བཤེས་གཉེན་བསྟེན་ཚུལ་སོགས་ཟིན་ཐུན་སྣ་ཚོགས།

From Khyentse Lineage - A Tsadra Foundation Project
JKW-KABUM-04-NGA-001-030
Wylie title bshes gnyen bsten tshul sogs zin thun sna tshogs JKW-KABUM-04-NGA-001.pdf
Location mkhyen brtse'i bka' 'bum
Volume 4, sde tshan 1, Text 30, Pages 458-524 (Folios 229b2 to 262b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. bshes gnyen bsten tshul sogs zin thun sna tshogs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 4: 458-524. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris

1 Texts in this Section (sde tshan or chos tshan)

[edit]
ཐོག་མར་ཡོན་ཏན་ཀུན་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་ཐུག་པས་བཤེས་གཉེན་བསྟེན་པའི་ཕན་ཡོན་དང་། མ་བསྟེན་པའི་ཉེས་དམིགས་བསམ་པ། རྩ་བ་དད་པ་སྦྱང་བ། བཀའ་དྲིན་རྗེས་དྲན་གྱི་གུས་པ་གཉིས་ཀྱི་སྒོ་ནས་བསམ་པས་བསྟེན་ཚུལ་དང་། མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་བྱ་བ་སྦྱོར་བས་བསྟེན་ཚུལ་ལ་འབད་དེ་ལམ་གྱི་རྩ་བ་ཚུགས་པ་ཞིག་བྱ། དེ་ནས་དལ་འབྱོར་རང་གི་ངོ་བོ་ངོས་བཟུང་བ་དང་། གནས་སྐབས་དང་མཐར་ཐུག་ལ་ལྟོས་ནས་དོན་ཆེ་བ་དང་། དཔེ་དང་། ངོ་བོ་དང་། རྒྱུའི་སྒོ་ནས་རྙེད་པར་དཀའ་བའི་ཚུལ་རྣམས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་རྒྱུ་མཚན་དུ་མའི་སྒོ་ནས་ཡུན་རིང་དུ་བསམས་པས་སྐད་ཅིག་རེར་ཡང་དོན་མེད་དུ་བཏང་མི་ཕོད་པར་སྙིང་པོ་ལེན་འདོད་ཀྱི་བསམ་པ་བརྟན་པོ་བསྐྱེད། སྙིང་པོ་ལེན་ལུགས་ནི་སྐྱེས་བུ་གསུམ་གྱི་ལམ་ལ་རིམ་གྱིས་བློ་སྦྱོང་བ་སྟེ། དེ་ཡང་དལ་འབྱོར་གྱི་རྟེན་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཐོབ་པའང་རིང་དུ་མི་གནས་པས་ངེས་པར་འཆི་བ་དང་། ནམ་འཆི་ལ་ངེས་པ་མེད་པ་དང་། འཆི་བའི་ཚེ་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པའི་ཚུལ་རྣམས་རྒྱུ་མཚན་དུ་མའི་སྒོ་ནས་བསམས་ཏེ་ཚེ་འདིའི་བྱ་བ་གང་གིའང་དབང་དུ་མི་གཏོང་བར་སྙིང་གི་ཐིག་ལེའི་གདམས་པ་ཟབ་མོ་འདི་བསྒོམ་པ་ལ་ཆིག་བསྒྲིལ་དུ་འབད་པར་ཐག་བཅད་པ་དང་། དེ་ནས་ངན་འགྲོའི་སྡུག་བསྔལ་ལ་བསམས་ཏེ་སྙིང་ནས་འཇིགས་པས་དཀོན་མཆོག་གསུམ་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་རྙེད་པ་བྱུང་བ་ན་སྐྱབས་འགྲོ་བསླབ་བྱ་དང་བཅས་པ་ལ་འབད། དེ་ལྟར་སྐྱེས་བུ་ཆུང་ངུའི་ལམ་ལ་སྦྱངས་པས་ཚེ་འདི་ལས་བློ་ལོག་སྟེ་འཇིག་རྟེན་ཕྱི་མའི་དོན་འབའ་ཞིག་སྒྲུབ་པར་སེམས་སྐྱེས་པ་ན་སྲིད་པ་མཐའ་དག་གི་ཉེས་དམིགས་དཔྱད་ཅིང་བསམས་ཏེ་བཙོན་རར་ཆུད་པའི་མི་གནས་དེ་ལས་ཐར་བར་འདོད་པ་དང་། མཚོ་ལ་གནས་པའི་བྱ་རྣམས་མཚོ་དེ་འཁྱགས་པར་མཐོང་ན་གནས་དེ་ལ་སྐད་ཅིག་ཀྱང་མི་ཆགས་པར་གཞན་དུ་འགྲོ་བར་འདོད་པ་ཇི་ལྟར་བར་སྲིད་པ་མཐའ་དག་ལ་ཞེན་པ་གཏིང་ནས་ལོག་སྟེ་ཉིན་མཚན་ཀུན་ཏུ་ཐབས་གང་བྱས་ན་འཁོར་བའི་བཙོན་ར་འདི་ལས་ཐར་སྙམ་དུ་ཐར་པ་དོན་གཉེར་གྱི་བསམ་པ་འབའ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་བ་དང་། ཐར་པ་ཐོབ་པ་ལ་ལམ་བསླབ་པ་གསུམ་ལ་བསླབ་དགོས་པས། དེ་རྣམས་ཀྱི་གྲངས་དང་། གོ་རིམ་ངེས་པ། ངོ་བོ་མ་ནོར་བ་རྣམས་ལ་ངེས་པ་གཏིང་ཚུགས་པ་ཞིག་རྙེད་པར་བྱ་བ་དང་། ལྷག་པར་ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཚུལ་ཁྲིམས་དག་པའི་མཐུ་ལ་ལྟོས་པར་ངེས་པ་བརྟན་པོ་རྙེད་པར་བྱས་ཏེ་བཅས་རང་གི་ཉེས་པ་ཕྲ་མོས་ཀྱང་མ་གོས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད། དེ་ལྟར་སྐྱེས་བུ་འབྲིང་གི་ལམ་ལ་བློ་སྦྱངས་པས་འཁོར་བ་མཐའ་དག་ལས་བློ་ལོག་སྟེ་ཐར་པ་དོན་གཉེར་གྱི་འདུན་པ་ཤུགས་དྲག་པོ་སྐྱེས་པ་ན། རང་ཉིད་ཇི་ལྟ་བར་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་རར་ཚུད་ནས་སྡུག་བསྔལ་བརྒྱ་ཕྲག་གིས་གཟིར་བའི་ཚུལ་ལ་ཤས་མི་བཟོད་པའི་བརྩེ་བ་ཆེན་པོ་བསྐྱེད་དེ་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྩ་བ་ནི་སྙིང་རྗེ་ཆེན་པོ་ལ་ཐུག་པས་སྙིང་རྗེ་ཆེན་པོ་བསྐྱེད་པ་ལ་འབད་དགོས་ཤིང་། དེ་བསྐྱེད་པ་ལ་ཡིད་འོང་གི་བྱམས་པ་བསྐྱེད་དགོས་ལ། དེ་བསྐྱེད་པ་ལ་མན་ངག་ལུགས་གཉིས་ཏེ། ཤེར་ཕྱིན་གྱི་མདོའི་དགོངས་པ་ལྟར་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་དུ་བལྟས་ནས་བསྐྱེད་པ་དང་། མདོ་སྡེ་ཕལ་པོ་ཆེའི་དགོངས་པ་ལྟར་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཐམས་ཅད་བསྐྱེད་པའི་རྒྱུར་བལྟས་ནས་ཡིད་འོང་གི་བྱམས་པ་བསྐྱེད་ཚུལ་གཉིས་ལས་འདིར་གདམས་ངག་གཉིས་ཀའི་རྒྱུན་བསྲེས་ཏེ་བསྒོམ་པ་ཡིན་པས། ཐོག་མར་ཡིད་འོང་གི་བྱམས་པ་སྐྱེ་བའི་གཞི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བཏང་སྙོམས་བསྒོམ། དེ་ནས་དེ་ཐམས་ཅད་ཚེ་རབས་དུ་མར་རང་གི་ཕ་མ་ལན་མང་དུ་བྱས་པའི་དྲིན་ཅན་ཤ་སྟག་ཡིན་པ་དང་། དེ་དང་དེའི་སྐབས་སུ་དྲིན་གྱིས་ཇི་ལྟར་བསྐྱངས་པའི་ཚུལ་དང་། དེ་དག་ལ་དྲིན་བཟོ་བྱ་དགོས་པའི་ཚུལ་རྣམས་སྒོ་དུ་མ་ནས་བསམས་ཏེ། ཡིད་འགྱུར་གྱི་མྱོང་བ་བརྟན་པོ་མ་སྐྱེས་པའི་བར་དུ་བསྒོམ། དེ་ཡང་བདག་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཕན་ཡོན་སྒོ་དུ་མ་ནས་བསམས་ཏེ་རང་གཅེས་འཛིན་གྱི་བློ་ངན་འདི་རྒུད་པ་ཐམས་ཅད་ཀྱི་འབྱུང་གནས་དང་། གཞན་གཅེས་འཛིན་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་ངེས་པ་བརྟན་པོ་རྙེད་པ་ཞིག་བྱ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་བསྐྱེད་པ་དང་། དམྱལ་བའི་སྡུག་བསྔལ་ནས་དགྲ་བཅོམ་པ་རྣམས་དབུ་བསྙུང་བ་ལྟ་བུའི་སྡུག་བསྔལ་ཕྲ་མོ་ཡོད་པ་དང་། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་ལ་གཉིས་སྣང་ཕྲ་མོ་ཡོད་པའི་བར་གྱི་སྡུག་བསྔལ་ཐམས་ཅད་གཏན་ནས་བྱང་བར་འདོད་པ་དང་། དེ་ཡང་སྨོན་པའི་ཡུལ་ཙམ་དུ་མ་བཞག་པར་རང་ཉིད་ཁོ་ནའི་ཁུར་དུ་འཁྱེར་བའི་གཞན་དོན་དོན་གཉེར་གྱི་བློ་དང་། དེ་ལྟ་བུའི་གཞན་དོན་རླབས་པོ་ཆེ་སྒྲུབ་པ་ལ་རང་ངོས་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་སངས་རྒྱས་ཀྱི་གོ་འཕང་དེ་ངེས་པར་ཅི་ནས་ཀྱང་ཐོབ་དགོས་པར་འདུག་སྙམ་པའི་ངེས་པའི་ཤེས་པ་བརྟན་པོ་བསྐྱེད་པ་བྱང་ཆུབ་དོན་གཉེར་གྱི་ཚུལ་ལ་བློ་གཞན་རྐྱེན་གང་གིས་ཀྱང་འཕྲོག་ཏུ་མི་ནུས་པ་བསྒོམ་པར་བྱའོ། །དེ་ནས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཁྱད་པར་ཞི་གནས་ལྷག་མཐོང་བསྒོམ་པ་ལ་རྩལ་དུ་འདོན་དགོས་ཏེ། དེའི་ཚུལ་ཡང་། དབུ་མ་རིག་ཚོགས་ནས་གསུངས་པའི་རིགས་པས་བདག་མེད་གཉིས་གཏན་ལ་ཕབ་སྟེ། དེ་ཉིད་ཡུལ་དུ་བྱས་ཏེ་དེའི་སྟོང་སེམས་འཇོག་པ་སོགས་སེམས་གནས་དགུ་ལ་བརྟེན་ནས་བྱིང་རྒོད་གང་གིས་ཀྱང་མི་གཡེང་བར་ཅི་འདོད་དུ་འཇོག་ནུས་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་འབད་པས་བསྒྲུབ། དེ་གྲུབ་པ་ན་སེམས་རྩེ་གཅིག་ཏུ་གནས་བཞིན་པའི་ངང་ནས་སོ་སོར་རྟོགས་པའི་ཤེས་རབ་ཁྱད་པར་ཅན་གྱིས་སེམས་ཀྱི་གནས་ལུགས་ལ་དཔྱད་དེ་ངེས་པ་འདྲེན་པ་དང་། ངེས་པའི་དོན་ལ་རྩེ་གཅིག་འཇོག་པ་དང་། རྗེས་ཐོབ་ཏུའང་གང་སྣང་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་བལྟ་ཞིང་སྣང་བ་རྟེན་འབྲེལ་དུ་འཆར་ཞིང་སྟོང་པར་འཆར་བ་དང་། སྣང་བས་ཡོད་མཐའ་སེལ་ཞིང་སྟོང་པས་མེད་མཐའ་སེལ་བ་བདེན་གཉིས་ཟུང་འཇུག་གི་ཚུལ་ངེས་པ་ཐག་ཆོད་པ་ཞིག་རྙེད་པར་བྱའོ། །དེ་ལྟར་སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱངས་པས་རང་དོན་ཡིད་བྱེད་མཐའ་དག་ལ་བློ་ལོག་སྟེ་གཞན་ཕྱིར་སངས་རྒྱས་ཐོབ་འདོད་ཀྱི་བློ་བཅོས་མིན་སྐྱེས་པ་ན། མྱུར་བ་མྱུར་བར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པར་བྱ་སྟེ། དེ་ཡང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དབང་དང་། དབང་གི་སྲོག་དམ་ཚིག་དང་སྡོམ་པ་དང་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཀྱི་ལམ་འཁོར་དང་བཅས་པ་ལ་བརྩོན་པར་བྱའོ། །དེ་ལྟར་འབད་པས་སྐྱེས་བུ་ཆུང་ངུའི་ལམ་ལ་སྦྱངས་པའི་ལག་རྗེས་སུ། ཚེ་འདིའི་བྱ་བ་ཐམས་ཅད་བྱིས་པའི་སྤྱོད་ཚུལ་དང་སྨྱོན་པའི་ཟློས་གར་ལྟ་བུར་མཐོང་ནས་ཚེ་འདི་ལ་མ་ཆགས་པར་འཇིག་རྟེན་ཕྱི་མའི་དོན་སྒྲུབ་པར་འདོད་པའི་བསམ་པ་བརྟན་པོ་ཞིག་སྐྱེ་བ་འབྱུང་། དེ་ནས་སྐྱེས་བུ་འབྲིང་གི་ལམ་ལ་སྦྱངས་པའི་ལག་རྗེས་ལ་སྲིད་རྩེ་ནས་མནར་མེད་བར་གྱི་ཁམས་གསུམ་འཁོར་བའི་གནས་ཐམས་ཅད་བཙོན་ར་དང་མེ་འབར་བའི་འོབས་ལྟར་མཐོང་ནས་སྲིད་པ་མཐའ་དག་ལ་ཞེན་པ་གཏིང་ནས་ལོག་སྟེ་ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་གྱི་བསམ་པ་བརྟན་པོ་སྐྱེས་ནས་ཐར་པ་ཐོབ་པའི་ཐབས་དམ་པ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ལྡོག་ཏུ་མེད་པའི་ངེས་ཤེས་དང་བརྩོན་འགྲུས་རྩོམ་ནུས་པ་ཞིག་འབྱུང་། དེ་ནས་སྐྱེས་བུ་ཆེན་པོའི་ལམ་ལ་སྦྱངས་པའི་ལག་རྗེས་ལ་འགྲོ་ཀུན་ཕ་མ་དྲིན་ཅན་དུ་མཐོང་ནས་ཉིན་མཚན་ཀུན་ཏུ་བྱམས་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ་ཞིང་རང་དོན་ཡིད་བྱེད་ཀྱི་བསམ་པ་ལས་ལོག་སྟེ་ཅི་བྱེད་གཞན་དོན་ཁོ་ནར་སྤྱོད་པ་དང་། བདག་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལྡོག་ཏུ་མེད་པ་སྐྱེས་ནས་དེས་ཀུན་ནས་བསླངས་ཏེ་སྒོ་གསུམ་གྱི་གཡོ་བ་ཐམས་ཅད་ཕར་ཕྱིན་དྲུག་ལས་མི་འདའ་བ་ཞིག་འབྱུང་། དེ་ནས་འགྲོ་བ་སྒྲོལ་བའི་སྙིང་སྟོབས་ཇེ་ཆེར་འཕེལ་ཏེ་གསང་སྔགས་ཀྱི་སྒོར་ཞུགས་པ་ནས་དམ་ཚིག་དང་སྡོམ་པ་སྲོག་ལས་ཀྱང་གཅེས་པར་སྲུང་བ་གཞིར་བཞག་ནས་རིམ་པ་དང་པོ་ལ་བསླབས་པས་ཡིད་ངོར་ཐ་མལ་གྱི་སྣང་ཞེན་འགོག་ཐུབ་པ་དང་། གང་ཤར་ཐམས་ཅད་དག་པ་རབ་འབྱམས་སུ་འཆར་བ། རྫོགས་རིམ་ཡོངས་རྫོགས་སྐྱེ་བའི་རྒྱུད་སྨིན་པ་ཞིག་འབྱུང་། དེ་ནས་རིམ་པ་གཉིས་པ་ལ་བསླབས། ལས་རླུང་གི་རྒྱུ་པ་དྷཱུ་ཏིར་འགགས་ནས་འོད་གསལ་འཆར་བ་དང་། དེ་ལས་ལྡང་བ་ན་མཚན་དཔེས་སྤྲས་པའི་དངོས་གནས་ལས་ཐོན་ཏེ་སྔགས་ལམ་གྱི་བསྒྲུབ་བྱ་མཐར་ཐུག་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཟུང་འཇུག་གི་སྐུ་འགྲུབ། སྐུ་དེའི་རིགས་འདྲའི་རྒྱུན་ལས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་འགྲུབ་སྟེ། དེ་ཐོབ་ནས་ཕྲིན་ལས་ཉི་ཤུ་རྩ་བདུན་གྱི་སྒོ་ནས་འགྲོ་ཀུན་མོས་ངོར་དང་འཚམས་པའི་སྤྲུལ་པས་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་བ་ཡིན་ནོ། །ཤུ་བྷཾ། ། ༈

ལམ་སྒྲོན་འགྲེལ་པ་ཕུལ་བྱུང་དགྱེས་པའི་མཆོད་སྤྲིན་ལས། སྐྱེས་བུའི་སྐད་དོད་པུ་རུ་ཥ་ནུས་ལྡན་ལ་འཇུག་པས། ཚེ་ཕྱི་མ་ཕན་ཆད་ཀྱི་དོན་བསྒྲུབ་ནུས་ཞིག་སྐབས་འདིར་བསྟན་གྱི་སྐྱེས་བུ་ཞེས་བྱ། དེ་ལའང་ཚེ་འདིའི་ཞེན་པ་ལོག་ནས་ཕྱི་མའི་འཁོར་བ་དེའི་ཆེད་དུ་ལས་འབྲས་ཀྱི་བླང་དོར་བསྒྲུབ་ནུས་པ་དང་། འཁོར་བ་མཐའ་དག་ལ་ཞེན་པ་ལོག་ནས་དེ་ལས་ཐར་པའི་ཆེད་དུ་ལམ་བསླབ་པ་གསུམ་བསྒྲུབ་ནུས་པ་དང་། སྲིད་ཞིའི་སྐྱོན་མཐོང་ནས་འགྲོ་ཀུན་སངས་རྒྱས་ཀྱི་ས་ལ་འགོད་པའི་ཁུར་འཁྱེར་ནུས་པ་སྟེ་ཆུང་འབྲིང་ཆེན་པོའོ། །སོ་སོའི་མཚན་ཉིད་ནི། ཕྱི་མ་ཕན་ཆད་སྒྲུབ་ནུས་ཀྱི་སྐྱེས་བུ་གང་ཞིག །སྦྱོར་བསམ་ཐབས་ཀྱི་ཁྱད་པར་སྡིག་སྤོང་དགེ་སྒྲུབ། བསམ་གཟུགས་བརྒྱད་སོགས་ཀྱི་དབྱེ་བ་གང་དག་གིས། འབྲས་བུའི་ཁྱད་པར་ལྷ་མིའི་གནས་ལུས་ལོངས་སྤྱོད་ཀྱིས་བསྡུས་པའི་སྲིད་པ་འཁོར་བའི་མངོན་མཐོའི་བདེ་བ་ཙམ་ལ་དམིགས་ནས། བསམ་པའི་ཁྱད་པར་རང་ཉིད་ཁོ་ནའི་དོན་དུའམ་ཆེད་དུ་དམིགས་ནས་དོན་དུ་གཉེར་བར་བྱེད་པ། འདིར་སྲིད་པའི་བདེ་བ་ཙམ་ཞེས་པས་ཐར་ལམ་སྒྲུབ་པའི་རྟེན་དོན་དུ་གཉེར་བའི་སྐྱེས་བུ་འབྲིང་གཅོད། རང་ཉིད་ཅེས་པས་བྱང་སེམས་ཀྱིས་གཞན་དོན་དུ་གཉེར་པ་གཅོད་ལ། འདིའི་ལམ་གྱི་དངོས་གཞི་མི་རྟག་པ། ཉེས་དམིགས། སྐྱབས་འགྲོ། ལས་འབྲས་བཅས་དམིགས་སྐོར་བཞི་དང་། བཤེས་གཉེན་བསྟེན་པ་དང་། དལ་འབྱོར་གྱི་ཆོས་སྐོར་གྱི་གསུམ་ཀའི་ལམ་གྱི་གཞི་རྟེན་དུ་བྱས་ནས། སྔོན་གྱི་ལམ་སྒྲོན་འགྲེལ་བ་རྣམས་སུ་རྒྱས་པར་གསུངས། གཉིས་པ་ནི། སྐྱེས་བུ་གང་ཞིག་བསམ་པའི་ཁྱད་པར་སྲིད་རྩེ་ནས་མནར་མེད་པར་ལས་ཉོན་གྱི་གཞན་དབང་དུ་སོང་བའི་སྡུག་བསྔལ་ཅན་འབའ་ཞིག་ཏུ་མཐོང་ནས། སྲིད་པ་དེ་རྨི་ལམ་ཙམ་དུའང་འདོད་པ་མེད་པར་རྒྱབ་ཀྱིས་ཕྱོགས་ཤིང་། སྦྱོར་བའི་ཁྱད་པར་བསམ་པ་དེའི་སྟོབས་ཀྱིས་སྒོ་གསུམ་གྱི་སྡིག་པའི་ལས་འཁོར་བ་དང་བཅས་པ་ལས་ལྡོག་པའི་བདག་ཉིད་ཅན་གྱི་བསླབ་གསུམ་གྱི་ཉམས་ལེན་ཅི་རིགས་ལ་གནས་པ་དང་། འབྲས་བུའི་ཁྱད་པར་རང་ཉིད་གཅིག་པུ་སྡུག་ཀུན་ཉེ་བར་ཞི་བའི་མྱང་འདས་ཙམ་དུ་གཉེར་བ་འབྲིང་པོ། འདིར་སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཞེས་པས་སྡུག་བདེན། སྡིག་པའི་ལས་ལས་ཞེས་པས་ཀུན་འབྱུང་། རང་ཞི་ཙམ་ཞེས་པས་འགོག་བདེན། ལྡོག་པའི་བདག་ཉིད་ཅེས་པས་ལམ་བདེན། དེས་ན་སྐྱེས་བུ་འབྲིང་ལ་ཐེག་པའི་སྒོ་ནས་ཉན་རང་གཉིས། བསྒོམ་བྱའི་སྒོ་ནས་བདེན་བཞི་དང་རྟེན་འབྲེལ་གཉིས། གང་ཟག་གི་བདག་མེད་ཐུན་མོང་བ་དང་། ཕྲ་མོ་སྒོམ་པ་གཉིས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་སོགས་ལྟར་ན་གཉིས་སྟོང་སྒོམ་པ་ཞིག་དང་གསུམ་ཡོད་དོ། །གསུམ་པ་སྐྱེས་བུ་གང་ཞིག་རང་ཉིད་སྡུག་བསྔལ་གྱིས་མནར་ཚུལ་རྒྱུད་སྟེང་དུ་ལེགས་པར་རྟོགས་ནས། ཚུལ་དེར་དཔག་པའི་བློས་སེམས་ཅན་གཞན་རྣམས་ཀྱང་དེ་དང་འདྲ་བར་སྡུག་བསྔལ་བ་ལ་མི་བཟོད་པའི་སྙིང་རྗེའི་སྟོབས་ཀྱིས་གཞན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་ཀུན། ཐབས་སྣ་ཚོགས་པ་ཀུན་གྱི་སྒོ་ནས་ཟད་པར་འདོད་པ་དེ་ནི་མཆོག་གོ །དགེ་བཤེས་ཚུལ་སེང་པའི་ཊཱི་ཀར། ཡང་ན་གསང་ཕུབས་རང་རྒྱུད་གཏོགས་པ་སྟེ་བདག་གི་རྒྱུད་དུ་གཏོགས་པའི་སྡུག་བསྔལ་གྱིས་སེམས་ཅན་མ་ཟད་བར་དུ་སྡུག་བསྔལ་ཐམས་ཅད་འཁུར་བར་འདོད་པ་སྨོན་པའི་སེམས་བསྐྱེད་ཅེས་སོགས་གསུངས། འདི་ལ་ལྟ་བའི་སྒོ་ནས་དབུ་སེམས། ཐེག་པའི་སྒོ་ནས་མདོ་སྔགས་གཉིས་སོ། །སྒོམ་རིམ། འཇུག་པ། དབུ་མ་རྒྱན། བསླབ་བཏུས། བེ་བུམ་སྔོན་པོ་སོགས་སུ་ལམ་གྱི་ཆིངས་མི་འདྲ་བ་དུ་མ་ཞིག་མཛད་ཀྱང་། འདིར་སེམས་བསྐྱེད་ཆོག་དང་བཅས་པ། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ། བསླབས་པའི་འབྲས་བུ་ངོས་བཟུང་བ་གསུམ་དུ་བསྡུ་བར་མཛད་དོ། །ཆུང་ངུ་འབྲིང་དང་མཆོག་གྱུར་པའི། སྐྱེས་བུ་གསུམ་དུ་ཤེས་པར་བྱ། ཞེས་དང་། གང་ཞིག་ཐབས་ནི་གང་དག་གིས་འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཤེས་བྱ། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་དག །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སོ།། །། ༈ རྒྱ་སྐད་སྨོས་པ་ལ། བྱས་པ་ཤེས་ཤིང་དྲིན་དུ་བཟོ་བ། ཆོས་ཁུངས་བཙུན་པར་ཤེས་པ། ལེགས་སྦྱར་གྱི་སྐད་ཤེས་པ་དང་པོ་ནི། སྤྲང་པོ་ལའང་ཨཱ་ཙཪྻ་ཞེས་འབོད། གཉིས་པ་ནི། །ཁམས་གསུམ་ཨཱ་ཙཪྻའི་གཏམ་རྒྱུད་ཀྱིས་ཤེས། གསུམ་པ་ནི། མུ་རུབ་ལོ་ཙཱ་བས་མདོ་སྡེ་མང་པོའི་མཚན་གྱི་སྐད་དོད་ལ་བརྟེན་ནས་ལོ་ཙཱ་བ་ཤེས།། །། ༈

སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་འབྱོངས་པ་ཞིག་བྱུང་ན་ཚེ་བློས་བཏང་གི་གང་ཟག་ཟེར་བ་ཡིན། དེ་ལའང་གཏད་པ་བཞི། རྡོ་རྗེ་གསུམ། བུད་སྙེགས་ཐོབ་གསུམ་གྱི་བསམ་སྦྱོར་དགོས། བློ་ཕུག་ཆོས་ལ་གཏད་དགོས་ཏེ། འཆི་བའི་རྩ་བ་གསུམ་བསམ་དགོས་པའི་ཕྱིར། ཆོས་ཕུག་སྤྲང་ལ་གཏད་དགོས་ཏེ། དེ་ཡང་སྤྲང་འཁྱམ་བྱེད་པ་ཙམ་མ་ཡིན་ཏེ། འདོད་པའི་བློ་སྣ་བཟློག་དགོས་པ་ལ་ཟེར། དེས་ཕྱི་མ་ཕན་ཆད་ཀྱི་སྐྱིད་མགོ་ཚུགས་པའི་ཕྱིར། དེས་ན་ཆོས་འཇིག་རྟེན་གཉིས་ཀ་མཉམ་དུ་གྲུབ་པའི་དཔེ་མེད། སྤྲང་ཕུག་ཤི་ལ་གཏད་དགོས་ཏེ། འབྱོར་དབུལ་གཉིས་ཀ་འཆི་ཡང་། ཆོས་བྱས་ནས་འཆི་བ་ནི་ཁྱད་པར་ཆེ། འདིར་སྣང་གི་འཁྲི་བ་བཅད་པས་སྤྲང་ལ་ཐུག་ཀྱང་ཆོས་མི་གཏོང་། སྤྲང་ཐ་ཤི་ལ་ཐུག་ཀྱང་ཆོས་མི་གཏོང་བ་ཞིག་དགོས་པའི་ཕྱིར། ཤི་ཕུག་བྲག་པོ་སྐམ་པོ་ལ་གཏད་དགོས་ཏེ། ཚེ་འདིའི་འབྱོར་འཁོར་བུན་ལང་གིས་ཤི་ཚེ་གནོད་མ་གཏོགས་ཕན་མི་བཏགས་པའི་ཕྱིར། དེའང་ཡིན་ཏེ། བདག་ཅག་གི་སྟོན་པས་རབ་ཏུ་བྱུང་བ་དང་། འཚོ་བ་དཀའ་ཐུབ་ལ་བརྟེན་པ་དང་། ལོ་དྲུག་ཏུ་དཀའ་ཐུབ་ལས་གཞན་པའི་འཚོ་ཐབས་མི་མཛད་པ་དང་བཞུགས་གནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་ཙམ་ལ་བརྟེན་པས་དེ་དང་དེ་གྲུབ་པའི་ཕྱིར། ཐེབ་མེད་རྡོ་རྗེ་སྔོན་ལ་བཏང་བཤོལ། མི་འགྱུར་བ། དགོས་པར་གྲུབ་སྟེ། རྒྱལ་པོ་སོགས་ཀྱིས་བཤོལ་ཐབས་མེད་པ་དང་། ཁྲེལ་མེད་རྡོ་རྗེ་རྗེས་ལ་འཇོག་དགོས་ཏེ། རྒྱལ་པོ་འཁོར་བཅས་མྱ་ངན་གྱིས་གདུང་ཡང་མ་གཟིགས་པ་དང་། ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་དགོས་པར་གྲུབ་སྟེ། ལོ་དྲུག་ཏུ་མཁའ་ཁྱབ་ཀྱི་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་ཕྱིར། གཞན་ཡང་རྒྱལ་པོའི་སྲིད་སྤངས་ནས་གཅིག་པུར་ཐོབ་པས་མི་གྲལ་ནས་བུད། ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་ཀྱིས་འདའ་བའི་ཚེ་ཕྱུགས་རྫི་སོགས་ཀྱིས་འཕྱང་བས་ཁྱི་གྲལ་དུ་སྙེགས་པ་དང་། མཐར་སངས་རྒྱས་ནས་ལྷ་དང་བཅས་པའི་ཚོགས་ཀྱི་དབུས་ན་མངོན་པར་མཐོ་བ་སྟོན་པ་ཡང་དག་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་དོ།། །། ༈

ལམ་སྦྱང་བསྟན་ཞེས་གྲགས་པའི་ལམ་ནི། ཚོགས་སྦྱོར་མཐོང་སྒོམ་བླ་ན་མེད་པའི་ཁྱད་པར་བྱང་ཆུབ་བར་ཆད་མེད་ལམ་སྟེ་དྲུག་གོ །སྦྱངས་ནི་སྤྱིར་སྡིག་པ་དང་ལམ་ཕྱི་མ་གཉིས་ལ་སྒྲིབ་གཉིས་སྦྱང་བའོ། །བསྟན་པ་ནི་ཁྱད་པར་གྱི་ལམ་བདེ་བ་ཅན་དུ་གནས་སྤོར་བ་མངོན་མཐོའི་ལམ་དང་། བར་ཆད་མེད་པའི་ལམ་བྱང་ཆུབ་ཆེན་པོར་གནས་སྤོར་བ་ངེས་ལེགས་ཀྱི་ལམ་བསྟན་པའོ། །ཡང་གཞུང་དང་སྦྱར་ན། དཀོན་མཆོག་རིན་ཆེན་དཔལ་ཞེས་པ་ནི་བདག་མདུན་གྱི་དཀྱིལ་འཁོར། དཀོན་མཆོག་རིན་ཆེན་ལས་བྱུང་བ། ཞེས་པ་ནི། དེ་དག་མཆོད་བསྟོད་སོགས་བྱས་པས་བསོད་ནམས་ཀྱི་ཚོགས་གསོག །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། ཞེས་པ་ནི། དེ་དག་གི་བྱིན་རླབས་སོ། །རིན་ཆེན་ཕྲེང་བ་རྣམ་དག །ཅེས་པ་ནི། དེ་དག་གི་བྱིན་རླབས་ལ་བརྟེན་ནས་སྒྲུབ་པ་པོའི་རྒྱུད་ཡོངས་སུ་དག་པས། གཞན་དོན་བྱེད་པའི་མཐུ་དང་ལྡན་པའོ། །དེ་དག་ནི་གཞན་དོན་རྒྱུ་རྐྱེན་ཚོགས་པའི་ཚོགས་ལམ་མོ། །བརྟེན་བསྐྱེད་ནས་ཕྱག་གི་བར་གྱིས་ནི། གཞན་དོན་རྒྱ་ཆེན་པོ་ལ་སྦྱོར་བས་སྦྱོར་ལམ་མོ། །དེ་ནས་དཀྱིལ་འཁོར་བསྟན་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་མཐོང་བ་ནི་མཐོང་ལམ་མོ། །དེ་ནས་མཐོང་ཟིན་གྱི་དོན་ཡིད་ལ་བསྒོམ་པ་སྒོམ་ལམ་མོ། །གང་ཟག་གི་བདག་མེད་བསྟན་ནས་རྒྱལ་བའི་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་སྤོར་པ་ནི་ཁྱད་པར་གྱི་ལམ་མོ། །དེ་ནས་ཕུང་ཁམས་སྒྱུ་མ་ལྟ་བུའི་གང་ཟག་དེ། འདུན་པ་སྨོན་ལམ་གྱིས་མཚམས་སྦྱར་ནས་བདེ་བ་ཅན་དུ་གནས་སྤོར་བ་ནི་ཁྱད་པར་གྱི་ལམ་མོ། །དེ་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་བག་ཆགས་མ་ལུས་པ་ཡེ་ཤེས་ཀྱི་མེས་བསྲེགས་ནས་རྒྱལ་བའི་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་བསྒྱུར་བ་འདི་ནི་བྱང་ཆུབ་བར་ཆད་མེད་པའི་ལམ་མོ། །ཞེས་གཙུག་དགུ་ནས་འབྱུང་བ་ལས་ཟུར་དུ་བཀོལ་བའོ།། །། ༈ སློབ་དཔོན་རབ་ཏུ་དགའ་བའི་རྡོ་རྗེས་མཛད་པའི་མཉམ་སྦྱོར་གྱི་འགྲེལ་པར། ཐེག་པ་ཆེན་པོའི་ཡོན་ཏན་རྒྱས་པ་མ་ལུས་པས་དུས་གསུམ་དུ་རྒྱལ་བ་ཐམས་ཅད་ལ་བསྟོད་པར་བྱའོ། །དེ་ཡང་མཉམ་ཉིད་མི་གཡོ། ཞེས་པ་ནས། མཆོག་ཆོས་ཅན། ཞེས་པའི་བར་གྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ། ཞེས་པ་ནས། ངེས་པར་སྩོལ་གྱི་བར་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། རྟག་ཏུ་དྲི་མ་མེད་པ། ཞེས་པ་ནས། རྟག་ཏུ་རྣམ་པར་སྣང་། ཞེས་པའི་བར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། ཚད་མེད་ཚད་དང་བྲལ་བའི། ཞེས་བྱ་བ་ནས། ཡོངས་སུ་མི་འགྱུར་ཞེས་བྱ་བའི་བར་གྱིས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཞེས་པ་ནས། བདག་ལ་སྩོལ་ཞེས་པའི་བར་གྱིས་ཆོས་དབྱིངས་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ཡིན་ནོ། །ཞེས་གསུངས།། །། ༈ མཉྫུ་གྷོ་ཥ་པུཎྱ་ནི་རཱ་བྷོ་གས། རྩ་རྒྱུད་ལས། ངོ་བོས་གཟུགས་མེད་སོགས་ཀྱི་དོན། རྗེ་བཙུན་མཆེད་ཀྱིས། སེམས་མེད་ཅེས་པའི་དོན་འཆད་པ་ན། རྣལ་འབྱོར་སྤྱོད་པ་རྣམས་ནི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཙམ་ལ་འདོད་དོ། །ཞེས་སློབ་དཔོན་ཤཱནྟི་པས་མུ་ཏིག་ཕྲེང་བར། གཟུང་བ་ཀུན་བརྟགས་ཕྱིའི་སྐྱེ་མཆེད་དྲུག་ངོ་བོས་མེད་དེ། བྱིས་པས་དངོས་པོར་བརྟགས་པ་ལྟར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །འཛིན་པ་ཀུན་བཏགས་ནི་རྟེན་དབང་པོ་དྲུག་དང་། རྣམ་པར་ཤེས་པ་དྲུག་ལ་འཛིན་པར་བརྟགས་པ་ཉིད་ཡིན་ལ། དེ་ཡང་ཇི་ལྟར་བརྟགས་པ་དེ་ལྟར་ངོ་བོ་མེད་དེ། གཟུང་བ་མེད་ན་འཛིན་པ་མེད་པའི་ཕྱིར་རོ། །ཞེས་སེམས་སྤྱི་ལུགས་ཏེ། རྣམ་ཤེས་ཚོགས་དྲུག་གི་འཛིན་པ་ཀུན་བརྟགས་ཀྱི་ཆ་རྣམས་ངོ་བོས་མ་གྲུབ་པ་དང་། དབང་པོ་དྲུག་ལ་འཛིན་པར་བཏགས་པའི་ཆ་རྣམས་ཀྱང་ངོ་བོ་མེད་པར་འཆད་པ་ཡིན་གྱི། རྣམ་ཤེས་ཚོགས་དྲུག་ཉིད་ངོ་བོས་མ་གྲུབ་པའམ་རྫས་སུ་མ་གྲུབ་པར་འདོད་པ་མ་ཡིན་ནོ། །སྤྱི་ལྟར་ན་གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་ཅེས་བཏགས་པའི་རྗེས་སུ་འབྲངས་ཏེ་ཚོགས་བརྒྱད་ཀའི་ཀུན་བརྟགས་ཀྱི་ཆ་ངོ་བོས་མེད་ཅེས་བཤད་དུ་རུང་བར་སེམས། གང་ལྟར་ཚོགས་དྲུག་སོགས་ངོ་བོས་གྲུབ་པ་ཡིན་གྱི། དེ་དག་གི་ཀུན་ཏུ་བརྟགས་པའི་ཆ་ནི་གཉིས་སྣང་འཁྲུལ་པའི་ཚུལ་དུ་རྫས་སུ་གྲུབ་ཀྱི། ངོ་བོས་གྲུབ་པ་མ་ཡིན་ནོ། །ཞེས་བཞེད་པ་ལགས།། །། ༈

ཆོས་རྗེ་རྣམ་རྒྱལ་དཔལ་བཟང་གི་དྲིས་ལན་དུ། །རྔོག་ལོའི་སྤྲིངས་ཡིག་ལས། །རྨི་ལམ་གྲོང་ཁྱེར་ཞིག་གོ་ཞེས། །འཛིན་པའི་རྣམ་རྟོག་གང་ཡིན་དེས། །བཏགས་དོན་གྲོང་གི་ཞིག་པ་ཉིད། །གྲོང་ཉིད་མེད་ན་མེད་པ་ལྟར། །ཡང་དག་ཉིད་དུ་དངོས་མེད་ཅེས། །འཛིན་པའི་བློ་ཡིས་བཏགས་པའི་དོན། །ཡང་དག་བཀག་པ་མེད་ཉིད་ཀྱང་། །ཡང་དག་དངོས་པོར་མེད་པ་མིན། །འདི་ལྟར་ཡུལ་མེད་པ་ལ་ནི། །དགག་པ་འཇུག་པར་སྲིད་མ་ཡིན། །དེས་ན་མེད་ཅེས་ངེས་བྱ་བ། །དགག་པའི་དངོས་པོ་མ་གྲུབ་པས། །དེ་ཚེ་བཀག་པ་རྟེན་བྲལ་བས། །བློ་ཡི་མདུན་ན་གནས་མི་འགྱུར། །དེ་ལྟར་དངོས་པོ་ཡོད་མིན་ལ། །དེ་བཀག་པ་ཡང་མ་གྲུབ་ན། །དེ་གཉིས་ལས་འདས་དོན་འགའ་ཡང་། །འཛིན་པའི་ཡུལ་དུ་འགྲོ་མི་སྲིད། ཅེས་གསལ་བར་གསུངས་པའི་ཕྱིར་དང་། བདེན་གཉིས་འགྲེལ་པར་དོན་དམ་ཤེས་བྱ་མ་ཡིན་པར་འཆད་པས་ན། རྗེ་བཙུན་ས་སྐྱ་པའི་བཞེད་པ་སྙིང་པོའི་དགོངས་པ་རང་བཞིན་མེད་པའི་སྟོང་ཉིད་ལ་བཞེད་པ་གཉིས་དགོངས་པ་གཅིག་གོ །གལ་ཏེ་མེད་དགག་ལ་བཞེད་སྙམ་ན། མ་ཡིན་ཏེ། དེ་ལྟར་ན་དོན་དམ་ཤེས་བརྗོད་ཀྱི་ཡུལ་དུ་བཞེད་དགོས་ཏེ། གཞན་སེལ་མེད་དགག་གི་མ་རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར་རོ། །འོ་ན། ཚད་མས་རྣམ་གནས་དོན་གྱི་ཆ་ལ་རྣམ་དཔྱོད་བློས། །དོན་དེ་བཀག་ནས་གཞན་སྒྲུབ་མེད་ཅེས་ངེས་པར་བཟུང་། ཞེས་གསུངས་པ་ཅི་ཞེ་ན། འདི་ནི་གཞན་སེལ་གྱི་དགག་སྒྲུབ་བྱེད་པའི་སྐབས་ཀྱི་རྣམ་གྲངས་པའི་དོན་དམ་སྟོན་པའི་སྐབས་ཡིན་པས་དོན་དམ་རྣལ་མ་དང་མི་འདྲའོ།། །། ༈

རང་ལུགས་ཀྱི་བླ་མ་གོང་མ་འགས་བདེ་གཤེགས་སྙིང་པོ་དེ་ཆོས་ཅན་གསལ་བའི་ལྡོག་ཆར་འཆད་ཀྱང་། དེ་ལྟ་ན་རང་བཞིན་གནས་རིགས་ལ་ཡང་ཆོས་ཅན་གསལ་བའི་ལྡོག་པ་ནས་བཤད་པ་ཡོད་དགོས་པར་ཐལ་བའི་ཕྱིར། འདིར་ནི། ཟུང་འཇུག་སྤྲོས་བྲལ་ཁོ་ནའི་ལྡོག་པ་ནས་སྙིང་པོའི་མཐར་ཐུག་སྟོན་པར་འདོད་དེ། ངེས་དོན་གྱི་ལྟ་བ་རྙེད་ཅིང་སྤྲོས་བྲལ་དུ་གཏན་ལ་ཕབ་ནས། རྗེས་ཐོབ་ཕྱིན་དྲུག་གིས་བསྡུས་པའི་དགེ་བ་ཐམས་ཅད་དང་ཁྱད་པར་བསྔོ་བ་ལྟ་བུ་ཡང་དམིགས་མེད་ཤེས་རབ་ཀྱི་རྒྱས་བཏབ་སྟེ། བསྔོ་བྱའི་དགེ་བ་ཉིད་ཀྱང་ཡོད་མེད་ལས་འདས་པར་ཤེས་པར་བྱ་སྟེ། ཡོངས་སུ་མི་བསྔོ་བའི་ཚུལ་གྱིས་བསྔོ་བའི་ཚེ། ཆོས་ཉིད་དོན་དམ་བདེ་གཤེགས་སྙིང་པོ་ལ་ཡོད་པར་འཛིན་པ་ལྟ་ཅི་སྨོས། ཆོས་ཅན་ཐམས་ཅད་ཀྱང་ཡོད་མེད་ལས་འདས་པར་ཤེས་པའི་ངང་། དེ་དག་ཉམས་སུ་ལེན་པ་མི་འདོར་བ་སྒྱུ་མ་ལྟ་བུའི་ངང་ནས་ཀུན་ཏུ་སྤྱོད་པ་ནི་ཟུང་འཇུག་ཏུ་ཉམས་སུ་ལེན་པ་སྟེ། སྒྱུ་མའི་རྟ་གླང་དུ་ཤེས་པའི་གང་ཟག་གིས། སྒྱུ་མའི་རྟ་གླང་དེ་དག་ཡོད་མེད་གང་དུའང་རང་གི་བློ་ནས་ཁས་མི་ལེན་པ་བཞིན་ནོ། །འོན་ཀྱང་གང་ཟག་དེས་གཞན་དང་རྗེས་སུ་མཐུན་པའི་ཐ་སྙད་བཞག་པའི་ཚེ། འདི་ནི་རྟའོ། །འདི་ནི་གླང་པོའོ། །ཞེས་སོགས་གཞན་ལ་བརྗོད་དུ་རུང་བ་ལྟར། གོང་དུ་བསྟན་པའི་ལྟ་བ་རྙེད་པའི་གང་ཟག་དེ་དག་གིས་ཀྱང་། མཉམ་གཞག་ལྟ་ཞོག །རྗེས་ཐོབ་ཏུ་སྣང་བ་འདི་ཡང་། རང་གི་ཤེས་རབ་ཀྱི་ངོས་ནས་ཡོད་མེད་ཀྱི་ཐ་སྙད་མི་འདོགས་ཤིང་། འཛིན་པ་གང་ཡང་མི་བྱེད་མོད་ཀྱི། གཞན་ལ་གོ་བར་བྱ་བའི་ཆེད་དུ་ནི། མེད་ཀྱང་ཡོད་དོ་ཞེས། འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། ཅེས་བཤད་པ་ལྟ་བུ་ཐ་སྙད་སྣ་ཚོགས་འདོགས་པར་བྱེད་དོ། །དེས་ན་ཉམས་ལེན་གྱི་མཐར་ཐུག་འདི་ལྟ་བུ་དང་བསྟུན་ན། ཆོས་ཉིད་དོན་དམ་ཡོད་པའི་དགེ་བར་ཁས་བླངས་ནས། བསྔོ་བ་བྱེད་པ་སོགས་དབུ་མའི་ཉམས་ལེན་གྱི་གནད་བཅོས་པ་སྟེ། འཁོར་འདས་དབྱེར་མེད་ཀྱི་ལྟ་བས་མ་ཟིན་པའི་བསྔོ་བ་ལ་མཆོག་ཏུ་བཟུང་བའི་ཕྱིར་རོ། །འདིར་ཆོས་ཐམས་ཅད་ཡོད་མེད་ལས་འདས་པར་འཆད་པའི་སྐབས་ཡིན་ཀྱང་། ཆོས་ཉིད་དམ་སྙིང་པོ་ཡོད་པ་དྲང་དོན་དུ་འཆད་པ་ནི། ཀུན་རྫོབ་བདེན་པ་མེད་ཀྱང་དོན་དམ་བདེན་པར་ཡོད་པར་འདོད་པ་དག་གི་ལོག་རྟོག་འགོག་པའི་སྐབས་ཡིན་པས་སོ། །འདི་ཙམ་ཞིག་གོ་ནའང་སྡོམ་གསུམ་གྱི་སྙིང་པོ་འཆད་པའི་སྐབས་ཀྱི་དོགས་པ་ཐམས་ཅད་རང་གྲོལ་ཏུ་འགྲོའོ།། །། ༈

