སྦྱིན་སྲེག་ལ་སྒྲུབ་མཆོད་སྐབས་ཚོམ་བུ་སྤྱན་འདྲེན་སོགས།

From Khyentse Lineage - A Tsadra Foundation Project
JKW-KABUM-15-BA-030-004
Wylie title sbyin sreg la sgrub mchod skabs tshom bu spyan 'dren sogs JKW-KABUM-15-BA-030.pdf
Location mkhyen brtse'i bka' 'bum
Volume 15, sde tshan 30, Text 4, Pages 567-572 (Folios 4a5 to 6b2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jam dbyangs mkhyen brtse'i dbang po. sbyin sreg la sgrub mchod skabs tshom bu spyan 'dren sogs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 15: 567-572. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Fire Offerings - sbyin sreg
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)

1 Texts in this Section (sde tshan or chos tshan)

[edit]
༄༅། །སྒྲུབ་མཆོད་སོགས་ཀྱི་སྐབས་ཚོམ་བུ་སྤྱན་འདྲེན་དང་འབྲེལ་ན། དཔལ་ཆེན་གྱི་ཚེ༔ ཧཱུྃ༔ བྱིན་ཟའི་ལྟོ་བ་འབར་ཞིང་སྲེག་པའི་ཀློང་༔ བྷྲཱུྃ་ཡིག་ཡོངས་གྱུར་སྤྲུལ་པའི་གཞལ་མེད་ཁང་༔ སོགས་ནས། ཨ་ཙནྡྲ་མ་དྷ་ལ་བར་ལས་བྱང་ལྟར། དེ་ནས། ཧཱུྃ༔ འོག་མིན་ཆོས་དབྱིངས་བདེ་ཆེན་ཞིང་ཁམས་ནས༔ ལྷུན་གྲུབ་རོལ་པ་ཡེ་ཤེས་ཀློང་དགུའི་གར༔ ཞི་ཁྲོ་རབ་འབྱམས་དཔལ་ཆེན་བཀའ་བརྒྱད་ལྷ༔ གདུག་པ་འདུལ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ཨེ་ཧྱ་ཧི་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཧྲིང་ཧྲིང་ཛ་ཛཿ ཞེས་རོལ་མོ་རིང་པོར་བཅས་ཚོམ་བུ་སྤྱན་དྲངས་པའི་རྩེ་མོ་ནས་ཅུང་ཟད་ཐབ་ཏུ་དོར་ལ༔ ཧཱུྃ༔ མ་དག་སྣང་བ་དག་པ་རབ་འབྱམས་ཀྱི༔ རྟེན་དང་བརྟེན་པའི༷་འཁོར་ལོར་ཡོངས་ཤར་བ༔ ཏིང་འཛིན་སྤྲུལ་པའི་ཞིང་མཆོག་ཉམས་དགའ་བར༔ དམ་ཡེ་གཉིས་མེད་ངོ་བོར་བརྟན་པར་བཞུགས༔ ས་མ་ཡ་ཨ་བེ་ཤ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ། དེ་ནས་ཞལ་ཕྱག་གསལ་འདེབས་པར་སྤྲོ་ན། ཐབ་ཀྱི་དཀྱིལ་འཁོར་གཞལ་ཡས་དབུས༔ ཆེ་མཆོག་བཛྲ་ཐོད་ཕྲེང་སྩལ༔ སོགས་ནས། དགའ་བཞི་བདེ་བ་ཆེན་པོར་བཞུགས༔ ཕྱོགས་བཞི་མཚམས་བཞིའི་རྩིབས་སྟེང་དུ༔ ཤར་དུ་བཛྲ་ཧེ་རུ་མཐིང་༔ སོགས་ནས། མ་འདྲེས་ཡོངས་རྫོགས་ཆེན་པོར་བཞུགས༔ ཞེས་པའི་བར་ལས་བྱང་ལྟར་གསལ་གདབ་ལ། ཧཱུྃ༔ རང་བྱུང་རང་ཤར་སྤྲུལ་པའི་དཀྱིལ་འཁོར་ལ༔ སོགས་ནས། བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ལྷ་ལ་བསྟོད༔ དེ་ནས་བྱོན་སྐྱེམས་འབུལ་བ་སོགས་གཞུང་ལྟར་རོ། །རིག་འཛིན་སྐབས། ཧཱུྃ༔ མེ་ལྷ་འབར་ཞིང་སྲེག་པའི་ཀློང་༔ ཕོ་བྲང་གཞལ་མེད་ཉམས་དགའ་བ༔ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔ བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའི༔ ཕྱི་ནང་ཟང་ཐལ་ཆེན་པོའི་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་གདན༔ ཡེ་ཤེས་འོད་ཟེར་འཕྲོ་བར་གྱུར༔ ཞེས་གསལ་གདབ། ཧཱུྃཿ ཨོ་རྒྱན་ཡུལ་གྱི་སོགས་ཚོམ་བུ་སྤྱན་དྲངས། ཧཱུྃཿ ཐབས་ཀྱི་བསྐྱེད་པའི་དཀྱིལ་འཁོར་འདིར༔ ཤེས་རབ་དབྱིངས་ནས་དྲངས་པའི་ལྷ༔ རིག་འཛིན་བླ་མའི་དཀྱིལ་འཁོར་རྣམས༔ གཉིས་མེད་ངང་དུ་དགྱེས་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཚོམ་བུ་དོར། ཐབ་ཀྱི་དཀྱིལ་འཁོར་གཞལ་ཡས་དབུས༔ དུས་གསུམ་སངས་རྒྱས་ཀུན་གྱི་དངོས༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ སོགས་ནས། གསལ་ལ་མ་འདྲེས་ལྷུན་གྱིས་གྲུབ༔ བར་དང་། ཧཱུྃ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ སོགས་ནས། དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་ལས་བྱང་ལྟར་རོ། ། ༈ སྭསྟི། ཡུམ་བཀའི་མེ་མཆོད་གཞིར་བཞག་ནས། རིག་འཛིན་དང་། ཐུགས་རྗེ་ཆེན་པོ་ལ་ཁ་བསྒྱུར་བའི་ཚུལ་ནི། སྦྱོར་བའི་སྐབས། རྫས་བ་གླང་གཞོན་ནུའི་ཤ་མཁའ་འགྲོའི་དམ་རྫས་དམིགས་བསལ་ཡིན་པས་འདིར་མི་དགོས། ཐབ་འོད་ཕྲེང་དང་རྡོ་ར་ཟླུམ་པོར་བསྐོར་བའི་དབུས་སུ་གདན་དང་ལྷ་མཚན་མངོན་རྟོགས་ལྟར་བཀོད། དེའང་རིག་འཛིན་ལ། མུ་ཁྱུད་རིམ་པ་གཉིས་ཀྱིས་བསྐོར་བའི་དབུས་སུ་ཉི་ཟླའི་གདན་ལ་ཐིག་ལེ་དམར་སྐྱ། དཀར་པོ། ཐིང་ག་རྣམས་བརྩེགས་མ་མུ་ཁྱུད་དང་པོར་སྣ་ཚོགས་པདྨ་འདབ་བརྒྱད་ལ་ཟླ་གདན་གྱི་སྟེང་དུ་ཕྱོགས་བཞིར་ཕྱོགས་མདོག་དང་། མཚམས་བཞིར་ཐིག་ལེ་མཐིང་ག །གཉིས་པར་པད་འདབ་བཞི་ལ་ཟླ་གདན་གྱི་སྟེང་དུ་ཐིག་ལེ་ཕྱོགས་མདོག་རེ་བྲི། ཐུགས་རྗེ་ཆེན་པོར་མུ་ཁྱུད་ཉིས་རིམ་གྱི་དབུས་སུ་ཉི་ཟླའི་གདན་ལ་ཐིག་ལེ་དམར་སྐྱ་དང་། དམར་པོ་བརྩེགས་མ། མུ་ཁྱུད་དང་པོར་འདབ་བཞིར་ཟླ་གདན་དང་། གཉིས་པར་ཉི་གདན་ལ་ཐིག་ལེ་ཕྱོགས་མདོག་རེ་བྲིའོ། །ངག་འདོན་གཞན་འདྲ་བ་ལ། མཉམ་སྦྱོར་བྱིན་ཟ་འབར་བའི་ཀློང་༔ ཞེས་པའི་མཚམས། རིག་འཛིན་འདུས་པར། ཕོ་བྲང་གཞལ་མེད་ཉམས་དགའ་བ༔ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔ བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའི༔ ཕྱི་ནང་ཟང་ཐལ་ཆེན་པོའི་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང་༔ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ༔ དུས་གསུམ་སངས་རྒྱས་ཀུན་གྱི་དངོས༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ སོགས་ནས། དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བར་ལས་བྱང་ལྟར་བྱ། དགང་བླུགས་བཟུང་ལ། ཧཱུྃ༔ དགང་བླུགས་དཀྱིལ་འཁོར་མ་ལུས་པའི༔ ཞལ་གྱི་ངོ་བོ་རྣམ་དག་ཅིང་༔ རྡོ་རྗེའི་ལྗགས་སྟེང་ཧཱུྃ་ཡིག་གིས༔ བསྲེག་རྫས་བདུད་རྩིའི་རྒྱུན་དྲངས་ནས༔ ཟག་མེད་བདེ་བས་རབ་ཏུ་མཉེས༔ ལས་མཐུན་འོད་ཟེར་འཕྲོས་པ་ཡིས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔ ཅེས་བརྗོད་ཅིང་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སརྦ་པཱ་པཾ་ཤཱནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བདུན་གྱི་མར་ཁུ་ཕུལ། རྣལ་འབྱོར་པ་བདག་དང་ཡོན་གྱི་བདག་པོའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་ཉམས་ཆགས་ཉེས་ལྟུང་གསང་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་འདོད་དོན་གསོལ། དེ་ནས་ཡམ་ཤིང་འབུལ། དེ་རྗེས་རྫས་གཞན་རྣམས་ཀྱང་གཅིག་ཏུ་སྦམ་སྟེ་འབུལ་ཚུལ་འདྲ། རྒྱས་པ་སོགས་ཀྱི་ཁ་བསྒྱུར་གཞུང་ལྟར། ཚོགས་མཆོད་དང་དངོས་གྲུབ་བླང་བ་སོགས་དམིགས་བསལ་རྣམས་རིག་འཛིན་གྱི་ལས་བྱང་ལྟར་བྱ་བ་མ་གཏོགས་གཞན་འདྲའོ། ། ༈ ཐུགས་རྗེ་ཆེན་པོ་ལ། མཉམ་སྦྱོར་བྱིན་ཟ་འབར་བའི་ཀློང་༔ ཞེས་པའི་མཚམས། རང་སྣང་ལྷུན་གྲུབ་རི་བོ་པོ་ཏཱ་ལ༔ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུས༔ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེང་༔ ཧྲཱིཿ ཡིག་ཡོངས་གྱུར་འཕགས་མཆོག་སྙིང་རྗེའི་ལྷ༔ སོགས་ནས། དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བར་ལས་བྱང་ལྟར་དང་། དགང་བླུགས་བཟུང་ལ། ཧཱུྃ༔ དགང་བླུགས་དཀྱིལ་འཁོར་མ་ལུས་པའི༔ སོགས་གོང་ལྟར་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སོགས་སྦྱར་བ་དང་། ཚོགས་མཆོད་སོགས་རང་གཞུང་ཆོག་བསྒྲིགས་ལྟར་བྱ་བ་མ་གཏོགས་གཞན་འདྲའོ། ། ༈

Footnotes

Other Information