ལམ་འབྲས་བུ་དང་བཅས་པའི་དམིགས་རིམ་བསྡུས་ཏེ་ཉམས་སུ་བླང་ཚུལ།

From Khyentse Lineage - A Tsadra Foundation Project
JKW-KABUM-06-CHA-002-017
Wylie title lam 'bras bu dang bcas pa'i dmigs rim bsdus te nyams su blang tshul JKW-KABUM-06-CHA-002.pdf
Location mkhyen brtse'i bka' 'bum
Volume 6, sde tshan 2, Text 17, Pages 262-268 (Folios 65b6 to 68b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. lam 'bras bu dang bcas pa'i dmigs rim bsdus te nyams su blang tshul. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 6: 262-268. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Pith Instructions - man ngag

1 Texts in this Section (sde tshan or chos tshan)

[edit]
ལམ་འབྲས་བུ་དང་བཅས་པའི་དམིགས་རིམ་བསྡུས་ཏེ་ཉམས་སུ་བླང་ཚུལ་བཞུགས་སོ། །ན་མོཿསཏྒུ་རུ་པཱ་ད་ཡ། གསུང་ངག་ཉམས་ཁྲིད་རྫོགས་ནས་མན་ངག་འཆག་མེད་དུ་བསྐྱང་ཚུལ་ལ་གཉིས་ཏེ། དམིགས་པ་ཐམས་ཅད་བསྡུས་ནས་འཆག་མེད་དུ་བསྐྱང་ཚུལ་དང་། ཉམས་ལེན་རེ་རེའི་སྟེང་དུ་དམིགས་པ་ཐམས་ཅད་ཚང་ཚུལ་ལོ། །དང་པོ་ནི། དམིགས་པ་ཐམས་ཅད་བསྡུ་ན། རྒྱས་པར་བརྒྱ་དང་བཅུ་དགུ། འབྲིང་པོར་སོ་གསུམ། བསྡུ་ན་བཞི་སྟེ་དབང་བཞི་གདན་ཐོག་གཅིག་མ་ལྟར་རོ། །གཉིས་པ་ནི། ཐུན་མོང་མ་ཡིན་པའི་བིར་སྲུང་ལྟ་བུ་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་། འདིར་ལམ་དུས་ཉམས་སུ་ལེན་པའི་སྐབས་སུ་མན་ངག་མང་པོ་ཚང་ཚུལ་མདོ་ཙམ་བཤད་ན་ལྔ་སྟེ། དམིགས་པ་ཐམས་ཅད་རྫོགས་པར་ཚང་ཚུལ། ལམ་འབྲས་ཀྱི་གཙོ་བོའི་དམ་ཚིག་ལྔ་ཚང་ཚུལ། རྩ་བ་དང་ཡན་ལག་གི་ལྟུང་བ་རང་འགགས་སུ་འགྲོ་ཚུལ། ལམ་འབྲས་ཀྱི་དམ་ཚིག་ཉི་ཤུ་ཚང་ཚུལ། ཐ་མལ་གྱི་ཀུན་སྤྱོད་ཐམས་ཅད་སྔགས་ལམ་དུ་འགྱུར་ཚུལ། སྔགས་བདག་སྔགས་དང་མི་འབྲལ་བའི་ཕན་ཡོན་ཏེ་དྲུག་གོ། །དང་པོ་ནི། སྔོན་འགྲོ་སྣང་གསུམ་གྱི་ཐོག་མར་སྐྱབས་སེམས་ཡོད་པ་དེ། འདིར་སྒྲུབ་ཐབས་ཀྱི་དབུ་ནས་འབྱུང་བ་དེས་ཚང་། དེ་བཞིན་དུ། མ་དག་པའི་སྣང་བའི་སྐབས་ཀྱི་འཁོར་བའི་ཉེས་དམིགས། རྒྱུ་འབྲས། དལ་འབྱོར་རྙེད་དཀའ་དྲན་པའི་དམིགས་པ་རྣམས། འདིར་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་བསྒོམ་པའི་སྐབས་སུ། སེམས་ཅན་གྱི་སྡུག་བསྔལ་སོགས་ཡིད་ལ་དྲན་པར་བྱེད་པས་ཚང་། ཉམས་སྣང་གི་སྐབས། བྱམས་སྙིང་རྗེ། སྨོན་འཇུག་དོན་དམ་གྱི་བྱང་སེམས་ཡོད་པ་རྣམས། འདིར་ཡང་ཚད་མེད་བཞི་བསྒོམ་པ་བྱམས་སྙིང་རྗེ། ཡན་ལག་བདུན་པ་དང་རིགས་ལྔའི་སྡོམ་བཟུང་གི་སྐབས་སུ་སྨོན་འཇུག་ཡེ་ཤེས་ཚོགས་གཉིས་དོན་དམ་བྱང་སེམས་རྣམས་ཚང་། དག་སྣང་གི་སྐབས་སུ་བདེ་བར་གཤེགས་པའི་ཡོན་ཏན་ཡིད་ལ་དྲན་པའི་དམིགས་པ་ནི། སྐྱབས་འགྲོ་སོགས་ཀྱི་སྐབས། སངས་རྒྱས་ཡོན་ཏན་དྲན་ནས་དེའི་གོ་འཕང་ཐོབ་པར་འདོད་པས་སྐྱབས་སུ་འགྲོ་བའི་ཕྱིར་ཚང་། དངོས་གཞི་རྒྱུད་གསུམ་གྱི། ཀུན་གཞི་རྒྱུ་རྒྱུད། རྒྱུ་རིགས་སྤང་བྱ་ལ་ལྟོས་པ་རང་གྲུབ་དང་། རྐྱེན་ལ་བལྟོས་པ་ནི་སྔར་བྱམས་སོགས་ཐུན་མོང་བའི་ལམ་རྣམ་འབྱུང་བས་ཚང་། ལུས་ཐབས་རྒྱུད་ལ། གཞི་དམ་ཚིག་ལ་གནས་པར་བྱ་བ་དང་། ལམ་ཉམས་སུ་བླང་བ་གཉིས་ཀྱི། དང་པོ་དམ་ཚིག་མ་ཐོབ་པ་ཐོབ་པར་བྱེད་པ་དབང་དང་། ཐོབ་པ་མི་ཉམས་པར་སྲུང་བ་དམ་ཚིག་གི་ཚོགས་བསྐྱང་བ་གཉིས་ཀྱི། དང་པོ་ལ་གསུམ་ལས། སྟ་གོན་དང་། ཕྱི་ནང་གི་འཇུག་པ་ནི། ཚོགས་ཞིང་སྤྱན་སྔར་རིགས་ལྔའི་སྡོམ་བཟུང་ལན་གསུམ་བྱས་པས་ཚང་། དངོས་གཞི་ལུས་དཀྱིལ་ལ་བརྟེན་ནས་དབང་བཞི་རྫོགས་པར་བླངས་པས་ཚང་། གཉིས་པ་ལ། བསྲུང་། བཟའ། མི་འབྲལ་བ། བསྟེན་པའི་དམ་ཚིག་བཞི་ལས། དང་པོ་ནི། རྩ་བ་དང་ཡན་ལག་གི་ལྟུང་བ་སྲུང་བས་ལྟུང་བ་རང་འགགས་སུ་འགྲོ། གཉིས་པ་ནི། བདུད་རྩི་མྱོང་བའི་ཡན་ལག་དང་། ཁ་ཟས་སྦྱིན་སྲེག་གི་ཚུལ་དུ་རོལ་པས་ཚང་། གསུམ་པ་ནི། ནང་དོན་གྱི་རྡོར་དྲིལ་ལམ་དུ་གསུངས་པ་དེས་ཚང་། བཞི་པ་ནི། བསྐྱེད་རྫོགས་ལམ་གྱི་གཙོ་བོ་ཡིན་པས་ཚང་ངོ་། །གཉིས་པ་ལམ་ཉམས་སུ་བླང་བ་ལ། ལྟ་བ་འཁོར་འདས་དབྱེར་མེད་དང་། ཐབས་ལམ་དབང་བཞིའི་ལམ་གཉིས་ལས། དང་པོ་ནི། ཡེ་ཤེས་ཚོགས་བསག་གི་སྐབས་སུ་ཚང་། དེ་ཡང་རྒྱས་པར་འཁོར་འདས་དབྱེར་མེད་ཀྱི་འཁྲིད་བཞིན་བསྒོམས་ལ། སྤྱིར་བསྐྱེད་རྫོགས་གང་བསྒོམ་ཡང་ཐད་སོར་ལྟ་བ་ལ་གནས་པར་བྱ། གཉིས་པ་ལ་བཞི་ལས། དང་པོ་བུམ་དབང་གི་ལམ་བསྐྱེད་རིམ་ལ་བྱ་བ་དང་། སེམས་འཛིན་གཉིས་ལས། དང་པོ་ནི། སྒྲུབ་ཐབས་ཚང་བར་ཤར་བསྒོམ་དང་། བཟླས་པ་དང་། མཆོད་གཏོར་གྱི་རྣལ་འབྱོར་བྱས་པས་ཚང་། གཉིས་པ་ནི། སྤྱན་དབུས་མར་སེམས་འཛིན་པ་སོགས་ཀྱིས་ཚང་། གཉིས་པ་གསང་དབང་གི་ལམ་ལ། གཏུམ་མོའི་དམིགས་པ་རྒྱས་པར། གཞུང་ཁྲིད། དེའང་བསྡུ་ན་འཁོར་ལོ་བཞི་ལྡན། དེའང་བསྡུ་ན་དམིགས་པ་གཅིག་སྟེ། འདིར་བསྐྱེད་རིམ་གྱི་རྗེས་སུ་འཁོར་ལོ་བཞི་ལྡན་གྱི་དམིགས་པ་གཙོ་བོ་ཡིན་པས་ཚང་། ཤེར་དབང་གི་ལམ། རང་འོད་ཀྱི་ཡུམ་དང་བཅས་པའི་བདེ་བ་བསྒོམ་པ་དང་། དབང་བཞི་པའི་ལམ། བདེ་བ་དེ་ཡང་སྟོང་པར་ཤར། སྟོང་པ་ཉིད་ཡིན་བཞིན་བདེ་བར་ཤར། དེའང་བདེ་སྟོང་ཟུང་དུ་འཇུག་ཡེ་ཤེས་འདི་ནི་ལ་སེམས་མཉམ་པར་འཇོག་པས་ཚང་ངོ་། །གཉིས་པ་ནི། རང་གཞན་གྱི་དོན་གཉིས་སྒྲུབ་པར་བྱེད་པ་བྱང་ཆུབ་སེམས་གཉིས་དང་མི་འབྲལ་བ། ཕུང་པོ་ལྔ་དུལ་བ། ཁམས་བཞི་འདུས་པ། སྐྱེ་མཆེད་དྲུག་ཡུལ་སྲུང་བའི་དམ་ཚིག་དང་ལྔ་ལས། དང་པོ་དོན་དམ་ཡེ་ཤེས། གཉིས་པ་ཀུན་རྫོབ་བྱང་སེམས། གསུམ་པ་གཙོ་བོ་ཡབ་ཡུམ་ཕྱོགས་བཞིའི་ལྷ་མོ་དང་བཅས་པ། བཞི་པ་ཁམས་སྦྱོང་བྱེད་པུཀྐ་སཱི་ཡི་སོགས་མཚམས་བཞིའི་ལྷ་མོ། ལྔ་པ་མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