ངེས་དོན་རྡོ་རྗེའི་ཐོལ་གླུ་འོད་གསལ་གྲུབ་པའི་རྒྱན།

From Khyentse Lineage - A Tsadra Foundation Project
JKW-KABUM-22-ZA-012-011
Wylie title nges don rdo rje'i thol glu 'od gsal grub pa'i rgyan JKW-KABUM-22-ZA-012.pdf
Location mkhyen brtse'i bka' 'bum
Volume 22, sde tshan 12, Text 11, Pages 376-381 (Folios 16b2 to 19a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. nges don rdo rje'i thol glu 'od gsal grub pa'i rgyan. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 22: 376-381. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Vajra Songs - rdo rje'i glu
Colophon

།ཞེས་པའང་གཏད་སོ་བྲལ་བའི་རིག་གདངས་ལས་ཇི་ལྟར་ཤར་བ་བཞིན་དཔལ་ས་ལ་སྤྱོད་པའི་འོག་མིན་བསམ་འགྲུབ་ཤེལ་གྱི་བྲག་ཕུག་གི་འདབས་རོལ་དུ་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་དགེ་བར་ཡི་གེའི་གཟུགས་སུ་བྱས་པ་གུ་ཧྱ།།

zhes pa'ang gtad so bral ba'i rig gdangs las ji ltar shar ba bzhin dpal sa la spyod pa'i 'og min bsam 'grub shel gyi brag phug gi 'dabs rol du dmar phyogs mkha' 'gro 'du ba'i dus tshes dge bar yi ge'i gzugs su byas pa gu h+ya

