གཤིན་པོར་ངོ་སྤྲོད་ཁ་ཤས།

From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-001-007
Wylie title gshin por ngo sprod kha shas JKW-KABUM-21-ZHA-001.pdf
Location mkhyen brtse'i bka' 'bum
Volume 21, sde tshan 1, Text 7, Pages 29-33 (Folios 15a6 to 17a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. gshin por ngo sprod kha shas. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 29-33. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Advice - zhal gdams  ·  Funerary Rituals - gnas lung - byang chog

1 Texts in this Section (sde tshan or chos tshan)

[edit]
གཤིན་པོར་ཆོས་བཤད་སྐབས་སུ། དང་པོ་འོད་གསལ་ངོ་སྤྲད་པ་ནི། འདི་ལྟར་གཉིས་མེད་རྣམ་རྒྱལ་ལས། ལུས་ཅན་རྣམས་ནི་ངེས་པར་འཆི་བའི་ཚེ། ས་ནི་ཆུར་ཐིམ་ཆུ་ནི་མེ་ལ་ཐིམ། མེ་ནི་རླུང་ལ་རླུང་ནི་རྣམ་ཤེས་ཐིམ། རྣམ་ཤེས་གཟུང་བ་འོད་གསལ་འཇུག་པར་འགྱུར། ཞེས་པ་ལྟར་འབྱུང་བཞི་རིམ་པར་ཐིམ་ཞིང་སྣང་མཆེད་ཐོབ་གསུམ་གྱི་མཐར་གཞི་ཡི་འོད་གསལ་ཤར་བ་ངོ་སྤྲོད། དེར་མ་བུ་འདྲེས་པའི་ཚེ་ན་དེ་བཞིན་ཉིད་ཀྱི་འཕོ་བའམ། འཆི་བ་ཆོས་སྐུར་སངས་རྒྱས་པའོ། །རླུང་རྣམ་ཤེས་ལ་ཐིམ་པ་ཚུན་འདས་པའི་གདམས་པ་བཏབ་སྟེ། དེ་ཡང་དབང་ཁྲིད་མ་ཐོབ་པ་སོགས་སྤྱི་ལ། བཟང་སྤྱོད་ཀྱི་དོན་སློབ་དཔོན་ཛཻ་ཏ་རི་ལས་བྱུང་བའི་སྣང་བ་མཐའ་ཡས་ཀྱི་སྒོམ་དོན་ལྟར་གདམས་ཏེ། དེ་ཡང་སྔོན་འགྲོ་ནི། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །དཔལ་ལྡན་བླ་མ་སྟོན་མཆོག་རྫོགས་སངས་རྒྱས། །དམ་ཆོས་འཕགས་པའི་དགེ་འདུན་ཐམས་ཅད་ལ། །དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ། །ལན་གསུམ། འགྲོ་རྣམས་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ཕྱིར། བདག་གིས་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱ། དེ་མི་ཆེད་དུ་བདེ་ཆེན་བགྲོད་པའི་ལམ། །སྣང་བ་མཐའ་ཡས་ཏིང་འཛིན་བསྒོམ་པར་བྱ། །ལན་གསུམ། ཁྱེད་རང་གནས་པའི་ས་འདི་དག་པའི་ཞིང་། །བདེ་བ་ཅན་གྱི་བཀོད་པ་ཕུན་ཚོགས་བསམ། རང་ཉིད་ཐུགས་རྗེ་ཆེ་སོགས་ལྷར་གསལ་བའི། །ནམ་མཁར་ཡེ་ཤེས་རང་སྣང་རིན་ཆེན་ཁྲི། །པདྨ་ཟླ་བ་བརྩེགས་པའི་གདན་སྟེངས་སུ། །རྒྱལ་བ་སྣང་བ་མཐའ་ཡས་སྐུ་མདོག་དམར། །ཞལ་གཅིག་འཛུམ་ཞལ་ཕྱག་གཉིས་མཉམ་བཞག་སྟེང་། ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པའི་སྐུ། དར་གྱི་ན་བཟའ་རིན་ཆེན་རྒྱན་གྱིས་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས་པར་བསྒོམ། །དེ་མཐར་བརྒྱུད་པའི་བླ་མ་ཐམས་ཅད་དང་། །སངས་རྒྱས་བྱང་ཆུབ་སེམས་དཔས་བསྐོར་བར་གྱུར། ཇི་སྙེད་སུ་དག །སོགས་སམ། ཆོས་སྤྱོད་བཅུ་པ་སོགས་གང་འོས་བྱ། དངོས་གཞི། དེ་ནས་སྡིག་པ་དག་སྙམ་ངེས་ཤེས་བསྐྱེད། ཚེ་འདིའི་ཡུལ་ལ་ཆགས་ཞེན་ཐམས་ཅད་སྤང་། འཆི་ལ་མི་འཇིགས་བདེ་བ་ཅན་གྱི་ཞིང་། ངེས་པར་འགྲོ་སྙམ་གསོལ་བ་འདི་ལྟར་གདབ། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་འོད་དཔག་མེད། བདག་གི་སྡིག་སྒྲིབ་སྦྱངས་ནས་ཁྱེད་ཀྱི་ཞིང་། །མྱུར་སྐྱེ་བྱང་ཆུབ་ལུང་བསྟན་ཐོབ་པར་མཛོད། ཅེས་པ་དད་འདུན་དྲག་པོས་གསོལ་བཏབ་མཐར། ཁྱེད་རང་རྣམ་ཤེས་འོད་ཟེར་དཀར་པོའི་གཟུགས། །སྣ་སྒོའི་རླུང་དང་མཉམ་དུ་ཕྱིར་ཐོན་ནས། །རྒྱལ་བའི་ཤངས་བུག་ཞུགས་ནས་ཐུགས་ཀར་ཐིམ། །རང་སེམས་རྒྱལ་བའི་ཐུགས་དང་དབྱེར་མེད་བསྲེས། །རླུང་ནང་འཇུག་དུས་རྒྱལ་བའི་ཐུགས་ཀ་ནས། །འོད་བྱུང་ཁྱོད་ཀྱི་ཁར་ཞུགས་སྙིང་གར་ཐིམ། །རྒྱལ་བའི་ཐུགས་དང་རང་སེམས་འདྲེས་པར་བསམ། །དེ་འདྲ་དབུགས་ཀྱི་འགྲོ་འོང་ཅི་ནུས་བསྒོམ། །རྗེས་ནི། མཐའ་བསྐོར་བཞུགས་པའི་བླ་མ་རྒྱལ་བ་སྲས། །ཕྱི་ནས་རིམ་ཞུ་འོད་དཔག་མེད་ལ་ཐིམ། །དེ་ཡང་འོད་ཞུ་རང་ལ་རང་ཉིད་ཀྱང་། །འོད་ཞུ་བླ་མ་སངས་རྒྱས་རང་སེམས་གསུམ། །དབྱེར་མེད་འཁོར་འདས་རོ་གཅིག་ངང་དུ་ཞོག །སླར་ཡང་རང་ཉིད་འོད་དཔག་མེད་སྐུར་ལྡང་། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །སོགས་བརྗོད་དོ། ། ༈ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག །སྐྱབས་གནས་བླ་མ་མཆོག་དང་དབྱེར་མེད་པའི། །རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ལམ་མཆོག་འཕོ་བ་འབྱོངས་པར༴ འཁྱུགས་མེད་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། ། ༈ གལ་ཏེ་འཕོ་བ་དང་། འོད་གསལ་གྱི་གདམས་པས་མ་ཟིན་ན། འོད་གསལ་ལས་འཁྲུལ་ཏེ་ལུས་སེམས་བྲལ་ནས་སྲིད་པ་བར་དོར་བརྫུས་ཏེ་སྐྱེས་ན་བར་དོའི་ངོ་སྤྲོད་བྱ་བར་བཤད་དོ། ། ༈ རྣམ་སྣང་གི་ཕྱག་རྒྱའི་དགོས་པ་ནི། ལུས་ཀྱི་གཡོན་ན་བྱང་སེམས་འབབ་པའི་རྩ་ཡོད་པ། དེ་མཚོན་པས་གཡོན་པའི་འཛུབ་མོ་བསྒྲེང་བ་ཡིན་ལ། བྱང་སེམས་དེ་ཉིད་ཕྱིར་མི་འཕོ་བར་ལུས་ཀྱིས་རྟག་ཏུ་འཆིང་བར་བྱེད་པ་མཚོན་ཕྱིར་གཡས་པའི་ཁུ་ཚུར་གྱིས་དེ་བཅིང་བར་བྱེད་པའི་དོན་ཏོ། །ཞེས་ལམ་འབྲས་བླ་མ་རིགས་ལྔར་སྒོམ་པའི་ཟིན་བྲིས་ལས་བཤད་དོ། །ཀླུ་གཏོར་ལས། ཡུལ་གྱི་དབང་པོ་སྣ་ཚོགས་སུ་སྣང་བ་ཞེས་པ། ཡུལ་གྱི་རྣམ་པ་སྣ་ཚོགས་སུ་སྣང་བ་ཞེས་དཔེར་ན་ཤེལ་གྱི་ལུས་ལྟ་བུའོ། ། ༈

Footnotes

Other Information