རྟེན་འབྲེལ་སྲུང་བའི་བྱིན་རླབས་བྱ་ཚུལ་མན་ངག་དང་བཅས་པ་ཕན་བདེའི་ཆར་སྤྲིན།

From Khyentse Lineage - A Tsadra Foundation Project
JKW-KABUM-12-NA-001-001
Wylie title rten 'brel srung ba'i byin rlabs bya tshul man ngag dang bcas pa phan bde'i char sprin JKW-KABUM-12-NA-001.pdf
Location mkhyen brtse'i bka' 'bum
Volume 12, sde tshan 1, Text 1, Pages 1-29 (Folios 1a to 15a1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. rten 'brel srung ba'i byin rlabs bya tshul man ngag dang bcas pa phan bde'i char sprin. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 12: 1-29. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Permission to Invoke (anujñā) - rjes gnang  ·  Pith Instructions - man ngag
Colophon

།ཅེས་པའང་རྟེན་འབྲེལ་སྲུང་བའི་ཡི་གེ་རྙིང་པ་མཆན་བུ་དང་བཅས་ཅུང་ཟད་མི་འདྲ་བ་ལེ་ཚན་གསུམ་དང་། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་བྱིན་རླབས་ཀྱི་ཡི་གེ་ལ་གཞི་བྱས། གཟུངས་གཉིས་ཀྱི་རྣམ་བཤད་དང་། མཆན་བུ་སོགས་རྒྱ་བོད་ཀྱི་ཡིག་ཆ་མན་ངག་དང་བཅས་པ་རྣམས་ཀྱིས་ཟུར་བརྒྱན་ཏེ། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་སྲིད་པ་དང་ཞི་བའི་དགེ་ལེགས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དཔལ་ལ་དུས་རྟག་ཏུ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།།

ces pa'ang rten 'brel srung ba'i yi ge rnying pa mchan bu dang bcas cung zad mi 'dra ba le tshan gsum dang /_'jam mgon kun dga' blo gros kyis mdzad pa'i byin rlabs kyi yi ge la gzhi byas/_gzungs gnyis kyi rnam bshad dang /__mchan bu sogs rgya bod kyi yig cha man ngag dang bcas pa rnams kyis zur brgyan te/__bya bral ba 'jam dbyangs mkhyen brtse'i dbang pos sbyar ba'i dge bas 'gro kun srid pa dang zhi ba'i dge legs kyi rten 'brel phun sum tshogs pa'i dpal la dus rtag tu longs spyod pa'i rgyur gyur cig___/mang+ga laM/

1 Texts in this Section (sde tshan or chos tshan)

[edit]
༄༅། །རྟེན་འབྲེལ་སྲུང་བའི་བྱིན༷་རླབ༷ས་བྱ་ཚུལ་མན༷་ང༷ག་དང་བཅས་པ་ཕན་བདེ༷འི་ཆར༷་སྤྲིན༷་ཞེས་བྱ་བ་བཞུགས་སོ།། །། ཨོཾ་སྭ་སྟི་སིདྡྷཾ། །སྟོང་དང་རྟེན་འབྲེལ་དབྱེར་མེད་སྙིང༷་པོ༷འི་དོན། །མངོན་གྱུར་ཤཱཀྱའི་གཙོ་ལ་གུས་བཏུད་ནས། །གཟུངས་སྔགས་ཟབ་མོའི་བྱིན༷་རླབ༷ས་མན༷་ང༷ག་བཅས། །ཕ༷ན་བདེ༷འི་ཆར༷་འབེབས་འདོད་དགུའི་སྤྲིན༷་ཆེན་སྤྲོ། །འདི་ལ་གསུམ། བྱིན་རླབས་ཀྱི་ཆོ་ག །རྒྱུན་གྱི་ཉམས་ལེན། ལས་སྒྲུབ་པའི་རིམ་པའོ། །དང་པོ་ལ་གཉིས། སྦྱོར་བ་སློབ་དཔོན་གྱི་བྱ་བ་དང་། དངོས་གཞི་སློབ་མ་ལ་བྱ་བའོ། །དང་པོ་ནི། གནས་གཙང་ཞིང་དབེན་པར་ཐུབ་པའི་དབང་པོའི་སྐུ་རིང་བསྲེལ་གྱི་སྙིང་པོ་ཅན་ནམ། རས་བྲིས་ཞལ་ཤར་དུ་ཕྱོགས་ཏེ་བཀྲམ་པའི་སྤྱན་སྔར་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་དང་། ཕྱོགས་སྐྱོང་ལ་འབུལ་རྒྱུའི་གཏོར་མ་དཀར་ཟླུམ། ཉེ་ལོགས་ཅི་བདེ་བར་སྦྱོང་ཆས། རྟེན་འབྲེལ་གྱི་རྫས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། དེ་ནས་སློབ་དཔོན་རང་ཉིད་ཁྱིམ་པ་ཡིན་ན་གསོ་སྦྱོང་གི་སྡོམ་པ་བླང་། གང་ལྟར་ཡང་ཁྲུས་དང་གཙང་སྦྲ་ལ་གནས་པས་སྐྱབས་འགྲོ་ཅི་ནུས་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྟེན་འབྲེལ་ཟབ་མོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། རང་གི་མདུན་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གྱི་ལྷུན་པོ་ལ་ཉི་མ་ཤར་བ་ལྟ་བུ་མཚན་དཔེས་སྤྲས་ཤིང་། ཕྱག་གཡས་ས་གནོན། གཡོན་མཉམ་གཞག །ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང་འགྲོ་བ་ཀུན་ལ་བུ་ལྟར་གཟིགས་པའི་ཐུགས་རྗེ་ཅན་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་གསལ་བར་གྱུར། ཐལ་སྦྱར་དང་བཅས་གདངས་ཡོད་མེད་གང་རུང་གིས། སྐུར་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་གསུམ་ཅུ་གཉིས་མངའ་ཞིང་། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་ཕྱག་འཚལ། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆགས་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། མཆོད་པ། ཨོཾ་བཛྲ་ཨམྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཞེས་དང་། སོ་སོའི་ཕྱག་རྒྱ་བཅས། ཨོཾ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་བི་དྱ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བས། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ་རྣམས་སྦྱར་ཏེ་མཆོད་པ་ལྔས་མཆོད། ཐལ་མོ་སྦྱར་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཡན་ལག་བདུན་པ་ཚར་གསུམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྒྱུ་དང་འབྲས་བུའི་དགོས་པ་ཕུན་སུམ་ཚོགས་པ་དང་ལྡན་པ། ཆོས་ཐམས་ཅད་ཁོང་དུ་ཆུད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་བྱིན་རླབས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་བཅོམ་ལྡན་འདས་ཀྱི་གསུང་གི་རྗེས་ཟློས་བྱེད་པར་བསམ་སྟེ། ཨོཾ་ཡེདྷ་རྨཱ་ཧེ་ཏུ་པྲ་བྷ་བཱ་ཏེ་ཏུནྟེ་ཥཱནྟ་ཐཱ་གཏོ་ཧྱ་བ་ད ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་སྔགས་ཀྱི་སྒོ་ནས་རང་གིས་གསོལ་བ་འདེབས་པའི་ཚིག་གིས་གསོལ་བ་བཏབ། དེའི་རྗེས་ལ་བཅོམ་ལྡན་འདས་ཀྱི་གསུང་གི་རྟེན་འབྲེལ་སྙིང་པོ་ལན་གསུམ་གྱི་རྗེས་ཟློས་བྱས་པར་བསམས་ལ། རྟེན་འབྲེལ་སྙིང་པོ་ཅི་ནུས་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། གཉིས་པ་དངོས་གཞི་སློབ་མ་ལ་བྱ་བའི་རིམ་པ་ནི། སློབ་མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱས། ནང་དུ་རང་རང་གི་གྲལ་ལ་འཁོད་ནས་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་གདབ་པ་སོགས་སྔོན་དུ་འགྲོ་བས། དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས་འདིར་ཐེག་པ་ཆེན་པོ་ཡིན། ཐེག་ཆེན་ལའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འདིར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལའང་རྒྱུད་སྡེ་བཞིར་བཞུགས་པ་ལས་འདིར་བྱ་བའི་རྒྱུད་ཡིན། དེ་ལའང་ནང་གསེས་སུ་མདོ་སྡེ་རྟོག་པའི་རྒྱུད་དང་། བྱ་བའི་རྒྱུད་གཉིས་ལས་འདིར་མདོ་སྡེ་རྟོག་པའི་རྒྱུད་ཀྱི་ནང་ཚན། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་གཟུངས་དང་། ཆོ་ག་ཞིབ་མོའི་རྗེས་སུ་འབྲངས་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འགྲན་ཟླ་དང་བྲལ་བ། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་བིཪྺ་པས་ལེགས་པར་བཀྲལ་ཞིང་། གངས་ཅན་གྱི་ལྗོངས་འདིར་ཡོངས་རྫོགས་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་རྟེན་འབྲེལ་སྙིང་པོའི་སྲུང་བའི་བྱིན་རླབས་ཀྱི་ཆོ་ག་ཟབ་མོ་སྒྲུབ་པ་ལ། ཐོག་མར་གཟུངས་ཀྱི་གླེང་གཞི་དང་གཞུང་གི་དོན་ཅུང་ཟད་གསོལ་ན། སྔོན་གྱི་ཚེ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་སུམ་ཅུ་རྩ་གསུམ་ལྷའི་དགའ་ཚལ་དུ་སྤྱོད་ལམ་ཞི་བ་རྣམས་ཀྱི་མཆོག་རྟ་ཐུལ་ལ་སོགས་པའི་ཉན་ཐོས་ཆེན་པོ་རྣམས་དང་། འཕགས་པ་བྱམས་པ་དང་། སྤྱན་རས་གཟིགས་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཁྱུ་མཆོག་རྣམས་དང་། ཚངས་པ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་དང་ཐབས་གཅིག་ཏུ་བཞུགས་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ལྷ་དང་བཅས་པའི་འཇིག་རྟེན་ལ་ཐུགས་བརྩེ་བས་དགོངས་ཏེ་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འཕེལ་བའི་ཕྱིར་བྱིན་རླབས་དང་ཕན་ཡོན་མཐའ་ཡས་པའི་གཟུངས་འདི་ཉིད་ཞུས་པ་ན། སྟོན་པས་ཀྱང་དགྱེས་བཞིན་དུ་མཆོད་རྟེན་བྱ་བའི་ཆོ་ག་དང་བཅས་བཀའ་སྩལ་ཏེ། དེ་ཡང་ལེགས་སྦྱར་ལྷའི་སྐད་དུ་ཡེདྷ་རྨཱ་ལ་སོགས་པའི་གཟུངས་ཀྱི་སྔགས་ཚིག་འདི་རྣམས་བོད་སྐད་དུ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེས་འབྱུང་བ་འདིས་སངས་རྒྱས་ཀྱི་གསུང་རབ་མཐའ་དག་གི་དོན་གྱི་སྡོམ་ཆེན་པོ་འཕགས་པའི་བདེན་པ་བཞི་སྟོན་པ་ཡིན་ཏེ། དེ་ཡང་ཉན་ཐོས་ཀྱི་ཐེག་པ་ལྟར་ན། སྡུག་བསྔལ་གྱི་བདེན་པ་ནི་ཁམས་གསུམ་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་པའི་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཇི་སྙེད་པའོ། །ཀུན་འབྱུང་གི་བདེན་པ་ནི་གང་ཟག་གི་བདག་ཏུ་ལྟ་བས་རབ་ཏུ་ཕྱེ་བའི