འཁོར་ལོ་འབར་བའི་དམིགས་རིམ་གྱི་དོགས་པ་ཀུན་གསལ་མེ་ལོང་།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-023
Wylie title 'khor lo 'bar ba'i dmigs rim gyi dogs pa kun gsal me long
Location 'jigs gling bka' 'bum
Volume 8, Text 23, Pages 609-615 (Folios 1a1 to 4a6)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. 'khor lo 'bar ba'i dmigs rim gyi dogs pa kun gsal me long. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 609-615. New Delhi: Shechen Publications, 2025.
Genre Stages of Visualization - dmigs rim
[edit]

༄༅། །འཁོར་ལོ་འབར་བའི་དམིགས་རིམ་གྱི་དོགས་པ་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས། །

༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འཁོར་ལོ་འབར་བའི་དམིགས་གནད་སྐོར་ལ་དྲི་བ་ཕེབས་པ། ངེད་རི་སུལ་གྱི་རྫོགས་ཆེན་པ་རྒན་པོ་བྱིས་པའི་སྣང་ཤེས་ཅན་སྲུང་བཟློག་བསད་པའི་ཕྲིན་ལས་ལ་བསྙེམས་པ་བཏང་བས་རྗེས་ལ་ཐོབ་པའི་ཡེ་ཤེས་ལ་རྟོག་པའི་དྲྭ་བ་འཐག་པར་རྔོ་མ་ཐོགས་ཀྱང་། དྲག་པོ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་སྙིང་དབུས་དྭངས་མའི་ཐིག་ལེར་སྤྱན་དྲངས་ནས་རྟོག་དཔྱོད་ཀྱི་འདུ་ཤེས་ལ་ཞུགས་པ་ན་འདི་སྐད་ཐོས་སོ། །སྤྱིར་འོད་གསལ་སྤྲོས་བྲལ་ཆེན་པོའི་ངང་ནས་སྣོད་བཅུད་ཀྱི་འཛིན་ཞེན་སྦྱོང་བའི་གསལ་སྣང་འཕྲོ་འདུའི་བྱེད་པོས་རྟེན་དང་བརྟེན་པའི་ཆོ་འཕྲུལ་བཀོད་པའི་གནས་ཚུལ་ལ་རང་བྱན་ཚུད་པ་གཞིར་བཞག་ནས། སྒོམ་དོན་དངོས་ཀྱི་དོགས་སེལ་ལ། འོག་གཞི་སྣ་ཚོགས་རྡོ་རྗེ་དབང་ཆེན་གྱི་གཞི་དང་རྒྱ་ཁྱོན་མཉམ་པའི་བར་མཚམས་སུ་གྱུར་པ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་རྡོ་རྗེ་ཆུང་ངུས་གཏམས་པའི་མཐའ་སྐོར་ནས་གྱེན་དུ་རིམ་གྱིས་ཟླུམ་པའི་རྡོ་རྗེའི་གུར་ཁང་ཕྱི་དབྱིབས་ལྕགས་རྨོག་ཁ་སྦུབ་པ་ལྟ་བུའི་སྤྱི་བོར་ཡང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ཡོད་པ་ལ། དོན་རྡོ་རྗེ་རྒྱ་གྲམ་གྱི་དྲྭ་བར་སྦྲེལ་བའི་བར་སེང་ཐམས་ཅད་རྡོ་རྗེ་ཆུང་ངུས་ཞ་ལའི་མིག་ཚགས་བཀབ་པ་ལྟར་ཤིན་ཏུ་འཐས་པར་གྱུར་པའི་མཐུས། བསིར་བུའི་རླུང་ཡང་རྒྱུ་བའི་གོ་སྐབས་གཅོད་པའི་སྲུང་འཁོར་གྱི་ནང་རྡོ་རྗེ་རྐྱང་བའི་དྲྭ་ཕྱེད་བླ་བྲེ་ལ་སོགས་དང་། ཕྱི་ཡི་རྩེ་མོར། རྡོ་རྗེ་རྭ་གདེངས་ཕྱེད་པའི་ཏོག་གིས་མཚན་པ། ཀུན་ནས་ཀུན་ཏུ་ཡེ་ཤེས་ལྔ་ཡི་མེ་དཔུང་ཤིན་ཏུ་འབར་ཞིང་འཁྲུག་པ། དེ་ནས་རྩིབས་ལོགས་རྩ་རྩེ་ལ་སོགས་པའི་རྣམ་གཞག་ནི། སྤྱིར་རྩིབས་ལ་གདན་ཐབས། སྤུ་གྲི་མཚོན་འཁོར། སྲུང་འཁོར་སྦུབས་སྟོངས་སོགས་འདོད་ལུགས་ཐ་དད་པ་ཡོད་ཀྱང་སྒྲ་ཇི་བཞིན་བའི་གོ་བ་ལྷོངས་པ་ཆེར་མ་མཐོང་ལ། སྤྱིར་བཏང་གསར་རྙིང་མཐུན་པར་བརྟེན་པ་གཞལ་ཡས་ཁང་གི་བསྲུང་བྱ་འཁོར་ལོའི་རྩིབས་ནི་སྦུབས་སྟོང་ཁོ་ན་ཡིན་ཏེ། ཚར་པ་ཆོས་རྗེས། ཀྱེ་རྡོ་རྗེའི་ལམ་འབྲས་སུའང་གསལ་བར་བཀོད་སྣང་ངོ་། །འགག་དོན་ད་ལམ་སྐབས་འདིའི་ཁྱད་པར་གྱི་ཆོས་ལ། དཔེས་མཚོན་པར་བྱེད་ན། སིལ་སྙན་ཁ་སྦྱར་བའི་ལོ་མ་ལ་རྩིབས་ཀྱི་དབལ་ཁ་བཏོན་པ་ལྟ་བུའི་ནང་ཁོངས་སེང་ཅན་ཕྱོགས་འཁོར་བཅུ་གསུམ་དང་། དེ་ལས་སྟེང་འོག་གམ་རྩ་རྩེའི་རྩིབས་གཉིས་པོ་སིལ་སྙན་གྱི་ཐོད་པ་ཡས་མས་གཉིས་མདུང་སོ་ལྟ་བུའི་ཁོངས་སེང་ཅན་གྱིས་དཔེས་མཚོན་པར་བྱས་པའི་རིག་པས་འོག་རྩིབས་སམ་རྩ་བ་འོག་གཞིའི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མ་ཎི་ཁྲི་སྐོར་གྱི་རྟིང་ལྕགས་ལྟར་ཟུག་པ། རྩེ་མོའི་སྟེང་རྩིབས་རྭ་གུར་ཡང་ཐོག་གི་རྒྱ་གྲམ་དབུས་མའི་ལྟེ་བར་ཟུག་པ། ཆུ་འཁོར་ལྟ་བུའི་འཕྲུལ་དང་ལྡན་པ་ལ། སྐེད་ལ་ཕྱོགས་སུ་འཁོར་བའི་རྩིབས་བཅུ་གསུམ་པོ་ཁུག་མ་གྲུ་བཞིའི་ཟུར་ནང་དུ་སློག་པ་ལྟར་རྩིབས་ཀྱི་དབལ་ཁ་ནང་དུ་ལོག་ཅིང་། རང་རང་གི་སྦུབས་རྣམས་ཕྱི་ལ་ཧུ་རེ་མངོན་པ་ནི། རྩིབས་ལོགས་རྩ་རྩེ་རྒྱ་གྲམ་ལྟེ་བར་ཟུག །ཅེས་པའི་དོན་ཡིན་ནོ། །དེང་སང་འཁོར་ལོ་འབར་བ་རླུང་འུར་བ་ལྟར་འདོན་པ་རྣམས་ལ་དམིགས་པའི་དོགས་པ་ཙམ་ཡང་མི་འདུག་ཅིང་། རྟོག་དཔྱོད་དང་ལྡན་པ་འགའ་ཙམ་གྱིས་རྩིབས་ལོགས་འདིའི་བར་ཉག་རྒྱ་གྲམ་ལ་བརྟེན་པར་འདོད་པའི་ཡིག་ཆ་བཀོད་པ་ནི་ཕྱོགས་མ་རྙེད་པར་སྣང་ངོ་། །དེ་ནས་ནང་རྩིབས་ནི། དེ་ནང་བཅུ་གསུམ་རྩིབས་རྩེ་ཕྱིར་བསྟན་པ། ཞེས་པ་ལས་སྟེང་འོག་གི་རྣམ་གཞག་མ་བྱུང་བས་སྤུ་གྲི་མཚོན་འཁོར་ཏེ། ཨོ་རྒྱན་ཆེན་པོས། ལྟེ་བ་སྟོང་པ་ཆོས་ཀྱི་དབྱིངས། །རྩེ་མོ་རྣོ་དབལ་དུག་གསུམ་གཅོད། །ཅེས་གསུངས་པ་ལྟར། རྩིབས་ལོགས་སྦུབས་སྟོངས་ཅན་དེའི་ནང་ལོགས་སུ་གསེར་གྱི་ཙཀྲ་རྩིབས་བཅུ་གསུམ་པ་རྩེ་མོ་ཕྱིར་བསྟན་ཕྱི་ནང་གི་རྩིབས་གཉིས་རེག་ལམ་འབྱར་བ་བར་སྣང་ལ་རྟེན་མེད་དུ་གནས་པའི་དབལ་རྩེར་མཚོན་ཆའི་རང་བཞིན་རྩུབ་ཅིང་ངར་བའི་ཁོངས་སེང་དུ་ཙཀྲ་བཅུ་གསུམ་གྱི་ཡི་གེ་འགྲེང་སྟབས་སུ་ཧྲམ་མེ་འཁོད་ཅིང་རང་སྒྲ་འབྲུག་སྟོང་ལྟར་འུར་བ། ནང་དབྱིངས་བདེ་སྟོང་གི་རང་བཞིན་འོད་དུ་གསལ་ལ་ཀློང་ཡངས་ཤིང་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