ཀུན་བཟང་སྨོན་ལམ་གྱི་འདྲེན་བྱེད་ཊཱི་ཀའི་ཐུར་མས་བསལ་བ།

From Khyentse Lineage - A Tsadra Foundation Project
JLKO-KABUM-05-CA-003
Wylie title kun bzang smon lam gyi 'dren byed TI ka'i thur mas bsal ba
Location 'jigs gling bka' 'bum
Volume 5, Text 3, Pages 683-690 (Folios 1a1 to 4b1)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Kun bzang smon lam gyi 'dren byed TI ka'i thur mas bsal ba. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 5: 683-690. New Delhi: Shechen Publications, 2025.
Genre Commentaries - 'grel pa  ·  Prayers - smon lam
Colophon

འདི་ནི་རྡོར་བྲག་སྤྲུལ་སྐུའི་དགོངས་བཞེད་བཞིན། །བློ་དམ་ན་རྣམས་ལ་ཕན་ཕྱིར་གཞུང་དེ་གའི། །ཚིག་དོན་རང་སར་འབྱེད་པའི་དབང་བྱས་ཏེ། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་དེ་ཡིས་སོ།།

'di ni rdor brag sprul sku'i dgongs bzhed bzhin/_/blo dam na rnams la phan phyir gzhung de ga'i/_/tshig don rang sar 'byed pa'i dbang byas te/_/klong chen nam mkha'i rnal 'byor de yis so//

[edit]

༄༅། །ཀུན་བཟང་སྨོན་ལམ་གྱི་འདྲེན་བྱེད་ཊཱི་ཀའི་ཐུར་མས་བསལ་བ་བཞུགས། །

༄༅། ཀུན་ནས་ཀུན་ཏུ་བདེ་གཤེགས་སྙིང་པོའི་ཁམས། །ཀུན་ནས་ཀུན་ཏུ་རྣམ་ཐར་སྒོ་གསུམ་ཀློང་། །ཀུན་ནས་ཀུན་ཏུ་བྲལ་ཐོབ་སྤངས་གྱུར་ན། །ཀུན་ནས་ཀུན་ཏུ་བཟང་པོའི་རང་བཞིན་ནོ། །དེ་ལ་སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ གཞི་གཅིག་ཞེས་པ་ནས་སངས་རྒྱས་ཤོག༔ ཅེས་པའི་རྐང་པ་དང་པོ་ནི་གོ་སླ་ཡང་། གཞི་གཅིག་ལམ་གཉིས་ལ་སོགས་པའི་དོན། གཞི་གཅིག་ནི་ཤིན་ཏུ་རགས་པའི་རྣམ་གཞག་སྟེ། རྫོགས་པ་ཆེན་པོའི་རྒྱུད་ལས་གཞི་བདུན་དུ་བསྟན་ནས་ཀ་དག་གི་ཡེ་གཞི་སྐྱོན་མེད་དུ་འདོད་པ་ཉིད་ཀྱང་། འདིར་ཀུན་གཞི་ལུང་མ་བསྟན་ལ་གཞིར་འདོད་པའི་ཕྱོགས་སུ་བྱས་ཏེ། ལུང་མ་བསྟན་གྱི་ཤེས་པ་དེ་ཉིད་ལ་ལྷག་མཐོང་གི་རྩལ་ཤར་ཏེ། རང་ངོ་རིག་ན་སངས་རྒྱས་ཀྱི་ལམ་དང་། མ་རིག་ན་འཁོར་བའི་ལམ་སྟེ། དེ་གཉིས་ལ་འབྲས་བུའང་སངས་རྒྱས་དང་། སེམས་ཅན་གཉིས་འབྱུང་བའོ། །དེའི་འགྲོས་ཀྱིས་གཞན་རྣམས་གོ་སླའོ། །ཡང་ཀུན་གྱི་གཞི་ནི་འདུས་མ་བྱས༔ ཞེས་པ་ལ་སོགས་པའི་དོན་ནི། རང་བྱུང་ཀློང་ཡངས་ཀྱི་སྒྲས། ཀ་དག་གི་ཡེ་གཞི་སྐྱོན་མེད་དུ་ཁས་བླངས་པའི་དབང་དུ་བྱས་ཏེ། བསམ་བརྗོད་བློ་བྲལ་གྱི་ཤེས་པ་དེ་ཉིད་ཀྱི་རང་ངོ་རང་གིས་རིག་ན་སངས་རྒྱས་དང་། མ་རིག་ན་སེམས་ཅན་ཏེ་འཁོར་བའི་རང་བཞིན་ཡིན་པས་ན། སེམས་ཅན་གྱི་དེ་དོན་རིག་པར་སྨོན་པའོ། །ཀུན་ཏུ་བཟང་པོ་ང་ཡིས་ཀྱང༔ རྒྱུ་རྐྱེན་མེད་པ་ཞེས་པ་ལ་སོགས་པའི་དོན། ངོ་བོའི་གནས་ལུགས་འདི་ལས་བྱུང་དང་། རྐྱེན་འདི་ལས་སྐྱེས་མེད་པའི་གཞི་དོན་རང་བྱུང་དུ་རིག་པའི་ཚེ། ཕྱི་དོན་དུ་ཡོད་ཅེས་སྒྲོ་མ་བཏགས། ནང་དོན་དུ་མེད་ཅེས་སྐུར་པ་མ་བཏབ། དྲན་མེད་མུན་སྲོས་པ་ལྟ་བུའི་སྐྱོན་དང་དྲིས་མ་གོས་པ། རིག་པ། སོ་མ། བརྗོད་བྲལ་ཆེད་འཛིན་མེད་པའི་ངང་དུ་གནས་ན། སྲིད་པ་གསུམ་པོ་འདི་གཟུང་འཛིན་གྱི་བློས་བཏགས་པའི་ཕྱིར་དེ་ཉིད་མེ་ཆུ་རླུང་གསུམ་གྱི་བསྐལ་པས་ཞིག་ཀྱང་སྔངས་པ་དང་སྐྲག་པ་མེད་ཅིང་མིག་ལ་སོགས་པའི་དབང་ཤེས་དག་པས་འདོད་ཡོན་ལ་ཆགས་པའང་མེད་དོ། །ཅིའི་ཕྱིར་ན་འཇིགས་སྐྲག་དང་ཆགས་སྡང་ལ་སོགས་པ་ནི་གཟུང་ཡུལ་ལ་འཛིན་སེམས་འདྲེས་པ་ལས་སྐྱེ་བའི་ཕྱིར་ན། རྟོག་མེད་ཤེས་པ་རང་བྱུང་ལ༔ རྡོས་པའི་གཟུགས་དང་ཁ་དོག་མེད༔ ཅེས་པས་རྟོག་མེད་ཀྱི་ཤེས་པ་ནི་རང་གསལ་བློ་འདས་ཆེན་པོ་ཡིན་པས། དེ་ལ་ཕུང་པོ་ལྔ་དང་། ཚོགས་བརྒྱད་ཀྱི་ཉེར་ལེན་མེད་པའི་ཕྱིར་རོ། །དེ་ལྟ་ནའང་རིག་པ་དེ་སྟོང་པ་ཕྱང་ཆད་མ་ཡིན་པར་སྟོང་བཞིན་དུ་གསལ་ཆ་མ་འགགས་པ་དེ་རྣམ་བྱང་སྐྱེ་བའི་རྒྱུ་ཡིན་པས་ན། རིག་པའི་གསལ་ཆ་མ་འགགས་པ༔ སོགས་པས་བརྟེན་པ་ཡེ་ཤེས་ལྔ་དང་། རྟེན་གདན་གསུམ་ཚང་བའི་ངོ་བོ་དམ་པ་རིགས་བརྒྱར་སྨིན་པའི་ཕྱིར། དེ་ཕྱིར་གཞི་རིག་འཁྲུལ་མ་མྱོང༔ ཞེས་སོ། །དེ་ལྟར་འཁྲུལ་མ་མྱོང་བས་ཐོག་མའི་སངས་རྒྱས་སམ། མི་འགྱུར་རྡོ་རྗེའི་སྐུ་ཞེས་བྱ་སྟེ། དེས་བཏབ་པའི་སྨོན་ལམ་རྐང་པ་བཅུ་གཅིག་གོ་སླའོ། །དང་པོ་སེམས་ཅན་འཁྲུལ་པའི་རྒྱུ༔ གཞི་ལ་སོགས་པའི་དོན་ནི་སྤྱིར་གཞི་ཞེས་བྱ་བ་དོན་ལྔ་ལ་འཇུག་ཀྱང་། འདིར་སྲིད་པ་ཀུན་ཏུ་སྦྱོར་བ་གཉིད་འཐུག་པོའམ། སེམས་དྲན་མེད་ལུང་མ་བསྟན་དེ་ལ་རིག་པའི་མདངས་སམ། གསལ་ཆ་མ་ཤར་བས་ཅི་ཡང་མི་སེམས་པ་སྒོ་ངའི་རྣམ་ཤེས་ལྟ་བུ། དྲན་པ་མེད་ཅིང་ཐོམ་ཡོ་རེ་བ་བརྒྱལ་བ་ལྟ་བུ་དེ་མ་རིག་པའི་རྩ་བ་ཡིན་པས་དེའི་ངང་ནས་ཡིད་ཤེས་ལངས་ཏེ། རྟེན་འབྲེལ་བཅུ་གཉིས་ཀྱི་རྒྱུན་ལ་འཁོར་བའི་ཚུལ་དེ་གོ་བདེ་བར་བརྗོད་ན། ང་དང་ང་ཡིར་འཛིན་པའི་ཤེས་པས་བདག་དང་གཞན་དུ་གཟུང་ཡུལ་འཇིག་པ་ལ་སྔངས་སྐྲག་དང་། བཏང་སྙོམས་ལ་ཟ་ཟི་ཅིར་ཡང་ཤར་བས། དགྲ་གཉེན་དང་། ཆགས་སྡང་དང་། ཕྱོགས་རིས་ཀྱི་བག་ཆགས་བརྟས་པས་འཁོར་བ་ལུགས་སུ་འཇུག་པ་བྱུང་སྟེ། འདོད་ཡོན་དང་གཉེན་ལ་ཆགས་པའི་འདོད་ཆགས། དགྲ་ལ་སྡང་བའི་ཞེ་སྡང་། གཉིད་དང་རྨོངས་པའི་གཏི་མུག །ངའོ་སྙམ་པའི་ང་རྒྱལ། གཞན་འབྱོར་ལ་སྡང་བ་ཕྲག་དོག་སྟེ། ཉོན་མོངས་དུག་ལྔ་རྒྱས་ཤིང་རྒྱུན་ཆད་མེད་པའི་རྒྱུའང་། དྲན་པ་ཉམས་པ་དང་། རང་ངོ་རང་གིས་མ་རིག་པའི་རྒྱུ་རྐྱེན་ལས་བྱུང་བས་ན། རང་ངོ་ཤེས་པ་དེ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པས། སྨོན་ལམ་གྱི་སྒྲས་སྟོན་པའོ། །ལྷན་ཅིག་སྐྱེས་པའི་མ་རིག་པ༔ ཤེས་པ་དྲན་མེད་ཡེངས་པ་ཡིན༔ ཞེས་པ་ལ་སོགས་པའི་དོན། ད་ལྟ་དྲན་པ་ཡོད་འཕྲོ་ལ་བརྗེད་འབྱམས་ཀྱིས་ཤེས་བཞིན་མ་ཡིན་པར་འགྲོ་བ་ནི་ལྷན་སྐྱེས་ཀྱི་རིག་པ་དང་། རྣམ་རྟོག་གི་རྗེས་སུ་བརྟག་དཔྱད་བསམ་གཞིག་བྱེད་པ་ནི་ཀུན་བརྟགས་ཀྱི་མ་རིག་པ་ཞེས་བྱ་སྟེ་འཁྲུལ་གཞི་འདི་གཉིས་ངོ་ཤེས་ན་དྲན་མེད་ཀྱི་མུན་པ་སངས། གཉིས་འཛིན་གྱི་སྣང་བ་ལོག །རིག་པ་རང་ངོ་ཤེས་པས་ཆུ་བརྒྱ་ཟམ་འོག་ཏུ་འདུ་བ་ལྟར་འཁྲུལ་གྲོལ་གྱི་གནད་རྩ་བ་ཆོད་པ་ཡིན་པས་དེའི་ངང་དུ་རིག་པ་རང་ཚོ་གཟུང་དགོས། གལ་ཏེ་མ་གཟུང་ན། ང་ལས་ཕ་གིའམ། ཕ་གི་ལས་ངའོ་སྙམ་པའི་གཉིས་འཛིན་གྱི་བློས་ཞེན་པའི་ཡུལ་ལ་མཚམས་སྦྱོར་བའི་ཚུལ། གཉིས་འཛིན་བློ་ནི་ཐེ་ཚོམ་སྟེ༔ ཞེས་པ་ལ་སོགས་པས་བསྟན་པ་ལྟར་རིགས་དྲུག་ཏུ་འཁོར་བའི་རྒྱུ་གཟུང་འཛིན་གྱི་རྣམ་རྟོག །ཁེངས་སེམས་དང་། འགྲན་སེམས་དང་། ང་རྒྱལ་དང་། འདོད་ཆགས་དང་། གཏི་མུག་དང་། དེས་བསྐྱེད་པའི་སེམས་དང་། སེམས་བྱུང་ལྔ་བཅུ་གང་ཤར་ཡང་། འཁོར་བའི་རྒྱུ་ཡིན་པས་ན། དེའི་རྗེས་སུ་མི་འབྲང་། བརྟག་དཔྱད་མི་བྱ། གཉེན་པོས་མི་འགེག །དགག་སྒྲུབ་མི་བྱ་བར། ཤར་ས་དེ་གར་ཅོག་གེ་བཞག་ནས་སེམས་ལ་བཟོ་བཅོས་མི་བྱ་བ་དེ་ལ་ཐ་མལ་གྱི་ཤེས་པ་ཞེས་བྱ་སྟེ། སོ་མ། ངང་བཞག །རང་བབས། བརྗོད་བྲལ་གྱི་ངང་དུ་དྲན་པའི་སོ་པས་བསྐྱངས་ན། འགྲོ་བ་རིགས་དྲུག་ཏུ་འཁོར་བའི་རྒྱུ་ཟད། འབྲས་བུ་སྟོངས། ཀུན་གཞི་སངས་རྒྱས་ང་དང་མཉམ་པའི་ཐ་སྙད་བཞག་ལ། སེམས་ཅན་རྣམས་ནི་དྲན་པ་ཉམས་པས་འཁྲུལ། གཟུང་བའི་ཡུལ་ལ་འཛིན་པའི་སེམས་ཆགས་པས། རྨི་ལམ་བཞིན་དུ་རིགས་དྲུག་བརྒྱུད་མར་འཁོར་བས་ན་འཁོར་འདས་ཀྱི་སོ་མཚམས་རང་ངོ་ཤེས་མ་ཤེས་ལས་མེད་པར་རིག་པར་བྱའོ། །ཞེས་ཉེ་བར་བསྡུས་སོ། །གཞི་ལམ་འབྲས་བུའི་ཐ་སྙད་ཆོས་ཀུན་ལ། །གྲགས་ཀྱང་རྫོགས་ཆེན་གཞི་ཡི་གནས་ལུགས་ནི། །འཁོར་འདས་ཀྱིས་མདོ་གཏན་ལ་དབབ་པའི་ཕྱིར། །ཟློས་དང་མ་ཚང་གཞུང་གིས་མི་འཚལ་བས། །བཅུ་བདུན་རྒྱུད་དང་དེ་ཡི་དགོངས་པ་ནི། །ཇི་བཞིན་རྟོགས་ནས་གཞན་ལ་འདོམས་མཁས་པ། །དྲི་མེད་འོད་ཟེར་སྟོང་གིས་ཕྱེ་བའི་གཞུང་། །ཐེག་མཆོག་རིན་ཆེན་མཛོད་ལས་གཞན་གྱིས་མིན། །འདི་ནི་རྡོར་བྲག་སྤྲུལ་སྐུའི་དགོངས་བཞེད་བཞིན། །བློ་དམ་ན་རྣམས་ལ་ཕན་ཕྱིར་གཞུང་དེ་གའི། །ཚིག་དོན་རང་སར་འབྱེད་པའི་དབང་བྱས་ཏེ། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་དེ་ཡིས་སོ།། །།