རྒྱུད་སྡེ་སྤྱི་རྣམ་དུ། ལམ་གཅིག་ལ་འབྲས་བུ་གསུམ་དུ་འདོད་པ་ཟླ་བའི་ལུགས་སུ་བཤད་ནས། དེ་ཉིད་དགོངས་པ་ཅན་དུ་བསྟན་པ་ནི། ཟླ་བས་ཐེག་ཆེན་གཅིག་ཁོ་ནས་རིགས་ཅན་གསུམ་ཀ་གྲོལ་བར་བཤད་པ། དེའི་ལམ་གྱི་ཕྱོགས་བལྟ་བའི་ཆ་ཁོ་ནས་གྲོལ་བར་དགོངས་པ་ཡིན་ཏེ། གཞན་དུ་ན་རྒྱུད་སྨིན་བྱེད་ལམ་གསུམ་སོ་སོར་གསུངས་པའི་ཕྱིར་རོ། །དེས་ན་གྲོལ་བྱེད་རྟོགས་པའི་ལྟ་བ་ཁོ་ན་ཡིན་པར་དགོངས་སོ། །འདིར་ནི་མཐར་ཐུག་གི་འབྲས་བུར་ལྟོས་པའི་ཐེག་ཆེན་གྱི་ལམ་ཁོ་ན་འཆད་པ་ཡིན་ཏེ། དེའི་ཚེ་མཐར་ཐུག་གི་འབྲས་བུ་ཐབས་ཤེས་ཟུང་འཇུག་གཅིག་ཡིན་པ་ལྟར་དུ། དེ་ལ་ལྟོས་པའི་ཐེག་ཆེན་གྱི་ལམ་ཡང་ཐབས་ཤེས་ཡ་བྲལ་མ་ཡིན་པར་ཟུང་དུ་འཇུག་པའི་ལམ་གཅིག་ཉིད་ཡིན་ཅེས་སྟོན་པ་ན། སྤྱི་རྣམ་ལས་ཀྱང་ལམ་གཅིག་ལ་འབྲས་བུ་གཅིག་ཏུ་འདོད་པ་དང་། གནས་སྐབས་ལམ་གསུམ་ལ་མཐར་ཐུག་འབྲས་བུ་གཅིག་ཏུ་འདོད་པ་གཉིས་དོན་གཅིག་པར་གསུངས་པའི་དགོངས་པ་ཡང་གྲུབ་བོ། །མདོར་ན་སློབ་དཔོན་ཟླ་བས་རིགས་ཅན་གསུམ་ཀ་ཐེག་པ་ཆེན་པོའི་ལམ་གཅིག་གིས་གྲོལ་བར་བཤད་པ་དེ་སྒྲ་ཇི་བཞིན་བ་མ་ཡིན་གྱི་ལམ་གྱི་ཕྱོགས་གཅིག་ལྟ་བའི་ཆས་གྲོལ་བ་ལ་དགོངས་ཞེས་པའོ། །དེའང་ཕྱོགས་རེ་བ་མ་ཡིན་ཏེ། རང་རང་གི་སྨིན་བྱེད་དང་བཅས་པས་སོ། །འོ་ན་ཉན་ཐོས་རྣམས་ལ་ཐེག་ཆེན་གྱི་ལྟ་བ་ཡོད་དམ་ཞེ་ན། ཐེག་ཆེན་གྱི་གང་ཟག་གི་རྟོགས་པ་དང་མཚུངས་པའི་རྟོགས་ཚུལ་ཉན་རང་འཕགས་པ་རྣམས་ལ་ཡང་ཡོད་པས་ཐེག་ཆེན་གྱི་ལྟ་བ་ཡོད་ཅེས་བཏགས་སོ། །གཞན་ཡང་ཟླ་བས་ཉན་རང་དགྲ་བཅོམ་ལྷག་མེད་དུ་མྱ་ངན་ལས་འདས་པ་ཕྱིན་ཆད་སྐྱེ་བ་གཏན་མི་བཞེས་པ་ལྟ་བུར་གསུངས་པའང་དགོངས་པ་ཅན་ཏེ་མཐར་ཐུག་ཐེག་པ་གསུམ་དུ་འགྲོ་བའི་ཕྱིར་རོ།། །། ༈ ཀུན་སྤྱོད་ལས་ཕག་མོའི་ཕྱག་མཚན་རྡོ་རྗེ་ཀྱང་པ་ལ་གྲི་གུག་མེད་པ་ལྟ་བུ་ནི་འགྱུར་མ་ཐོན་པ་ཡིན་ནོ། ། ༈

མངོན་པའི་ལུགས་དང་། །ཕྱི་རོལ་པ་འདོད་པའི་གངས་ཅན་མཐུན་ཀྱང་། ཕྱི་མར་མ་དྲོས་པའི་ཐ་སྙད་མ་བཤད་ལ། ཆུ་བོ་བདུན་གྱིས་གཞི་དེ་མ་དྲོས་པར་བྱེད་དམ་སྙམ། ཏི་སེ་ལ། ཀེ་དཱ་ར་ཞེས་ཟེར་བ་ནི། ཁ་ཆེ་དང་འབྲི་ལིའི་མཚམས་ཀྱི་གནས་ཆེན་དེར་གྲགས། པུ་ལི་རཱ་མ་ཞེས། སྐྱེས་བུའི་རྟགས་ལ་དགའ་བ་ཞེས་ཡུལ་དེ་སྨད་འཚོང་མས་གང་བ་ཞིག་གོ་ཞེས་རྒྱ་གར་བ་འགའ་རེ་ཟེར། པཱུཪྞྜ་ནི་རི་དང་གཅིག་པའི་དབང་དུ་བྱས་ན། གང་བའི་རིའོ། །པྲེ་ཏ་པཱུ་རི་སཾ་གྷ་ཊ། ཞེས་པ། རབ་འོངས་དགེ་འདུན་དུ་བསྒྱུར་ནས། དགེ་སློང་བཞི་ཚོགས་པར་དགེ་འདུན་ཟེར་བ་བཞིན། རོ་བཞི་ཡན་ཆད་ཚོགས་པ་ལ་བཞེད་པ་མར་ལུགས་པ་འདོད་ཀྱང་། འགོས་འགྱུར་དུ། ཡིད་བཏགས་མཆོག་འདུས་ཆུ་བོའི་འགྲམ། ཞེས་བསྒྱུར་བ་ལེགས་སམ་སྙམ་མོད་དཔྱད་པར་བྱའོ། ། ༈ དྲིས་ལན་དོན་གསུམ་གསལ་བྱེད་ལས། སེམས་ཅན་ཐམས་ཅད་ལ་སྙིང་པོ་ཡོད་པར་བསྒྲུབས་པ་ཙམ་གྱིས་སྐྱོན་ལྔ་སྤོང་མི་ནུས་ཀྱི། མཚན་དཔེ་གསལ་རྫོགས་ཚུལ་གྱིས་ཡོད་པས་སྤང་དགོས། ཀྱེ་རྡོར་ལས། ཡུལ་དང་ཡུལ་ཅན་སོགས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོད་པར་གསུངས་པ། རང་བཞིན་གདོད་ནས་སོགས་ཀྱིས་ཡོད་པར་གསུངས་པའི་དགོངས་གཞི་ནི་སྣང་ཚོད་ཙམ་དུ་གྲུབ་པས་རྫུན་པ་མ་ཡིན་པ་ལ་དགོངས། དགོས་པ་ནི་རིལ་བོ་དང་། གཟུགས་དང་། གཟུགས་སེམས་གཉིས་ཀ་ལ་བདག་ཏུ་འཛིན་པའི་གཉེན་པོར་གསུངས། དངོས་ལ་གནོད་བྱེད་ནི། དེ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་གཅིག་ལ་རྡུལ་དྲུག་འདུས་པའི་རིག་པ་དང་། སྐད་ཅིག་མའང་ཆ་ཤས་གསུམ་དུ་བྱེ་བའི་རིག་པས་བརྟགས་ན་མི་རྙེད་པས་བདེན་པ་མ་ཡིན་ཏེ། དེ་དག་ནི་དཔེར་ན་ཆུ་ཟླ་བཞིན་ནོ། །མདོར་ན་ཡོད་མེད་དུ་གསུངས་པ་ཐམས་ཅད་དགོངས་པ་ཅན་དུ་ཤེས་ན་དབུ་མའི་དོན་ལ་ཉེའོ། །ཐ་སྙད་ལ་གནས་ནས་བདེན་གཉིས་ཀྱི་རྣམ་གཞག་བྱེད་པའི་ཚེ། རང་བཞིན་ལྷན་སྐྱེས་དང་། དཔེ་དགུས་བསྟན་པའི་གཤེགས་སྙིང་གཉིས་ཀ་དོན་དམ་དུ་འཆད་ལ། ངེས་དོན་ལ་གནས་ནས་འཆད་པའི་ཚེ། དེ་གཉིས་རང་གི་ངོ་བོས་མ་གྲུབ་པས་ཡོད་པར་གསུངས་པ་དགོངས་པ་ཅན་ནོ་ཞེས་འཆད་དགོས། འདི་ལ་མྱང་འདས་ཀྱི་ལུང་གིས། དེ་བཞིན་གཤེགས་པའི་སྙིང་པོ་སྒྱུ་མ་ཙམ་དུ་སྒྲུབ་པ་དྲང་དོན་དུ་བཤད་པ་ཡོད། གཤེགས་སྙིང་གི་དགོངས་གཞི་སྟོང་ཉིད་ཡིན་ཞེས་གསུངས་པ་ནི། རང་བཞིན་སྤྲོས་བྲལ་སྟོང་པ་ཉིད་ལས་སྣ་ཚོགས་སུ་འབྱུང་དུ་རུང་བའི་རྟེན་ཅིང་འབྲེལ་འབྱུང་སྐྱེ་བ་མེད་པ་ཉིད་ཀྱི་ཆ་ནས་སྟོན་གྱི་ཆོས་ཉིད་སྤྲོས་བྲལ་གྱི་ཆ་ནས་ཁས་ལེན་དུ་མི་རུང་སྟེ། དེ་ནི་ཡོད་མེད་ལས་འདས་པའི་ཕྱིར། གངས་ལས་བྱུང་བའི་ཆུ་ལ་གངས་ཆུ་ཞེས་སྒྲ་བསྡུས་པ་ལྟ་བུའོ། །རང་གི་གོ་ཚོད་ལ་སྤྲོས་བྲལ་སྙིང་པོར་བཤད་ནས། དེ་དོན་དམ་དུ་ཡོད་མེད་ལས་འདས་པ་དང་། ཐ་སྙད་དུ་ཡོད་པའི་སྒྲུབ་བྱེད་དང་། གཞན་གྱི་འདོད་པ་ལྟར་ཡོད་པ་ལ་ཐ་སྙད་དུའང་གནོད་བྱེད་དེ་རིམ་པ་གསུམ་དུ་བཤད་ན་གཞུང་དང་འགྲིགས་གམ་སྙམ་མོ། །འདིའི་ཚེ་སྤྲོས་བྲལ་ཉིད་སྙིང་པོ་སྒྲ་གཞན་གྱི་ཚུལ་གྱིས་ཡོད་པར་གསུངས་པ་དགོངས་གཞིར་ཁས་བླང་ཆོག་གོ། ། ༈ ཀུན་གཞི་རྒྱུ་རྒྱུད་ནི། གནས་ལུགས་སྟོང་པ་ཉིད་ལ་མི་འདོད་དེ། དེ་རྟེན་འབྲེལ་གྱི་རང་བཞིན་ཡིན་ཀྱང་། དེའི་རང་བཞིན་རྟེན་འབྲེལ་ལས་འདས་ལ། སྐབས་འདིར་ནི་རྟེན་འབྲེལ་ལྔའི་ཡིག་ཆུང་ལས་དོན་བྱེད་ནུས་པའི་དངོས་པོར་བཤད་པའི་ཕྱིར་རོ། །དངོས་སྨྲའི་གཞུང་ལས་བཤད་པ་དེའང་མིན་ཏེ། དེ་དག་གིས་འདོད་པ་ལྟར་གྱི་ཀུན་གཞི་ཡོད་པར་མི་འགྲུབ་པས་སོ། །དེས་ན་སེམས་ཀྱི་རང་བཞིན་གསལ་བ་དང་། རྟོག་གེའི་གཞུང་ནས་བཤད་པའི་རང་རིག་མངོན་སུམ། ཚོགས་བརྒྱད་ཀྱི་ནང་ཚན་ཀུན་གཞིའི་རྣམ་ཤེས་ཏེ། དེ་ནི་དུས་དང་གནས་སྐབས་ཐམས་ཅད་དུ་ཤེས་པ་ཐམས་ཅད་ལ་ཁྱབ་ཅིང་རྗེས་སུ་འགྲོ་བ་རྒྱུན་མི་འཆད་པ་རང་རིག་པ་ནི་སྐབས་འདིའི་ཀུན་གཞིའི་རྒྱུ་རྒྱུད་དེ། མདོར་ན་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་ཀུན་གཞི་གཅིག་གི་རྣམ་རོལ་ཏུ་གོ་ཞིང་། དེའང་རང་བཞིན་གྱིས་སྤྲོས་པ་དང་བྲལ་བའི་ཆ་དེ་ཉིད་དེ་ལྟར་ཤར་བ་ཡིན་ཕྱིར་ཐམས་ཅད་གནད་གཅིག་ཏུ་གོ་བར་བྱའོ། །འོན་ཀྱང་ཀུན་གཞིའི་རྣམ་ཤེས་དེའང་མངོན་པའི་གཞུང་ནས་བཤད་པ་ལྟར་ཁས་མི་ལེན་ཏེ། དེ་ནི་ལས་ཀྱི་མཚན་ཉིད་སྟེང་ནས་འཇོག་པས་རྒྱུན་འཆད་པ་སྲིད་ལ། འདིར་རྒྱུན་ཆད་པ་མི་སྲིད་དེ། དེ་ལྟར་འདོད་ན་ལང་གཤེགས་ལས་འཆད་ལྟར་བཤད་པ་དང་འགལ་ཞིང་། དེས་ན་མངོན་པ་ནས་ཟག་བཅས་ཀྱི་སྟེང་ནས་འཇོག་པ་ཁོ་ནར་བསམས་ནས། ཀུན་གཞིའི་རྣམ་ཤེས་ཟག་མེད་དུ་སྨྲ་བ་འགལ་ཞེས་བརྗོད་པ་ནི་གནད་འདི་མ་རྟོགས་པའོ།། །། ༈

བྱང་བ་མཆོད་གནས་པའི་དྲིས་ལན་ལས། རིག་གཏེར་དུ་རང་རྒྱལ་སློབ་པ་མེད་པར་བཤད་པ་དང་། དགོངས་གསལ་དུ་དེའི་ལམ་ལྔ་བཤད་པ་འགལ་ལོ་ཞེ་ན་མི་འགལ་ཏེ། སྔ་མ་འདུལ་མཛོད་ཀྱི་རྗེས་སུ་འབྲངས་ཏེ། རང་རྒྱལ་གྱི་རིགས་ཅན་ཞིག་གིས་དྲོད་ནས་བཟུང་ནས་ཟད་དང་མི་སྐྱེ་ཤེས་པའི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་པའི་ཚེ། ལམ་སྔ་མ་སྐྱེས་ནས། ཕྱི་མ་མ་སྐྱེས་པའི་བར་ལ། སྦྱོར་མཐོང་སྒོམ་ལམ་པ་རྣམས་དོན་གྱིས་ཐོབ་ཀྱང་། ལམ་འཇུག་པ་མྱུར་བས་དེ་འདྲའི་ཐ་སྙད་མ་གསུངས་པ་དང་། རང་སངས་རྒྱས་མངོན་དུ་མ་བྱས་པར་རང་སངས་རྒྱས་ཀྱི་ཐ་སྙད་མི་འཇུག་པས་རང་རྒྱལ་སློབ་པའི་རྣམ་གཞག་མི་བྱེད་དོ། ཕྱི་མ་ནི་རང་སངས་རྒྱས་ཀྱི་རིགས་ཅན་ཞིག་གིས་བྱང་ཆུབ་མ་ཐོབ་པའི་གནས་སྐབས་སུ་དེ་ཐོབ་པར་བྱེད་པའི་ལམ་བསྒོམ་པ་ལ་དེའི་ཐ་སྙད་གཞག་པ་ཡིན་པས་མི་འགལ་ལོ།། །། ༈ གླེགས་བམ་ལས་མངོན་རྟོགས་ཚུལ་བཅོ་ལྔ་གསུངས་པ་ནི། ཟླ་ཟེར་ལས་དག་ལྡན་དུ། མན་ངག་ལུགས་ཀྱི་མངོན་རྟོགས་ཚུལ་བཅུ་བཞི་དང་། མ་སྦས་པ་མི་ཐུབ་ཟླ་བའི་ལུགས་ཀྱི་འཁྲུགས་ཅན་ཏེ་བཅོ་ལྔའམ། ཡང་བདག་མེད་མའི་མངོན་རྟོགས་ལ་ཚུལ་བཅོ་ལྔར་བགྲངས་པའང་འཐད་ལ། རང་ལུགས་དག་ལྡན་ལས་གསུངས་པའི་མན་ངག་ལུགས་ཀྱི་ཚུལ་བཅུ་གསུམ་ལ། རྟོགས་པ་དམན་པས་སྐད་ཅིག་གིས་བསྐྱེད་པ་ཕྱི་དཀྱིལ་རྐྱང་པ་བསྒོམ་པ་དང་། རྟོགས་པ་མཆོག་ཏུ་གྱུར་པས་དེ་ཉིད་ལུས་དཀྱིལ་དང་མ་འབྲེལ་བར་བསྒོམ་དུ་མི་རུང་བས་བཅོ་ལྔའོ། །སྙམ་མོ། །དེའི་ཕྱིར་གླེགས་བམ་ལས། དེའང་ཞིབ་པར་དབྱེ་ན་བཅོ་ལྔར་སྣང་མོད། ཅེས་པས་གསལ་ལོ།། །། ༈ སྦས་པའི་རྩ་ལྔའི་བཤད་པ་རྡོ་རྗེ་འཆང་གིས་ལོ་ཙཱ་བ་རྡོ་རྗེ་དཔལ་གྱི་དྲིས་ལན་དུ་ཡོད། ཞིབ་པར་བརྗོད་དུ་མི་བཏུབ་བོ། །ཡུལ་སྤྲོས་བྲལ་གྱི་ཆ་ནས་ལྟ་བར་བཞག་པའི་ཚེ་མདོ་སྔགས་གཉིས་མཉམ་ལ། དེ་རྟོགས་བྱེད་པའི་བློ་ཡུལ་ཅན་ཡེ་ཤེས་ལ་ལྟ་བར་བཞག་པའི་ཚེ་ཁྱད་པར་ཤིན་ཏུ་ཆེ་སྟེ། དབང་གི་ཡེ་ཤེས་ཀྱི་ལྟ་བའི་སྤྲོས་བྲལ་རྟོགས་ཚུལ། ཕར་ཕྱིན་གྱི་མཐོང་ལམ་ལ་ཡང་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ་དབང་གོང་མའི་ཡེ་ཤེས་རྣལ་མ་རྒྱུད་ལ་སྐྱེས་པ་དེ་ནང་གི་རྟེན་འབྲེལ་གྱི་འདུ་འཕྲོད་ལས་བདེ་ཆེན་གྱི་རྣམ་པར་སྐྱེ་ཞིང་། མཐོང་ལམ་རྐྱང་པ་ལ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཡོད་ཀྱང་ཁྱད་ཆོས་དེ་དག་མེད་པའི་ཕྱིར་རོ།། །། ༈ སྤྱིར་སྨོན་སེམས་གཏོང་བ་ལ་རྩ་ལྟུང་དུ་འཇོག་ཀྱང་། ཀུནྡ་སྤངས་པས་ཀྱང་དེར་འགྱུར་བ་ཞིག་ཡོད།། །། ༈ གཞུང་བཤད་ལས་སློབ་ལམ་ས་བཅུ་གཉིས་དང་། མན་ངག་ལས་ཕྱེད་དང་བཅུ་གསུམ་ཞེས་པ་ནི། ཕྱི་མས་བཅུ་གཉིས་པའི་མཇུག་དང་། བཅུ་གསུམ་པའི་སྦྱོར་བའི་གནས་སྐབས་ལ་དེ་དང་དེར་བཏགས་པར་ཟད་ཀྱི། ས་བཅུ་གསུམ་པ་ཐོབ་ཟིན་པ་ཞིག་ལ་ཕྱེད་ཚལ་དུ་བཏང་ནས་སློབ་མི་སློབ་ལ་སྦྱར་བ་གཏན་མི་སྲིད། འོ་ན་མི་སློབ་ལམ་གྱི་སྦྱོར་བ་ལ་མི་སློབ་ལམ་དུ་འདོད་པ་མི་འཐད། ཞེ་ན། མི་འགལ་ཏེ། དེ་ལ་སེམས་བསྐྱེད་པ་དང་པོ་གསུམ་ནི་སྦྱོར་བ་དང་དངོས་གཞི་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་ས ས་བསྡུས་སོ། །ཞེས་དང་། ས་བཅུ་པར་སངས་རྒྱས་ཀྱི་སར་བཤད་པ་བཞིན་ནོ།། །། ༈ འཚོ་བྱེད་ཆོས་སྐྱོང་དཔལ་བཟང་གི་དྲིས་ལན་ལས།། །། ༈ རྡོར་སེམས་བསྒོམ་བཟླས་ཐུན་མཚམས་སུ་དགོས་པ། སྔོན་འགྲོར་སྦྱར་ན་མི་འགལ་ཏེ། སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ། གསུམ་ནི་སྤྱི་ཡི་སྔོན་འགྲོ་ཡིན། ཅེས་གསུངས་པས་མངོན་པར་རྟོགས་པའི་ཉམས་ལེན་ཐུན་གཅིག་ལའང་སྡོམ་གསུམ་གྱི་ཉེས་ལྟུང་སོར་ཆུད་པའི་ཉམས་ལེན་རེ་སྔོན་དུ་སྦྱོར་བ་སྤྱིའི་ཕྱག་ལེན། ཀྱེ་རྡོར་ལ་བླ་མ་གོང་མས་མ་བཤད་ཀྱང་། ཕྱི་མ་རྣམས་ཀྱིས་དུས་དང་བསྟུན་ནས་གསལ་བར་བྱས་པ་ཡིན་པས་ཕུན་སུམ་ཚོགས་པའི་ཡན་ལག་གོ། །། ༈

ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྦྱངས་པའི་སྟོང་པ་དེའི་ངང་ལས་སྣང་བའི་ལྡོག་ཆ་ལྷར་བསྒོམ་པ་ཡིན་གྱི། འབྲི་གུང་པ་ལྟར་ལྷ་ཡོངས་གྲུབ་ཏུ་ཡོད་པ་ཞིག་བསྒོམ་པའམ། རྙིང་མ་པ་ལྟར་ཀུན་རྫོབ་ལྷ་རུ་ལྟ་བ་ལྟ་བུ་མ་ཡིན་ཏེ། དེ་དག་ནི་འཇམ་དབྱངས་བླ་མའི་དགག་བྱ་ཡིན་པའི་ཕྱིར་རོ། །དེ་ཡང་། དང་པོ་མི་འཐད་དེ། དེ་ཁོ་ན་ཉིད་སྤྲོས་ཀུན་བྲལ་ཞིང་། ཡོད་མེད་སོགས་གང་དུའང་འཕགས་པ་རྣམས་ཀྱིས་མ་གཟིགས་པས་གང་དུའང་བསྒོམ་པར་བྱ་བ་མ་ཡིན་ཞིང་། སོ་སྐྱེའི་བློས་རྗེས་དཔག་གིས་འཆད་པའི་སྐབས་སུའང་ཡོད་མེད་ལས་འདས་པར་འཆད་དགོས་པས། དེ་ཡོད་པར་བྱ་བ་བཟུང་ནས་ལྷར་བསྒོམས་ན་དམིགས་མེད་དམིགས་པར་བྱས་པའི་ཕྱིར་རོ། །ཕྱི་མ་ལའང་མི་འཐད་དེ། ལྟ་བའི་ངོས་ནས་ལྷ་དང་ལྷ་མ་ཡིན་པ་སོགས་གང་དུའང་མི་བལྟ་ཞིང་། བསྒོམ་པའི་ངོས་ནས་ཀུན་རྫོབ་ཀྱི་སྣང་བ་སྒྱུ་མ་ལྟ་བུ་འདི། རྣལ་འབྱོར་གྱི་རྒྱུད་མན་ཆད་དུ་སྒྱུ་མ་ཙམ་དུ་བལྟ་བའང་། བླ་མེད་ཀྱིས་སྣང་བའི་འཁོར་ལོ་ཐམས་ཅད་ལྷར་གསལ་བཏབ་སྟེ་བསྒོམ་རྒྱུ་ཡིན་པས། སྤྲོས་བྲལ་གྱི་ཆ་ནས་ལྷར་མི་བསྒོམ་གྱི་སྣང་བའི་ཆ་ནས་ལྷར་བསྒོམ་པ་ཡིན། སྤྱིར་ཡང་ལྟ་བ་ཞེས་པ་ནི་ཡུལ་དངོས་པོའི་གནས་ལུགས་སྒྲོ་འདོགས་ཆོད་པའི་བློ་ནས། འཕགས་པའི་མཉམ་གཞག་ཡུལ་དང་བཅས་པའི་བར་ཡིན་ཞིང་། དེ་ནི་སྔར་སྨོས་པ་ལྟར་རོ། །གཞན་ཡང་སྟོང་པ་ཉིད་ལྷར་བསྒོམ་པ་དང། དེའི་ངང་ལས་བསྒོམ་པ་ཡིད་བྱེད་པ་སོགས་འཁྲུལ་པ་མང་། རང་བཞིན་གྱི་དཀྱིལ་འཁོར་ཀྱང་རྡུལ་ཚོན་སོགས་བཅོས་མར་ལྟོས་ན་ཚེགས་ཆུང་བས་དེ་ལྟར་བཤད་ཀྱི་གཞན་མ་ཡིན་ལ། རང་བཞིན་ལྷུན་གྲུབ་ནི། དང་པོ་ནས་ཡོད་པ་ཞིག་ལ་མི་ཟེར་གྱི་སེམས་ཀྱི་རང་བཞིན་ལ་འཕོ་འགྱུར་མེད་པས་ན་དེར་བཏགས་སོ། །གལ་ཏེ་དོན་དམ་ལྟར་བསྒོམས་ན་གོང་འཕེལ་དུ་འགྱུར་དགོས་ལ། དེས་ན་རང་བཞིན་གནས་འགྱུར་དུའང་ཁས་ལེན་དགོས་སོ། །དེ་བླངས་ན། རང་བཞིན་གྱི་སྒོ་ནས་གནས་འགྱུར་མེད་པ་དང་། ཡོན་ཏན་གྱི་སྒོ་ནས་ཡོད་པར་གསུངས་པའང་མི་འཐད་དོ།། །། ༈ དངོས་དབང་རབ་བྱུང་གིས་བསྐུར་བ་རྒྱུད་དང་འགྲེལ་བྱེད་ཚད་ལྡན་གྱིས་མ་བཤད་དེ། རླུང་ནུས་ཙམ་ཐོབ་ཀྱང་ཀུནྡཱ་གཏོང་བར་ནི་འདྲ་བས། དེ་ཙམ་གྱིས་ལྟུང་བར་འགྱུར་བའི་ཕྱིར་རོ། །སྙམ། རྒྱ་གར་གྱི་རབ་བྱུང་འགའ་ཞིག་གིས་མཛད་པར་བཤད་ཀྱང་། དེ་ཕྱིན་ཆད་དེའི་རྟགས་དོར་ཏེ་སྤྱོད་པ་ལ་ཞུགས་པ་ཡིན་པས་མི་མཚུངས་སོ།། །། ༈ མགོན་པོ་རྒྱལ་མཚན་གྱི་དྲིས་ལན་ལས། ཉི་མའི་སྙིང་པོ་དང་། ཟླ་བའི་སྙིང་པོའི་མདོ། གླང་རུ་ལུང་བསྟན། ལི་ཡུལ་ལུང་བསྟན། དགེ་འདུན་འཕེལ་གྱི་ལུང་བསྟན། དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་རྣམས་ལས་འབྱུང་བའི་དོན། རྒྱལ་པོ་མྱ་ངན་མེད་ཀྱི་སྲས་རྣམ་ཐོས་སྲས་ཀྱིས་མཆོད་རྟེན་ཐམས་ཅད་བསྐོར་ཞིང་བྱོན་སའི་དུས་བཙས་པ་ཞེས་བྱ་བས་དང་པོར་བཟུང་། རྒྱ་ནག་རྒྱལ་པོར་བུ་སྟོང་དུ་གཅིག་གིས་མ་ཚང་བ་ལ་བྱིན། དེར་རྒྱལ་པོ་བྱེད་དུ་མ་འདོད་དེ། དམག་སྟོང་ཕྲག་བཅུ་དང་སྦྲགས་ནུབ་ཕྱོགས་སུ་ཡུལ་འཚོལ་བར་ཕྱིན། མྱ་ངན་མེད་པའི་བློན་པོ་ཡ་ཤཿཞེས་པ་དམག་བདུན་སྟོང་ཁྲིད་ནས་འོང་བའང་ནུབ་ཕྱོགས་ཐེན་གྱི་ཤེལ་ཆབ་གོང་མར་འཛོམ། དེར་རྒྱལ་བློན་རྒྱས་ཏེ། ཡུལ་གསར་དུ་བཀོད། རྒྱ་གར་དང་རྒྱ་ནག་གི་མི་རིགས་འདྲེས་མར་བཀོད། ཡི་གེ་དང་ཆོས་ལུགས་ཕལ་ཆེར་རྒྱ་གར་དང་མཐུན་ཅིང་། འཇིག་རྟེན་གྱི་ལུགས་ཕལ་ཆེར་རྒྱ་ནག་དང་མཐུན་པར་གྱུར། དེའི་བུ་རྒྱལ་པོ་བི་ཛ་ཡ་སཾ་བྷ་བས་འཇམ་དབྱངས་ཀྱི་སྤྲུལ་པ་དགེ་སློང་བཻ་རོ་ཙ་ན་སྤྱན་དྲངས། ཙར་མ་ཞེས་བྱ་བའི་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བརྩིགས་ཏེ་དམ་པ་ཆོས་ཀྱི་དབུ་བརྙེས། གནས་བརྟན་བཅུ་དྲུག་ཀྱང་བྱོན། ཁ་ཆེའི་ཡུལ་ན་དེ་བཞིན་གཤེགས་པ་བདུན་གྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་ཀྱང་རྫུ་འཕྲུལ་གྱིས་ནམ་མཁའ་ནས་གདན་དྲངས་ཏེ་ཙརྨའི་གཙུག་ལག་ཁང་དུ་བཞུགས། དེ་ན་བྱམས་པའི་སྤྲུལ་པ་རྒྱལ་པོ་ལི་རྗེ་བི་ཛ་ཡབྷཱ་རི་ཡ་ཞེས་པས་རྒྱ་གར་གྱི་དགྲ་བཅོམ་བཞི་མཆོད་གནས་སུ་བཀུར། ཀེའུ་དོ་ཤན་གྱི་རི་བོ་ན་སངས་རྒྱས་འོད་སྲུང་གི་སྐུ་གདུང་བཞུགས་པའི་མཆོད་རྟེན་གོ་མ་ས་ལ་གནྡྷ་སྟེ་ཙནྡན་ས་མཆོག་གི་དྲིའི་མཆོད་རྟེན་ཅེས་བྱ། འདི་ལ་དད་པས་མཆོད་པ་ཀུན་ཕྱིར་མི་ལྡོག་པར་གསུངས། །བ་ཤའི་ཡུལ་ཞེས་པའང་ལི་ཡུལ་གྱི་ནང་ཚན་དྲོན་ཏི་ཞེས་བྱ་བ་ལ་འདོད། སྤྱིར་ནི་མི་གཅིག་གོ །གཞན་ཡང་དེར་གཙུག་ལག་ཁང་ཆེན་༦༨པོ། འབྲིང་༣༥། ཆུང་ངུ་༡༤༨། ཕྱི་རོལ་གྱི་ཁོར་ཡུག་ཚུན་ཆད་བརྩིས་ན་སྟོང་ཕྲག་བརྒྱ་བརྒྱད་ཅུ་རྩ་བརྒྱད་དུ་ཡོད་པར་བཤད། ཡང་རྒྱལ་པོ་བི་ཛ་ཡ་བིཪྻས་རི་གླང་མགོའི་སྟེང་དུ་གྷི་ཏོ་ཤན་གྱི་གཙུག་ལག་ཁང་ཆེན་པོ་བརྩིགས། དེར་ཐུབ་ཆེན་བཞུགས། དེ་དག་གི་སྲུང་མ་རྣམ་སྲས། ཡང་དག་ཤེས་ཀླུའི་རྒྱལ་པོ་མ་དྲོས་པ་རྣམས་ཡིན་པར་བཤད། འདི་དང་བལ་ཡུལ་མི་གཅིག་སྟེ། སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ལས། བལ་ཡུལ་དེ་བཞིན་མང་ཡུལ་དང། རྒྱ་ནག་ཆེ་དང་ལི་ཡུལ་ཀྱི། དེ་དག་མ་ལུས་གྲུབ་པའི་ཞིང་། ཞེས་བསྔགས་ཤིང། བསོད་རྩེས་ཀྱང་། ལིའི་ཡུལ་དང་། བལ་ཡུལ་ཅེས་ཐ་དད་དུ་བཤད་པ་སོགས་ལུང་རིགས་ཀྱིས་གནོད། གོ་མ་ས་ལ་གནྡྷ་དང་ཤིན་ཀུན་ཡང་མི་གཅིག་སྟེ། སྔ་མ་འོད་སྲུང་གི་དུས་སུ་བྱུང་ལ། ཕྱི་མ་བལ་བོའི་རྒྱལ་པོ་འོད་ཟེར་གོ་ཆས་བརྩིགས་པར་ལམ་འབྲས་ཞྭ་མ་ལུགས་ཀྱི་གཏམ་རྒྱུད་ལས་འབྱུང་ངོ་། །འོ་ན་དེ་ཕྱོགས་གང་དུ་ཡོད་ཅེ་ན། དེང་སང་དངོས་སུ་མཐོང་བ་སོགས་མི་འདུག་པས་འཆད་དཀའ་ཡང་། ལུང་ལས་རྗེས་སུ་དཔགས་ན། རྒྱ་ནག་དང་བོད་ཡུལ་དབུས་ནས་གཞལ་བའི་ནུབ། རྡོ་རྗེ་གདན་གྱི་ནུབ་བྱང་གི་མཚམས་ན་ཡོད་པར་གྲུབ་སྟེ། དང་པོ་ནི། ལི་ཡུལ་ལུང་བསྟན་ལས། དམག་སྟོང་ཕྲག་བཅུ་དང་བཅས་ཏེ་ནུབ་ཕྱོགས་སུ་ཡུལ་ཚོལ་དུ་ཕྱིན་ཏེ། ཅེས་པས་གྲུབ་ལ། གཉིས་པ་ནི། ཀ་ལིངྐ་ཡི་ཡུལ་དེར་ཡོད་པར་བཤད་པ། དེ་གུ་གེ་མང་ནང་གི་རྒྱབ། རྡོ་རྗེ་གདན་ནས་དཔག་ཚད་དྲུག་ཅུ་རྩ་བུ་སྟོན་གྱིས་བཅུ་གཉིས་བཤད་ཀྱང་ཧ་ཅང་ཐུང་སྙམ། མཆན། གཉིས་ན་ཡོད་པར་བཤད་པས་སོ།། །། ༈ ཁ་ཤའི་ཡུལ་ཅེས་པ་འཐུང་སྤྱོད་ཀྱི་ཡ་གྱལ་གཅིག་ཡོད་པར་བཤད་པའི་མོན་ཡུལ་དེར་བཞག་ནས། དེ་ལས་གཞན་པའི་ལི་ཡུལ་ཞིག་ཡོད་པར། ས་པཎ་གྱིས། ཁ་ཆེ་དང་ནི་ཁ་ཤ་སོགས། མ་ཁ་དང་ནི་ལི་ཡི་ཡུལ། ཅེས་གསུངས། འདི་ན་སྔར་དགྲ་བཅོམ་ཞིག་རི་དྭགས་རུ་རུ་གསེར་གྱི་མདོག་ཅན་ཞིག་ཏུ་སྤྲུལ་ཏེ་འབྱོན་པས་ཡུལ་གྱི་མིང་ལའང་དེ་སྐད་བཏགས་པར་བཤད། དོན་མོན་ཡུལ་ལ། རྒྱ་གར་གྱི་སྐད་དུ། ཀཱི་ར་དང་། ཀཽ་ར། ཕལ་སྐད་དུ་ཁ་ཤ་ཞེས་ཟེར་རོ།། །། ༈ སྟོན་པ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། དེའི་ཚེ་གསོ་སྦྱོང་བླངས་པ་འགལ་ཅེ་ན། དེ་ནི་འཇིག་རྟེན་གྱི་སྣང་ངོ་ཙམ་ལས། རྒྱལ་པོ་ཟས་གཙང་དང་། ཡུམ་སྒྱུ་འཕྲུལ་མའི་ཁམས་གཉིས་ལས་གྲུབ་པ་མ་ཡིན་ཏེ། དེ་ལྟར་གྲུབ་པ་ཐམས་ཅད་དྲང་དོན་དུ་བལྟ་བར་བྱའོ། །དེ་སྐད་དུ་འཇིག་རྟེན་མཐུན་འཇུག་གི་མདོ་ལས། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ། །འཁྲིག་པ་ལས་ནི་བྱུང་མིན་ལ། །ཡབ་དང་ཡུམ་ཡང་སྟོན་པར་མཛད། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་འཇིག་རྟེན་གྱི་མི་རིགས་ལ། ཤཱཀྱའི་སྲས་ཞེས་བརྗོད་པའང་མི་འགལ་ཏེ། སྐྱ་བསེང་གི་བུ་ལྔ་བཞིན་ནོ། །དེ་ནི་ཡབ་ལ་མ་ལྟོས་པར་ཡུམ་གྱི་ལྷུམས་སུ་ཞུགས་པ་ཡིན་ལ། དེའི་གསོ་སྦྱོང་ཡང་སྔོན་གྱི་རིག་བྱེད་ལས་འབྱུང་བ་ལྟར་ཚུལ་ཁྲིམས་ཡན་ལག་ལྔ་པ་དང་། བརྒྱད་བསྟེན་བཞིན་དུ་འཁྲིག་པ་སྤྱོད་པ་ཙམ་གྱིས་བསླབ་པ་དང་མི་འགལ་ཏེ། དེར་ལོག་གཡེམ་སོང་བར་གསུངས་པའི་ཕྱིར་རོ།། །། ༈ སྲས་སྒྲ་གཅན་འཛིན་མངོན་འབྱུང་སོགས་ལས་གྲགས་འཛིན་མ་དང་། སོར་འབྲང་སོགས་ལས་ས་མཚོ་མར་འཁྲུངས་པར་བཤད། ཁ་ཅིག་དེ་གཉིས་གཅིག་པར་འདོད་ཀྱང་། ལུང་གཞི་ལས། སྔ་མ་ཤཱཀྱ་ལག་ན་བེ་ཅོན་དང་། ཕྱི་མ་དྲིལ་བུའི་སྒྲའི་བུ་མོ་ཡིན་པར་བཤད་པས་ཐ་དད། དེས་ན་དེ་གཉིས་ཀའི་བསམ་ངོ་དང་མཐུན་པར། གཉིས་ཀར་བལྟམས་པའི་ཚུལ་མཛད་པ་ཡིན་པས་མི་འགལ་ལམ་སྙམ་ལགས།། །། ༈

བོད་ཀྱི་རྒྱལ་རིགས་ནི། འཇམ་དཔལ་རྩ་རྒྱུད་ཤཱཀྱ་བློ་གྲོས་ཀྱི་འགྱུར་ལས། །ལྷ་ཡུལ་ལྡན་ཞེས་བྱ་བ་ནས། །གངས་ཅན་ཡུལ་གྱི་ནང་གནས་པར། །རྒྱལ་པོ་མི་ལི་ལྷ་ཞེས་པ། །ལི་ཙཱ་བཱི་ཡི་རིགས་སུ་འབྱུང་། །ཞེས་དང་། ཆོས་ཀྱི་ཤེས་རབ་ཀྱི་འགྱུར་དུ། །ཁ་བའི་རླབས་ཅན་ནང་གནས་པར། །ང་རྒྱལ་བྲལ་བའི་རྒྱལ་པོ་ལྷ། །རྒྱལ་བའི་ཤཱཀྱ་ཆེན་པོའི་རིགས་རིགས་སུ་འབྱུང་བ་སྟེ། ཞེས་བཤད་པས། ཕྱི་མ་དག་གམ་སྙམ་སྟེ། ལྷ་བླ་མ་ལ་སོགས་པའི་ཡིག་ཚང་རྙིང་པ་ཤིན་ཏུ་དག་པ་རྣམས་དང་མཐུན་པས་སོ།། །། དྲི་མེད་ལུང་། དར་བར་འགྱུར་དང་། རྒྱས་པར་འགྱུར་གཉིས་ཕྱི་མ་འཐད་དམ་སྙམ་སྟེ། ས་པཎྜི་ཏས། ང་ནི་མྱ་ངན་འདས་གྱུར་ནས། །ལོ་ནི་ཉིས་སྟོང་ལྔ་བརྒྱ་ན། །དམ་ཆོས་རྒྱས་པར་འགྱུར་ཞེས་གསུངས། ཞེས་བཤད་ཅིང། རལ་པ་ཅན་གྱི་དུས་ཁོ་ནར་འགྲིགས་པར་སེམས། གདོང་དམར་ཅན་གྱི་ཡུལ། རྒྱ་ནག་ཡིན་པར་སྦ་བཞེད་དང་། བོད་ཡིན་པར་ལི་ཡུལ་ལུང་བསྟན་དུ་འབྱུང་ཡང་། དེ་གཉིས་དག་ཁུངས་ཐུབ་པའི་ཤེས་བྱེད་མི་སྣང་། འོན་ཀྱང་བུ་མོ་དྲི་མ་མེད་པས་ཞུས་པའི་མདོའི་ལུང་དམ་པ་རྣམས་ཀྱིས་ཚད་མར་མཛད་པས། དེ་ལྟར་ན་བོད་དུ་འཐད་དོ།། །། ༈ དགོངས་གསལ་ལས། ངོ་བོ་གཅིག་ཡིན་ན། དོན་དམ་པ་ལ་ངོ་བོ་གྲུབ་པར་ཐལ་བ་དང་། གཅིག་པོ་བཀག་པ་ཡིན་ན་དོན་དམ་དངོས་མེད་དུ་ཐལ་བའི་ཕྱིར་སྐྱོན་ཡོད་དོ། །ཞེས་པ་ངོ་བོས་གྲུབ་པར་འདོད་པ་དང་དོན་དམ་དངོས་མེད་དུ་འདོད་ན་སྐྱོན་དེ་ཡོད་མོད། འབུམ་ལས། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །ཞེས་སོགས་གསུངས་པ་གཞན་སེལ་གྱི་སྒོ་ནས་ལེགས་པར་འཆད་ཤེས་ན་སྐྱོན་མེད་མོད། མ་ཤེས་ན་འཁྲུལ་ལོ། །དེས་ན་རང་ལུགས། དོན་དམ་པར་གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བ་ཡིན་ཏེ། དགོངས་འགྲེལ་ལས། ཀུན་རྫོབ་ཁམས་དང་དོན་དམ་དེ་བཞིན་ཉིད། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། ཅེས་གསུངས། ཐ་སྙད་ཀྱི་རྣམ་གཞག་ནི། གཞན་སེལ་གྱི་ངོར་ངོ་བོ་དབྱེར་མེད་ལྡོག་པ་ཐ་དད་ཅེས་བྱ་བའི་དེ་ཉིད་དུ་གཞན་དུ་བརྗོད་དུ་མེད་པའོ། །ཞེས་གསུངས་སོ། །ལྗོན་ཤིང་ལྟར་ན། ཡུལ་གཅིག་གི་སོ་སྐྱེའི་སྣང་བའི་ཆ་ནས་ཀུན་རྫོབ་དང་། འཕགས་པའི་བློས་དེ་ཉིད་རང་བཞིན་མེད་པར་ཤེས་པ་དོན་དམ་ཞེས་འདོགས་ཀྱི། ཀུན་རྫོབ་སྣང་བའི་ཆ་དེ་ལས་རང་བཞིན་མེད་པ་ལོགས་སུ་དབྱེར་མེད་པས། དེ་ཙམ་ལ་ངོ་བོ་དབྱེར་མེད་ཅེས་བྱ་ཞིང་། དེ་ཙམ་ལ་གཅིག་པའི་ཐ་སྙད་བཏགས་པ་མི་འགལ་ཏེ། གཅིག་གི་ཆོས་ཉིད་གང་ཡིན་པ། དེ་ནི་ཀུན་གྱི་ཆོས་ཉིད་ཡིན། ཞེས་སོ། །ཕྱྭ་དགེ་སོགས་བདེན་གཉིས་ངོ་བོ་གཅིག་ཏུ་བཞེད་པར་གོ་རམ་པས་བཀག་ཀྱང་། སྔ་མས་སྒྲས་ཟིན་དུ་ཁས་བླངས་པ་མེད་དམ་སྙམ།། །། ༈ ལམ་སྐོར་ཕྱི་མ་བརྒྱད་ལས། བསམ་མི་ཁྱབ་པ་སཾ་ཊ་དང་། འགྲེལ་པ་ལུགས་གང་རུང་། མཚོ་སྐྱེས་ལ་དེ་ཉིད། ལྷན་ཅིག་སྐྱེས་གྲུབ་ལ་འགྲེལ་པ་ལུགས། གཏུམ་མོ་ལམ་རྫོགས་དང་། ཡོན་པོ་སྲོང་བ་བདེ་གསང་གང་རུང་། མཆོད་རྟེན་དྲུང་ཐོབ་ལ་གསང་འདུས། ཡི་གེ་མེད་པ་ལ་གསང་འདུས་བདག་མེད་གང་རུང་། དབང་ཡོན་ཏན་རིམ་པ་གསང་དགོས་ཞེས་ཀུན་དགའ་དབང་ཕྱུག་བཞེད། གཤེགས་སྙིང་། རང་བཞིན་གནས་རིགས། ཀུན་གཞི་རྒྱུ་རྒྱུད་སོགས་ངོ་བོའི་སྒོ་ནས་མི་འདྲ་བ་མེད་པས་གཅིག་པར་དགོངས་ཏེ། རང་སེམས་སྤྲོས་པ་དང་བྲལ་བ་དེ་གློ་བུར་གྱི་དྲི་མས་བསྒྲིབས་པའི་ཆ་ནས་རྒྱུ་རྒྱུད། དེའི་སྤྱི་མཚན་གྱིས་ཐམས་ཅད་ལ་ཁྱབ་པའི་ཆ་ནས་གཤེགས་སྙིང་། ཆོས་སྐུའི་རྒྱུ་བྱེད་པའི་ཆ་ནས་གནས་རིགས་ཞེས་བཏགས། དེས་ན་རྒྱུ་རྒྱུད་པའི་གནས་སྐབས་ལ་མ་དག་པའི་སྣང་བ་སྣ་ཚོགས་ཡོད་པའི་ཆ་ནས་སྦྱང་གཞིར་འགྱུར་ཞིང་། དེ་ལ་མ་དག་པའི་སྣང་བ་ཞེས་བཤད། རང་གི་ངོ་བོ་སྦྱང་རྒྱུ་མེད་པས་སྦྱང་གཞིར་མི་འགྱུར། དེས་ན་ངོ་བོ་ལ་ལྟོས་ན་གནས་འགྱུར་མེད་ཅིང། ཡོན་ཏན་ལ་ལྟོས་ནས་ཡོད་པར་འགྱུར་བ་ཁོ་ནས་ཤེས། རྒྱས་པར་ འཇམ་རྡོར་ཊཱི་ཀར་བལྟ།། །། ༈ སློབ་མ་ཁ་འཆལ་སྐྱེད་ལ་ཉེས་བྱས་ཟེར་བ་ནི་འདུལ་བས་སྔགས་ལ་རྒྱས་བཀབ་པས་མི་འཐད།། །། ༈ སྣང་གསུམ་འདི་ལམ་གྱི་གཞི་བཅའ་ལ་སྦྱར་ན་ཕར་ཕྱིན་དང་ཐུན་མོང་བ་ཡིན་ཞིང་། ལམ་ཡོངས་རྫོགས་ལ་སྦྱར་ཚེ། མ་དག་པའི་སྣང་བ་ནས་བདེ་མཆོག་སྒྱུ་མའི་བར་དཀྲི་ཞིང་དབང་བསྐུར་བ་ལན་ཆད་རྒྱུ་རྒྱུད། ཉམས་སྣང་ཐབས་རྒྱུད། དག་སྣང་འབྲས་རྒྱུད་དུ་འགྱུར་བས་མངོན་རྟོགས་ལྗོན་ཤིང་དང་ཡང་མཐུན་པས་ཀུན་མཁྱེན་པས་དེ་སྐད་བཞེད།། །། ༈ རྒྱུད་བཞིའི་བླ་མ་རྡོ་རྗེ་འཆང་གིས་རྒྱུད་ཀྱི་བྱུང་ཚུལ་ལས་འཕགས་པ་ཆོས་སྣང་ཉིད་ལ་བགྲངས། དེ་ནས་ས་ཆེན་ལ་འཆད་པར་མ་བཤད་པ་གཞུང་རྙིང་ལྟར་མཛད། གསན་ཡིག་ཐོས་པ་རྒྱ་མཚོར། ཡང་ན་མཆིམས་ལོ་ཙཱ་བ། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་སྐྱ་པ་ཆེན་པོ་ཞེས་དག་གོ་ཞེས་རྒྱལ་ཚབ་དམ་པ་བཞེད་པས་དཔྱད་དགོས།། །། ༈ གངས་རི་རྡོ་རྗེའི་དཀའ་འགྲེལ་གྱི་རྒྱ་དཔེ་ངོར་ན་ཡོད། འོན་ཀྱང་དེའི་ཁ་ཡིག་ཏུ། ཀ་མ་ལ་ཀཱུ་ལི། ཞེས་སྣང་བས། ཕྱག་ལེའི་དྲིས་ལན་ལས། གཞན་དགེས་པ་རྡོ་རྗེའི་འགྲེལ་པ་སློབ་དཔོན་ནག་པོ་པ་དང་། སློབ་དཔོན་ཀ་མ་ལ་ཀཱུ་ལི་ཤས་མཛད་པ་དང་། ཅེས་སྣང་བ་དེ་ཡིན་ནམ་སྙམ། དེ་ལྟ་ན་པདྨ་རྡོ་རྗེ་ཤེས་པར་འགྱུར་མོད། འོན་ཀྱང་སློབ་དཔོན་མཚོ་སྐྱེས་ནི་མ་ཡིན་ཏེ། དེའི་སྐད་དོད་ལ། ས་ཏོ་ཛ་དང་། པདྨ་བཛྲ་ཞེས་ཡོད་པའི་ཕྱིར་རོ། །དཔྱལ་སེ་བསོད་ནམས་རྒྱལ་མཚན་ཏེ། སེ་དཔྱལ་ཞེས་མ་དག །ཞང་སྟོན་རྒྱལ་པོའི་ཊཱི་ཀ་སྔ་ཕྱི་གཉིས་ལས། སྔ་མ་ལ་ཇོ་ནང་པའི་གྲུབ་མཐའ་འགའ་བསྲེས་ཤིང་། ཕྱི་མར་ཤིན་ཏུ་མང་བ་བསྲེས་པ་ཡོད།། །། ༈ སྦྱོར་ལམ་ངེས་འབྱེད་རྣམས་དགོངས་གསལ་ལས་རང་རིག་མངོན་སུམ་དུ་བཤད་པ་འདི་ཀ་འཐད།། །། ༈ ལྗོན་ཤིང་ལས་ཀུན་བཏུས་མདོ་སྡེ་བའི་མཚན་གཞིར་འཇོག་པ་ལ། དེ་སེམས་ཙམ་ཡིན་པས་རྗེ་བཙུན་ཀྱང་སྡེ་སྣོད་ལ་མི་མཁས་ཞེས་ཕྱི་རབས་པ་དག་སྒྲོགས་མོད། དེ་ནི་མ་ཡིན་ཏེ། སྤྱིར་ཀུན་བཏུས་སེམས་ཙམ་ཡིན་ཀྱང་། དེ་ལས་ཕྱི་དོན་ཁས་བླངས་པ་སོགས་མདོ་སྡེ་པ་དང་མཐུན་པ་མང་པོ་གསུངས་པ་དང་། མཛོད་རང་འགྲེལ་བྱེ་སྨྲ་བའི་ལུགས་ཡིན་ཀྱང་སྐབས་དེར་མདོ་སྡེ་པ་བཞེད་པ་སྟེ། དཔེར་ན། ཁ་ཅིག་ཏུ་ཕྱི་དོན་དང་། ལ་ལར་སེམས་ཙམ་སྟོན་པ་ཆོས་གྲགས་ཀྱི་རྣམ་འགྲེལ་ལྟ་བུ་སྟེ། གཞུང་གཅིག་གི་ནང་དུ་གྲུབ་མཐའ་དུ་མ་སྟོན་པ་ལ་དགོངས་སོ། །དེས་ན་ཀུན་བཏུས་པའི་མདོ་སྡེའི་སྐབས་རྣམས་དེའི་མཚན་གཞིར་བཞག་པ་སྟེ། ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་ཀྱི། རིལ་པོར་མདོ་སྡེ་པར་བཞེད་པ་ག་ལ་ཡིན། དེས་ན་གངས་ཅན་དུ་མདོ་སྡེ་བའི་གཞུང་རང་རྐང་ཚུགས་པ་ནི་སུས་ཀྱང་མི་རྙེད་དོ།། །། ༈

ཡུམ་གྱི་འགྲེས་རྐང་བཞུགས། །ཕུང་པོ་ལྔ་དང་ཡུལ་དྲུག་དང་། །དབང་པོ་དྲུག་དང་རྣམ་ཤེས་དྲུག །རེག་བ་དྲུག་དང་ཚོར་བ་དྲུག །ཐུན་མོང་འགྲེས་རྐང་སོ་ལྔའོ། །རྟེན་འབྲེལ་བཅུ་གཉིས་ཁམས་དྲུག་སྟེ། །མ་གཏོགས་འཁོར་དྲིས་བཅོ་བརྒྱད་ཡིན། །བྱང་ཆུབ་ཀྱི་ནི་ཕྱོགས་ལ་བདུན། །བསམ་གཏན་བཞི་གཅིག་ཚད་མེད་གཅིག །གཟུགས་མེད་བཞི་གཅིག་རྣམ་ཐར་བརྒྱད་གཅིག །སྙོམས་འཇུག་དགུ་གཅིག་སྒོ་གསུམ་གཅིག །བདེན་པ་རྣམ་བཞི་གཅིག་ཏུའོ། །ཕྱིན་དྲུག་སྟོང་ཉིད་བཅོ་བརྒྱད་དོ། །སོ་སོར་བགྲངས་པས་ཞེས་གསུམ་ལ། །ཐབས་ཀྱི་འགྲེས་རྐང་ཞེ་གསུམ་ཟེར། །མངོན་པར་ཤེས་དང་ཏིང་འཛིན་དང་། །གཟུངས་ཀྱི་སྒོ་དང་སྟོབས་བཅུ་དང་། །མི་འཇིགས་བཞི་དང་སོར་རིག་བཞི། །བྱམས་པ་ཆེ་དང་སྙིང་རྗེ་ཆེ། །མ་འདྲེས་པ་ནི་བཅོ་བརྒྱད་དང་། །ཐམས་ཅད་ཤེས་དང་ལམ་ཤེས་དང་། །རྣམ་པ་ཐམས་ཅད་མཁྱེན་པ་དང་། །འབྲས་བུའི་འགྲེས་རྐང་བཅུ་གཉིས་སོ། །དེ་ལྟར་འགྲེས་རྐང་བརྒྱ་རྩ་བརྒྱད། །ཤེས་ན་འབུམ་དོན་བཀླགས་ཆོག་ཡིན། །དང་ཞེས་བྱ་བའི་འབྱེད་ཚིག་རྣམས། །སོ་སོར་ཆོད་ལ་ཆིག་ཚིག་རྣམས། །དོན་མང་ཡོད་ཀྱང་བསྡོམས་ལ་བགྲངས། །ཞེས་པའང་རོང་སྟོན་གྱི་རྣམ་བཤད་ལྟར་བྲིས་བ་ཤུ་བྷཾ།། །། ༈ རྗེ་བཙུན་མི་ལས། ཐམས་ཅད་ཡོད་ཀྱང་སྔགས་པ་ཀུན་རྫོབ་ཏུ་བསྟན། འཁོར་འདས་གང་ཡང་མཐར་ཐུག་གི་དོན་ལ་མ་གྲུབ་པར་བསྟན་ནོ། །དང་པོ་ནི། ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཞེས་སོ། །གཉིས་པ་ནི། དངོས་དང་དངོས་མེད་ཟུང་འཇུག་སྟེ། རང་གི་ངོ་བོ་ཐ་སྙད་ལས་འདས་ཀྱང་། བློ་ཡི་ཡུལ་དུ་ཟུང་འཇུག་དང་གནས་ལུགས་ཞེས་མིང་དུ་བཏགས་ལ། གཉིས་མེད་དེའི་ངང་ལས་འཁོར་འདས་གང་ཡང་ཁས་ལེན་དང་བྲལ་བ་སྟེ། དོན་དམ་བདེན་པའི་དབང་དུ་ནི། བགེགས་པས་སངས་རྒྱས་ཉིད་ཀྱང་མེད། །ཅེས་སོགས་གསུངས་སོ། །འོ་ན་དེ་ཁོ་ན་ཉིད་རྟོགས་སོ་ཞེས་པའི་ཐ་སྙད་གང་ལ་བཞག་སྙམ་ན། གཉིས་སུ་མེད་པའི་དོན་མཐོང་བ་ལ་ཐ་སྙད་ཙམ་བཏགས་པ་སྟེ། གཉིས་སུ་མེད་པའི་དོན་རྟོགས་ན། ལྟ་བའི་མཆོག་ཀྱང་དེ་ལ་བྱ། ཞེས་སོ། །འོ་ན་གཉིས་མེད་ཀྱི་ཡེ་ཤེས་དེ་དོན་ལ་གྲུབ་བམ་སྙམ་ན་མ་གྲུབ་སྟེ། ནང་འགྱུ་བའི་ཡིད་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་ཀུན་གྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའི་ཡོན་ཏན་རྫོགས་པར་འགྱུར། །མཐར་ཐུག་དོན་ལ་ཡེ་ཤེས་མེད། །ཆོས་རྣམས་ཟད་སར་སྐྱོལ་ལོ་གསུངས། །ཞེས་སོ། །དེས་ན་གཞི་འཁོར་འདས་གཉིས་གདོད་མ་ནས་གྲོལ་བ་སྟེ། འཁོར་བ་རང་གྲོལ་གཞི་ཡི་གནད། །སྙིང་པོའི་དོན་ལ་ངོ་སྤྲོད་ཀྱིས། །ཞེས་སོ། །དེ་ཉིད་གཟུང་འཛིན་གྱི་སྒྲིབ་གཡོགས་བྲལ་བའི་ཚུལ་གྱིས་མངོན་དུ་གྱུར་པ་ནི་མཉམ་པར་བཞག་པའི་ལམ་གྱི་དངོས་གཞི་སྟེ། ང་རིག་པ་རྟེན་མེད་གཅེར་བུ་འདི། །འགྱུ་བ་དྭངས་པ་ལྟ་བའི་གདེངས། །འོད་གསལ་སྟོང་པར་བློ་ཐག་ཆོད། །ཅེས་སོ། །དེ་ཉིད་དུས་རྟག་ཏུ་གཡོ་བ་མེད་པར་ཕྲིན་ལས་ལྷུན་གྲུབ་ནི་འབྲས་བུ་སྟེ། དེའི་དོན་ལ་མ་གཡོས་ན། འབྲས་བུའི་མཆོག་ཀྱང་དེ་ལ་བྱ། ཞེས་སོ། །འོ་ན་འདི་དག་བསྒོམ་པས་ཉམས་སུ་བླང་བྱ་ཡིན་ན། འདིར་འདི་ལྟར་བཞེད་ཅེས་བརྗོད་མི་རུང་ངོ་སྙམ་ན། མ་ཡིན་ཏེ། གྲུབ་མཐའི་ལྟ་བས་བློ་ཡི་ཡུལ་ལ་སྒྲོ་འདོགས་མ་ཆོད་ན། ཡང་དག་པའི་ལྟ་བ་དུག་མེད་རྟོགས་མི་སྲིད་པས། ངེས་དོན་གྱི་གསུང་རབ་ཐམས་ཅད་ཀྱང་། རག་པའི་ལམ་ནས་དྲངས་པའི་གནད་ཀྱང་དེ་སྟེ། ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་སོགས་དང་། འདི་ཉིད་ཀྱིས། གྲུབ་མཐའ་མི་ཤེས་པའི་ལྟ་བ་དཀའ། ནུས་པ་མ་ཐོབ་པའི་སྤྱོད་པ་དཀའ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གཞི་ལམ་འབྲས་གསུམ་ཐམས་ཅད་གནས་ལུགས་ཟུང་འཇུག་གཅིག་ཉིད་ལ། སྒྲིབ་གཡོགས་བཅས་པ་དང་། ཅུང་ཟད་བྲལ་བ་དང་། མཐའ་དག་བྲལ་བའི་རིམ་པ་མ་གཏོགས་གཞི་ལམ་འབྲས་གསུམ་ངོ་བོ་དབྱེར་མེད་དུ་སྨྲ་བ་འདི་ནི། རྣལ་འབྱོར་དབང་ཕྱུག་མར་མི་དང་། རྗེས་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པ་མཐུན་ཏེ། རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ་འགྱུར་བ་མེད་པ་དང་། མཐའ་ཡས་པའི་ཡོན་ཏན་གནས་འགྱུར་དུ་བཤད་པ་འདི་གཉིས་ཁོ་ན་ལ་དཔྱད་པས་བདེ་གཤེགས་སྙིང་པོ་ཡོད་པར་འདོད་པ་སོགས་ཀྱི་ལོག་རྟོག་ཐམས་ཅད་ཁེགས་པར་འགྱུར་ལ། །ས་པཎྜི་ཏས། རྟོགས་རྒྱུ་མེད་པའི་དོན་རྟོགས་ན། །གྲོལ་རྒྱུ་མེད་པའི་སེམས་ཉིད་གྲོལ། །ཤེས་བྱ་མེད་པའི་ཤེས་བྱ་ཤེས། །འཆད་རྒྱུ་མེད་པར་འཆད་ལ་ མཁས། །འདོད་པ་མེད་པར་འདོད་དོན་འགྲུབ། །ཅེས་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ལ་འཕགས་བོད་པའི་པཎ་གྲུབ་ཐམས་ཅད་ཞལ་མཐུན་པ་ཡིན་ལ། རྒྱས་པར་སྤྲོས་པས་ཆོག་གོ། །། ༈ རྩ་བའི་བླ་མ་ནི། རང་ལ་ཆོས་དངོས་སུ་སྟོན་ནས། སྐུ་བཞིའི་ས་བོན་འདེབས་པ་པོ་ཁོ་ནར་འཇོག་སྟེ། སྙེ་མོ་སྒོམ་ཆེན་གྱི་དྲི་ལན་དུ་དེ་ལྟར་བཤད་དོ།། །། ༈ སངས་རྒྱས་ཕལ་པོ་ཆེ་ལས་སྟོང་གསུམ་དར་ཡུག་ཆེན་པོའི་དཔེས་བསྟན་པའི་དགོངས་པ་ལ། ལོ་ཙཱ་བས། དར་ཡུག་གི་རི་མོ་རྡུལ་ཕྲན་ལ་ཡོད་པ་བཞིན་དུ། སངས་རྒྱས་ཀྱི་ཡེ་ཤེས་སེམས་ཅན་ཀྱི་སེམས་ལ་ཡོད་པ་དེ་གང་ཡིན་ཞེ་ན། ཆོས་ཀྱི་དབྱིངས་སོ། །དེ་ཇི་ལྟར་ཡེ་ཤེས་ཡིན་ཞེ་ན་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་མཚན་ཉིད་མེད་པར་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་མཁྱེན་པས་ན། ཤེས་རབ་དེ་ཤེས་བྱ་དང་རྣམ་པར་དབྱེ་བ་མེད་དོ། །དེས་ན་དོན་དམ་པར་ཆོས་དབྱིངས་དེ་ཉིད་རིག་པའི་ཡེ་ཤེས་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་ཚང་བར་གནས་པས། དཔེ་དོན་དེ་ཤིན་ཏུ་འཐད་དོ། །ཞེས་གསུངས་ལ། འདིའི་དགོངས་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་དབྱེ་བ་མེད་ཅིང་། ཆོས་དབྱིངས་ལ་ཡེ་ཤེས་ཀྱི་ཡོན་ཏན་མཐའ་ཡས་པ་འབྱུང་བའི་ནུས་པ་ཚང་བས། རང་བཞིན་ནམ་རྒྱུ་ལ་བསམ་ན་ལྷུན་གྲུབ་ཅེས་བཤད་པ་དང་འགལ་བ་མེད་དོ། །བདེ་གཤེགས་སྙིང་པོ་དེ་ཐ་སྙད་དུ་ཡོད་པས་འཁོར་འདས་ཀྱི་སྣང་ཆ་སྣ་ཚོགས་འབྱུང་བས་ཀུན་གཞི་སོགས་ཀྱི་སྒྲའང་འཇུག་ལ། དོན་དམ་པར་སྤྲོས་པ་དང་བྲལ་བས་ཅིར་ཡང་འཆར་དུ་རུང་བའང་ལུང་རིགས་ཀྱིས་གྲུབ་བོ། །དེ་ནི་ས་པཎ་གྱི་དགོངས་པ་ངོ་མའོ། །ཀླུ་སྒྲུབ་ཀྱིས་ཀྱང་སྔ་མ་བསྟོད་ཚོགས་དང་། ཕྱི་མ་རིགས་ཚོགས་སུ་རྒྱས་པར་བཀྲལ། སྡོམ་གསུམ་གྱི་དགོངས་གཞི་སྔ་མ་ཡིན། ངོ་བོ་ཕྱི་མ་ཡིན། འདི་ཁྱད་པར་ཤིན་ཏུ་གལ་ཆེ།། །། ༈

