རྨོས་དང་། །བསད་པས་སྲོག་དང་བརྡུངས་བས་ནད། །བེད་དུ་སྤྱད་དང་ཤ་ཁྲག་ཟོས། །ཚོང་ལ་གྱོང་བསྐུར་མ་སྦྱིན་བླངས། །བྲེ་སྲང་གཡོ་སྒྱུ་བྱས་པ་དང་། །གཞོགས་སློང་ལ་སོགས་ལོག་འཚོ་ལྔའི། །ལན་ཆགས་བུ་ལོན་རེ་རྣམས་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །སོ་སོའི་རེ་བ་བསྐངས་གྱུར་ནས། །ལན་ཆགས་ཤ་འཁོན་བྱང་གྱུར་ཅིག །ཁྱད་པར་ཕྱོགས་བཅུའི་འཇིག་རྟེན་ན། །གནོད་པ་སྦྱིན་པའི་གདོན་གྱི་སྡེ། །རྡོ་རྗེ་ཅན་དང་མི་ཡི་ལྷ། །གཤིན་རྗེ་བདེན་བྲལ་ཆུ་བདག་དང་། །རླུང་ལྷ་ནོར་སྲུང་དབང་ལྡན་དང་། །སྟེང་གི་ཚངས་པ་འོག་གི་ཀླུ། །ལྟོ་འཕྱེ་ཆེན་པོ་ལ་སོགས་པ། །དེ་དག་འཁོར་ན་གནས་པ་ཡི། །དྲི་ཟ་ཟུར་ཕུད་ལྔ་པ་དང་། །རྟ་མགོ་ཅན་སོགས་མིའམ་ཅི། །གྲུལ་བུམ་ནམ་མཁའ་ལྡིང་དབང་ཀླུ། །ལུས་སྲུལ་པོ་དང་སྐེམ་བྱེད་དང་། །སྨྱོ་བྱེད་རྗེད་བྱེད་གྲིབ་གནོན་དང་། །རེ་ལྡེ་འདོན་དང་ཚེར་མ་འདོན། །རྣག་ཁྲག་ཕྱི་ས་བཤང་གཅི་སོགས། །སྣ་ཚོགས་ཟས་སུ་ཟ་བྱེད་ཅིང་། །མགོ་ལུས་མི་མཚུངས་ལུས་བྱེད་ལྡན། ཁྱི་དང་བྱ་དང་ཝ་ལ་སོགས། །རྣམ་པ་སྣ་ཚོགས་གཟུགས་བརྙན་ཅན། །སོ་སོའི་བུ་སྨད་མཛའ་བཤེས་དང་། །ནང་མི་དམག་དང་དཔུང་བཅས་དང་། །འཕྲོག་མ་མ་བུ་ལྔ་བརྒྱ་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །སོ་སོའི་རེ་བ་བསྐངས་གྱུར་ནས། །གནོད་སེམས་གདུག་རྩུབ་མེད་པར་མཛོད། །གཞན་ཡང་ཆུ་ཀླུང་ཆུ་ཕྲན་དང་། །མཚོ་རྫིང་ལྡིང་ཀ་ཆུ་མིག་དང་། །གྲོང་དང་གྲོང་ཁྱེར་སྟོངས་པ་དང་། །ཁང་སྟོངས་ལྷ་ཁང་མཆོད་རྟེན་དྲུང་། །རྒྱལ་པོའི་དཀོར་ཁང་ཕྱུགས་ལྷས་དང་། །ལམ་པོ་ཆེ་དང་ལམ་སྲང་མདོ། །ཤིང་གཅིག་དྲུང་དང་དུར་ས་དང་། །རི་དང་ནགས་ཚལ་གཅན་གཟན་གནས། །རི་རབ་ཟོམ་དང་ལྷ་ཡི་གནས། །རྒྱ་མཚོར་གནས་པའི་གདོན་རྣམས་ལ། །བརྔན་སྦྱིན་འདོད་ཡོན་རྒྱ་མཚོས་མཆོད། །གནོད་སེམས་གདུག་སེམས་འཁོན་འཛིན་སེམས། །ཞི་ནས་གཞན་དུ་བསྐྱོད་པར་གྱིས། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པའི་བསམ་སྦྱོར་སྤོངས། །མདོར་ན་བདེ་གཤེགས་སྙིང་པོ་ལས། །རང་རང་རྟོག་པས་སྤྲུལ་པ་ཡིས། །ཁམས་གསུམ་རྒྱུད་དྲུག་འཁོར་བ་དང་། །མྱང་འདས་མཉམ་པ་ཉིད་ཀྱི་ཕྱིར། །འདི་ན་སྣོད་མིན་མ་མཆིས་པས། །མིང་དང་མཚན་ནས་མ་ཐོན་པའི། །མཆོག་དམན་མགྲོན་རིགས་ཐམས་ཅད་ལ། །གཙང་མ་ཕུད་ཀྱི་མཆོད་པ་འབུལ། །འཇམ་དེས་འོ་མའི་མཆོད་པ་འབུལ། །ཟླ་ཕྲོམ་ཞོ་ཡི་མཆོད་པ་འབུལ། །ཤང་དཀར་ཇ་ཡི་མཆོད་པ་འབུལ། །ཟླ་རྒྱས་མར་གྱི་མཆོད་པ་འབུལ། །བཤོས་བུ་རི་བས་ཆེ་བ་འབུལ། །ཕྱེ་མར་ཞིང་རྡུལ་ལས་མང་འབུལ། །མངར་གསུམ་ཤིང་གི་རྩི་ཐོག་འབུལ། །མཱཾ་ས་ཤ་དང་རཀྟ་ཁྲག །གཡག་ལུག་ར་སོགས་སྲོག་ཆགས་མདངས། །དག་བྱེད་གཏེར་དང་དྲི་ཞིམ་སྤོས། །སྣ་ཚོགས་བསང་གསུར་དུད་པ་ཡིས། །མཆོད་སྦྱིན་མགྲོན་རྣམས་ཚིམས་གྱུར་ནས། །དམེ་མནོལ་ཐབ་གཞོབ་འཁོན་གསུམ་དང་། །བྱ་བ་སྤྱོད་ལམ་ཉེས་པ་ཡིས། །འགལ་འཁྲུལ་ཐམས་ཅད་སོར་ཆུད་ནས། །ལེགས་པ་ཆོས་ལ་ཉེས་པར་བཟློག །མི་ལ་ན་ཚ་མ་གཏང་ཅིག །རྟ་ཕྱུགས་གོད་དུ་མ་འཇུག་ཅིག །ཁ་སྨྲས་གླེང་བརྗོད་མ་གཏང་ཅིག །དམག་འཁྲུག་མུ་གེ་མ་གཏང་ཅིག །ཐོག་ལ་སད་སེར་མ་གཏང་ཅིག །དགྲ་རྐུན་གནོད་འཚེ་མ་གཏང་ཅིག །ལམ་འཕྲང་འཇིགས་པའི་ཉེ་ཞོ་སྒྲོལ། །དོན་གཉེར་ཀུན་ལས་རྒྱལ་ཁ་ལོངས། །བསམ་དོན་ཡིད་བཞིན་ཕུན་ཚོགས་ཤོག །གཞན་ཡང་གློ་བུར་ལྷགས་པའི་མགྲོན། །ཕོངས་པས་ལུས་སེམས་འཁྲུགས་པ་དང་། །གནས་དང་ལོངས་སྤྱོད་མ་མཆིས་ཤིང་། །ཕུད་ལ་མི་དབང་ལྷག་མའི་མགྲོན། །འོན་ལོང་ཞ་རེངས་ལྐུགས་པ་སོགས། །སྙིང་རྗེའི་ཡུལ་གྱུར་མགྲོན་རྣམས་ལ། །སོ་སོ་གང་ལ་གང་འདོད་ཀྱི། །འདོད་ཡོན་ནམ་མཁའ་མཛོད་དུ་བསྔོ། །ལས་ངན་བསགས་པའི་ལུས་བོར་ནས། །ལྷ་དང་མི་ཡི་ལུས་རྟེན་ལ། །ཐར་པའི་གོ་འཕང་བརྙེས་པར་ཤོག །ན་མོ་བདག་གི་བསམ་པའི་སྟོབས་དང་ནི། །སོགས་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་ཀྱིས་ཆོས་སྦྱིན་བྱ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། བཛྲ་མུཾ་འཇིག་རྟེན་པ་རང་གནས་སུ་གཏོང་། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ལ་བདག་ཉིད་ལ་བསྲུང་བ་བྱའོ། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ་སོགས་ཀྱིས་ཤིས་པ་བརྗོད། ཕུད་གཏོར་རྣམས་གཙང་སར་གཤེགས་ལ་དགེ་བ་བསྔོ་བར་བྱའོ། །འདི་ནི་མཚོན་སྣ་སྤྲུལ་པའི་སྐུས། །ཀུན་མཁྱེན་ཆེན་པོའི་ཕུད་རབ་ཉིད། །ཚིག་བསྡུ་བྱས་པ་དགོས་གསུང་ཡང་། །ཟློས་དང་མ་ཚང་གྱི་ནའི་གཞུང་། །བཅོས་སུ་རུང་མོད་འཕགས་ཆེན་གྱི། །གཞུང་བཤིག་བྱིན་རླབས་ཉམས་པའི་རྒྱུར། །མཐོང་ནས་དགོངས་པའི་མཛོད་ཀློང་བརྟོལ། །བདག་གི་མཉམ་གཞག་དགོངས་བརྒྱུད་ལ། །རྗེས་ཐོབ་རིག་འཛིན་བརྡ་བརྒྱུད་དེས། །འདུ་བྱེད་ཤོག་སེར་ཚིག་བརྒྱུད་ཕྱིར། །མོས་པ་ཅན་ལ་བྱིན་རླབས་འབྱུང་། །རང་བྱུང་རྡོ་རྗེའི་རྟོགས་ཆོས་སོ།། ༈ །།ལམ་ལྷ་བཞུགས། ཀྱཻ། སངས་རྒྱས་པདྨ་ཐོད་ཕྲེང་གི། །བཀའ་ཉན་གངས་རིའི་ལྗོངས་འདི་ཡི། །ཡུལ་ལྷ་བསྟན་མ་བཅུ་གཉིས་རྣམས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ལམ་འཕྲང་འཇིགས་པའི་ཉེ་ཞོ་དང་། ཁ་ཆར་བུ་ཡུག་གནོད་པ་སྲུངས། །གཞི་བྱེས་ཀུན་ཏུ་སྟོང་གྲོགས་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་རྫོགས་གྲྭ་ལམ་ཞུགས་རྣམས་ལ་རིག་འཛིན་འཇིགས་མེད་གླིང་པས་སོ།། །།