1 Texts in this Section (sde tshan or chos tshan)

[edit]
ངེས་པ་དོན་གྱི་རྡོ་རྗེའི་ཐོལ་གླུ་འོད་གསལ་གྲུབ་པའི་རྒྱན་ཅེས་བྱ་བ། ཨ་ལ་ལ་ཧོ། རང་རིག་གཉུག་མ་བསལ་བཞག་བྲལ་བའི་དབྱིངས། །སྐུ་གསུམ་མི་ཕྱེད་དོན་དམ་བདེན་པའི་དངོས། །འོད་གསལ་རྡོ་རྗེ་སྙིང་པོའི་གཤིས་ལུགས་ལ། །ངང་བཞག་ལྷུན་འབྱམས་ངང་ནས་ཕྱག་བགྱིའོ། །ངོ་བོ་རང་བཞིན་ཐུགས་རྗེ་མ་བཅོས་པ། །དཀོན་མཆོག་གསུམ་གྱི་ཞལ་སྐྱིན་བླ་ན་མེད། །དེ་ཕྱིར་སྤང་བླང་རང་སར་གྲོལ་བ་ཡིས། །རྟག་པར་འདུ་འབྲལ་མེད་པར་སྐྱབས་སུ་མཆི། །གང་ཕྱིར་བདག་དང་སེམས་ཅན་མ་དམིགས་པས། །རང་གཞན་གཉིས་སུ་འཛིན་པའི་བློ་ལས་འདས། །དེ་སླད་གནས་ལུགས་རྒྱུན་ཆད་མེད་པའི་ངང་། །ངེས་དོན་རྡོ་རྗེའི་སེམས་མཆོག་བསྐྱེད་པར་བགྱི། །ཟག་མེད་ལེགས་སྤྱད་རྒྱ་མཚོའི་ངོ་བོ་ནི། །འདུས་བྱས་ལས་འདས་སོ་སོར་རྟོག་པའི་གཤིས། །དེ་ལས་འཁྱུད་པའི་བློ་གྲོས་རབ་གསལ་བས། །ཚོགས་གཉིས་འདུམས་པའི་དགའ་བས་ཀུན་ཏུ་མཛེས། །རྣམ་པར་རྟོག་པའི་བགེགས་ཚོགས་མཐའ་ཀླས་ཀུན། །ཤར་གྲོལ་དུས་མཉམ་དོན་གྱི་དཔལ་ཆེན་པོས། །འདའ་དཀའི་ཕྱག་རྒྱ་གཉན་པོས་བཅིངས་པའི་ཕྱིར། །འོད་གསལ་དབུ་མའི་ཀློང་ལས་འགྲོ་འོང་མེད། །རང་སྣང་ཤིན་ཏུ་རྣམ་པར་དག་པ་ནི། །རྡོ་རྗེའི་འོག་མིན་ཆེན་པོ་ཉིད་ཡིན་ན། །ཐམས་ཅད་ཆོས་ཉིད་གཅིག་གི་རོལ་པ་རུ། །ཀུན་བརྟགས་ལས་འདས་སྲུང་འཁོར་གཟོད་ནས་གྲུབ། །ཐོག་མ་མེད་ནས་འཇུག་ལྡང་ལས་འདས་པའི། །ཀ་དག་རྫོགས་པ་ཆེན་པོའི་མཁའ་དབྱིངས་ནས། །ལྷུན་གྲུབ་མངོན་སུམ་སྣང་བ་རྣམ་པ་བཞིས། །མ་ལུས་ཆམ་ཆམས་གཅིག་ཏུ་བྱིན་དབབ་བོ། །ཚོགས་དྲུག་སྣང་བའི་འགྲོ་འོང་མ་ལུས་པ། །གཏད་མེད་སྒྱུ་མའི་དཔའ་བོར་ཕྱག་བྱས་པས། །ལུས་སེམས་བཀོད་པ་མཛེས་པའི་མཆོད་སྤྲིན་ཆེ། །བདེ་སྟོང་ཟུང་འཇུག་ཆེན་པོར་བྱིན་གྱིས་བརླབས། །ཤིན་ཏུ་རྣམ་དག་དེ་བཞིན་ཉིད་དབྱིངས་ལས། །འགགས་མེད་ཀུན་སྣང་སྙིང་རྗེའི་རྒྱུ་རུ་ཤར། །སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ། །མ་བསྐྱེད་ཡེ་རྫོགས་བསྐྱེད་རིམ་ངང་གིས་གྲུབ། །སྣང་གྲགས་རིགས་གསུམ་གདོད་ནས་བདེ་གཤེགས་ཀྱི། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྒྱས་བཏབ་ཅིང་། །དབྱིངས་དང་རིག་པ་ཡེ་ཤེས་གཉིས་མེད་ལྷས། །འཁོར་འདས་ཀུན་ཁྱབ་ཆེན་པོར་དབང་བསྐུར་རོ། །གཞི་གྲོལ་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །གཞི་སྣང་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་ལྷ། །གཞི་གནས་འཕོ་འགྱུར་མེད་པའི་བརྟུལ་ཞུགས་ཀྱིས། །གཞི་དབྱིངས་རིག་སྟོང་སྒྱུ་མར་སྤྱན་འདྲེན་ནོ། །ཇི་ལྟར་ཆུ་ལ་ཆུ་བུར་ཐིམ་པ་ལྟར། །དམ་ཚིག་སེམས་དཔའ་བདེ་གཤེགས་སྙིང་པོའི་གྲོང་། །ཡེ་ཤེས་སྒྲིབ་བྲལ་སེམས་དཔའི་ཐིག་ལེ་ཆེ། །ཁྱབ་ཅིང་རྟག་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཚོགས་བརྒྱད་འཁྲུལ་པའི་རྟོག་ཚོགས་དབྱིངས་དེངས་པས། །ལྷན་སྐྱེས་ཉི་མ་འབར་བའི་ལང་ཚོ་ཡིས། །གློ་བུར་འཁྲུལ་པའི་དྲྭ་བ་ཀུན་ཟོས་ཕྱིར། །གཉིས་མེད་འདྲེས་པའི་ཕྱག་གིས་རྟག་ཏུ་བསྙེན། །དབང་ཡུལ་སྒྱུ་མར་ཞིག་པ་ཕྱིའི་མཆོད་སྤྲིན། །ཨེ་ཝྃ་མཉམ་སྦྱོར་སྨན་རག་གཏོར་མ་ནང་། །གསང་བ་བདེ་སྟོང་སྦྱོར་སྒྲོལ་རྨད་བྱུང་སྟེ། །ཡང་གསང་བྱང་ཆུབ་སེམས་ཀྱིས་དགྱེས་པ་བསྐྱེད། །རིག་སྟོང་སེམས་ཉིད་རྡོ་རྗེའི་རང་བཞིན་ལ། །བྲལ་སྨིན་ཡོན་ཏན་རྒྱ་མཚོ་ངང་གིས་གནས། །དེ་ཕྱིར་མཉམ་པར་མ་བཞག་མེད་པ་ཡི། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད་པར་བགྱི། །འགྲོ་འོང་སྲོག་དང་རྩོལ་བའི་རྒྱུ་བ་ཀུན། །ཁ་སྦྱོར་རྡོ་རྗེའི་ལམ་གྱིས་གཅིངས་པ་ལས། །མི་ཤིགས་ནཱ་དར་དེངས་པའི་གླུ་དབྱངས་ཀྱིས། །ཟབ་གསང་བཟླས་པའི་འཕྲོ་འདུ་རྒྱུན་ཆད་མེད། །བདེ་སྟོང་འབར་འཛག་དགའ་བཞིའི་མཆོད་སྤྲིན་སྤྲོ། །གང་ཤར་རྟོག་པའི་མདུད་པ་ཕྲ་སར་བཅད། །དེ་ཡང་རང་རིག་གཅིག་པུར་རོ་མཉམ་པའི། །ཟག་མེད་ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱ། །ཕུང་པོ་ལྔ་ཡི་དྭངས་མ་འཛག་མེད་འཆིང་། །དུག་ལྔའི་འཁྲུལ་པ་སྐུ་བཞིའི་དྲྭ་བར་བསྡམས། །རླུང་སེམས་ཨ་ཝ་དྷཱུ་ཏཱིར་གཞུག་པ་ཡི། །གཏོར་མའི་རྣལ་འབྱོར་ལྡན་པས་བར་ཆད་བསལ། །ཐོག་མ་ཉིད་ནས་སྐྱེ་བ་མ་དམིགས་ན། །གང་དུ་འགགས་པའི་ཕ་མཐར་སུ་ཡིས་དྲངས། །དེ་སླད་ཁམས་གསུམ་ལས་འདས་ཡེ་ཤེས་ཀྱིས། །རྟེན་ཅིང་འབྲེལ་བར་འབྱུང་བར་རབ་ཏུ་གནས། །རླུང་སེམས་གཞན་དབང་ལ་ཆགས་བར་དོའི་ཡིད། །ཤར་གྲོལ་དུས་མཉམ་ངང་དུ་དབུགས་འབྱིན་ཅིང་། །ཐར་པ་ཆེན་པོའི་གྲོང་དུ་ཉེར་བཀྲི་བ། །གནས་ལུང་སྟོང་ཉིད་སྙིང་རྗེའི་ཕོ་ཉ་ཡིན། །ཀུན་གཞི་རང་བྱུང་ཀློང་ཡངས་ཐབ་ཁུང་དུ། །གཉུག་མ་བསམ་བརྗོད་བྲལ་བའི་ཡེ་ཤེས་མེར། །སེམས་དང་སེམས་བྱུང་སྒྲོ་བརྟགས་ཀུན་བསྟིམས་ཏེ། །གཟུང་འཛིན་དབུ་མར་ཞིག་པའི་བསྲེག་བླུགས་བྱ། །སྒོ་གསུམ་བྱེད་པ་ཨེ་ཝྃ་མཱ་ཡཱའི་དབྱིངས། །འགྱུར་བ་མེད་པར་བསྡམས་པའི་དེ་མ་ཐག །རང་སྣང་དག་པ་རབ་འབྱམས་ཆེན་པོ་རུ། །བདག་ཉིད་འཇུག་པའི་དབང་བཞི་བླང་བར་བརྩོན། །ངོ་བོ་ཀ་ནས་དག་པའི་ཕོ་བྲང་ནས། །རང་བཞིན་ལྷུན་གྲུབ་སྣང་བཞིའི་རྩ་གསུམ་ལྷ། །ཐུགས་རྗེ་སྒོ་ཡུལ་རླུང་རིག་གནད་གཅུན་ནས། །ཆོས་ཟད་བློ་འདས་དོན་གྱི་ཕྲིན་ལས་བཅོལ། །རྟོག་གཉིས་ཞེན་པའི་དྲེགས་ཚོགས་མཐའ་ཀླས་ཀུན། །རྟོག་བྲལ་འདོད་འབྱུང་གཏོར་མས་ཚིམ་བྱས་ཏེ། །རྟོག་ཚོགས་རང་གྲོལ་དཔལ་ཆེན་ཧེ་རུ་ཀས། །རྟོག་མེད་ཆད་མདོའི་དམ་ཚིག་གཉན་པོ་བསྒྲག །ཁ་སྦྱོར་བཅུ་གཉིས་གྲོང་དུ་གནས་བཅས་པའི། །འཕོ་ཆེན་བཅུ་གཉིས་གནས་སུ་དག་པའི་གཟུགས། །བོད་སྐྱོང་བརྟན་མ་བཅུ་གཉིས་འཁོར་བཅས་ལ། །ལུགས་འབྱུང་བཅུ་གཉིས་དག་པའི་བཤལ་ཆུས་མཆོད། །རྣམ་ཐར་གསུམ་དང་ལྡན་པའི་ཨེ་ཀློང་དུ། །དུག་གསུམ་རྒྱུ་འབྲས་ཆོས་ཀུན་རྒྱས་བཏབ་སྟེ། །ངོ་བོ་རང་བཞིན་ཐུགས་རྗེའི་བྲོ་བརྡུངས་པས། །རང་རིག་སྐུ་གསུམ་དགོངས་པ་འདུ་འབྲལ་མེད། །སྐྱེ་གནས་རྣམ་བཞིའི་བག་ཆགས་ལྷ་སྐུར་དག །ཐིག་ལེ་རྣམ་བཞི་དགའ་བཞིའི་སྤྲིན་དུ་རྫོགས། །གནས་སྐབས་རྣམ་བཞི་འོད་གསལ་དབྱིངས་སྨིན་པའི། །མཆོག་ཐུན་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བླང་། །མ་བཅིངས་མ་གྲོལ་རང་བབས་གནས་ཚུལ་ལ། །གློ་བུར་འཁྲུལ་བའི་དྲི་མ་ལས་འདས་ཕྱིར། །འགྲོ་འོང་མེད་པའི་ངང་དུ་མཐོལ་བཤགས་པས། །ཚངས་པ་མཆོག་གི་ས་ལ་མྱུར་དུ་རེག །སེམས་ཅན་ཀུན་གྱི་སྲོག་ཀྱང་ཡེ་ཤེས་སེམས། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཡེ་ཤེས་སེམས། །སེམས་ཉིད་ཐིག་ལེ་གཅིག་ཏུ་བསྡུ་བ་ལས། །གསལ་སྣང་ལྷ་སྔགས་ཆོས་སྐུའི་དྲྭ་བར་ཤར། །དེ་ལྟའི་བླ་མེད་ཡེ་ཤེས་ཆེན་པོའི་རྒྱུན། །རང་ལས་བྱུང་ཞིང་རང་སར་བསྔོས་པའི་མཐུས། །སོ་མ་རང་གྲོལ་ངང་བཞག་ལྷུན་འབྱམས་ཀློང་། །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་སྨོན་ལམ་གདབ། །ཚོགས་གཉིས་བསགས་ཕྱིར་གོང་མའི་ལམ་སྦྱོར་ཕྱིར། །ཆོས་ཉིད་བདེན་པ་མངོན་མཐོང་དེ་བསྒོམ་པས། །མི་སློབ་གོ་འཕང་འཐོབ་པའི་བཀྲ་ཤིས་ཀྱིས། །རྒྱུ་དང་མི་རྒྱུའི་དངོས་ཀུན་ཤིས་པར་བྱ། །དེ་ལྟར་ངེས་དོན་ཆོ་གའི་རྡོ་རྗེའི་གླུ། །འོད་གསལ་གྲུབ་པའི་དཔའ་བོའི་རྣ་རྒྱན་དུ། །གཏད་མེད་རྣལ་འབྱོར་གཞོན་ནུའི་མགྲིན་པ་ནས། །ས་ལ་སྤྱོད་པའི་འོག་མིན་ཆེན་པོར་བླངས། །ཞེས་པའང་གཏད་སོ་བྲལ་བའི་རིག་གདངས་ལས་ཇི་ལྟར་ཤར་བ་བཞིན་དཔལ་ས་ལ་སྤྱོད་པའི་འོག་མིན་བསམ་འགྲུབ་ཤེལ་གྱི་བྲག་ཕུག་གི་འདབས་རོལ་དུ་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་དགེ་བར་ཡི་གེའི་གཟུགས་སུ་བྱས་པ་གུ་ཧྱ།། །། ༈

Footnotes

Other Information