ནག་པོའི་རིམ་གཉིས་ཀྱི་ཟིན་བྲིས་བཞུགས་སོ། །རྣལ་འབྱོར་དབང་ཕྱུག་སྤྱོད་པའི་རྡོ་རྗེའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་གི་ལམ་གྱི་རིམ་པ་ལ། སྐལ་བ་དང་ལྡན་པའི་གང་ཟག་སྦྱིན་བྱ་བཞི་བྱིན་ནས་བསླབ་བྱ་གཉིས་ལ་བསླབས་ཏེ་གྲོགས་སྤྱོད་པ་གསུམ་གྱིས་མཚམས་སྦྱར་བས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་འགྲུབ་པ་ཞིག་བཞེད་དོ། །དེ་ལ་དང་པོ་ནི། ཕར་ཕྱིན་ནས་རིམ་པར་ཞུགས་པའམ། དང་པོ་ནས་འདིར་ཞུགས་པའི་གཅིག་ཅར་པ་གང་ཡང་རུང་བའོ། །གཉིས་པ་ནི། འཁོར་ལོ་བདེ་མཆོག་ལྷ་མང་ལ་༦༢སྐྱེས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཚུལ་བཞིན་ཐོབ་པའོ། །གསུམ་པ་ནི། རིམ་པ་གཉིས་ལ་བསླབ་པ་སྟེ། འདི་ལ་སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་ནི། ཚོགས་གསོག་པར་བྱེད་པ་མཎྜལ། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར། སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས་གསུམ་མོ། །གཉིས་པ་ལ་གཉིས། དང་པོ་བསྐྱེད་རིམ་ནི་སྐྱབས་སེམས་ནས་བཟུང་དག་དྲན་པར་ཚང་བར་བསྒོམས་ལ། རྟེན་དང་བརྟེན་པར་བཅས་པ་ལ་སེམས་འཛིན་འཇུག་བཟླས་ཅུང་ཟད་བཅས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་བུག་གཉིས་ནས་བསྡུས་ཏེ། གོ་ཆ་གསུམ་དང་ཚམ་རྔམས་ཀྱི་སྔགས་ཀྱིས་བསྲུངས་ལ་རྗེས་སྤྱོད་ལ་འཇུག་སྟེ། སྣང་བའི་དངོས་པོ་ཐམས་ཅད་ལྷར་མ་ཤར་གྱི་བར་དུའོ། །དེའི་ལམ་གྱི་རིམ་པའང་འདི་ཡིན་ཏེ། སྔོན་འགྲོ་ལ་གཞན་ལཱུ་ཧི་པ་དང་འདྲ། དག་པ་གསུམ་ལ་ངག་དང་ཡིད་དང་ལུས་དག་པ་རིམ་བཞིན་བསྒོམ། མཉམ་བཞག་གི་རྣལ་འབྱོར་བསྐྱེད་རྫོགས་གཉིས་ལས། སྔ་མར། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་མཆོག་གོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་ཚད་མེད་བཞི་མི་བསྒོམས་པ་མ་གཏོགས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་འདྲ། གཉིས་པ་རྟེན་བསྐྱེད་པ་དང་། བརྟེན་པ་བསྐྱེད་པའོ། །དང་པོ་ལ་སྲུང་བའི་འཁོར་ལོ་ལ་ཕོ་ཉ་རྣམས་ཀྱིས་བགེགས་བཀུག་སྟེ་ཕུར་བུས་གདབ། ལྷའི་ས་གཞི་སོགས་བསྒོམས་ལ། དེ་ལྟ་བུའི་སྲུང་འཁོར་གྱི་དབུས་སུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ། ས་ཆུ་མེ་རླུང་རླུང་མེ་ཆུ་སའི་དཀྱིལ་འཁོར་གྱི་སྟེང་དུ་རི་རབ་དང་གཞལ་ཡས་ཁང་གདན་དུར་ཁྲོད་དང་བཅས་པ་བསྒོམ་པའོ། །གཉིས་པ་ལ། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་བཞི། དང་པོ་ལ་རྒྱུ་དང་། འབྲས་བུའི་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དང་པོ་ནི། ཡེ་ཤེས་ལྔའི་ངོ་བོ་ཟླ་ཉི་ཕྱག་མཚན་ས་བོན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ལས་སྐུ་ཡོངས་སུ་རྫོགས་པ་བདེ་མཆོག་དཀར་པོ་རྡོ་རྗེ་ཕག་མོ་དང་བཅས་པ་བསྐྱེད་པའོ། །གཉིས་པ་ནི། མཁའ་གསང་བྱིན་རླབས་སྔོན་དུ་འགྲོ་བས་སྙོམས་འཇུག་གི་སྒྲས་བདེ་གཤེགས་རྣམས་སྤྱན་དྲངས་ཏེ། བདག་གི་ཞལ་དུ་ཞུགས་ནས་སྙིང་གར་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ལས། ཡབ་ཡུམ་གཉིས་འོད་དུ་ཞུ་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་ཐིག་ལེར་གྱུར། དེ་ནས་ཐིག་ལེ་ལས་བྱུང་བའི་སངས་རྒྱས་རྣམས་ཀྱི་སྔགས་ཀྱིས་བསྐུལ་བས་ཐིག་ལེ་ཧཱུྃ་ཨྃ་དུ་གྱུར་པ་ལས་འབྲས་བུའི་རྡོ་རྗེ་འཛིན་པ་སྔོན་པོ་ཡུམ་དང་བཅས་བསྐྱེད། ཕྲིན་ལས་བཞི་དང་། དགའ་བ་བཞི་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བྱིན་གྱིས་བརླབ་བོ། །གཉིས་པ་ནི། གོ་ཆ་དྲུག་བཅིངས་པ་སྟེ་སྙིང་གར་རྡོ་རྗེ་སེམས་དཔའ་སོགས་བསྐྱེད་པའོ། །གསུམ་པ་ནི། ཡབ་ཡུམ་གྱི་གནས་གསུམ་དུ་འབྲུ་གསུམ་རྡོ་རྗེ་གསུམ་དང་། གནས་ལྔར་རིགས་ལྔས་རྒྱས་གདབ་པའོ། །བཞི་པ་ནི། ཕཻ་གྱི་སྒྲ་འབར་བའི་ཕྱག་རྒྱ་དང་བཅས་པས་ཡབ་ཡུམ་སྤྱན་དྲངས་ཤིང་མཆོད་ལ་གཉིས་མེད་དུ་བསྟིམ་ཞིང་། དབང་ལྷ་སྤྱན་དྲངས་ནས་དབང་བསྐུར་བའོ། །དེ་ནས་མཆོད་ལ་མཁའ་གསང་བྱིན་གྱིས་བརླབ་པར་བྱ་བའོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། ཡབ་ཡུམ་གཉིས་སྙོམས་པར་ཞུགས་པས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བར་བསམས་ལ། དེའི་སྒྲས་བདེ་གཤེགས་ཐམས་ཅད་སྤྱན་དྲངས་ནས་གཉིས་ཀའི་སྨིན་མཚམས་སུ་ཐིམ་ནས་སྐུའི་དབྱིབས་བརྒྱུད་དེ་པདྨར་སོན་པ་ལས་ཡུམ་གྱི་རཀྟ་དང་རོ་གཅིག་ཏུ་འདྲེས་པ་ལས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཆར་དུ་ཤར་བའོ། །དེ་ཡང་ཕྱིར་སྤྲོ་བ་དང་ནང་དུ་ལུས་ལ་བསྒོམ་པ་དུས་མཉམ་པའོ། །གསུམ་པ་ལས་རྒྱལ་མཆོག་ནི། ཡེ་ཤེས་པ་དགུག་གཞུག །དབང་བསྐུར། མཆོད་པ། དག་དྲན་ནོ། །གཉིས་པ་རྫོགས་རིམ་ནི་དཔྱིད་ཐིག་གི་མན་ངག་ལྟར་ཤེས་པར་བྱའོ། །གཉིས་པ་མཉམ་ལངས་ཀྱི་རྣལ་འབྱོར་ལ་གསུམ། བཟླས་པ། གཏོར་མ། སྤྱོད་ལམ་མོ། །གསུམ་པ་རྫོགས་རིམ་ནི་དཔྱིད་ཐིག་ལྟར་བསྒོམས་ན། སྔོན་དུ་དཀྱིལ་འཁོར་བསྡུས་ཟིན་པས་འདིར་མི་དགོས་ལ། གལ་ཏེ་མིན་ན་རིམ་བཞིན་བསྡུ་བའོ། །གཉིས་པ་ནི་རིམ་པ་བཞི་སྟེ། དེ་ཡང་དེ་སྟོན་པའི་བསྟན་བཅོས་གཉིས་དང་། སམ་ཊར་སྙིང་ཁའི་ཧཱུྃ་གི་ནང་གི་བྱང་སེམས་དཔྱིད་དང་། ལྟེ་བའི་ཨོཾ་ཐིག་ལེ་སྙོམས་པར་རྫོགས་རིམ་སྒོམ་ཚུལ་གསུངས་པ་ནི་འདིའི་ལུགས་ཐུན་མིན་ནོ། །རིམ་བཞི་ལའང་ལམ་སྐོར་གྱི་གྲས་དང་། གསང་མཐའི་ལུགས་གཉིས་ལས། ཕྱི་མ་ལྟར་འཆད་པ་ལ་བཞི། དང་པོ་ཤེས་བྱ་རྒྱུད་ཀྱི་རིམ་པ་ནི། སྤྱིར་རྡོ་རྗེའི་ལུས་ཀྱི་འཇིག་པ་དང་། སྐྱེ་བ་དང་། གནས་པའི་རིམ་པ་ཤེས་པར་བྱ་བ་དང་། བྱེ་བྲག་སྒོམ་པའི་དུས་ཕྱི་དཀྱིལ་རྣམས་སྙིང་གའི་ཧཱུྃ་ལ་བསྡུ། ཡུམ་ལྟེ་བའི་ཨྃ་ལ་བསྡུས་པའི་འོད་ཀྱིས་གསལ་བར་བྱས་ཏེ་ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་བར་བཞི་པོ་རིམ་བཞིན་རྩ་ཡི་གེ་དང་བཅས་པ་དང་། དབུས་སུ་དྷཱུ་ཏི། གཡས་སུ་གྱེན་མེ་མ། གཡོན་དུ་ཟུར་གཉིད་མ་ཡི་གེ་དང་བཅས་པ་བསྒོམ། དེ་འོག་གཤང་སྒོར་རླུང་དང་སུམ་མདོར་མེ་དཀྱིལ་ཀྱང་བསྒོམ་སྟེ། དེ་ལ་རྒྱུད་ནི་འཁོར་ལོ་བཞི་སོགས་ལུས་ལ་ཡེ་ནས་གནས་པ་ཡིན་ལ། རིམ་པ་ནི་དེ་རིམ་གྱིས་གསལ་བཏབ་པ་མཐར་ཕྱིན་པའི་ཚད་ནི་རྩ་གསུམ་འཁོར་ལོ་དྲུག་ཡིད་ལ་གསལ་བར་སྣང་བའོ། །གཉིས་པ་ཉམས་ལེན་སྔགས་ཀྱི་རིམ་པ་ལ། སྔོན་འགྲོ་རླུང་འབྱུང་འཇུག་དང་བསྟུན་ཏེ། རླུང་ཕྱིར་འབྱུང་ཚེ་གཡས་མེ་མ་ཡི་གེ་དང་བཅས་པ་གསལ་གདབ། ནང་དུ་འཇུག་ཚེ་གཡོན་གཉིད་མ་ཡིག་བཅས། ཅུང་ཟད་གནས་ཚེ་ཨྃ་འབར་བ་ལ་སེམས་གཏད་དེ་ཡུན་རིང་བསྒོམ། དེ་ལ་གོམས་ནས་ནང་དུ་འཇུག་པ་དང་བསྟུན། རླུང་ལྟེ་བའི་ཨྃ་ལ་བསྟིམ་ཞིང་དེར་ཤེས་པ་གཏད་དེ། སྟེང་རླུང་ཐུབ་ཚད་མནན། དེས་ལྟེ་བའི་གནས་སུ་དུ་བ་ལ་སོགས་པའི་རྟགས་ལྔ་སྐྱེ་ཞིང་ཨྃ་གི་མེ་ཡང་རིམ་པར་མགྲིན་པའི་བར་དུ་འབར་སྙམ་བྱེད་པ་འབྱུང་། དེ་ནས་དངོས་གཞི་ནི། འོག་རླུང་དྲག་ཏུ་བསྐུམས་པས་ཨྃ་གི་མེ་སྦར། ཡར་རོ་མ་ནས་སོང་། འཁོར་ལོ་གོང་མ་གསུམ་གྱི་ཡིག་འབྲུ་རྣམས་རིམ་བཞིན་བསྲེགས། སྨིན་མཚམས་ཀྱི་སྒོ་བྱེ། སྣ་བུག་གཡས་ནས་བྱུང་། མདུན་གྱི་ནམ་མཁར་བདེ་གཤེགས་དཔག་ཏུ་མེད་པ་བསྒོམས་པ་ལ། དང་པོ་གཅིག་དང་། དེ་ནས་རྗེ་མང་གིས། མཐར་ཐམས་ཅད་ཤངས་བུག་གཡས་ནས་ཞུགས། དེ་དག་གི་འཁོར་ལོ་བཞི་རིམ་པར་བཞུ་བཏུལ་བྱས་ནས། ལྟེ་བར་མེ་དང་བྱང་སེམས་འདྲེས་པ་དེ། རྩ་གཡས་ནས་བྱུང་བ་ཤངས་བུག་གཡས་ནས་རང་གི་སྣ་བུག་གཡོན་དུ་ཞུགས། སྤྱི་བོ་གསེར་གྱི་སྒོ་ཕྱེ། སྤྱི་བོའི་འཁོར་ལོ་བྱང་ཆུབ་སེམས་ཀྱིས་ཁེངས། ཡང་གཡོན་རྐྱང་མ་ནས་འཁོར་ལོ་འོག་མ་རིམ་བཞིན་ཁེངས་པས་དེ་དག་གི་གནས་སུ་ཡས་འབབ་ཀྱི་དགའ་བ་ནི་སྐྱེས་པར་བསམས། བྱང་ཆུབ་ཀྱི་སེམས་ཨྃ་ལ་ཕོག་པས་ཨྃ་དྲག་ཏུ་འབར་ནས་དབུ་མ་ཁ་བྱེ་སྟེ། སྙིང་གའི་ཧཱུྃ་དང་། མགྲིན་པའི་ཨྃ་ཞེན་ཐོགས་མེད་པར་སྤྱི་བོའི་ཧཾ་ལ་ཕོག །དེ་ལས་བྱང་སེམས་འཛག་པའི་འབར་འཛག་ལ་སེམས་གཏད་དེ་བསྒོམ་མོ། །དེ་ལ། སྔགས་ནི་ཉེ་བའི་ཨྃ། རིམ་པ་ནི་རིམ་གྱིས་སྦར་བ་སྟེ། རང་གི་འཁོར་ལོ་དང་དེ་བཞིན་གཤེགས་པའི་འཁོར་ལོ་རྣམས་བསྲེགས་པ་ནས་འབར་འཛག་ལ་སེམས་གཏད་པའི་བར་རོ། །མཐར་ཕྱིན་པའི་ཚད་ནི་འཕར་གཡོ་ལ་སོགས་པའོ། །གསུམ་པ་ཡེ་ཤེས་སྐྱེ་བའི་རིམ་པ་ནི། ཨྃ་གི་མེས་སྤྱི་བོའི་ཧཾ་ཡིག་གི་བྱང་སེམས་དྷཱུ་ཏི་ནས་ནོར་བུའི་བར་བབ་ནས་བདེ་བ་ལ་སེམས་གཏད་དེ་རླུང་ཁ་སྦྱར་དུ་བསྒོམ། དེ་ལྟར་བསྒོམས་པས་བདེ་བ་མི་བཟོད་པ་སྐྱེས་ན་སླར་མས་བརྟན་གྱི་དགའ་བ་བཅུ་དྲུག་རིམ་བཞིན་བསྒོམས་ཏེ་དེ་ཡང་ཡེ་ཤེས་ནི་དགའ་བ་བཅུ་དྲུག་གི་མཐར་ལྷན་སྐྱེས་མྱོང་བ། རིམ་པ་ནི་རྡོ་རྗེ་ནོར་བུའི་བདེ་བ་ནས། མཛོད་སྤུར་བསྒོམས་པའི་བར་རོ། །ཚད་ནི། བདག་རྒྱུད་བདེ་བས་མྱོས་པ་ལ་སོགས་པའོ། །བཞི་པ་འབྲས་བུ་གསང་བའི་རིམ་པ་ནི། སྣའི་བར་གྱི་ཀ་བ་མེད་པ་སྒོ་ང་སྟོང་པ་ལྟ་བུ་བསྒོམས་ལ། དེ་ནས་སྲོག་རྩོལ་གྱི་རླུང་ཆ་མཉམ་སྟེ། སྤོས་དུད་བཞིན་ལུས་ཀྱི་ནང་ནས་བྱུང་། སྣའི་ཕུག་ཏུ་ཆི་ལི་ལི་འཁྱིལ་ནས་ཕར་མི་འགྲོ་བར་བསམ་མོ། །གསང་བ་ནི་སྲོག་འཛིན་པའི་རླུང་། རིམ་པ་ནི་རླུང་སྐྱོན་རིམ་གྱིས་སེལ་བ། ཚད་ལུས་རས་བལ་ལྟར་ཡང་བ་དང་། རྟགས་ལྔ་མཐོང་བའོ། །དེ་ཚེ་ཆོས་ཀུན་རང་སེམས་སུ་འདུས་པས་ཕྱི་རོལ་གྱི་ཡུལ་ལ་མི་རྟོག་པ་བསྒོམ། སེམས་ཀྱི་རྟོག་པ་བྱུང་ཚོར་ཐམས་ཅད་མི་དམིགས་པར་བསྒོམ། དེ་ནས་སེམས་དང་ཡུལ་དང་ཐམས་ཅད་གཉིས་སུ་མེད་པར་མི་དམིགས་པར་བསྒོམ། དེ་ལྟར་བསྒོམས་པས་མངོན་ཤེས་ལྔ་རིམ་གྱིས་ཐོབ་སྟེ། དེ་ལ་གཉིས་སུ་མེད་པའི་རིམ་པ་ཞེས་ཀྱང་གསུངས་སོ། །དེ་ལྟར་བསྒོམས་པས་ཆོས་མཆོག་མན་གྱི་ལམ་ཆོད་ནས་ཕྱག་རྒྱ་ལུང་སྟོན་པ་འབྱུང་ལ། དེ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མངོན་དུ་བྱེད། གནས་སོགས་བཅུ་གཉིས་རིམ་གྱིས་བགྲོད་དེ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ཐོབ་པར་འགྱུར་རོ། །རྒྱས་པར་ནི་རྣལ་འབྱོར་དབང་ཕྱུག་ས་སྐྱ་པའི་རིམ་བཞི་ལམ་སློང་ལས་ཤེས་པར་བྱའོ། །སྐུ་གསུམ་ལྷུན་གྲུབ་གཞིར་གནས་རྩ་ཁམས་ལ། །ཨོཾ་ཡིག་འོད་ཀྱིས་བྱང་སེམས་བཞུས་པ་ལས། །ཡས་བབས་མས་བརྟན་དགའ་བཞིའི་རིམ་གྱིས་ནི། བླ་མེད་གསང་བ་མཆོག་གི་རྩེར་བགྲོད་ཤོག །ཤུ་བྷཾ།། །། ༈ ཨོཾ་སྭ་སྟི། སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་སྟོང་ཐུན་ཅུང་ཟད་བཤད་ན། ངེས་ཤེས་འདྲེན་པ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལྡན་གྱི་སྟོང་ཐུན་དངོས་སོ། །དང་པོ་ལ། རྒྱལ་བ་རིག་པ་སོགས་གསུམ། གཉིས་པ་བདེ་གཤེགས་འདུས་པའི་རྣམ་བཞག་སྤྱིར་བསྟན། སྒྲུབ་སྡེ་བརྒྱད་ཀྱི་གྲུབ་མཐའ་བྱེ་བྲག་ཏུ་དབྱེ། དང་པོ་ལ། གཞི། ལམ། འབྲས་གསུམ། ལམ་ལ་སྨིན་གྲོལ་ཡན་ལག་གསུམ། །སྨིན་བྱེད་ལ་ཕྱི་བུམ་དབང་ལའང་ཕྱི་ནང་གསང་གསུམ། རྡོ་རྗེ་སློབ་དཔོན་བཅས་གསང་དབང་། ཤེས་དབང་། བཞི་པ། ལམ་ལ། ཕྱི་དཀྱིལ་སྨིན་བྱེད་ལམ་གྱི། སོགས། དེ་ལ་བསྐྱེད་རིམ་ལ་སྤྱིར་སྒྱུ་འཕྲུལ་དྲྭ་བ་ལས། སྤྲོས་བཅས་ཀྱི་བསྐྱེད་རིམ་ལ་བདག་སྲས་གཞན་སྲས་ཀྱི་སྒོ་ནས་བསྒོམ་པ་སྦྱོར་དངོས་༡༡དོན་དང་། ༢རྗེས་༡༢ཀྱི་སྒོ་ནས་བསྟན་པ། རྫོགས་རིམ་སྣང་བ་ལ་བརྟེན་ནས་ལྷའི་རྫོགས་རིམ་སོགས་ལྔ། བྱེ་བྲག་འཇམ་དཔལ་འཁོར་ལོ་བཞི་ནི། སྐུ་གསུང་ཐུགས་རྡོ་རྗེ་རྩ་བའི་རྒྱུད་ལས། འཇམ་དཔལ་སྐུ་ཡི་སྒྲུབ་པ་ནི། འཁོར་ལོ་བཞི་ལ་རྫོགས་པ་ཡི། དང་། །གནས་པའི་འཁོར་ལོས་གནས་ལུགས་བསྟན། །སྲིད་པའི་འཁོར་ལོས་སྣང་ལུགས་བསྟན། །སྤྲུལ་པའི་འཁོར་ལོས་སྒྲུབ་ལུགས་བསྟན། །གཅོད་པའི་འཁོར་ལོས་ཕྲིན་ལས་བསྟན། དང་། །པདྨ་གསུང་གི་སྒྲུབ་པ་ནི། །རྟ་སྐད་དང་པོས་གནས་ལུགས་སྟོན། །རྟ་སྐད་བར་པས་ལྟ་བ་བརྟག །རྟ་སྐད་ཐ་མས་ཕྲིན་ལས་བཞི། དང་། །ཨོཾ་ནི་གནས་ལུགས་ཆོས་ཀྱི་དབྱིངས། །རུ་ལུ་སྣང་ལུགས་ལོངས་སྤྱོད་རྫོགས། །རུ་ལུ་འོག་མ་སྤྲུལ་པའི་སྐུ། །ཧཱུྃ་བྷྱོ་ཧཱུྃ་ནི་དབྱེར་མེད་དོ། །བདུད་རྩི་ཡོད་ཏན་སྒྲུབ་པ་ནི། །བདུད་རྩི་རྣམ་པ་བཞིར་འདུས་ཏེ། །ཆོས་ཉིད་བདུད་རྩི་བསྟན་པ་དང་། །ལྷ་སྔགས་བདུད་རྩི་བསྟན་པ་དང་། །དམ་རྫས་བདུད་རྩི་བསྟན་པ་དང་། །སྨན་མཆོག་བདུད་རྩི་བསྟན་པའོ། །ཕུར་བུ་ཐལ་འབྱིན་དགོངས་པ་ནི། །ཆོས་ཉིད་ཡེ་ཤེས་ཕུར་བུ་དང་། །གསང་བ་བྱང་སེམས་ཕུར་བ་དང་། །ཚད་མེད་སྤྲུལ་པའི་ཕུར་པ་དང་། །མཚན་མ་རྫས་ཀྱི་ཕུར་པ་བཞི། དང་། །མ་མོ་རྦོད་གཏོང་སྒྲུབ་པ་ནི། །ཆོས་ཉིད་གཞི་ཡི་མ་མོ་དང་། །རྟོག་པ་ཡེ་ཤེས་མ་མོ་དང་། །འཁྲུལ་པ་ལས་ཀྱི་མ་མོར་འདུས། དང་། །ཁང་བུ་བཅའ་ཞིང་རྟེན་བཙུགས་ལ། །ཚུལ་བཞིན་མཆོད་ཅིང་དམ་བསྲེས་ན། །ཇི་ལྟར་བཅོལ་བའི་ལས་བྱེད་དོ། །འཇིག་རྟེན་མཆོད་བསྟོད་སྒྲུབ་པ་ཡིན། དང་། དམོད་པ་དྲག་སྔགས་སྒྲུབ་པ་ནི། །སྲོག་དང་སྙིང་པོ་གཉིས་ཀྱིས་སྒྲུབ། །སྲོག་ནི་གཟུགས་ལ་སྙིང་པོ་མིང་། །བསྐྱེད་དང་རྫོགས་དང་རྫོགས་པ་གསུམ། །རྫོང་འཕྲང་གསུམ་གྱིས་མཐར་གཏུགས་ལ། །རྣལ་འབྱོར་གསུམ་གྱིས་ཉམས་སུ་བླང་། །ལྟ་སྒོམ་སྤྱོད་པ་འབྲས་བུ་ཡིན།། །། ༈ སྤྱི་དོན་ཞལ་ལུང་ལས། བྱ་རྒྱུད་ཀྱི་སྤྱོད་པའི་སྐབས། བྱ་བ་དྲུག་གི་དབྱེ་བ་ལ། འཇུག་པའི་དུས་ནི། དཔུང་བཟང་ལས། ཚེས་གྲངས་བཟང་པོ་ལ་འཇུག་སྟེ། ཁྱད་པར་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །གཟའ་སྐར་ཤིས་པས་བླང་བར་བྱ། །ཞེས་སོ། །བཟའ་བ་ཟས་ཀྱི་བྱ་བ་ནི། དཀར་གསུམ་མངར་གསུམ་ཟ་ཞིང་། ཤ་ཆང་སྒོག་བཙོང་ལ་སོགས་པ་བསྲུང་བའོ། །བགོ་བ་གོས་ཀྱི་བྱ་བ་ནི། རས་ཁ་ཚར་མ་ཉམས་པ་བགོ་བའོ། །གཙང་སྦྲ་ཁྲུས་ཀྱི་བྱ་བ་ལ་བཞི་སྟེ། ཉོན་མོངས་པའི་རྒྱུད་རགས་པའི་བག་ཆགས་ལྟ་བས། བག་ཉལ་གྱི་བག་ཆགས་ཏིང་འཛིན་གྱིས། སྤྱོད་ལམ་ཉམས་པའི་དྲི་མ་ལྷ་གཤེགས་དཀྱིལ་འཁོར་བསྡུ་བས། ཐ་མལ་གྱི་དྲི་མ་སྔགས་བཟླས་པའི་ཆུས་བཀྲུ་བའོ། །དམིགས་རྟེན་གྱི་བྱ་བ་ནི། ཡི་དམ་གྱི་སྐུ་བྲིས་འབུར་གང་རིགས་གཙང་སྦྲ་དང་ལྡན་པས་ཆོ་ག་བཞིན་བཞེངས་པའོ། །བཟླས་བརྗོད་བྱ་བ་ནི། ལྷ་ཡི་བདག་གི་འཕྲོ་འདུའི་དེ་ཁོ་ན་ཉིད་གསུམ་དང་ལྡན་ཞིང་སྐྱོན་བཅུ་སྤངས་པའི་ཚུལ་གྱིས་བཟླ་བ་སྟེ། དེ་སྐད་དུ། གསལ་བ་གསུམ་ལྡན་སྐྱོན་བཅུ་སྤངས་ལ་བླང་། །མཚམས་མེད་ལྔ་དང་མི་དགེ་བཅུ་སོགས་པའི། །སྡིག་པ་གང་བྱས་བཟླས་བརྗོད་བགྱིས་པས་སྦྱང་། །ཞེས་སོ།། །། ༈ ཡེ་ཤེས་བཞི་ནི། །ཆོས་དབྱིངས་ཡེ་ཤེས་ཀུན་གྱི་ཁྱབ་བྱེད་དུ་གྱུར་པས་ལོགས་སུ་མ་བགྲངས་བའི་ལྷག་མ་བཞིའོ། ། ༈ འཆད་ཐབས་ཀྱི་སྐྱོན་སྤོང་བའི་སྐབས། རྡོ་རྗེ་ཐེག་པ་ན་བབས་ཀྱི་སྐྱོན་ནི། ཐེག་པ་གོང་མ་འོག་མར་བབས་པའི་སྐྱོན་ནོ། །ཡོག་འབྲོག་འཆོལ་བ་ནི་གོ་རིམ་འཆོལ་བ། རིན་པོ་ཆེ་རྩར་འཆོལ་བའི་སྐྱོན་ནི། རིན་པོ་ཆེ་རྩལ་ལ་བརྒྱུད་པའི་དུས་སུ་ལེགས་པར་སྡེབ་མ་ཤེས་ན། གནས་སྐབས་སུ་བལྟ་བ་ལ་ཡང་མི་མཛེས་ཤིང་། རྒྱལ་ཁྲིམས་ཆེན་པོ་ཡོད་པའི་སར་ཆད་པ་འབྱུང་བ་བཞིན་ནོ། །ཞེས་ལམ་རིམ་གྱི་ཊི་ཀ་ལས་སོ།། །། ༈ བཤད་ཐབས་འདྲེན་པའི་ཚིག་བཅུའི་སྐབས། ལྡེམས་དགོངས་གསང་བ་བརྒྱད་ཀྱིས་སྦྱར། ཞེས་པ་ནི། གཞུག་པ། མཚན་ཉིད། གཉེན་པོ། བསྒྱུར་བ་ལྡེམས་དགོངས་ཏེ་བཞི་བོ་རེ་རེ་ལའང་། ཚིག་ལྡེམ་པ་དང་། །དོན་དགོངས་པ་གཉིས་རེ་ཕྱེ་བས་བརྒྱད་དུ་འགྱུར་ཏེ། དེ་ལ་དང་པོ་ནི། དཔེར་ན་གང་ཟག་ཁ་ཅིག་སེམས་ཞུམ་ནས་གསང་སྔགས་ཀྱི་སྒོར་ཞུགས་མི་ནུས་པ་རྣམས་ལ། གསང་སྔགས་ཀྱི་དོན་རྟོགས་པར་སླ་བའི་ཚུལ་གྱིས་ཚིག་ལྡེམ་པོར་བརྗོད་པ་ནི། དོན་གནས་ལུགས་རང་ལ་རང་ཆས་ལྷུན་གྲུབ་ཏུ་བཞུགས་པ་ལ་དགོངས་པ་སྟེ། བཀྲི་དྲང་གི་ཚིག་ཐམས་ཅད་ལ་ངོས་བཟུང་ངོ་། །གཉིས་པ་ནི། དབུ་མས་དབྱིངས་སྤྲོས་བྲལ་དུ་འདོད་པ་དང་མཐུན་པར་གསང་སྔགས་ཀྱང་སྤྲོས་བྲལ་དུ་འདོད་པས་ལྟ་བ་ལ་ཁྱད་པར་མེད་ཅེས་ཚིག་ལྡེམ་པོར་བརྗོད་པ་ནི། དོན་མཐར་བྲལ་ལྷུན་གྲུབ་ཀྱི་ལྟ་བ་ལ་དགོངས་པ་སྟེ། སྒྲ་མཐུན་དོན་དཔག་གི་གཏན་ཚིགས་ཐམས་ཅད་ལ་ངོས་བཟུང་ངོ་། །གསུམ་པ་ནི། གསང་སྔགས་བླ་ཆོས་སུ་མཐོང་ཞིང་དོན་དུ་མི་གཉེར་པ་རྣམས་ལ་ཚིག་གིས་བསྒྲིབས་ནས་དཀའ་བ་ལྟར་བྱེད་ཅིང་ཐབས་ཀྱིས་འཛུད་དགོས་པའི་ཕྱིར། འདི་སྐད་དུ། །ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་ཐར་པ་ཐོབ་པར་འགྱུར། །ཅེས་པ་ལ་སོགས་པའི་ཚིག་ལྡེམ་པོར་བརྗོད་པ་ནི། དོན་གཟུང་འཛིན་དང་རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་གནས་སུ་དག་ནས་ཐར་བ་ཐོབ་པ་ལ་དགོངས་པ་སྟེ། མ་སྤངས་ཤིང་མི་ལྡན་པའི་གཏན་ཚིགས་ཐམས་ཅད་ལ་ངོས་བཟུང་ངོ་། །བཞི་པ་ནི། ཐེག་པ་འོག་མའི་སྒོར་ཞུགས་པའི་གང་ཟག་ཕལ་ཆེར་རང་སའི་ཡོན་ཏན་གྱིས་སེམས་ཁེངས་ནས། གསང་སྔགས་ལ་བརྙས་པ་བྱེད་ཅིང་དོན་དུ་མི་གཉེར་བ་རྣམས་ལ། དེ་དང་དེའི་ལམ་གྱིས་འབྲས་བུ་མི་ཐོབ་པས་ཡོན་ཏན་དམན་པའི་ཚུལ་གྱིས་ཚིག་ལྡེམས་པོར་བརྗོད་པ་ནི། དོན་གསང་སྔགས་ལ་མ་བརྟེན་པར་མཐར་ཐུག་གི་འབྲས་བུ་མི་ཐོབ་པ་ལ་དགོངས་པ་ཏེ། གསང་སྔགས་ཀྱི་ཆེ་ཡོན་ཐམས་ཅད་ལ་ངོས་བཟུང་ངོ་།། །། ༈ ཁྲེའུར་ཞེས་པ་ནི་མང་པོ་ལས་ལོགས་སུ་བཏུས་པའི་དོན།། །། ༈ མི་གཉིས་པ་ནི་གཉིས་སུ་མེད་པ།། །། ༈