ངོ་བོ་གཞལ་ཡས་ཁང་ལ་རྣམ་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་མཚོན་པའི་བྱང་ཆེན་མཆོད་རྟེན་གསེར་སྦྱངས་ལས་གྲུབ་པའི་བུམ་པའི་ནང་ཁོངས་སུ་མངལ་སྐྱེས་སྦྱོང་བའི་བསྐྱེད་རིམ་དང་རྗེས་མཐུན་པར་རང་ཉིད་ཤཱཀྱའི་རྒྱལ་པོར་གསལ་བའི་ལྷུང་བཟེད་ནང་དུ་བསྲུང་བྱ། སྐུའི་གཡས་གཡོན་དུ་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་ལ་སོགས་དགྲ་བཅོམ་པ་ལྔ་སྟོང་། སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་དགེ་བསྙེན་མ་ས་ག་སོགས་དགེ་བསྙེན་དང་དགེ་བསྙེན་མའི་ཚོགས་དང་། ལྷ་དང་ཀླུ་དང་ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པ་རབ་ཏུ་མང་པོ་སྟེ་ཐུན་མོང་གི་འཁོར་རྣམ་པ་བཞི། ཐུན་མོང་མ་ཡིན་པའི་འཁོར་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། རིན་ཆེན་འབྱུང་ལྡན་དང་། དྲྭ་བ་སྦྱིན་ལ་སོགས་པས་བསྐོར་ཞིང་། མཆོད་རྟེན་གྱི་རྩེ་མོར་རྒྱ་གར་གྱི་རིག་འཛིན་བརྒྱད་སོགས་གཙོ་མཆོག་རྡོ་རྗེ་ཆོས་ལ་བསྐོར་ཏེ་དམོད་པ་ལས་ཀྱི་ཆས་དང་ལྡན་པར་བཞུགས་པ་ལས། གཙོ་བོའི་ཐུགས་ཀ་ནས་ལག་ན་རྡོ་རྗེ་ལ་སོགས་པའི་ཕོ་ཉ་སྤྲོས་པས། རྩིབས་དབར་ལ་སྲི་རྐང་བཅུ་གསུམ་གཙོ་བོར་གྱུར་པའི་གནོད་བྱེད་འབྱུང་པོའི་གཟུགས་བརྙན་བསྒོམས་པ་ལ་རྣམ་ཤེས་དགུག་བསྟིམ་མཐར། ཕྱི་རྩིབས་གཡོན་དང་། ནང་རྩིབས་གཡས་སུ་འཁོར་བའི་སྤུ་གྲི་སོ་འཐབས་ཀྱི་བར་དུ་རྗེས་མེད་ཐར་ཐར་རྡུལ་དུ་བརླག་ཅིང་། སྔགས་ཕྲེང་ལས་བྱུང་བའི་མེ་ལྕེས་གཞོབ་ཏུ་བསྲེགས་པས་བག་ཆགས་ཀྱིས་བསྐྱེད་པའི་རྣམ་རྟོག་གི་རང་གཟུགས་བཏགས་པ་མིང་གི་དགྲ་འདྲེ་འོད་གསལ་སྟོང་ཆེན་ཀ་དག་གི་ཀློང་དུ་དག་པར་བསྒོམས་ལ་སྔགས་བཟླ་ཞིང་། མཐར་བདེན་བརྗོད་ཐལ་བརྡེབ་ཀྱི་དམིགས་པ་ནི་གོ་སླའོ། །མང་པོར་དྲིས་པས་བཤད་རྒྱུ་གདོད་ནས་དག །དཔེ་ལ་བལྟས་པས་ཐེ་ཚོམ་མང་དུ་སོང་། །སྣང་བ་དཔེ་ཆར་ཤར་བའི་རྟེན་འབྲེལ་ལས། །ཟབ་མོའི་མན་ངག་མ་སྦས་ལྷུག་པར་བཀྲོལ། །ཀུན་དང་འདྲ་ན་ཁྱད་ཆོས་གང་ལ་ཟེར། །ཀུན་དང་འགལ་ན་མི་བདེན་བརྫུན་པའི་ཆོས། །དེ་ཕྱིར་རྡོ་རྗེའི་ཚིག་གི་རྒྱ་མདུད་དེ། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་དེས་བཀྲོལ་ལོ། །ཙཀྲ་བཅུ་གསུམ་མ་གྲངས་གསོག་ལྟ་བུའི་ཚེ། །སྐབས་ཅི་རིགས་པར་བདེན་བརྗོད་དང་ཐལ་བརྡེབ་བྱ། དུས་མ་ཡིན་པར་ཇ་སོགས་ཀྱིས་འཕྲོ་གཞག་ན། སྔགས་འདི་བཟླས་པ་ཙམ་གྱིས་སོགས་ནས་མངོན་པར་བསྟོད་དོ། །ཞེས་ཆེ་བ་བསྐྱེད་ནས་མཚམས་བཅད་ན་མངོན་སྤྱོད་ཀྱི་གོ་དོན་ལྷོངས་པར་འགྲོ་བ་ཡིན།། །།