་བསྒོམ་པས་ཚང་། གསུམ་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་བསྒོམས་ནས་སྐྱབས་སུ་འགྲོ་བ་དང་། ཚོགས་ཞིང་གི་སྐབས་སུ་རིགས་བདག་ཏུ་བྱས་པ་དང་། མི་བསྐྱོད་པའི་སྡོམ་བཟུང་སྐབས་སློབ་དཔོན་བཟུང་བ་རྣམས་ཀྱིས་རྩ་བའི་ལྟུང་བ་དང་པོ་རང་འགགས་སུ་འགྲོ། ལུང་རྟོགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱབས་ཡུལ་དུ་བྱས་པ་དང་། འོད་དཔག་མེད་ཀྱི་སྡོམ་པ་བཟུང་བས་ལྟུང་བ་གཉིས་པ་རང་༴ འཁོར་གྱི་ལྷ་མོ་དང་གྲོགས་དམ་ཚིག་ཅན་དགེ་འདུན་དུ་བྱས་པས་གསུམ་པ༴ སེམས་ཅན་ལ་ཚད་མེད་བཞི་བསྒོམ་པས་བཞི་པ༴ སྨོན་འཇུག་ཡང་ཡང་བྱས་པས་ལྔ་པ༴ དྲུག་པ་གཉིས་པའི་ཁོངས་སུ་འདུ། བསྐྱེད་རྫོགས་ཀྱི་ལམ་གསང་བའི་ཚུལ་དུ་སྤྱོད་པས་བདུན་པ༴ ཕུང་པོ་གཤེགས་པ་འབྱུང་བ་གཤེགས་མར་བསྒོམ་པས་བརྒྱད་པ༴ ཡེ་ཤེས་ཀྱི་ཚོགས་བསགས་སྟོང་པ་ཉིད་བསྒོམ་པ་ལ་བརྟེན་ནས་ཆོས་ཐམས་ཅད་སྟོང་པ་ཉག་གཅིག་གི་རོལ་པར་འབྱམས་པས་དགུ་པ༴ སྲུང་འཁོར་སྐབས་བསྟན་ལ་གནོད་པའི་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པས་བཅུ་པ༴ ཡེ་ཤེས་ཚོགས་བསག་གི་རྗེས་ལྷ་དང་གཞལ་ཡས་གསལ་སྟོང་ཟུང་འཇུག་ཏུ་བསྒོམ་པས་བཅུ་གཅིག་པ༴ མ་བསྒྲལ་བསྒྲལ་སོགས་སེམས་ཅན་བློ་ཚོད་དང་མཐུན་པར་ཆོས་བསྟན་པས་བཅུ་གཉིས་པ༴ ཁ་ཟས་སོགས་ཀྱི་བཅུ་གསུམ་པ༴ འཁོར་གྱི་ལྷ་མོ་དགེ་འདུན་དུ་བྱས་པ་དང་། དབང་གསུམ་པའི་སྐབས་སུ་རིག་མའི་དམ་ཚིག་ལ་བསྟེན་པས་བཅུ་བཞི་པ་རང་འགགས་སུ་འགྲོ། དེས་ན་ཡན་ལག་གི་ལྟུང་བ་མི་འབྱུང་། ཅུང་ཟད་བྱུང་ཡང་ལམ་གྱི་ཐུན་བཞིར་དབང་བླངས་པས་སོར་ཆུད་པའི་དགོས་པ་ཡོད་དོ། །ཕྱི་མ་གསུམ་ནི་རྟོགས་པར་སླ་བས་མ་བཤད་ཅིང་། དོན་དུ་གཉེར་ན་རྗེ་རྡོ་རྗེ་འཆང་གི་གསུང་སྒྲོས་འདུལ་བ་བཟང་པོས་མཛད་པ་སོགས་ལས་ཤེས་པར་བྱོས་ཤིག །ས་མཔྟ་མིི་ཐིི།

Footnotes

Other Information