སེམས་ལྔ་པོ་དེ་ཐུན་མོང་གི་ཐེག་པ་ལ་སྦྱར་བའི་ཚེ་ཐུན་མོང་དང་། སྔགས་ལ་སྦྱར་བའི་ཚེ་མཆོག་གི་སེམས་ལྔའམ། ཡང་ལམ་སྤྱིར་བརྩི་བ་ཐུན་མོང་དང་། ཐབས་ལམ་གྱི་སྐབས་ཁམས་ཀྱི་འགྲོས་ལ་བརྩི་བར་མཆོག་གི་སེམས་སུ་བཞེད་དོ།། །། ༈ ལྟ་བའི་སྐབས་ཉམས་སུ་ལེན་བྱེད་ལམ་གྱི་རིམ་པའི་ལྷ་གྲངས་དང་། བླང་བྱ་རྒྱུད་དོན་གྱི་ལྷ་གྲངས་གཉིས་ཀྱི། དང་པོ་ནི། ཁྱབ་བྱེད་ལམ་ཀུན་ཁྱབ་བྱ་ལྟ་བས་ཁྱབ་པའི་ཕྱིར་ལམ་གྱི་ལྷ་གྲངས་དགུ་སྟེ། ལམ་རིམ་ལས། །མཉམ་ཉིད་ངང་གིས་མི་སྐྲག་པ། །མངོན་བྱས་ངེས་པའི་ཤེས་༡རབ་དང་། །རྣམ་པ་ཀུན་ལྡན་སྟེང་ཆེན་༢མཐོང་། །རང་རིག་ཡེ་ཤེས་སྙིང་༣རྗེས་གཟིགས། །ཕྱག་རྒྱ་གཅིག་༤སྐུ་འབྲས་བུར་ལྟ། །ཐམས་ཅད་གསལ་བའི་ལྟ་བ་༥དང་། །བར་ཆད་མེད་པའི་ཚོགས་༦ཆེན་མཐོང་། །དབང་བསྒྱུར་༧མཉམ་ཉིད་མི་གཡོ་༨བ། །ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ། །ཞེས་གསུང་སྟེ་དེའི་དོན་ནི། ཆོས་ཉིད་བདེན་པ་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ངང་ལས་མི་སྐྲག་པའི་བཟོད་པ་ཐོབ་པས། རང་རིག་པའི་མངོན་སུམ་སྒྲོ་འདོགས་དང་བྲལ་བར་གནས་པ་ལ་ཡིད་ཆེས་པའི་ངེས་གཏིང་ཚུགས་པར་རྙེད་པ་ནི་ངེས་པའི་ཤེས་རབ་ཀྱི་ལྟ་བ༡། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ་མཐོང་བའི་ངང་ལ་གནས་པ་དེ་བཞིན་ཉིད་ཀྱི་༢ལྟ་བ། ཡུལ་ཡུལ་ཅན་གཉིས་སུ་མེད་པའི་རང་རིག་པའི་སྙིང་རྗེ་ཆེན་པོའི་ཏིང་འཛིན་གྱིས་ཡེ་ཤེས་སྒྱུ་མར་གཟིགས་པ་ཀུན་སྣང་སྙིང་རྗེ་ཆེན་པོའི་ལྟ་བ༣། འབྲས་བུ་དབྱེར་མེད་ཡི་དམ་ལྷ་ཡི་སྐུ་གཅིག་སྣང་སྟོང་ཟུང་འཇུག་ཏུ་གསལ་བར་ལྟ་བ་ཕྱག་རྒྱ་གཅིག་པའི་ལྟ་བ༤། རྟོག་ཚོགས་ཐམས་ཅད་ལྷའི་དཀྱིལ་འཁོར་ཆེན་པོར་གཉིས་མེད་དུ་གསལ་བ་རྟོགས་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་༥ལྟ་བ། སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཡོ་བྱད་ཐམས་ཅད་སྣང་ལ་རང་བཞིན་མེད་པར་སྤྱད་པས་ཚོགས་གཉིས་རྫོགས་པར་མཐོང་བ་སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་ཀྱི་༦ལྟ་བ། རིག་པ་ལ་རང་དབང་བསྒྱུར་ཞིང་ཟག་མེད་མངོན་དུ་མཐོང་བ་མཐོང་ལམ་རྣམ་སྨིན་དང་ཚེ་དབང་གི་ལྟ་བ༧། ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ལས་བློ་མི་གཡོ་བསྒོམ་ལམ་ཕྱག་ཆེན་༨གྱི་ལྟ་བ། མཉམ་བཞག་གི་ངང་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན་ཡུལ་མེད་དུ་མཁྱེན་ཅིང་མངའ་བ་མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་ལྟ་བ་དང་དགུའོ། །གཉིས་པ་ནི། རྒྱུད་ཀྱི་དངོས་པོ་ཐམས་ཅད་ལའང་ཁྱབ་བྱེད་ལྟ་བས་ཁྱབ་པའི་ཕྱིར། རྒྱུད་དོན་གྱི་ལྷ་གྲངས་དགུ་སྟེ། སྔ་མར། རྒྱུད་དོན་གཟུངས་ཀྱིས་ཟིན་པ་ན། །དམ་ཚིག་དམ་ཚིག་ཅེས་བྱ་བ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་སོགས་མི་འདའ་བ་དམ་ཚིག་གི །བླང་དོར་མེད་པ་སྤྱོད་པའི། བཀོད་པ་དཀྱིལ་འཁོར་གྱི། རོལ་པ་ཕྲིན་ལས་ཀྱི། གནས་སུ་སྟོབ་པ་མཆོད་པའི། རིམ་པ་དབང་གི །དོན་དུ་གཉེར་བ་སྒྲུབ་པའི། ཉམས་སུ་ལེན་པ་ཏིང་འཛིན་གྱི། འཆིང་གྲོལ་མེད་པ་སྔགས་དང་ཕྱག་རྒྱའི་ལྟ་བ་རྣམས་ཏེ། དེ་དག་ཐམས་ཅད་ལྟ་བ་བདེན་གཉིས་དབྱེར་མེད་ཀྱི་རྒྱས་བཏབ་ནས་བསྒོམ་པའི་ཕྱིར་རོ།། །། ༈

གོང་འོག་འགར། རུ་ཞེས་སྣང་བ་ནི། གུ་རུའི་སྒྲ་བསྡུས་པས་བླ་མ་ལ་འཇུག་སྟེ་སྔ་འགྱུར་གྱི་སྐབས་འདིར་བླ་མ་དབང་ཕྱུག་དང་རུ་སོགས་ཀྱི་སྒྲས་སྨོས་པ་མང་ངོ་།། །། ༈ བརྒྱད་དང་བཞི་ལ་ངེས་པར་ནི། །སྟང་དཔྱལ་གཉིས་ཀྱི་དཀྱིལ་འཁོར་ཏེ། །ཕྱག་རྒྱ་དགུ་ཡི་མཚན་མས་གདབ། ཅེས་པའི་ཕྱག་རྒྱ་དགུ་ནི། སྐུ་གསུང་ཐུགས་ཀྱི་ལྷ་གསུམ། ཡེ་ཤེས་སེམས་དཔའ། དབུ་རྒྱན་རིགས་ལྔ་བཅས་སོ།། །། ༈ གོ་མ་ཡེ་ནི་བ་བྱུང་ལྔ་དང་། སུམ་ཅུ་ནི་བླ་མེད་ཀྱི་བུམ་རྫས་སུམ་ཅུའོ།། །། ༈ རྒྱུའི་ཡི་གེ་ལ་ཡི་གེ་བཞི་བཅུ་རྩ་གཉིས་ཞེས་པའི་རྒྱུའི་ཡི་གེ་ཨ་དང་། བཞི་བཅུ་རྩ་གཉིས་ནི་ཀ་ནས་ཀྵཿཡི་བར་གསལ་བྱེད་དང་༢༤། ཨི་ཨཱི་ནས་ཨོ་ཨཽ་བར་དབྱངས་བརྒྱད་དེ་ཞེ་གཉིས་སོ།། །། ༈ ལྗོན་ལྕུག་སྡོང་རེག་མཚན་རྫོགས་དང་། ཞེས་པ་ཕྱི་གནས་དང་། ནང་ཕྱག་རྒྱ་ལ་སྦྱར་བ་གཉིས་ལས། དང་པོ་ནི། ཞི་བའི་གནས་ལྗོན་ཤིང་གི་སྐྱེད་ཚལ། རྒྱས་པའི་གནས་ལྕུག་ཕྲན་རྒྱས་པའི་ས། དབང་ལ་ཤིང་གཅིག་གི་དྲུང་། དྲག་པོ་ལ་ནགས་ཚལ་མེས་ཚིག་པའི་ཤུལ་ལོ། གཉིས་པ་ནི། ཞི་བའི་ཡུམ་ལྗོན་ཤིང་ལྟ་བུ་སྟེ། ཁ་དོག་དཀར་ཞིང་། རི་མོ་འཁོར་ལོའི་གཟུགས་སུ་ཡོད་པ། རྒྱས་པའི་ཡུམ་ལྕུག་ཕྲན་གྱི་ཚལ་ལྟ་བུ་ནི། ཁ་དོག་སེར་ལ་རི་མོ་རིན་པོ་ཆེའི་གཟུགས་སུ་ཡོད་པ། དབང་གི་ཡུམ་སྡོང་གཅིག་ལྟ་བུ་ནི། ཤ་རྩ་དཀར་ལ་དམར་མདངས་ཆགས་པ་རི་མོ་པདྨའི་དབྱིབས་སུ་ཡོད་པ། དྲག་པོའི་ཡུམ་མེས་རེག་པ་ལྟ་བུ་ནི། ཁ་དོག་ནག་གམ་སྔོ་ལ་རི་མོ་ཟུར་གསུམ་དུ་ཡོད་པའོ། །གཞན་དུ་ཕྱི་གནས། ནང་ཏིང་འཛིན། གསང་བ་ཕྱག་རྒྱ་ལ་ངོས་བཟུང་བའི་ཚུལ་ཀྱང་འབྱུང་ངོ་། །འགྲེལ་ཆུང་ལས། །ལྗོན་ཤིང་ཅན་དང་ལྕུག་ཕྲན་རྒྱས་པའི་ས། །ཤིང་གཅིག་དྲུང་དང་མེས་ཚིག་ཕྱི་ཡི་གནས། །མ་རྨོས་པ་དང་པུ་ཏྲ་མང་འཕེལ་དང་། །སྐྱེ་བརྒྱུད་མེད་དང་བཀྲ་མི་ཤིས་གསང་བ། །ཞི་རྒྱས་དབང་དྲག་ཕྱི་ནང་གསང་བའི་གནས། །ཞེས་ཀྱང་གསུངས་སོ།། །། ༈ ལས་ཚོགས་ནི་རྒྱུད་དོན་གཞན་རྣམས་སྒྲུབ་པའི་ཆ་རྐྱེན་དུ་འགྱུར་ཏེ། གང་འདོད་པའི་སྤྱོད་ཡུལ་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་འགལ་རྐྱེན་གྱིས་མི་འཕྲོག་པས་ལྟ་བ་རྟོགས་པའམ། སྤྱོད་པ་སྤྱད་པ་སོགས་ལ་ཐོགས་པ་མེད་པའི་ཕྱིར་རོ།། །། ༈ སྦྱིན་སྲེག་སྐབས། དུག་དང་ཚ་བ་ས་གསུམ་དང་། །ཞེས་པའི་ས་གསུམ་ནི་ཡི་གེ་ཉམས་པ་ལས། དོན་དུ་ཚྭ་གསུམ་ཞེས་རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚ་གསུམ་ཡིན་ནམ་སྙམ།། །། ༈ མུཀྐའི་ཆན་ནི་སྲན་མའི་ཆན། དན་ཏི་ལི་ཞེས་པ་དནྡ་རོག་པོ་སྟེ། བལ་ཡུལ་སོགས་སུ་སྣུམ་ནག་གི་རྒྱུའོ།། །། ༈ སྟངས་ཀྱི་སེམས་ཞེས་ལས་བཞི་གང་ཡིན་གྱི་དམིགས་པའི་སྟངས་བར་མ་ཆད་པ།། །། ༈ སྔགས་སྤུ་གྲི་དང་བཅས་པ་ཞེས་ལས་བཞི་སོ་སོའི་སྔགས་ཤམ།། །། མཉམ་སྐྱིལ་ནི་བདེ་ལུགས་ཀྱི་སྐྱིལ་ཀྲུང་། པད་སྐྱིལ་ལོང་བུ་བསྣོལ་བ། རུས་སྦལ་གྱི་འདུག་སྟངས་ནི་སྟེགས་ལ་ཧོར་འདུག་བྱེད་པ། ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ཀྱི་ཁྱད་པར། ཧེ་རུ་ཀ་གལ་པོ་ལས། །རྡོ་རྗེ་ཚེ་དང་གལ་ཕྱིས་དང་། ཚེ་ཁྲིད་ཛ་གད་ཛ་གྷི་དང་། །བྲན་མོ་ཤམ་མོ་ཀུན་ཏུ་རྒྱུག །ན་ལིང་བདེ་རྒྱས་ལ་སོགས་བཤམ། ཅེས་པའི་ངོས་འཛིན་སོ་སོའི་མཆན་གྱིས་གསལ་བ་བཞིན་ནོ།། །། ༈

ཐུགས་ཐིག་གི་ལུགས། ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཅན་རེད་པ་གང་ཡིན་པ། །གཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །ཞེས་པའི་དོན། སྔགས་ཀྱི་ངོ་བོ་ནི། ལུས་དང་ཡན་ལག་གི་ཡི་གེ་འདུས་ནས་ཡི་དམ་གྱི་ལྷ་གང་ཡིན་པ་བསྐྱེད་པ་ན་གྲུབ་པ་བཞི་རང་བཞིན་གྱིས་ལྡན་པ་ཡིན་ཏེ། ཆོས་ཉིད་གཉུག་མའི་ཡེ་ཤེས་གཞོམ་དུ་མེད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་རང་ལ་གདོད་ནས་རང་ཆས་སུ་གནས་པ་ནི་ཆོས་ཉིད་རང་བཞིན་གྱིས་གྲུབ་པ། རྩ་རླུང་ཐིག་ལེ་རྟོག་ཚོགས་ཀྱི་རྣམ་པ་ཐམས་ཅད་ཡི་གེ་དང་། སྔགས་དང་། ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོར་རང་ཆས་སུ་ཤར་བ་ནི་ཆོས་ཅན་རང་གི་ངོ་བོས་གྲུབ་པ། དེ་ཉིད་སྐྱེ་འགགས་མེད་པའི་ཡེ་ཤེས་སུ་རང་སྣང་བས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་བརླབས་པ་བྱིན་རླབས་ཀྱིས་གྲུབ་པ། སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་གོམས་པའི་སྦྱོར་བས་མཆོག་གི་དངོས་གྲུབ་སྐུ་ལྔ་ལྷུན་གྱིས་གྲུབ་པ་དང་། ཐུན་མོང་གི་དངོས་གྲུབ་ལ་དབང་འབྱོར་བ་མཐུས་གྲུབ་པ་སྟེ། དེ་ལྟ་བུའི་སྔགས་ཀྱི་ནུས་པས་དངོས་གྲུབ་རྣམ་གཉིས་ལ་སྦྱོར་བའི་ཕྱིར་ནུས་མཐུ་ཁྱད་པར་ཅན་དུ་འགྱུར་བ་ནི་སྔགས་ཀྱི་ངོ་བོའོ། །ཕྱག་རྒྱའི་ངོ་བོ་ནི། སྐུ་ཕྱག་ཆེན། གསུང་ཆོས་རྒྱ། ཐུགས་དམ་རྒྱ། འཕྲོ་འདུ་ཕྲིན་ལས་བཞིར་རྫོགས་པ་ཉིད་ལས་མི་འདའ་བས་ཕྱག་རྒྱ་སྟེ། དེ་ལྟ་བུས་རྣལ་འབྱོར་པ་གང་གི་སྒོ་གསུམ་སྤྱོད་ཡུལ་དང་བཅས་པ་ལ་རྒྱས་བཏབ་པར་སྣང་བའོ།། །། ༈