་ལས་དང་ཉོན་མོངས་པ་སྟེ་སྡུག་བསྔལ་གང་ལས་སྐྱེ་བའི་ཉེར་ལེན་དུ་གྱུར་པའོ། །འགོག་པའི་བདེན་པ་ནི་ཇི་སྐད་བཤད་པའི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་རྣམ་པར་གྲོལ་བའི་ལྷག་བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་གོ་འཕང་ངོ་། །ལམ་གྱི་བདེན་པ་ནི་ཀུན་འབྱུང་གི་བདེན་པ་སྤོང་པའི་རྒྱུ་གང་ཟག་གི་བདག་མེད་འཁོར་དང་བཅས་པའོ། །ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་ལྟར་ན། གཙོ་བོར་སྡུག་བསྔལ་གྱི་བདེན་པ་ཉན་རང་དགྲ་བཅོམ་དང་། ཐེག་ཆེན་སློབ་པའི་རྒྱུད་ཀྱི་སྡུག་བསྔལ་གྱི་བདེན་པ་ཕྲ་མོར་གྱུར་པ་དག་དང་། ཀུན་འབྱུང་གི་བདེན་པ་དེ་དག་གི་ཉེར་ལེན་ཆོས་ལ་དམིགས་པའི་མཚན་ཉིད་ཅན་གྱི་ཤེས་བྱའི་སྒྲིབ་པ་ཕྲ་བ་དང་། འགོག་པའི་བདེན་པ་མཐའ་གཉིས་ལས་རབ་ཏུ་བརྒལ་བའི་མྱང་འདས་དང་། ལམ་གྱི་བདེན་པ་བདག་མེད་གཉིས་འཁོར་དང་བཅས་པའོ། །རྡོ་རྗེ་ཐེག་པ་ལྟར་ན། རྒྱུད་སྡེ་འོག་མའི་སྐབས་སུ་བདེན་པ་གཞན་རྣམས་ཕལ་ཆེར་ཐེག་ཆེན་ཐུན་མོང་མ་ཡིན་པ་དང་ཚུལ་མཐུན་ཞིང་། ལམ་བདེན་ལ་ཐབས་ཀྱི་རིམ་པ་ཟབ་མོས་ཕྱེ་བས་རིམ་བཞིན་དུ་ཁྱད་པར་འཕགས་པས་ན་འབྲས་བུ་ལ་མྱུར་དུ་སྦྱོར་བ་དང་། རྣལ་འབྱོར་ཆེན་པོ་བླ་ན་མེད་པར། སྡུག་བསྔལ་ཀྱི་བདེན་པ་ཐ་མལ་གྱི་སྣང་ཞེན་དང་། གྱ་ནོམ་ལྷར་ཞེན་གྱི་རྟོག་པ། ཀུན་འབྱུང་གི་བདེན་པ་འཕོ་བའི་བག་ཆགས། ལམ་གྱི་བདེན་པ་སྨིན་གྲོལ་ཟབ་མོའི་ཐབས་ལས་སྐྱེས་པའི་ཡེ་ཤེས། འགོག་པའི་བདེན་པ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་སྟེ། དེ་ལྟར་ན་ཚིགས་སུ་བཅད་པ་འདི་ཁོ་ནས་མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་བྱ་མཐའ་དག་དངོས་བསྟན་དང་། སྦས་དོན་གྱི་ཚུལ་གྱིས་གསལ་བར་མཚོན་པའི་ཕྱིར་ཇི་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་། །ཞེས་གསུངས་ལ། གཞན་ཡང་ཉན་ཐོས་དང་ཐུན་མོང་བའི་བདེན་པ་བཞི་དང་། རང་རྒྱལ་དང་ཐུན་མོང་པའི་རྟེན་འབྲེལ་བཅུ་གཉིས་དག་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྟོང་པ་ཉིད་དང་། རྟེན་ཅིང་འབྲེལ་འབྱུང་ཟབ་མོ་དབྱེར་མི་ཕྱེད་པའི་བདེན་གཉིས་ཟུང་འཇུག་གི་མཚོན་ཚུལ་སོགས་མཐའ་ཡས་པར་འཆད་དུ་ཡོད་དོ། །དེ་ལྟར་ན་དེ་ལྟ་བུའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀུན་གྱི་སྙིང་པོར་གྱུར་བ་ལ་དད་པ་དང་ངེས་ཤེས་མཆོག་ཏུ་བསྐྱེད་ནས་ཐོག་མར་བྱིན་རླབས་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་སློབ་དཔོན་གྱིས་དམིགས་པ་རྣམས་གསལ་གདབ་པ་ནི། ཁྱེད་རང་རྣམས་ཀྱི་མདུན་དུ་སྐུ་གཟུགས་འདི་དང་ཐ་མི་དད་པའི་སེང་གེས་ཞེས་པ་ནས་མངོན་སུམ་ལྟ་བུར་གསལ་བར་གྱུར་པར་གོང་བཞིན། དེ་ལྟར་གསལ་བའི་སྤྱན་སྔར་ཁྱེད་རང་རྣམས་དང་སེམས་ཅན་ཐམས་ཅད་ལུས་ཞིང་རྡུལ་དང་མཉམ་པས་ཕྱག་བྱས་པར་མོས་ལ་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། གདངས་ཡོད་མེད་གང་རུང་གིས། སྐུར་གྱུར་པ་སོགས་གོང་བཞིན། བདག་གཞན་གྱི་ལུས་ལོངས་སྤྱོད་མཆོད་པ་ལྔ་པོ་འདི་སོགས་སུ་སྤྲུལ་ནས་ཕུལ་བའི་མོས་པ་མཛོད། མཆོད་པ་རྣམས་ཁ་གསོས་ལ། དཔོན་སློབ་ལྷན་ཅིག་པས་བསང་སྦྱང་ནས་འབུལ་བའི་བར་གོང་བཞིན། དེ་རྣམས་ཀྱི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། དེ་ནས་བདག་ལ་རྟེན་འབྲེལ་ཟབ་མོས་ནད་གདོན་བར་ཆད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་འདས་སོགས་གོང་བཞིན། སླར་ཡང་སྔགས་ཀྱི་སྒོ་ནས་གསོལ་བ་འདེབས་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་ཡེ་དྷརྨཱ་ནས་སྭཱ་ཧཱའི་བར་ཚར་གསུམ། དེ་ལྟར་གསོལ་བ་བཏབ་པས་བདག་ཅག་གི་སྟོན་པ་སོགས་སངས་རྒྱས་བྱང་སེམས་རྣམས་ཀྱིས་རྟེན་འབྲེལ་ཟབ་མོའི་དོན་སྟོན་པའི་སྔགས་གསུངས་པའི་རྗེས་ཟློས་བྱས་པར་མོས་ལ་འདིའི་རྗེས་ཟློས་མཛོད། གཟུངས་ཚར་གསུམ། རྟེན་འབྲེལ་གྱི་རྫས་ཤུ་དག་དཀར་པོ། བོང་ང་ནག་པོ། གུ་གུལ་ནག་པོ་རྣམས་སྦྱར་བའི་ཕྱེ་མ་ལ་སློབ་དཔོན་གྱིས་བྱིན་གྱིས་བརླབ་པ་ནི་རྟེན་སྙིང་ཉེར་གཅིག་བཟླས་ལ་མཆིལ་མ་མ་འཐོར་བར་ཕུ་བཏབ། དེ་ནས་ཁྱེད་རང་རྣམས་སྣ་བུག་གཡོན་བཀག་གཡས་ནས་རླུང་ལན་གསུམ་བུས་པའི་དང་པོས་ཁྲག་མཁྲིས་ཀྱི་རྒྱུ་གསལ་བ་ལ་དེར་འཛིན་ཞུགས་པ། རླུང་གི་རྒྱུ་སྟོང་པ་ལ་དེར་འཛིན་ཞུགས་པ། བད་ཀན་དང་འདུས་པའི་རྒྱུ་ཟུང་འཇུག་ལ་དེར་འཛིན་ཞུགས་པ་རྣམས་ཕྱིར་བུས། གཉིས་པས་ཁྲག་མཁྲིས་རླུང་བད་ཀན་འདུས་པ་རྣམས་བུས། གསུམ་པས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཀ་འདྲེས་པའི་རྣམ་རྟོག་རྣམས་བུས་པའི་མོས་པས་རླུང་རོ་ལན་གསུམ་ཕྱིར་བསལ་བའི་མཐར་ནང་དུ་འོང་མི་གཞུག་པར་ཐུབ་ཚད་ཅིག་ཕྱིར་འཇོག་པར་ཞུ། ཞེས་བརྗོད་ལ་རླུང་འབུད་ཅིང་ཕྱིར་འཇོག་ཏུ་གཞུག །དེ་ནས་སྣ་བུག་གཡས་བཀག་གཡོན་ནས་རྫས་དུད་རྔུབ་པ་དང་ལྷན་ཅིག་ཏུ་མཆིལ་མ་མིད་པ་དང་བཅས་རླུང་ནང་དུ་ཐུབ་ཚད་བཟུང་བས། ལུས་ཀྱི་ནང་ཐམས་ཅད་ཡེདྷ་རྨཱའི་སྔགས་ཀྱི་ཡིག་འབྲུ་གསེར་འོད་ལྟར་འབར་བ་དང་། རྟེན་འབྲེལ་གྱི་དུད་པས་ཁེངས་པས་ཉོན་མོངས་ནད་གདོན་རྣམ་རྟོག་ཐམས་ཅད་ཞི་བའི་མོས་པ་མཛོད་བྱས་ལ། སློབ་དཔོན་གྱིས་སྤོས་ཕོར་དུ་རྫས་དུད་སྦྱར་བརྟེན་སྙིང་བཟླ་ཞིང་སློབ་མ་རེ་རེ་ནས་བདུག །སློབ་མས་རླུང་རྔུབ་འཛིན་བྱ། དེ་བརྟན་པའི་ཕྱིར་ཁྱེད་རང་རྣམས་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་ལ་སོགས། སློབ་དཔོན་གྱིས་ཁྱེད་རང་རྣམས་ཀྱི་སྤྱི་བོར་མེ་ཏོག་བཞག་ནས་བརྟན་པར་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་བྱིན་རླབས་ཀྱིས། རྡོ་རྗེ་སློབ་མ་འདིའི་ཉོན་མོངས་ནད་གདོན་རྣམ་རྟོག་ཐམས་ཅད་སྲུང་དུ་གསོལ། ཞེས་བརྗོད། དེ་ནས་གཏོར་ཐེབ་གསུམ་དུ་ཟན་རིལ་མཐེབ་རྡོག་ལས་ཆེ་ཙམ་དཀྱིལ་ཀྱོང་མོར་དཀར་རྒྱན་བཏབ་པ་རེ་དང་། ཆངས་བུ་རེ་བཅུག །ཆུས་སྦྱང་། ལས་ཀྱི་རྡོ་རྗེས་སློབ་མ་རྣམས་ལ་གཡས་སྐོར་གསུམ་དང་། སློབ་དཔོན་གྱིས་སྐྱབས་སྦྱིན་མཐར་མཆོག་སྦྱིན་སེ་གོལ་དང་བཅས། ཨོཾ་སརྦ་བིགྷྣན་སོགས་དང་། རྡོ་རྗེ་སློབ་མ་འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོངས་ཤིག །ཅེས་དང་། སྦྱོང་ཆས་ཕྱིར་དོར། གུ་གུལ་གྱིས་བདུག །ཉུངས་ཀར་གྱིས་བྲབ། རྡོ་རྗེ་དྲིལ་བུ་གསོལ་དཀྲོལ་བཅས་ཨམྲྀཏ་སོགས་བརྗོད། དེ་ནས་ཕྱོགས་སྐྱོང་གཏོར་མ་ཨམྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ལག་གཡས་ཁུ་ཚུར་ལ་མཛུབ་མོ་བཀུག་པའི་ཕྱག་རྒྱ་བསྐོར་ཏེ། ཨོཾ་ད་ཤ་དི་ལོ་ཀ་པཱ་ལས་པ་རི་ཝཱ་ར་ཨཱ་ཀཪྵཱ་ཡ་ཛཿས་མགྲོན་དགུག །ཐལ་མོ་ཁོང་སྟོང་མཐར་སེ་གོལ་བཅས་གོང་གི་སྔགས་ཀྱི་ས་པ་རི་ཝཱ་རའི་མཐར་ཨོཾ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། རྡོ་རྗེ་ཐུགས་ཀར་བཟུང་ཞིང་དྲིལ་བུ་ཆིག་རྡུང་གིས། འཇིག་རྟེན་སྐྱོང་བ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་ཕྲིན་ལས་བཅོལ་ལ་གཏོར་མ་ཕྱིར་བསྐྱལ། འོ་དེས་རྟེན་འབྲེལ་ཟབ་མོའི་བྱིན་རླབས་གསན་པ་ཡིན་པས་ཉིན་རེ་བཞིན་རྟེན་འབྲེལ་སྙིང་པོ་ཅི་ནུས་བཟླ་བ་སོགས་དམ་ཚིག་དང་སྡོམ་པའི་ཚོགས་ལ་བསྲུང་བསྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་དབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང་། དེ་ནས་སློབ་དཔོན་གྱིས་མདུན་བསྐྱེད་དང་དབྱེར་མེད་དུ་བཞུགས་པར་བསམས་ལ་སྟོང་པ་དང་རྟེན་འབྱུང་ཟབ་མོའི་དོན་ལ་མཉམ་པར་བཞག་ཅིང་། བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པ་བྱ་བ་ལས་རྗེས་ཆོག་གཞན་མི་དགོས་སོ། །གཉིས་པ་རྒྱུན་གྱི་ཉམས་ལེན་ནི། དེ་ལྟར་བྱིན་རླབས་ཟབ་མོ་ལེགས་པར་ཐོབ་ནས། ཉིན་ཞག་ཕྲུག་རེའི་ཐོ་རངས་ཀྱི་དུས་སུ་གྲུབ་ན་གོང་དུ་བཤད་པའི་སློབ་དཔོན་གྱི་བྱ་བའི་སྐབས་ལྟར་སྐྱབས་འགྲོ་ནས་བཟླས་པའི་མཇུག་གི་གསོལ་འདེབས་བར་ཉམས་སུ་བླངས་ལ། མདུན་གྱི་ལྷ་མི་དམིགས་པར་བསམས་ཏེ་རྟེན་འབྲེལ་ཟབ་མོའི་དོན་ལ་མཉམ་པར་བཞག་ཅིང་བསྔོ་སྨོན་བྱ། མཆོད་པ་ནི་དངོས་སུ་བཤམ་པ་དང་། བྱིན་རླབས་མི་དགོས། ཡིད་ཀྱིས་སྤྲུལ་ཏེ་ཕུལ་ལོ། །དེ་ཙམ་མ་གྲུབ་ན་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པའི་ཞལ་ནས་རྟེན་འབྲེལ་ཟབ་མོའི་སྔགས་ཚིག་ཚངས་པའི་དབྱངས་ཀྱིས་བཀའ་སྩལ་བ་རྗེས་སུ་བཟླས་པས་རང་གི་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་གཟུངས་ཇི་ལྟར་རིགས་པ་བཟླའོ། །འདིའི་བསྙེན་པ་བྱེད་པར་འདོད་ན་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་བཤམ། ཁྲུས་དང་གཙང་སྦྲ་ལ་གནས་པས་སློབ་དཔོན་གྱི་བྱ་བའི་སྐབས་ཇི་ལྟ་བར་ཐུན་གསུམ་མམ་བཞིར་ཉམས་སུ་བླངས་ལ་གཟུངས་འབུམ་ཕྲག་གཅིག་བཟླའ་བར་བྱའོ། །དེ་ལྟ་བུའི་རྒྱུན་དང་དུས་ཀྱི་ཉམས་ལེན་ལ་བརྩོན་པས། གནས་སྐབས་སུ་ནད་དང་གནོད་པ་ཐམས་ཅད་སྲུང་ཞིང་ཞི་བ་དང་། ལེགས་ཚོགས་ཀྱི་རྟེན་འབྲེལ་ཐམས་ཅད་འབད་མེད་དུ་འབྱུང་བ་དང་། ལྷ་བསྒོམ་པ་དང་། སྔགས་བཟླ་བ་སོགས་ཀྱི་ནུས་པ་མཐའ་དག་ཚད་མེད་པར་འཕེལ་བས་ལས་རབ་འབྱམས་གང་བརྩམ་པ་ཐོགས་པ་མེད་པར་འགྲུབ་པས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། མཐར་ཐུག་རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་དོན་ཁོང་དུ་ཆུད་པས་འཕགས་པའི་ལམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བར་འགྱུར་བ་ཡིན་ནོ། །གསུམ་པ་ལས་སྒྲུབ་པའི་རིམ་པ་ལ་གཉིས། འདི་ཉིད་ཀྱི་ཆོ་ག་ཞིབ་མོ་ལས་ཇི་ལྟར་འབྱུང་བ་དང་། གཟུངས་དང་མན་ངག་གཞན་ལས་འབྱུང་བའི་ཚུལ་ལོ། །དང་པོ་ལ་གཉིས། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་སྒོམ་བཟླས་དང་། ལས་ཀྱི་རིམ་པ་དངོས་སོ། །དང་པོ་ནི། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་དད་པས་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་གཉིས་ཡིད་ལ་བྱས་ཏེ། ཡེདྡྷ་རྨཱ་སོགས་དང་། བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པ་འདིས་སེམས་ཅན་རྣམས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པའི་སྒོ་ནས་འཇུག་པ་དང་ལྡོག་པ་དག་གསུངས་ཏེ། ཇི་ལྟར་ལས་དང་ཉོན་མོངས་པ་ཡོད་ན་ནི་སེམས་ཅན་ཐམས་ཅད་འཁོར་བ་ལ་འཇུག་པར་འགྱུར་ལ། ལས་དང་ཉོན་མོངས་པ་མེད་ན་ནི་འཁོར་བ་ལས་ལྡོག་གོ་ཞེས་བྱ་བའི་བདེན་པའི་ཚིག་འདིས་བདག་གིས་ཆོ་ག་ཞིབ་མོ་འདི་འགྲུབ་པར་གྱུར་ཅིག །ཅེས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྗེས་སུ་དྲན་པས་བདེན་པའི་ཚིག་གིས་སེམས་བསྐྱེད་པ་ལན་གསུམ་དུ་བྱའོ། །དེ་ནས་ཐལ་མོ་སྦྱར་ལ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ༴ དགེ་འདུན་ལ༴ ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བཞུགས་པ་ལ༴ རང་སངས་རྒྱས་རྣམས་ལ་ཕྱག༴ དགྲ་བཅོམ་པ་རྣམས་ལ༴ རྒྱུན་དུ་ཞུགས་པ་རྣམས་ལ༴ འཕགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ༴ བརྟུལ་ཞུགས་གྲུབ་པ་རྣམས་ལ༴ སེམས་ཅན་གྱི་སྨན་པ་རྣམས་ལ་ཕྱག་འཚལ་ལོ། །ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཞེས་གཟུངས་ཀྱི་མཐུ་སྐྱེད་པའི་ཕྱིར་ཕྱག་འཚལ་བ་སྔོན་དུ་འགྲོ་བས། རང་གི་སྤྱི་བོར་ལྷ་བསྒོམ་པའི་གནས་རྒྱ་འགྲེལ་དུ་རང་གི་ལག་མཐིལ་ལམ་ལུས་ལ་བཀོད་པར་གསུངས་ཤིང་། མཆན་རྙིང་ལས་ལག་པའི་མཐིལ་ལམ་སྤྱི་གཙུག་ཅེས་འབྱུང་། སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨའི་སྙིང་པོ་རབ་ཏུ་རྒྱས་པ་དང་བཅས་པའི་ཟེའུ་འབྲུའི་སྟེང་དུ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟར་འབར་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གི་མདོག་ཅན་གསོལ་བ། སྐུ་ལས་སྐྱེས་པའི་འོད་ཟེར་མེའི་ཕུང་པོ་ལྟ་བུའི་ཀློང་ན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ཅེས་གསལ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་མཉམ་པར་བཞག་པ་ནི་ལྷའི་སྐུ་རྗེས་སུ་དྲན་པའོ། །དེ་ནས་གཟུངས་བཟླ་བ་ནི། བཅོམ་ལྡན་འདས་ཀྱི་སྐུ་ལ་དམིགས་པ་དང་། གཟུངས་ཀྱི་ཚིག་དོན་རྗེས་སུ་དྲན་པས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་ནས་ཤྲ་མ་ཎཿསྭཱ་ཧཱ། ཞེས་ཇི་ཙམ་ནུས་པ་བཟླས་ཏེ་ལས་ཀྱི་ཆོ་ག་སོ་སོ་ལ་འཇུག །མཐར་ལྷའི་སྐུ་མི་དམིགས་པར་བསམས་ལ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད་ལམ་དགེ་བའི་བྱ་བ་ལ་བརྩོན་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བཟླས་བརྗོད་འབུམ་ཕྲག་གཅིག་བྱས་ན་ཇི་སྐད་གསུངས་པའི་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་འགྱུར་ཏེ། ཆོ་གའི་གཟུངས་ལས། །བཟླས་བརྗོད་འབུམ་ནི་བྱས་གྱུར་ན། །དགོས་པ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །གཉིས་པ་ལ་བཅུ། དང་པོ་ནད་གསོ་བའི་ལས་ཀྱི་ཆོ་ག་ནི། རིམས་ལ་སོགས་པ་ནད་གང་ཡང་རུང་བས་བཏབ་པ་ལ། གཟུངས་མང་དུ་བཟླས་པའི་མཐར་ལངས་ཏེ། ལག་གཡས་རྡོ་རྗེའི་ཁུ་ཚུར་དང་བཅས་པས་ནད་པའི་ལུས་ལ་བསྐོར་ཞིང་བྱབས། གཟུངས་ཀྱི་མཐར་རིམས་ལ་སརྦ་ཛྭ་རེ་བྷྱཿཨ་པ་ནཱ་ཡ་སྭཱ་ཧཱ། དང་། ནད་གཞན་ལ་སརྦ་རོ་གེ་བྷྱཿཨ་པ་ནཱ་ཡ་སྭཱ་ཧཱ། ཞེས་མང་དུ་བརྗོད་ཅིང་ཐལ་མོ་སྤྲུགས་ཏེ་དོར་བའི་ཚུལ་བྱས་པས་ནད་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་འདུས་ནས་ནད་བདག་སོ་སོ་ལ་ཐིམ་པར་བསམས་པས་ཞི་བར་འགྱུར་རོ། །ཡང་ན་བུ་མོ་གཞོན་ནུ་མས་བཀལ་བའི་སྐུད་པ་དཀར་པོ་སུམ་བསྒྲིལ་ལ་མདུད་པ་གསུམ་བྱས་ལ་གཟུངས་སྔགས་ཉི་ཤུ་རྩ་བརྒྱད་བཟླས་པས་བཏབ་ནས་གང་གི་མགུལ་དུ་བཏགས་ན་སྲུང་བ་དང་ཞི་བར་འགྱུར་རོ། །སྙིང་ག་དང་རྩིབ་ལོགས་ན་བ་ལ་ཆུ་གྲང་མོ་ལ་བཟླས་ཏེ་བཏང་བས་སེལ་བར་འགྱུར་རོ། །གཞན་ཡང་ནད་གང་ཐེབས་པ་ལ་བབས་དང་བསྟུན་ཏེ་བཟླས་བརྗོད་བྱས་ལ་ཆུ་བསྐོལ་ལམ། ནད་སོ་སོ་ལ་ཕན་པའི་སྨན་ལ་བཏབ་སྟེ་བཏང་ན་འཕྲལ་དུ་འཚོ་བར་འགྱུར་རོ། །གཡན་པ་དང་འབྲུམ་བུ་སོགས་ལྷན་སྐྱེས་དང་གློ་བུར་གྱི་རྨའི་རིགས་ལ། གྲོག་མའི་ཚང་གི་ས་ལ་སྔགས་བཏབ་པས་བྱུགས་ན་ཕན་པར་འགྱུར་རོ། །གཞང་འབྲུམ་དང་། མཚན་མའི་ནད་ལ་སྐྱེར་པའི་ཁཎྜ་འམ། བྱང་ཆུབ་སེམས་དཔའི་རིལ་བུ་ཞེས་མཆན་རྙིང་པར་གངས་ཏིག་ཏུ་བཤད་པས། དེའི་ཕྱེ་མ་ལ་སྔགས་ཉི་ཤུ་བཟླས་ཏེ་བྱུགས་པས་བདེ་བར་འགྱུར་རོ། །འཁྲུ་ན། འཁྲུ་བ་གཅོད་པའི་སྨན་ནམ། བྱང་ཆུབ་སེམས་དཔའི་རིལ་བུའམ། འབྲས་ཆན་ལ་སོགས་པ་འཕྲོད་པའི་ཁ་ཟས་ལ་ལན་བདུན་ནམ་ཉི་ཤུ་སོགས་བཟླས་ཏེ་བཏང་ན་ཕན་པར་འགྱུར་རོ། །གཉིས་པ་ལོ་ཏོག་ལ་ཉེ་བར་ཕན་པའི་ཆོ་ག་ལ། ཆུ་ཀླུང་ཆེན་པོའི་བྱེ་མ་དང་། རི་ཆེན་པོའི་རྩེ་མོའི་ས་དང་། དུར་ཁྲོད་ཀྱི་ཐལ་ཆེན་རྣམས་ལ་བརྒྱ་རྩ་བརྒྱད་སྔགས་ནས་གཏོར་ན་ལོ་ཏོག་དང་། བཟའ་ཤིང་གི་ར་བ་ལ་འཚེ་བའི་སེམས་ཅན་གྱི་ཁ་འཆིང་བར་འགྱུར་རོ། །བཅོམ་ལྡན་འདས་ལ་ཕུལ་བའི་མེ་ཏོག་རྙིང་པ་སྟེ། མཎྜལ་སོགས་ཀྱི་མེ་ཏོག་རྙིང་པ་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས། གཙང་ཞིང་བླ་གབ་མེད་པའི་ཕྱོགས་སུ་མཎྜལ་ཆེན་པོའི་དབུས་སུ་རྫའི་བུམ་པ་ཆུས་བཀང་བ་བཞག །དེའི་སྟེང་དུ་ཁམ་ཕོར་དུ་མེ་བཞག་ལ་མེ་ཏོག་བསྲེགས་པའི་དུད་པ་རྒྱུན་མི་འཆད་པར་འཐུལ་བར་བྱས་ན་ཆར་ཧ་ཅང་ཆེས་བ་གཅོད་པར་འགྱུར་རོ། །ཤིང་སེ་བའམ། སྐྱེར་བའི་ལྕུག་མ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་སེར་བ་འོང་བའི་ཕྱོགས་སུ་ཀླད་ལ་བསྐོར་ཞིང་བྱབས་པས་སེར་བ་འཕྲལ་དུ་བཟློག་པར་འགྱུར་རོ། །ཡང་ན་ཐལ་ཆེན་དང་ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་པའི་ཐུམ་པོ་སེ་བའམ། སྐྱེར་བའི་ལྕུག་མའི་མགུལ་དུ་གདགས་ཏེ་སེར་བ་འགྲིམ་པའི་སྲང་དུ་བཙུགས་ན་མཚམས་བཅད་པར་འགྱུར་ཏེ། འདི་ལ་ནང་གསེས་སུ་ལོ་ཏོག་ལ་ཕན་གདགས་པ་དང་། ཆར་གཅོད་པ་དང་། སྤྲིན་ཟློག་པའི་ཆོ་ག་ཞེས་གསུངས་སོ། །གསུམ་པ་གདོན་གྱིས་ཟིན་པ་ལ་ཕན་གདགས་པ་བུམ་པའི་ཆོ་ག་ནི། སྟེགས་བུ་འདོམ་གང་གྲུ་བཞི་པའི་དབུས་སུ། བུམ་པ་གཙང་མ་ལྔའམ། མ་འབྱོར་ན་གཅིག་ལེགས་པར་བཀྲུས་ཏེ་གུ་གུལ་གྱིས་བདུག །ནང་དུ་ཆུ་གཙང་མ་དང་ཡུངས་ཀར། ག་བུར། ཙནྡན་དཀར་པོ། །གླ་རྩི། གཞན་ཡང་ཤུ་དག་སོགས་དྲི་དང་ལྡན་ཞིང་གདོན་འཕྲོག་པའི་སྨན་གྱི་རིགས་རྣམས་ལེགས་པར་སྦྱར་བས་སུམ་གཉིས་དགང་སྟེ་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཞག །སྔགས་བརྒྱ་རྩ་བརྒྱད་བཟླས་པས་ཆུ་ནུས་ལྡན་དུ་བྱིན་གྱིས་བརླབ་པའམ། སྤྲོ་ན་གཟུངས་སྒྲུབ་སྤྱི་ལྟར་བྱ། དེ་ནས་དཀོན་མཆོག་གི་རྟེན་མེ་ལོང་དུ་འཆར་བ་ལ་སྐུ་ཁྲུས་གསོལ་བའི་ཁྲུས་ཆུ་སླར་ཡང་བུམ་པར་བླུགས་ཏེ། ནད་པ་ཁྲུས་སྟེགས་ཀྱི་དབུས་སུ་བཞག་པའམ། སྟན་དཀར་པོའི་སྟེང་དུ་གོས་དཀར་པོ་དང་བཅས་ཁྲུས་དང་གཙང་སྦྲ་ལ་གནས་པས་འཁོད་དུ་གཞུག་ལ་བཀྲུ་བ་ཙམ་མམ། བཀྲུ་བྱབས་སྲུང་གསུམ་སྤྱི་ལྟར་བྱས་ལ་བུམ་ཆུ་ཁོང་དུ་གཏང་། ལུས་ལ་གཏོར་ཞིང་བདེན་ཚིག་དང་ཤིས་བརྗོད་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བྱས་པས་གདོན་ཐམས་ཅད་ཞི་བ་དང་སྲུང་བའི་མཆོག་ཏུ་འགྱུར་རོ། །བཞི་པ་བྱིས་པ་ལ་ཕན་གདགས་པའི་ཆོ་ག་ནི། བྱིས་པའི་གདོན་སྤྱི་ལ། གིའུ་ཝང་ལ་མངོན་པར་བསྔགས་ཏེ། དེའི་ཁུ་བས་གྲོ་ག་འམ། ཤོག་བུ་གཙང་མ་ལ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བིདྷཱ་ན་ཡ་ཛཱ་ཊི་ལ་མཱོ་དྷར་ཨུཙུ་ཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཞེས་བྲིས་པ་གཟུངས་སྔགས་ཀྱིས་རབ་ཏུ་གནས་པ་དང་། སྔགས་བཟླས་པའི་ཡུངས་ཀར་གྱི་ཐུམ་པོ་བཅས་གཙང་སྦྲ་དང་ལྡན་པས་མགུལ་དུ་གདགས་ན་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །བྱེ་བྲག་མཁའ་འགྲོ་སྟེ་བྱའི་གདོན་གྱིས་ཟིན་པ་ལ་ཡུངས་ཀར་དང་། གུ་གུལ་ནག་པོ་ལ་རྟེན་སྙིང་དང་། གོང་གི་སྔགས་འདི་ཉིད་ལན་བདུན་བཟླས་པའི་ཐུམ་པོ་མགུལ་དུ་གདགས་པ་དང་། དུད་པས་བདུག་ན་ཞི་ཞིང་སྲུང་བར་འགྱུར་རོ། །ལྔ་པ་རིགས་བརྒྱུད་སྤེལ་བའི་ཆོ་ག་ལ། བུད་མེད་མོ་གཤམ་ལ་བུ་འབྱུང་བར་འདོད་ན། རིང་བསྲེལ་དང་བཅས་པའི་སངས་རྒྱས་ཀྱི་སྐུ་གཟུགས་བྱིན་རླབས་ཅན་ལ་སྐུ་ཁྲུས་གསོལ་བའི་ཆུ་སླར་ཡང་བུམ་པར་བླུགས་ལ་སྔགས་བཟླས་པས་བྱིན་གྱིས་བརླབ་པའམ། གཟུངས་སྒྲུབ་ཚུལ་བཞིན་དུ་བྱ། དེ་ནས་ར་བ་བཞི་གང་ཡང་རུང་བའི་ཡར་ངོའི་ཚེས་གཅིག་གི་ཉིན་བུད་མེད་དེ་ཉིད་ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ལ། བུམ་པའི་ཆུ་བླུད་པས་རིགས་བརྒྱུད་འཕེལ་བར་འགྱུར་རོ། །སྦྲུམ་མ་བདེ་བར་བཙའ་བར་འདོད་ན། ཆུ་གཙང་མ་ལ་བཟླས་བརྗོད་བགྱིས་པ་ཁོང་དུ་བཏང་ཞིང་། མར་ལ་བསྔགས་ཏེ་སྐྱེ་གནས་ལ་བྱུགས་པས་བདེ་བར་བཙའ་བར་འགྱུར་རོ། །དྲུག་པ་ལམ་དུ་ཞུགས་པ་ལ་ཉེས་པ་མི་འབྱུང་བའི་ཆོ་ག་ནི། སྐུད་པ་དཀར་པོའམ་གོས་ཀྱི་གྲྭར་མདུད་པ་བདུན་བྱ། མདུད་པ་རེ་ལ་སྔགས་ཚར་རེ་བཏབ་པ་བཅིངས་ཏེ་ཕྱིན་ན་འཇིགས་པ་ཐམས་ཅད་སྲུང་ཞིང་། ཇི་ལྟར་འདོད་པའི་དོན་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །བདུན་པ་ཡིད་གཞུངས་པའི་ཆོ་ག་ནི། ཤུ་དག་ཚོན་གང་པ་དང་། ཞུན་མར་སྲང་སུམ་བརྒྱ་དྲུག་ཅུ་ལ་སྔགས་བཟླས་པ་ལྷན་ཅིག་ཏུ་བསྲེས་ནས་བུམ་པར་བླུགས། ལོ་གཅིག་ཏུ་ཉི་མ་རེ་རེ་བཞིན་ཤུ་དག་གི་དུམ་བུ་དང་། མར་སྲང་རེ་ལ་བཟླས་བརྗོད་བྱས་ཏེ་བསྟེན་པའམ། ཡང་ན་བ་སེར་སྐྱའི་མར་དང་འོ་མ་ལ་བཟླས་ཏེ་ལྷན་ཅིག་ཏུ་སྦྱར་བ་སྣ་མའི་ཤིང་གིས་དཀྲུགས་ཏེ་ཟོས་པས་བློ་གྲོས་དང་ལྡན་ཅིང་ཡིད་གཞུངས་བའི་མཆོག་ཏུ་འགྱུར་རོ། །བརྒྱད་པ་མཛའ་བར་འགྱུར་བའི་ཆོ་ག་ནི། མེ་ཏོག་དམར་པོ་འམ། རྩྭ་དང་ཤིང་གི་དུམ་བུའམ། རྒུན་འབྲུ་ལ་སོགས་པའི་འབྲས་བུའམ། བའི་ལྕི་བ་འདི་ལ་དཔེ་རྣམས་སུ་འཇིམ་པ་དང་། འཇི་བ་སོགས་སྣ་ཚོགས་སྣང་ཡང་མཆན་རྙིང་དུ་འདི་ལྟར་གདའ། ས་ལ་མ་ལྷུངས་བ་ལག་གཡས་པའི་ཆངས་བར་བཅུག །སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་གང་གི་ལག་ཏུ་བྱིན་པ་དེ་དང་སྙིང་ཉེ་བའི་མཛའ་བཤེས་མཆོག་ཏུ་འགྱུར་རོ། །དགུ་པ་མི་ནད་དང་ཕྱུགས་ནད་སྲུང་བའི་ཆོ་ག་ནི། ཡུངས་ཀར་ལ་བརྒྱ་རྩ་བརྒྱད་བཟླས་པའི་ཐུམ་པོ་སྒོ་གོང་དུ་གདགས་ན་གནས་དེར་མི་ནད་དང་ཕྱུགས་ནད་ཐམས་ཅད་ཞི་ཞིང་སྲུང་བར་འགྱུར་རོ། །རྟ་ལ་སོགས་པའི་ཕྱུགས་ཀྱི་རིགས་འཆི་བར་ཉེ་པའི་ནད་ཀྱིས་ཐེབས་པ་ན། ཆུ་དང་ཡུངས་ཀར་ལ་བརྒྱ་རྩ་བརྒྱད་བཟླས་ནས་ལུས་ལ་གཏོར་ན་སོས་པར་འགྱུར་རོ། །ཡུངས་ཀར་ལ་བརྒྱ་རྩ་བརྒྱད་བཟླས་པའི་ཐུམ་པོ་མགུལ་དུ་གདགས་ན་ནད་དང་གནོད་པ་ཐམས་ཅད་སྲུང་ཞིང་ཞི་བར་འགྱུར་རོ། །བཅུ་པ་རྒྱུན་དུ་བཟླས་བརྗོད་བྱ་བའི་ཆོ་ག་ནི། ཐོ་རངས་སྔ་བར་ལངས་ཏེ། ཁ་ཤར་དུ་ཕྱོགས་པའམ་ཕྱོགས་པར་མོས་ལ་གོང་དུ་བཤད་པ་ལྟར་སྒོམ་བཟླས་ཆག་མེད་དུ་བགྱིས་པའི་ཕན་ཡོན་ནི། འདིའི་ཆོ་གའི་གཟུངས་ལས། རྟག་ཏུ་བཟླས་བརྗོད་བྱས་ན་ནི། །བསམ་པ་ཐམས་ཅད་རྫོགས་པར་འགྱུར། །གནོད་པས་ཅིས་ཀྱང་ཚུགས་མི་འགྱུར། །དམ་ཆོས་ཡོངས་སུ་གཟུང་བར་འགྱུར། ཞེས་སོ། །དེ་རྣམས་ཀྱང་སྟོན་པ་སངས་རྒྱས་དང་དེས་གསུངས་པའི་གཟུངས་སྔགས་ལ་ཡིད་ཆེས་པའི་དད་པ་བརྟན་པོས་བསྒྲུབ་ན་ངེས་པར་འགྲུབ་པ་ཡིན་ཏེ། ཚིགས་སུ་བཅད་པ་འདི་དག་གི །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །ཆོ་ག་དེ་དག་ཐམས་ཅད་ནི། །གང་ལ་དད་པས་ཡིད་ཆེས་ན། །འགྲུབ་པར་ཐེ་ཚོམ་མེད་པར་འགྱུར། །ཞེས་གསུངས་སོ། གཉིས་པ་གཟུངས་དང་མན་ངག་གཞན་ལས་ཇི་ལྟར་འབྱུང་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་གཟུངས་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། མི་གནས་པའི་ས་ཕྱོགས་སུ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་ནི་ཁབ་ཙམ། གདུགས་ནི་བ་ཀུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན། དེས་ཚངས་པའི་བསོད་ནམས་བསྐྱེད་པར་འགྱུར་ཏེ། འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དག་ཏུ་སྐྱེ་བར་འགྱུར་རོ། །དེ་ནས་ཤི་འཕོས་ཏེ་འཆི་བའི་དུས་བྱས་ནས་གནས་གཙང་མའི་རིས་གྱི་ལྷ་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །ཞེས་རྒྱ་ཆེར་བསྔགས་པའི་མཆོད་རྟེན་གྱི་ལས་བྱ་བར་འདོད་ན། མཚན་ཉིད་དང་ལྡན་པའི་མཆོད་རྟེན་དངོས་སམ། ཆོ་ག་ལྟར་འདུ་བྱས་པའི་སཱཙྪའི་ནང་དུ་རྟེན་སྙིང་གི་གཟུངས་གཞུག་ཅིང་རབ་ཏུ་གནས་པར་བྱ་སྟེ། དེའི་ཚུལ་ནི་གཞན་དུ་གསལ་བ་ལྟར་རོ། །དེ་བཞིན་དུ་འདིའི་སྒོ་ནས་གཟུངས་ཆུ་བསྒྲུབ་པ་དང་། རྟེན་ལ་སྐུ་ཁྲུས་གསོལ་བ་དང་། རབ་ཏུ་གནས་པ་བྱ་བའི་ཚུལ་རྣམས་ནི་བཀའ་གདམས་ལྷ་བཞིའི་ཐུབ་པའི་ལས་ཚོགས་སུ་གསལ་བས་དེར་རྟོགས་པར་བྱ་ཞིང་། གཞན་ཡང་ཕན་བྱེད་ཀྱི་གདམས་པ་ཕྲན་ཚེགས་ལ། འབྲུ་འཕེལ་བར་འདོད་ན། འབྲུ་སྣ་ཚོགས་དྲི་བཟང་གི་ཆུས་སྦགས་པ་ལ་མངོན་པར་བསྔགས་ཏེ་རྡུལ་ཕྲ་རབ་རེ་རེ་བཞིན་འབྲུའི་ཕུང་པོ་བསམ་གྱིས་མི་ཁྱབ་པ་འཕེལ་བའི་རང་བཞིན་དུ་བསམས་ལ་ས་བོན་དང་ལྷན་ཅིག་ཏུ་འདེབས་པར་བྱའོ། །ཕྱུགས་འཕེལ་བར་འདོད་ན། གྲོ་གའམ་ཤོག་བུ་ལ་གཟུངས་བྲིས་ཏེ་གིའུ་ཝང་གིས་བྱུག །རབ་ཏུ་གནས་པ་དང་བཅས་སྐར་མ་རྒྱལ་གྱི་ཉིན་ཕྱུགས་མ་དགེ་མཚན་ཅན་གྱི་གདོང་པ་ལ་གདགས་པར་བྱའོ། །རིན་པོ་ཆེ་འཕེལ་བར་འདོད་ན། བཀྲ་ཤིས་པའི་མཚན་མ་ཅན་གྱི་བུམ་པར་རིན་པོ་ཆེ་ཇི་ལྟར་རྙེད་པ་བཅུག །ལག་པ་གཡས་པས་ཁ་བཀབ་སྟེ་བཟླས་བརྗོད་མང་དུ་བྱས་ལ་གཏེར་ཆེན་པོའི་བུམ་པར་བསམ། དར་རམ་རས་སེར་པོས་ཁ་བཅད་ལ་བང་མཛོད་ཀྱི་དབུས་སུ་སྦ་བར་བྱའོ། །ཟས་འཕེལ་བར་འདོད་ན། ཁ་ཟས་བཟང་རྒུ་སྣ་ཚོགས་ལ་སྔར་བཞིན་བཟླས་བརྗོད་བྱས་ལ། རྫའི་གའུར་བཅུག་སྟེ་ཐབ་ཀྱི་དབུས་སུ་སྦ་བར་བྱའོ། །མིག་གི་ནད་ཞི་བར་འདོད་ན། ཐོ་རངས་བླངས་པའི་ཆུ་བསིལ་གཙང་མའམ། ཟས་མ་ཟོས་གོང་གི་མཆིལ་མ་ལ་ལན་བདུན་བསྔགས་ཏེ་གཡས་གཡོན་གོ་ལྡོག་པའི་སྲིན་ལག་གིས་བྱུགས་པས་ཕན་པར་འགྱུར་རོ། །རྣ་བའི་ནད་ཞི་བར་འདོད་ན། ཞུན་མར་དང་ལ་ཕུག་གི་ས་བོན་ལ་བསྔགས་ནས་བླུགས་བར་བྱའོ། །གདོང་པ་དང་སོ་སྲིན་གྱི་ནད་ལ། ཨ་དང་ཡེདྷ་རྨཱ་བརྒྱ་རྩ་བརྒྱད་བཟླས་པས་བོང་ང་ནག་པོ་སྲན་མ་ཙམ་ལ་བཏབ་སྟེ་བདུག་པའམ། སོ་བར་དུ་བཟུང་བས་ཕན་པར་འགྱུར་རོ། །གྲེ་བ་འགགས་ན་ཨ་རུ་རའི་ཁུ་བའམ། དྲི་ཆུ་བར་པ་ལ་བཏབ་ནས་བཏང་ན་འཕྲལ་དུ་སེལ་ལོ། །ཡིད་མི་བདེ་བ་ལ་ཨ་ག་རུ་ནག་པོ་དང་ཏིལ་མར་བསྲེས་པ་ལ་སྔགས་ནས་དུ་བས་བདུག་པས་ཕན་ནོ། །རྨི་ལམ་ངན་པ་ཞི་བར་འདོད་ན། རང་གི་སྤྱི་བོར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གཟུངས་སྔགས་ཀྱི་ཕྲེང་བ་མེ་འབར་བ་དང་བཅས་པ་གསལ་བཏབ་ལ། སྔགས་བཟླས་པས་དེ་ལས་ཡེ་ཤེས་ཀྱི་མེ་ཆེར་འབར་བས་རྨི་ལམ་ངན་པ་རྒྱུ་དང་བཅས་པ་སྲེག་པར་བསམས་ལ་གཟུངས་དྲག་ཏུ་བཟླའོ། །རྩོད་པ་དང་ཕས་རྒོལ་ཞི་བར་འདོད་ན། རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་གཟུངས་སྔགས་ཀྱི་ཕྲེང་བ་གསལ་བཏབ་ལ་བཟླས་པས། དེ་ལས་འོད་ཟེར་དཀར་པོ་བདུད་རྩིའི་ཚོགས་དང་བཅས་པ་འཕྲོས། ཕ་རོལ་ལ་རེག་པས་སྡང་བར་སེམས་པ་ཐམས་ཅད་ཞི་ནས། བྱམས་པའི་སེམས་དང་ལྡན་པར་བསམས་ལ་གཟུངས་བཟླ། སྙིང་རྗེ་དྲག་ཏུ་བསྒོམ་མོ། །ནད་ཞི་བར་འདོད་ན། གང་ན་བའི་གནས་སུ་ཟླ་བ་ལ་སྔགས་ཕྲེང་བཀོད། དེ་ལས་བདུད་རྩིའི་རྒྱུན་བབས་པས་ནད་ཞི་བར་བསམས་ལ་བཟླ། སྟོང་ཉིད་ཟབ་མོའི་དོན་ལ་བློ་བཞག་པར་བྱའོ། །ཚེ་སྲིང་བར་འདོད་ན། སྤྱི་གཙུག་ཏུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་འོད་འབར་བའི་ལྟེ་བར་ཟླ་བ་ལ་གཟུངས་སྔགས་ཀྱི་ཕྲེང་བ་གསལ་བཏབ་ལ་བཟླས་པས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་བཅུད་ཐམས་ཅད་འདུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་ལུས་ཀྱི་ནང་ཐམས་ཅད་གང་། འཆི་མེད་ཚེའི་དངོས་གྲུབ་ཐོབ། རྡོ་རྗེ་ལས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་བྱུང་སྟེ་ལུས་ཀྱི་ཕྱི་ནས་རྡོ་རྗེའི་གོ་ཁྲབ་ཀྱི་ཚུལ་དུ་གཡོགས་པར་བསམས་ལ་བཟླས་པས་ཚེ་དང་བསོད་ནམས་ཐམས་ཅད་འཕེལ་བར་འགྱུར་རོ། །དེ་རྣམས་ནི་ཞར་ལས་འོངས་པ་སྟེ་མན་ངག་སྣ་ཚོགས་པ་ལས་ཉེ་བར་བཏུས་པའོ། །རྟེན་འབྲེལ་སྙིང་པོའི་གཟུངས་སྔགས་ཆུ་གཏེར་ལས། །ལེགས་འོངས་བྱིན་རླབས་མན་ངག་དང་བཅས་པ། །ཕན་བདེའི་ཆར་འབེབས་བདུད་རྩིའི་སྤྲིན་ཆེན་འདིས། །འགྲོ་ཀུན་དོན་གཉིས་ངལ་འཚོ་རྒྱས་གྱུར་ཅིག །ཅེས་པའང་རྟེན་འབྲེལ་སྲུང་བའི་ཡི་གེ་རྙིང་པ་མཆན་བུ་དང་བཅས་ཅུང་ཟད་མི་འདྲ་བ་ལེ་ཚན་གསུམ་དང་། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་བྱིན་རླབས་ཀྱི་ཡི་གེ་ལ་གཞི་བྱས། གཟུངས་གཉིས་ཀྱི་རྣམ་བཤད་དང་། མཆན་བུ་སོགས་རྒྱ་བོད་ཀྱི་ཡིག་ཆ་མན་ངག་དང་བཅས་པ་རྣམས་ཀྱིས་ཟུར་བརྒྱན་ཏེ། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་སྲིད་པ་དང་ཞི་བའི་དགེ་ལེགས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དཔལ་ལ་དུས་རྟག་ཏུ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །། ༈

Footnotes

Other Information