ཚེ་དབང་རིག་འཛིན་གྱི་སྐབས་སུ། ངོ་བོ་ཐབས་དང་སྨན་རིག་འཛིན། །རྣལ་འབྱོར་སྒྲོལ་མའི་རིག་འཛིན་དང་། །ལམ་མཆོག་རྫོགས་པའི་རིག་འཛིན་བཞི། ཞེས་པའི་དོན། འདི་ལྟར་ཚེ་ལ་དབང་བའི་རིག་འཛིན་ནི་སྒྲས་བརྗོད་རིགས་ཀྱི་དབྱེ་བའི་དབང་དུ་བྱས་ན་རྒྱུ་བཞི་ལས་བྱུང་བ་སྟེ། རྡོ་རྗེའི་ཚེ་སྒྲུབ་པའི་ཐབས་དང་། ཉི་ཤིང་དང་། ར་མོ་ཤག་དང། བདུད་རྩི་ལྔ་དང་། གཞན་ཡང་བཅུད་ལེན་གྱི་སྨན་སྦྱོར་ཇི་སྙེད་པ་ལ་བརྟེན་ནས་ཚེ་རིང་བར་གྱུར་པ་དང་། དངོས་ཡིད་ཀྱི་ཕྱག་རྒྱ་ལ་བརྟེན་ནས། ཐབས་ལམ་སྟེང་སྒོ་དང་འོག་སྒོའི་རྣལ་འབྱོར་གྱིས་ཐིག་ལེ་དབབ་བཟུང་བཟློག་དགྲིམ་གྱི་སྦྱོར་བས་དངུལ་ཆུའི་སྦྱོར་བས་ལྕགས་རྣམས་གསེར་དུ་བསྒྱུར་བ་ལྟར་སྙིགས་མ་དྭངས་མའི་ལུས་སུ་གྱུར་ནས་ཚེ་རིང་བར་གྱུར་པ་དང་། སྒྲོལ་མའི་རྣལ་འབྱོར་ནི། སྟེང་འོག་གི་འཁོར་ལོ་དང་། སྟེང་འོག་གི་རླུང་རྡོ་རྗེ་དྷཱུ་ཏཱིའི་དབྱིངས་སུ་ཁ་སྦྱོར་གྱི་ཆོ་གས་བཅིངས་པ་ལས་འགོག་པའི་སྙོམས་འཇུག་ལྟར་ཚེ་བསྐལ་པར་གནས་པ་དང་། ལམ་མཆོག་ཡོངས་སུ་རྫོགས་པ་ནི། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱིན་ཅི་མ་ལོག་པའི་གོམས་པ་བརྟས་པས་མཐོང་ལམ་ཟག་པ་མེད་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པའོ།། །། ༈ ཕྱག་ཆེན་གྱི་རིག་འཛིན་ལ། ཀྲི་ཡས་རིགས་གསུམ་དབྱེ་བ་ནི། སྤྱིར་བྱ་བའི་རྒྱུད་ཀྱི་བསྒྲུབ་བྱའི་ལྷ་ཐམས་ཅད་རིགས་དྲུག་ཏུ་འདུ་ཞིང་། དེའང་བསྡུ་ན། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་དུ་འདུ་བ་ལས། ལམ་དུས་སུ་སྒྲུབ་པ་པོས་གང་ལ་བསྙེན་པའི་ལྷ་དེ་དང་དེ་ཡི་རྣམ་པར་ཤར་པའོ། །ཨུབྷ་ཡས་རིགས་བཞིར་སྣང་བ་ནི། མི་བསྐྱོད་པ་མ་གཏོགས་པའི་རིགས་ལྷག་མ་བཞི་དང་། རྣལ་འབྱོར་གྱི་རྒྱུད་དུ་རིགས་ལྔར་སྣང་བ་ནི་སྤྱི་ལྟར་རོ། ། ༈ གཞི་ལམ་འབྲས་བུའི་རྣམ་གཞག་ཚིག་དོན་གྱི་ས་བོན་ཅེས་བྱ་བ། རྗེ་བཙུན་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐེག་པ་ཐམས་ཅད་ཀྱི་བརྗོད་བྱ་གཞི་ལམ་འབྲས་གསུམ་གྱི་རྣམ་པར་བཞག་པ་ལ་གསུམ་སྟེ། དང་པོ་གཞི་ཡི་རྣམ་པར་བཞག་པ་ནི། ཉན་ཐོས་བྱེ་སྨྲ་བས། ཆོས་གོས། བསོད་སྙོམས། གནས་མལ་ངན་དོན་ཙམ་གྱི་ཆོག་ཤེས་པ་གསུམ་དང་། སྤོང་བ་བསྒོམ་པ་ལ་དགའ་བ་སྟེ་བཞིས་བསྡུས་པའི་སེམས་བྱུང་མ་ཆགས་འཕགས་པའི་རིགས་ཅན་འདོད་ཆུང་ཆོག་ཤེས་ཞིག་ལ་འདོད། མདོ་སྡེ་པས་ཟག་མེད་སེམས་གྱི་ས་བོན་འབྲས་བུ་འབྱུང་རུང་གི་ནུས་པ་ལ་འདོད། ཐེག་ཆེན་སེམས་ཙམ་པས། ཀུན་གཞིའི་རྣམ་ཤེས་ལ་ཡོད་པའི་ཟག་མེད་ཀྱི་ཡོན་ཏན་རྐྱེན་དང་ཕྲད་ན་བྱང་ཆུབ་ཐོབ་པར་བྱེད་པའི་ནུས་པ་ཐོག་མེད་ནས་ཡོད་པ་སྐྱེ་མཆེད་དྲུག་གི་ཁྱད་པར་རམ། ཟག་མེད་ས་བོན་གྱི་ཆའམ། སྒྲིབ་པ་སྤང་རུང་ངམ། ཐོས་པའི་བག་ཆགས་སོགས་མིང་གི་རྣམ་གྲངས་དུ་མ་དང་ལྡན་པ་ཞིག་ལ་འདོད། དབུ་མ་པ་ལ། བྱམས་མགོན་གྱིས་རྒྱུད་བླར་གསལ་བའི་ལྡོག་ཆ་ནས་བཤད་པ་གཙོ་ཆེ་སྟེ། གཞི་ལམ་འབྲས་བུའི་ཡོན་ཏན་གྱི་ལྡོག་པ་མ་ལུས་པ་ཚང་བའི་བདེ་གཤེགས་སྙིང་པོ་ནི། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་སོགས་སྒྲུབ་བྱེད་གསུམ་གྱིས་འགྲོ་རྒྱུད་ལ་ཡོད་པར་བསྒྲུབ། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། །ཞེས་སོགས་རྣམ་གཞག་བཅུ་ཡིས་གཏན་ལ་ཕབ། སངས་རྒྱས་པད་ནང་སྦྲང་རྩི་སྦྲང་མ་ལས། །ཞེས་སོགས་དྲི་མས་སྒྲིབ་ཚུལ་དཔེ་དགུས་བསྟན། དག་སོགས་བྲལ་བ་རང་གཞན་དོན། །ཅེས་སོགས་དང་། རང་དོན་དོན་དམ་སྐུ་དང་ནི། །ཞེས་སོགས་དང་། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཞེས་སོགས་རྣམས་ཀྱིས་རིམ་པ་བཞིན། དག་པ་གཉིས་ལྡན་གྱི་བྱང་ཆུབ་དང་། བྲལ་བ་དང་རྣམ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་དང་། རྒྱུན་མི་འཆད་པ་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོགས་ཀྱིས་འབྲས་བུའི་གནས་ཚུལ་ཁྱད་པར་བཤད་པའི་ཕྱིར། སློབ་དཔོན་ཀླུ་སྒྲུབ་རིག་ཚོགས་ལས་སྟོང་པའི་ལྡོག་ཆ་གཙོ་ཆེ་བར་གསུངས་ཏེ། དེ་ལས་རྟེན་འབྲེལ་གྱི་རྟགས་དང་། མཐའ་བཞིའི་སྤྲོས་པས་སྟོང་པའི་ཚུལ་རིགས་པས་གཏན་ལ་ཕབ་ནས་ཆོས་ཐམས་ཅད་བདེན་པས་སྟོང་པའི་སྟོང་ཉིད་ལ་འཁོར་འདས་ཀྱི་བྱ་བྱེད་རུང་བར་གསུངས་པའི་ཕྱིར་རོ། །ཡང་དེ་ཉིད་ཀྱི་བསྟོད་ཚོགས་ལས་ཟུང་འཇུག་གི་ལྡོག་ཆ་གཙོ་ཆེ་བར་གསུངས་ཏེ་རྟེན་འབྲེལ་གྱི་རྟགས་ལས་འདུས་བྱས་བདེན་སྟོང་གི་སྟོང་ཉིད་དེ་དང་། བདེན་གྲུབ་བཀག་པའི་ཅི་ཡང་མེད་པ་ཙམ་ཡིན་པ་སྤངས་ནས། འཁོར་འདས་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་སེམས་དང་ཟུང་དུ་འཇུག་པ་ཉིད་འཁོར་འདས་ཀུན་གྱི་གཞི་ཡིན་པའི་ཕྱིར་ཞེ་ན། གཞི་སྟོང་པ་ཉིད་ལས་འཁོར་འདས་ཀྱི་བྱ་བྱེད་རུང་བར་གསུངས་པའི་ཕྱིར་ཏེ། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པ་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། ཅེས་ཉོན་མོངས་པའི་སྦུབས་ན་རང་བཞིན་གྱི་ དྲི་མས་མ་གོས་པའི་སེམས་རང་རིག་རང་གསལ་རྒྱུན་ཆགས་སུ་ཡོད་པར་བཤད་ནས། དེ་ཉིད་བདེན་པར་གྲུབ་བམ་སྙམ་ན། བསམ་གྱིས་མི་ཁྱབ་པར་བསྟོད་པར། གང་གི་དངོས་པོ་རྟེན་འབྱུང་རྣམས། །ངོ་བོ་མེད་པ་ཉིད་དུ་གསུངས། །ཞེས་རྟེན་འབྲེལ་གྱི་རྟགས་ལས་དེ་ཡང་བདེན་མེད་དུ་བཤད་པ་ལས་དེ་ལྟར་གྲུབ་པའི་ཕྱིར་རོ། །དེས་ན་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་སྔགས་ཀྱི་རྒྱུད་རྣམས་སུའང་རྡོ་རྗེའི་ཚིག་དུ་མས་གཏན་ལ་ཕབ་སྟེ་དགོངས་པ་གཅིག་ཏུ་གྲུབ་བོ། །གཉིས་པ་ལམ་གྱི་རྣམ་པར་བཞག་པ་ལ། སྤྱིར་རྒྱལ་བས་གསུངས་པའི་ཆོས་ཐམས་ཅད་རྗོད་བྱེད་སྡེ་སྣོད་གསུམ་དང་། བརྗོད་བྱ་བསླབ་པ་གསུམ་དུ་འདུ་བ་ལས། ཉན་ཐོས་པ་དག་ངེས་པར་འབྱུང་བའི་བསམ་པས་སོ་སོར་ཐར་པ་རིས་བདུན་གང་ཡང་རུང་བ་བླངས་ནས་ཉེས་སྤྱོད་ཀྱི་ཚོགས་རྣམས་སྡོམ་པ་ཙམ་གཙོ་བོར་བྱེད་པ་ལྷག་པ་ཚུལ་ཁྲིམས་དང་། བསམ་གཟུགས་ཀྱི་སྙོམས་འཇུག་ལ་སོགས་པར་སྒྲུབ་པར་བྱེད་པ་བསམ་གཏན། བྱང་ཆུབ་ཕྱོགས་ཀྱི་ཆོས་དང་མཐུན་པར་ཡིད་ལ་བྱེད་པ་ཤེས་རབ་ཀྱི་བསླབ་པ་རྣམས་སུ་བཞག་ཅིང་། རང་རྒྱལ་ནི་དེའི་སྟེང་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ལ་བསྒོམ་པ་དང་། རྣམ་པར་འབྱེད་པའི་ཤེས་རབ་བརྟེན་པའོ། །བྱང་སེམས་པས་སྨོན་འཇུག་གིས་བསྡུས་པའི་ཚུལ་ཁྲིམས་གཞན་ཕན་གཙོ་བོར་བསྒྲུབ་ཅིང་། ཞི་གནས་བསམ་གཏན་དང་། ལྷག་མཐོང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་དང་། རྡོ་རྗེ་ཐེག་པར་དབང་བསྐུར་བས་ཐོབ་པའི་སྔགས་ཀྱི་ཚུལ་ཁྲིམས་དང་། བསྐྱེད་པའི་རིམ་པ་སེམས་རྩེ་གཅིག་པའི་ཏིང་འཛིན་བསྒྲུབས་ནས། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཟབ་མོ་རྫོགས་པའི་རིམ་པས་ཆོས་རྣམས་ཀུན་གྱི་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་དབང་བསྒྱུར་བའོ། །གསུམ་པ་འབྲས་བུ་ནི། བྱེ་སྨྲ་བས་སངས་རྒྱས་སྐུ་ལ་རྣམ་གྲོལ་ཆོས་སྐུ་དང་། རྣམ་སྨིན་གཟུགས་སྐུ་གཉིས་སུ་འདོད། མདོ་སེམས་དབུ་གསུམ་གྱིས་སྐུ་གསུམ་ཡེ་ཤེས་བཞི་རུ་འདོད། བྱ་རྒྱུད་སོགས་འོག་མ་གསུམ་གྱིས། སྐུ་གསུམ་འདོད་ཚུལ་ཕར་ཕྱིན་དང་ཆ་འདྲ་ལ། རྣམ་པའི་འདོད་ཚུལ་ནི་ཐ་དད་དེ། སྤྱོད་རྒྱུད་མན་ཆད་གཟུགས་སྐུ་རིགས་ལྔར་མི་འདོད་ཀྱང་། རྣལ་འབྱོར་རྒྱུད་ཡན་ཆད་དུ་རིགས་ལྔར་འདོད། རྣལ་འབྱོར་ཆེན་པོར་སྐུ་བཞིའི་རྣམ་བཞག་ཁས་ལེན་ཅིང་། རྣལ་འབྱོར་དབང་ཕྱུག་གི་མན་ངག་སོགས་ལས་སྐུ་ལྔར་གསུངས་པའི་ཚུལ་ཡང་ཡོད་དོ། །ཞེས་པའང་ཨ་བྷཱ་ཡས་བཏུས་པའོ།། །། ༈

རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་ས་ལམ་གྱི་རྣམ་གཞག་འདི་ལྟར་འཆད་དེ། དེ་ཡང་ས་ལྷག་མ་གསུམ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་བགྲོད་པར་མི་ནུས་ཏེ། དེ་གསུམ་བླ་མེད་ཀྱི་ལམ་ཁོ་ནའི་བགྲོད་བྱ་ཡིན་པའི་ཕྱིར། ཡུལ་ཉི་ཤུ་རྩ་བཞིའི་རླུང་སེམས་དབུ་མར་ཞུགས་པས་ས་བཅུ་དང་། དེ་སྟེང་སྙིང་ཁའི་ཕྱི་བསྐོར་གྱི་རྩ་འདབ་བརྒྱད་དང་། སྦས་པའི་རྩ་ལྔའི་རླུང་སེམས་དབུ་མར་ཞུགས་པས་ལྷག་མ་གསུམ་བསྐྱེད་དགོས་ཤིང་། དེ་བསྐྱེད་པའི་ཐབས་བླ་མེད་ཀྱི་ལམ་ལ་རགས་ལས་པའི་ཕྱིར། འོ་ན་ཕར་ཕྱིན་པས་ས་བཅུ་པ་ཡང་བགྲོད་པར་མི་ནུས་པར་དོགས་ན། ས་བཅུ་མན་ཆད་ཀྱི་རྟོགས་པ་ལུས་དང་སེམས་ལ་གནད་དུ་བསྣུན་པ་གཉིས་ཀས་ཕྱེ་བས་ཕར་ཕྱིན་པ་ཕྱི་མའི་ཚུལ་ཅན་ཡིན་པའི་ཕྱིར། ས་ལྷག་མ་གསུམ་པོ་སྦས་པ་གསུམ་ཞེས། ས་བཅུ་གཅིག་པ་དོན་སྦས་ལ་མིང་མ་སྦས་ཏེ། མིང་ཕར་ཕྱིན་ལ་གྲགས་ཀྱང་དོན་སྔགས་ལ་ས་བཅུ་གཉིས་པ་མན་ཆད་སློབ་པ་དང་། བཅུ་གསུམ་པ་མི་སློབ་པར་བསྟན་པའི་ཕྱིར། ས་བཅུ་གཉིས་པ་མིང་དོན་གཉིས་ཀ་སྦས་ཏེ་ཕར་ཕྱིན་ལ་མིང་དོན་དེ་ལྟར་མ་གྲགས་པའི་ཕྱིར། ས་བཅུ་གསུམ་པ་མིང་སྦས་ལ་དོན་མ་སྦས་པ་སྟེ། བཅུ་གསུམ་པའི་མིང་མ་གྲགས་ཤིང་དོན་ཐེག་ཆེན་མི་སློབ་པའི་ལམ་ལ་འཇོག་ཕྱིར་དེར་གྲགས་པའི་ཕྱིར། དེས་ན་ས་བཅུ་གཅིག་པའི་མིང་ཙམ་ཞིག་ཕར་ཕྱིན་ལ་གྲགས་ཀྱང་དེ་དངོས་མ་ཡིན་ཏེ་དངོས་སློབ་ལམ་ཁོ་ནས་ཁྱབ་པའི་ཕྱིར། དེས་ན་ཕར་ཕྱིན་སྔགས་གཉིས་སངས་རྒྱས་ཀྱི་མཚན་ཉིད་སྐུ་གསུམ་ཡེ་ཤེས་ལྔ་ཉིད་སྤངས་རྟོགས་ཐམས་ཅད་རྫོགས་པ་ལ་མཐུན་ཀྱང་། མཚན་གཞི་མི་མཐུན་ཏེ་སྔ་མས་ས་བཅུ་གཅིག་པ་དང་། ཕྱི་མས་བཅུ་གསུམ་པ་ལ་འཇོག་པའི་ཕྱིར། འོ་ན་ཕར་ཕྱིན་གྱི་ཐེག་པས་སངས་རྒྱས་དངོས་མི་ཐོབ་པས་དོན་མེད་པར་ཐལ་ཞེ་ན། ཕར་ཕྱིན་རང་རྐང་གིས་ས་བཅུ་པའི་བར་ཐོབ་ཅིང་། དེ་ནས་སྔགས་ལམ་ལ་མི་འཇུག་པ་མི་སྲིད་པའི་ཕྱིར་དེ་ཡན་ཆད་སྔགས་ལམ་གྱིས་ཚེགས་ཆུང་དུས་ཐོབ་པའོ། །ཀྱེ་རྡོར་ལས་གནས་དང་ཉེ་བའི་གནས་སོགས་བསྡུས་པའི་སློབ་ལམ་ས་བཅུ་གཉིས་སུ་ཕྱེ་ཞིང་། དེའི་ཚེ་དེས་བསྡུས་པའི་ཡུལ་ཆེན་པོ་གཉིས་ཀྱི་ནང་གནས་༨བཞི་བཞིའི་རླུང་སེམས་དབུ་མར་ཚུད་ཅིང་། ཕྱིའི་ཡུལ་བཞིའི་མཁའ་འགྲོ་བཞི་དབང་དུ་འདུས་པས། ས་དང་པོ་གཉིས་གཉིས་ཀྱི་རྟོགས་པ་འགྲུབ་ཅིང་། དེ་བཞིན་དུ་ཕྱི་ནང་གི་ཡུལ་གཉིས་དབང་དུ་འདུས་པས་༢༨ས་གསུམ་ནས་བཅུ་པའི་བར་དང་། བཞི་བཞི་དབང་དུ་འདུས་པས་༣༢ས་བཅུ་གཅིག་བཅུ་གཉིས་གྲུབ་པར་གསུངས་པ་དང་། བདེ་མཆོག་རྩ་རྒྱུད་དང་སཾ་ཊ་བདུན་པར་ཡུལ་ཉེར་བཞིའི་དང་པོ་བཞི་བཞི་དབང་དུ་འདུས་པས་ས་དང་པོ་གཉིས་དང་། དེའི་ལྷག་མ་གཉིས་གཉིས་དབང་དུ་འདུས་པས་ས་བཅུ་པའི་བར་ཐོབ་པར་བཤད་པ་དང་། དེ་སྟེང་དཔེ་མེད་དང་ཡེ་ཤེས་ཆེ་གཉིས་བསྣན་པར་མངོན་བརྗོད་ལས་གསུངས་པས་མཐུན་ལ། མི་སློབ་པའི་ས་བཅུ་གསུམ་ནི། ནང་དུ་སྦས་པའི་རྩ་ལྔའི་རླུང་སེམས་དང་། ཕྱི་རོལ་དུ་ཡུལ་ཆེན་ལྷག་མ་བཞི་ལྔ་གླིང་རིན་དང་བཅས་པའི་དཔའ་བོ་དང་རྣལ་འབྱོར་མ་དབང་དུ་འདུས་པས་གྲུབ་པར། ཀུ་མུ་ཏིར་རྒྱུད་རྒྱས་པའི་ལུང་། །འཐུང་གཅོད་དཔེ་མེད་ཡེ་ཤེས་ཆེ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། །ཞེས་གསུངས་པ་མངོན་བརྗོད་དང་མཐུན་ལ། དགོངས་པ་ལུང་བསྟན་ལས། སངས་རྒྱས་རྣམས་ཀྱི་གང་བསྟེན་པའི། །སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་གསུངས་སོ། །དེས་ན་ཕར་ཕྱིན་ལས་བཤད་པའི་མཚན་ཉིད་ཅན་གྱི་སངས་རྒྱས་དངོས་བླ་མེད་ཁོ་ནའི་ལམ་གྱིས་ཐོབ་དགོས་ཏེ་ཕར་ཕྱིན་གྱིས་ཐོབ་པ་མིན་ནོ།། །། ༈

Footnotes

Other Information