སློབ་དཔོན་རིན་པོ་ཆེའི་སྐུ་ཆས་སོགས་ཟིན་ཐུན་སྣ་ཚོགས།

From Khyentse Lineage - A Tsadra Foundation Project
JKW-KABUM-04-NGA-001-029
Wylie title slob dpon rin po che'i sku chas sogs zin thun sna tshogs JKW-KABUM-04-NGA-001.pdf
Location mkhyen brtse'i bka' 'bum
Volume 4, sde tshan 1, Text 29, Pages 424-458 (Folios 212b4 to 229b2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. slob dpon rin po che'i sku chas sogs zin thun sna tshogs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 4: 424-458. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris

1 Texts in this Section (sde tshan or chos tshan)

[edit]
སློབ་དཔོན་རིན་པོ་ཆེའི་སྐུ་ཆས། ནང་དུ་མདུང་མའམ་གསང་གོས་དཀར་པོའམ། མཐིང་ག །དབྱིབས་རྡུལ་ལེན་ལྟ་བུ་དེ་སྟེང་ཕོད་ཁ་མཐིང་ནག་དང། ལ་ལར་མཐིང་ཁྲ། དེ་སྟེང་ཆོས་གོས་དམར་པོ་ལེའུ་ལ་གསེར་གྱི་ཧཱ་སྟེ་མེ་ཏོག་གི་རི་མོ་ཡོད་པ། ལ་ལར་པ་ཏྲའང་གསུངས་ཏེ། སྤྱི་འདུས་ཀྱི་ཤོག་སེར་ལའང་རྩ་མཆན་གྱི་ཚུལ་དུ་གཉིས་ཡོད་སྐད། དེ་སྟེང་ཟ་འོག་ཅེས་གོས་ཆེན་ཁ་དོག་སྣ་ཚོགས་ལྷུག་འཐགས་བྱས་པའི་ཁྲི་བེར་མནབས་པའོ། །འོན་ཀྱང་གཏེར་གཞུང་རྣམས་སུ་འདྲ་མིན་ཅི་རིགས་འབྱུང་བས་མཐའ་གཅིག་ཏུ་བཟུང་དཀའ། །ཀླུ་སྨན་ཐམས་ཅད་ལ་སྲོ་མ་ལེགས་ཚུལ་སྟག་ཤམ་རྣམ་ཐར་དང་གཞན་དུའང་སྣང་མོད་གང་ཡིན་དཔྱད། ཨཪྩིས་དང་། ན་རྩིས་ཞེས་འབར་བ་དང་། ཆེར་འབར་བ་ལ་འཇུག །ཕྱི་མ་ཚིག་ཕྲད་ཀྱིས་ཨ་ཕྱིས་པ་བཞེད། མ་ཧཱ་སནྡྷི་ལ་ལར་མ་ཧཱ་ས་མ་དྷི་ཟུར་ཆག་པས་ཏིང་འཛིན་ཆེན་པོ་ཞེས་པར་བཞེད། ཡང་སྒྲུབ་ཀྱིས་དམ་པ་འཛིན་པ་ཆེན་པོ་དང་། ཡང་ན་མཉམ་པའི་བློ་ཆེན་པོར་བསྒྱུར། ཞི་ཁྲོའི་ས་ནི་དུག་གི་ཕ་སོགས་ཀྱི་དོན། གནས་སྐབས་ཀུན་ཏུ་འབྱུང་བ་ལྔ་ལ་རྟེན་དང་བརྟེན་པའི་ཚུལ་གྱིས་དུག་གསུམ་བསྐྱེད་པ་ལ་དགོངས། །ཐམས་ཅད་ས་ཡི་རང་བཞིན་སོགས་ཀྱི་དོན། རགས་པའི་འབྱུང་བ་དང་རྫས་འགལ་བ་གཉུག་སེམས་དང་ལྷན་ཅིག་པའི་འབྱུང་བཞི་ཡུལ་བཞིའི་ངོ་བོར་བཞུགས་པ་ལས་རང་ཤར་བའི་ཞིང་ཁམས་ལ་དགོངས། བཏགས་གྲོལ་རྒྱུན་དུ་འཆང་བ་ཙམ་ལ་འགལ་བ་མེད་འདྲ། ཇི་ལྟར་ཡང་དབུགས་ལ་ངེས་པར་སླེབས་དགོས་པ་རྒྱུད་སྡེའི་དགོངས་པ་ཡིན། མ་བསྒོམས་སངས་རྒྱས་ཆོས་ལྔའམ་དྲུག་གི་ངོས་འཛིན་འདྲ་མིན་མང་སྟེ། མཐོང་གྲོལ་སྐུ་ཚབ་དང་། ཙཀྲ། མེ་ལོང་སོགས་ལ་བརྟེན་པ་དང་། ལ་ལར་ཐོད་རྒལ་གྱི་ངོ་སྤྲོད་ཐོས་གྲོལ་བཏགས་གྲོལ་གྱི་གསང་སྔགས་བཀླག་པ་དང་། ཁྲེགས་ཆོད་ཀྱི་ངོ་སྤྲོད། རེག་གྲོལ་པདྨ་ཅན་ལ་སྦྱོར་བ་དང་། ལ་ལར་རྫས་ཀྱི་སྦོར་བའང་གསུང་། སྤྱིར་གྲོལ་བ་ཙམ་ལ་རྣམ་གྲངས་མང་ཞིང་། མི་འཁྲུགས་པའི་གཟུངས་སྔགས་མཐོང་གྲོལ་དང་། པདྨོཥྞཱི་ཥཱིའི་སྔགས་དུང་ལ་བཏབ་ནས་ཐོས་གྲོལ། དེ་ཉིད་ཀྱི་དུ་བས་བདུགས་པའི་ཆོས་གོས་ཀྱིས་རེག་གྲོལ། དབང་པོ་རབ་འབྲིང་གི་ཁྱད་ཡིན། སོར་འབྲང་མའི་འཁོར་ལོས་བཏགས་གྲོལ། དོན་ཞགས་སོགས་ཀྱི་རིལ་བུ་བསྒྲུབས་པ་དང་། ལན་བདུན་པའི་མྱོང་གྲོལ་སོགས་གསར་མའི་རྒྱུད་དང་མན་ངག་ལས་རྒྱ་ཆེར་བཤད་པས་རྙིང་མ་གཅིག་པུར་དོགས་འཚང་མི་དགོས་ཤིང་། དེས་རྒྱུ་བྱས་ནས་སྐྱེ་བ་ཕྱི་མར་མྱོང་འགྱུར་ངན་སོང་གི་སྡུག་བསྔལ་ལས་གྲོལ་ནས། རིམ་གྱིས་མཐོ་རིས་ཀྱི་རྟེན་ལས་རྣམ་པར་གྲོལ་བའི་གོ་འཕང་ཐོབ་པ་ལ་དགོངས་པའི་ཕྱིར་རོ།། །། ༈

བླ་མའི་རྣལ་འབྱོར་དང་། སྐྱབས་ཡུལ་སོགས་བདག་མདུན་གྱི་ཚུལ་དུ་བསྒོམ། རྡོར་སེམས་བདག་བསྐྱེད་རིགས་བདག་གི་ཚུལ་དུ་བསྒོམ།། །། ༈ སེམས་འཁྲིད་ཀྱི་སྐོར་རྣམས་བླ་མའི་བྱིན་རླབས་ཀྱི་རིམ་པ་ལ་ལྟོས་ནས་རང་རྒྱུད་ལ་ཤུགས་འབྱུང་གི་ཚུལ་དུ་རིམ་གྱིས་སྐྱེ་བ་མ་གཏོགས། ཚིག་སྐམ་གྱི་བཤད་པ་མང་པོས་ཉམས་ལེན་ལ་བྱ་ཤོར་དུ་འགྲོ་བས་གཏན་ནས་མི་བྱེད་དོ། །འོན་ཏེ་དགེ་ཕྱོགས་ཀྱི་གནད་བཞིའི་དཔྱད་པས་ལྟ་བ་བཙལ་ཚུལ་སོགས་དབང་པོ་རྟུལ་པོ་དང་། ལས་དང་པོ་པའི་རིགས་ལ་བློ་སྦྱོང་བའི་ཐབས་དང་། བག་ཆགས་འཇོག་ཐབས་ལེགས་པར་བཞེད་ཅེས་སྣང་ངོ་།། །། ༈ ཀུ་རུ་ཀུལླེ་ཞེས་པའི་སྒྲ། ཌུཀྲྀཉ྄་བྱེད་པ་ལ་ཧི་དང་། ཀུ་ལ་ཚོགས་པ་ལ་གྷཉ྄་སྦྱར་མཐར་ཨཱི་པྲ་བྱིན་པས་གྲུབ་པ་དང་། བོད་སྐད་དུ་ཆགས་བྱེད་མར་འགྱུར་ཚུལ་སོགས་སྣང་ཡང་དཔྱད་བྱའི་གནས་དང་། རྡོ་རྗེ་སྙིང་འགྲེལ་དུ་ངེས་ཚིག་གི་བཤད་པ་ཡོད་པ་ལྟར་ལེགས། ། ༈ མཐོང་སྤོང་ནི་མཐོང་བའི་ལམ་གྱི་སྤང་བྱའི་ངོ་སྐལ་དུ་གྱུར་པ་སྟེ། ཉོན་མོངས་མངོན་གྱུར། བསྒོམ་སྤང་ནི་དེ་ཉིད་ཀྱིས་སྤང་བྱ་བག་ཉལ་རྣམས་སོ། །བྱང་ཕྱོགས་སོ་བདུན་འཁྲིད་རིམ་དང་སྦྱར་ན། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས་རྣམས་ཚོགས་ལམ་ཆུང་ངུ་། ལས་རྒྱུ་འབྲས་བསྟན་པ་ཚོགས་ལམ་འབྲིང་པོ། །སྐྱབས་སེམས་སྔོན་དུ་འགྲོ་བས་ལྷ་དང་མི་ཡི་སེམས་འཛིན་སོགས་ཚོགས་ལམ་ཆེན་པོ། ཕར་ཕྱིན་དྲུག་གི་ཉམས་ལེན་རྒྱས་པར་བཤད་པ་སྦྱོར་ལམ་དྲོད་རྩེ། ཁྱད་པར་ཕར་ཕྱིན་ཐ་མ་གཉིས་ལ་སྙིང་པོར་དྲིལ་བ་བཟོད་ཆོས། ཐ་མའི་དངོས་འབྲས་བདེན་པ་མཐོང་བ་མཐོང་ལམ་དེའི་རྒྱུན་གོམས་པར་བྱེད་ཅིང་རང་གཞན་གཉིས་ཀའི་དོན་སྤྱོད་པ་སྒོམ་ལམ། དེའི་དངོས་འབྲས་མི་སློབ་པའི་ལམ་མོ། །སྔགས་དང་སྦྱར་ན། རྡོ་རྗེ་ཐེག་པའི་ཉམས་ལེན་ཐམས་ཅད་ཕར་ཕྱིན་དྲུག་ཏུ་བསྡུ་བའི་ཚུལ་གྱིས་སོ། །དེ་ལྟར་ནའང་བྱ་སྤྱོད་གཉིས་ཀྱི་ཉམས་ལེན་ནི། རྒྱུ་དང་འབྲས་བུའི་རྣལ་འབྱོར་ལམ་དུ་བྱེད་པ་སྟེ། རྒྱུ་ཚོགས་གཉིས་བསགས་པ་སྔོན་དུ་འགྲོ་བས། འབྲས་བུ་མདུན་ནམ་རང་ལྷར་བསལ་བ་གཟུགས་སྐུ་དང་། མཐར་བྱས་ཡེ་ཤེས་པ་གཤེགས་བསྡུ་སོགས་ཆོས་སྐུའོ། །རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན་ནི། ལར་ཐར་པའི་འདྲ་འབགས་རྫོགས་པའི་སངས་རྒྱས་དང་པོར་ཐུགས་བསྐྱེད་པ་ནས་མཐར་གྱིས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་སངས་རྒྱས་མཛད་པ་དང་བཅས་པར་རྗེས་སུ་མཐུན་པའོ། །བླ་མེད་ནི་མར་འཁོར་བའི་འདྲ་འབགས་ལམ་དུ་བྱེད་པས་གནས་བསྒྱུར་བའི་ཚུལ་གྱིས་བསྒོམ་པ་སྟེ། སྐྱེ་བ་སྔ་མའི་འཆི་ཁའི་འོད་གསལ་ནས། ད་ལྟའི་འཆི་བའི་འོད་གསལ་གྱི་བར་མངོན་རྟོགས་གཅིག་གིས་སྦྱངས་ཤིང་སྒྱུར་བར་བྱེད་པའོ། །གནད་དེ་རྣམས་ལ་ལེགས་པར་དཔྱད་པས་ཟབ་པ་དང་། མི་ཟབ་པའི་ཚུལ་ཀྱང་ཤེས་པར་སླའོ།། །། ༈ ལྟ་བ་ནི། །གནས་སྐབས་ཁས་བླངས་པའི་དབང་དུ་བྱས་ན། དབུ་མ་ཐལ་འགྱུར་བ་ཁོ་ན་དང་མཐུན་པར་སྨྲ་སྟེ། དེ་ལ་ནི་སྐྱོན་གྱི་གཞི་མ་གྲུབ་པའི་ཕྱིར་རོ། །མཐར་ཐུག་མཉམ་པར་བཞག་པའང་དེ་ཉིད་ཀྱི་ཁས་ལེན་དང་བྲལ་བར་གཅིག་ཏུ་འབབ་ས་མོད། འོན་ཏེ་གྲུབ་མཐའི་མིང་འདོགས་པས་ཅི་ཡང་བྱར་མེད་དོ། །གནད་འདི་ཤེས་ན་དགག་སྒྲུབ་མང་པོ་སྲང་མདོའི་ཁྱི་འཛིང་དང་འདྲ་བས་ཐུགས་བདེ་འབོལ་གྱིས་བཞུགས་ཤིག །ད་དུང་ཡིད་མ་ཆེས་ན་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་དྲིས་ཤིག །དེས་ཀྱང་ཡིད་མ་ཆེས་ན་ཐེག་པ་ཆེན་པོའི་ནང་ནས་བཞེངས་ཤིག། ། ༈ རྡོར་ཕྲེང་སོགས་ཀྱིས་སྐབས། མ་ཧ་རཱཀྟ་སོགས་བོད་སྐད་དུ་བསྒྱུར་ན། དགའ་བ་ཆེན་པོ་ཤིན་ཏུ་བརྟན། །ཤིན་ཏུ་དགྱེས་དང་ཤིན་ཏུ་བདེ། །རྡོ་རྗེ་སེམས་དཔའ་དེ་རིང་ནི། །གྲུབ་པར་མཛོད་ཅིག་བདག་ལའོ། །ཞེས་ས་བཟང་མ་ཏི་པཎ་ཆེན་གྱི་འགྱུར་རོ།། །། ༈ མཁའ་སྤྱོད་མའི་ཁྲིད་ཀྱི་སྐབས་གཉིས་སྐྱེས་མཆོག་གཉིས་ནི། རཏྣ་རཀྵི་ཏ་དང་། མ་ན་ཀ་ཤྲཱི། གཉིས་བྲལ་འཆད་དུས་ཞལ་ཤེས་གསུམ་ཞེས་པ། བསྐྱེད་རྫོགས་གཉིས་ཟུང་འབྲེལ་དུ་འཆད་སྐབས། བསྐྱེད་རིམ་ལ་བླ་མ་བསྐྱེད་བསྟིམ། རྫོགས་རིམ་བསམ་མི་ཁྱབ་ཐུན་མིན་བཅས་གསུམ་མོ། །གཉིས་བྲལ་ཆིག་བརྒྱུད་ཀྱི་དོན་དུ་འདོད་པ་དང་། དབུ་མར་ངོས་འཛིན་པ་སོགས་སྣང་ངོ་།། །། ༈ རྒྱུན་གྱི་ཉམས་ལེན་གྱི་སྙིང་པོ་ནི། ལྷ་སྐུ་སྣང་སྟོང་དབྱེར་མེད་དང་རང་རིག་པ་མ་བཅོས་པ་མཉམ་ཁད་ཀྱིས་འདྲེས་པའི་ངང་ལས་སྔགས་ཡིད་བཟླས་བྱ་བ་ཁོ་ནའོ།། །། ༈ ཁ་ཅིག་རྙིང་མའི་སྔགས་ལ་བོད་སྐད་མང་དུ་འདྲེས་པ་སོགས་ཀྱིས་བྱིན་རླབས་གཡེལ་བར་སེམས་པ་དག་སྣང་མོད། དེ་ནི་བློ་གྲོས་ཕུར་ཁུང་ཐུག་པ་སྟེ། གྲུབ་པའི་སློབ་དཔོན་པདྨ་སཾ་བྷཱ་བ་ལ་སོགས་པ་སྔགས་འབྲས་བྱིན་གྱིས་རློབ་པའི་མཐུ་དང་ལྡན་པ་རྣམས་ཀྱིས་དེ་ལྟར་བྱིན་གྱིས་བརླབས་པས་ན་འགལ་བ་ཅུང་ཟད་ཙམ་ཡང་མེད་དོ། །དེ་ཡང་མི་འདོད་ན། གསར་པའི་རྒྱུད་སྡེའི་སྔགས་རྣམས་ལས་ཀྱང་དེ་བཞིན་གཤེགས་པའི་བརྡ་དང་། མཁའ་འགྲོའི་སྐད་དང་། ཟུར་ཆག་དང་། འགྲོ་ལྡིང་པའི་སྐད་ལ་སོགས་པ་ཇི་སྙེད་ཅིག་འབྱུང་བས་ན་ལེགས་སྦྱར་ཁོ་ནས་མ་ཁྱབ་ཅིང་། ཟུར་ཆག་ལ་སོགས་པ་འདྲེས་པས་བྱིན་རླབས་མི་ཉམས་པ་དང་། བོད་ཡུལ་ཁོ་ནའི་སྐད་ཀྱིས་དེ་ལས་ལྡོག་པའི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་རོ།། །། ༈ ལ་ལ་དག་ལམ་འབྲས་དང་། རྫོགས་ཆེན་གྱི་གཞུང་ཁ་ཅིག་སོགས་ལས་སྣང་བ་སེམས་སུ་གསུངས་པས་སེམས་ཙམ་བར་འདོད་མོད། དེ་ནི་མ་ཡིན་ཏེ། འོག་མ་དག་རིམ་གྱིས་བློ་དྲང་བའི་ཕྱིར་དུ་གསུངས་པས་ཐབས་ལ་མཁས་པ་ཁོ་ནའི་ཁྱད་པར་གྱི་ཆོས་སྟེ། གཞན་དུ་ན་གདུལ་བྱ་ལ་དབང་པོ་མཆོག་དམན་ལ་སོགས་པའི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཕྱིར་ཐམས་ཅད་ལམ་གཅིག་གིས་བཀྲི་མི་ཤེས་པར་འགྱུར་བའི་ཕྱིར་རོ། །རང་རང་གི་བཞེད་པ་དངོས་ནི་སེམས་ཙམ་པར་ནམ་དུའང་གནས་མི་སྲིད་དེ། དགོངས་པ་མཐར་ཐུག་པ་བརྗོད་བྲལ་དང་། བློ་འདས་ཀྱི་གནད་ལ་ཐུག་པའི་ཕྱིར་དབུ་མ་ཐལ་འགྱུར་བའི་དེ་ཁོ་ན་ཉིད་དང་ཚིག་ཙམ་མ་ཡིན་པར་མཐུན་ཏེ། སློབ་དཔོན་ཀླུས། ང་ལ་ཁས་ལེན་མེད་པས་ན། ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པའི་ཁས་ལེན་མེད་པ་དང་བརྗོད་བྲལ་གཉིས་དོན་གཅིག་ཅིང་། དེ་ཡི་ངོ་བོ་བློ་འདས་ཡིན་པའི་ཕྱིར་རོ། །རྫོགས་ཆེན་གྱི་གཞུང་ཆེན་པོ་དག་ལས། སྣང་བ་སེམས་སུ་འདོད་པ་ང་ལས་གོལ་བ་ཡིན། །ཞེས་སོགས་གསུངས་པ་ནི་མཐར་ཐུག་གི་དོན་ལ་དགོངས་ཀྱི། གནས་སྐབས་ལམ་སྟེགས་ཙམ་དུ་ཁས་བླངས་ལ་འགལ་བ་མེད་པའང་ཤེས་དགོས་སོ།། །། ༈ ཐང་སྟོང་གི་རྒྱལ་པོ་ལུང་སྟོང་གི་སྨྱོན་པ་ཞེས་གྲུབ་ཐོབ་རང་གི་གསུངས་ཟུར་ལ་དཔགས་ན། ཐང་གི་སྐད་དོད། སྠ་ནི་འོས་འདུག །བོན་ལ་དངོས་གནས་སུའང་འཇིག་རྟེན་པ་དང་། མྱང་འདས་ཀྱི་ཐེག་པར་ཁྱད་ཆེ་བར་མ་ཟད། ཕྱི་ནང་གི་ཁྱད་འབྱེད་གྲགས་ཆེ་བའི། ཕྱི་པའི་དབང་དུ་བྱས་ན། ཏཱིརྠ་ཀ །ནང་པའི་དབང་དུ་བྱས་ན་དྷརྨ་ཞེས་འཇོག་འོས་སྨོན་རྒྱལ་ཀུན་གྲོལ་ནས་ཀྱང་རྣམ་བཤད་རིག་པའི་ལུང་དོན་དང་སྦྱར་སྣང་ཞུ། གྱད༷་ཀྱི་ཁམ༷་ཟས་ཞེས་པ་ཧབ་ཆེར་རོལ་པའི་དོན་ཡིན་ཕྱིར་སྐབས་དེར་ཐབས་ཤེས་བཟའ་བཏུང་མཆེད་ལྕམ་གྱིས་རོལ་པའི་དོན་འདུག །གཏེར་ཚག་ལ་སྟག་ཤམ་རྡོ་རྗེའི་དག་སྣང་དུ། ཐིག་ལེ་ཐབས་ཤེས་གཉིས་དང་ཟླ་ཚེས་དབྱེར་མེད་ཟུང་འཇུག་གི་མཚོན་དོན་ཡིན་གསུངས་འདུག་པས་འདི་སྒོར་ནས། ༔ འདི་བཞིན་དག་པར་བརྩི་འདུག །སྨིན་གླིང་པར་མར། ཿ འདི་བཞིན་སྣང་བ་དགོངས་པ་མཁའ་ལྟར་མཐའ་གཅིག་ཏུ་ཁ་ཚོན་ཆོད་པ་མེད་དམ་སྙམ།། །། ༈ ཤ་ལྔ་ལ་འཆད་ཚུལ་མི་འདྲ་བ་མང་དུ་ཡོད་པའི་རྒྱུ་མཚན། དུས་འཁོར་རྒྱུད་འགྲེལ་དུ། ཡུལ་གང་ན་ཟ་བ་པོ་ཡོད་ན་གསོད་པ་པོ་ཡོད་པས། བ་ལང་གི་ཤ་ཟ་བའི་ཡུལ་དུ་བ་ལང་གི་ཤ་ནི་ཁ་ན་མ་ཐོ་བའི་ཤར་གསུངས་པ་དང་མཐུན། སྔ་འགྱུར་གྱི་གཞུང་འགའ་ཞིག་ཏུ། བོད་ཡུལ་གྱི་དབང་དུ་བྱས་ཏེ། བ་ལང་གི་ཚབ་ཏུ་རྨ་བྱ་དང་། ཁྱི་ཤའི་ཚབ་ཏུ་སེང་གེའི་ཤ་བཞག་པ་སོགས་སྣང་ངོ་།། །། ༈ ཨཱ་ར་ལི་ཞེས་པ་ཐད་འགྱུར་རོལ་པ་དང་། བརྡ་སྐད་ལྟར་ན། ཨ་ནི་ཨ་བ་དྷཱུ་ཏི་སྟེ་དབུ་མ། ར་ནི་རཱ་ས་ན་སྟེ་རོ་མ། ལ་ནི་ལ་ལན་སྟེ་རྐྱང་མ་སྟེ། དབུ་རྐྱང་རོ་གསུམ་གྱི་བརྡས་བསྟན་པའི་མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད་དེ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་འབོད་པའི་དོན་དུ་སྦྱར་བའོ།། །། ༈ ཙི་པ་ཊ་ནི་མི་སྣ་ལེབ་ཅན་གྱི་མིང་སྟེ། སྲོག་ཆགས་ཟུར་པ་མིན་ནོ།། །། ༈ ཏི་ར་ཞེས་པ། ཏི་རས་སྟེ་དུད་འགྲོ་ལ་འཇུག །སྔ་འགྱུར་རྣམས་སུ་མི་ལ་འཇུག་པར་མཛད་པ་ནི། མ་ཧཱ་ཏི་རས་ཕྱུགས་ཆེན་པོ་ཞེས་མི་ལ་འཇུག་པའི་དབང་དུ་བྱས་པ་སྟེ། རབ་ཞེས་བཤེས་གཉེན་གྱིས་མཛད་པའི་མཉམ་སྦྱོར་གྱི་འགྲེལ་པ་ལས། དཔལ་ཧེ་རུ་ཀའི་གཏོར་མ་ཆོ་ག་ལ་ཕྱུགས་ཆེན་པོ་ཞེས་གསུངས་པའང་བག་ཟན་ལས་བཅོས་པའི་མིའི་གཟུགས་བརྙན་ཡིན་པར་ཤེས་དགོས་སོ།། །། ༈ ཌོམྦཱི་ནི་ལ། རྙིང་མའི་གཞུང་རྣམས་སུ་སྨ་ཤ་ནི་ཞེས་གསུངས་པ་ནི། ཤྨ་ཤཱ་ནཱི་ཟུར་ཆག་པ་རིགས་ངན་གྱི་བུ་མོ་རོ་སྲེག་མཁན་གྱི་མིང་ངོ་།། །། ༈ དབང་ཕྱུག་ཉེར་བརྒྱད་ཀྱི་མིང་། མ་ནུ་རཀྴ། མིའི་སྲིན་མོ། བྲཧྨ་ཎཱི། ཚངས་མ། རཽ་ཏྲཱི། དྲག་མོ། ཀུ་མཱ་རཱི། གཞོན་ནུ་མ། ཨིནྠ་ཎཱི། དབང་མོ། ཡང་། ཨིནྡྲཱ་སྟེ་རྒྱུ་ཞགས་འཛིན་མར་ཡང་བཤད། བཛྲ་པིངྒ་ལཱི། རྡོ་རྗེ་སེར་མོ། ཨ་མྲྀ་ཏཾ། སྤྱིར་དོན་མང་ཡང་། བདུད་རྩི་མར་བསྒྱུར། སཽ་མྱ། ཞི་བ་མའམ། ཟླ་བ་མ། དཎྜ་དཾ། དོན་མང་ནའང་། སྔར་བེ་ཅོན་མར་བསྒྱུར། རཀྴ་སཱི། སྲིན་མོ། བྷཀྵ་སཱི། ཟ་བ་མ། ར་ཏི་བཛྲ། དགའ་བ་མར་བསྒྱུར། དོན་དུ་དགའ་བའི་རྡོ་རྗེ་ཞེས་སོ། །རུ་དྷི་ར་མཱཏྟ། ཁྲག་འཐུང་། ཨེ་ཀ་ཙ་རི་ཎཱི། གཅིག་སྤྱོད་མར་བསྒྱུར་མོད། །ཨེ་ཀ་གཙོ་བོ་སོགས་ལའང་འཇུག །མ་ནོ་ཧ་ར། ཡིད་འཕྲོག་སྟེ། འདོད་པ་མར་བསྒྱུར་བ་དོན་འགྱུར། སིདྡྷི་ཀཾ །གྲུབ་པ་མོར་བསྒྱུར་དགོས་པར་སྣང་ནའང་། ནོར་སྲུང་ཞེས་བསྒྱུར་སྣང་། བཱ་ཡ་བེ། རླུང་ལྷ་མོ། མ་ཧཱ་མ་ར་ཎ་བཛྲ། རྡོ་རྗེ་གསོད་བྱེད་ཆེན་མོ། ཨགྣཱི། མེ་མོ་སྟེ། མི་མོ་ཞེས་པ་ནི་མ་དག་པའོ། །སྐྱིན་ཞེས་པ་སྐྱིན་གཡག་དང་། གཙོང་པར་འདོད། གསལ་ཞིང་ཞེས་པ་མེ་སྒྲོན་ནོ། །བ་ར་ཧཱི། ཕག་མོ། ཙ་མུཎྜཱི། རྒན་བྱེད་མ་སྟེ། དགའ་བྱེད་ཅེས་པ་ནི་ཡིག་ནོར། དེ་ཡང་ཙ་མུཎྜཱིར་སྔ་རབས་པ་རྣམས་ཀྱིས་རྒན་རབ་བྱེད་དུ་བསྒྱུར། དོན་ལ་བལ་ཡུལ་སོགས་གསོན་འདྲེ་མོ་མཐུ་ཆེན་ལྟ་བུའི་མིང་ཡིན། སུ་ར་ནཱི། སྔར་སྣ་ཆེན་དུ་བསྒྱུར། ཝ་རུ་ཎཱི། ཆུ་ལྷ་མོ། བཛྲ་མ་ཧཱ་ཀ་ལཱི། རྡོ་རྗེ་ནག་མོ་ཆེན་མོ། བཛྲ་ཙཱ་ཀ་ལ། རྡོ་རྗེ་ར་མོ་ཆེན་མོར་བསྒྱུར་མོད། དེ་ལྟར་ན། ཚ་ག་ལ་ཀཱ། ཞེས་ཡོད་དགོས་ལ་ལར། ད་ཤ་གྲི་ཝཱ། སྟེ་མགྲིན་བཅུ་སེར་ནག་ཅེས་པའང་སྣང་། བཛྲ་ཀུམྦྷ་ཀརྞྞ། རྡོ་རྗེ་བུམ་རྣ་ཞེས་པ་སྟེ། བུམ་སྣ་ཞེས་བྲིས་པ་ནི་ཡི་གེ་མ་དག་པའོ། །བཛྲ་ལམྦྷོ་དཱ་ར། ཨུ་དཱ་ར་མཚམས་སྦྱར། གསུས་འཛིན་དུ་བསྒྱུར་མོད། དེ་ལྟ་ན། ལམྦྷ་དྷཱ་ར་ཞེས་ཡོད་དགོས། སྔ་མ་ལྟར་ན། རྡོ་རྗེ་གསུས་འཕྱོང་ངོ་། །འོན་ཀྱང་གཏེར་གཞུང་རྣམས་སུ་ཟུར་ཆག་ཤས་ཆེ་བས་དེ་ལྟར་ལས་ལེགས་སྦྱར་གྱི་རྒྱས་བཀབ་པའི་ཞུ་དག་གི་དལ་བས་བྱིན་རླབས་ཉམས་པར་འགྱུར་བས་མི་བྱའོ། །བྷྱོཿཞེས་པ་ནི། དཔལ་མཆོག་རྡོ་རྗེ་རིགས་ཀྱི་ཟློག་པ་ལས། དེ་ནས་མ་མོ་རྣམས་ཀྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། དང་པོ་ནས་མགྲིན་གཅིག་ཏུ་ཐམས་ཅད་འགུགས་པ་དང་། གཞུག་པ་དང་། བསད་པ་དང་། བསྒྲུབ་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ། །བྷྱོཿ དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཞེས་སོ། །དེས་ན་སྤྱན་འདྲེན་སོགས་ཚིག་གི་མགོར་བྱུང་བའི་ཚེ་བསྒྲུབ་པའི་དམ་ཚིག་སྟེ་བོད་པ་དང་བསྐུལ་བའི་དོན་ལ་འཇུག་ཅིང་། སྙིང་ལ་བྷྱོ། ཞེས་པ་ལྟ་བུ་བསད་པའི་དོན་ཅན་ཏེ། གསུང་དོན་ལ་དཔག་ན་ཉི་བྷཱ་འཇིགས་ལའོ། །ཞེས་པ་ལས་བསྒྲུབས་ཀྱང་རུང་མོད། འོན་ཀྱང་རྐྱེན་སོགས་འོལ་ཚོད་ཀྱིས་བཤད་དུ་མི་བཏུབ་བོ། །ཏིཥྛ་ལྷན་ནི་ཏིཥྛནྟ། བརྟན་པར་གྱུར་ཅིག་ཅེས་ལའི་སྐད་དོད་ཟུར་ཆག་པ་དང་། ཨ་ཏི་པུ་ཧོ་ནི། ཨ་ཏི་བྷཱུ་ཧོ། །ངོ་མཚར་བྱུང་། ཞེས་པ་ཟུར་ཆག་པར་གསལ་ལོ། །ཏན་གྷན་ཞེས་པ། ཏ་ན། བུད་མེད་ཀྱི་ནུ་མ་དང་། གྷ་ན་མཁྲེག་བ་སྟེ། ནུ་མ་མཁྲེགས་པའི་ཚོགས་ཞེས་ན་ཆུང་གཞོན་ནུའི་མིང་ཟུར་ཆག་པའོ།། །། ༈ རཀྟ་ཚར་གསུམ་ནི། དྭངས་མ་ཡེ་ཤེས་ཀྱི་བདུད་རྩི། ཁུ་བ་ཞིང་བཅུའི་ཁྲག །རྩིག་མ་ཞིང་བཅུའི་དུག་གསུམ་ངོ་བོ་ཤ་ཁྲག་རུས་པའི་དངོས་པོ་སྟེ་ཆ་གསུམ་མོ། །ཁཱ་རམ་ནི། ཁཱ་ཏྲི་ཟ་བ་ལ། ཡང་ཡང་ལ་ཎམ྄་འོས་ཎམ྄་རྐྱེན་སྦྱར་བའི། ཁཱ་རམ། ཟུར་ཆག་པ། ཡང་ཡང་ཟོ། ཁཱ་ཧི། ཟོ་ཞིག་པའོ། །དཔལ་དང་དུར་ཁྲོད་ཀྱི་ཆས་བརྒྱད་འདི་ལ་འདྲ་མིན་ཤིན་ཏུ་མང་བས་སྐབས་ཐོབ་བརྩི་བ་གལ་ཆེ། ། ༈ འཇམ་དཔལ་རྩ་རྒྱུད་ལས། །ཟུར་ཆག་ལེགས་སྦྱར་སྒྲ་ཉམས་ཀྱང་། །དོན་ནི་རབ་ཏུ་བརྟགས་པ་ཡིན། །མི་གསལ་གསལ་བ་མེད་པ་དང་། །ཡི་གེ་ཉམས་ཀྱང་འདོད་པ་ཡིན། །འགྲོ་བ་ཡུལ་དང་རྣམ་བྲལ་བ། །དེ་ལ་སྔགས་ནི་གྲུབ་པར་མཛད། །ཅེས་དང་། དྲི་མེད་འོད་ལས་ཀྱང་དེ་ཁོ་ན་ལྟར་གསུངས་པས་ཟུར་ཆག་སོགས་ལས་སྔར་འབྲས་མི་བསླུ་བར་གྲུབ་བོ། །དྲ་བྱ་ཞེས་པ་གསེར་སོགས་དབྱིག་གི་ཚོགས་རིན་ཐང་ཆེན་པོར་འཇུག །གྷ་ན་ཞེས་པ་སྟུག་པོ་སྟེ་བར་མཚམས་མེད་པའི་དོན། རྟ་བྲོ་ནི། སྔོན་རྟ་ཕག་གིས་རུ་ཏྲ་བཏུལ་བའི་ཚེ། རུ་ཏྲའི་ཕུང་པོའི་སྟེང་དུ་ཞབས་ཀྱི་མཐིལ་ནས་རྟའི་རྨིག་པ་ཕྱུངས་ནས་རྔམས་པའི་བྲོ་བརྡུངས་པ་ཡིན་པས་དེའི་ཚུལ་ལོ། །དཔལ་རྟ་མགྲིན་གྱི་རྟ་བྲོའི་བསྐྱེད་རྫོགས་ངོ་མཚར་ཅན་ཞིག་པད་དཀར་བཀའ་འབུམ་དུ་ཡོད། རྟ་བྲོའི་གླུའི་དོན་རཏ་གླིང་ཐུགས་སྒྲུབ་འགྲེལ་པར་ཡང་བཞུགས། འོན་ཀྱང་འདི་ལ་ངེས་དོན་གྱི་བཤད་པ་རྒྱ་ཆེར་ཡོད། ། ༈ ཐོད་ཕྲེང་རྩལ་གྱི་དོན། བཛྲ་ནི་རྡོ་རྗེ་སྟེ་སྟོང་པ་ཉིད་ཀྱི་ཡེ་ཤེས། གུ་རུ་ནི་གུ་ཧྱ་གསང་བ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས། རུ་ཀ་རུ་ཎ་ཐུགས་རྗེ་ཆེན་པོ་སྟེ། ཚིག་གསལ་དུ་བྱས་ན། བདེ་ཆེན་སྟོང་པ་ཉིད་ཀྱི་ཡེ་ཤེས་སྙིང་རྗེ་ཆེན་པོ། ཞེས་པའོ། །པདྨ་ནི་ཤེས་རབ་སྟོང་པ་ཉིད། ཐོད་ཕྲེང་རྩལ་ཞེས་པ། ཀ་པཱ་ལ་ཨཀྵ་བེ་ག་ཞེས་པ་སྟེ། ཀ་བདེ་བ། པཱ་ལ་སྐྱོང་བ། ཨཀྵ་མི་འགྱུར་བ་སྟེ། འཆི་མེད་ཕྲེང་བ་ལས། ཨོཾ་བདག་འཕོ་མེད་ཨཀྵ་ར། ཡི་གེ་བར་པ་ཨཀྵ་ར། པེ་ག །ཤུགས་སམ་རྩལ་ཚིག་གསལ་དུ་བྱས་ན། སྟོང་པ་ཉིད་བདེ་སྐྱོང་མི་འགྱུར་བའི་ཤུགས། ཞེས་པའོ། །དེ་ལྟར་ན་ལམ་རྫོགས་པའི་རིམ་པ་ཐམས་ཅད་ཀྱི་རྩ་ཚིག་དང་། འབྲས་བུ་བདེ་བ་ཆེན་པོའི་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ཐམས་ཅད་གསལ་བར་བསྟན་པ་ངེས་དོན་གྱི་བཤད་པའོ། །དལ་ཞེས་པ་བསྡུ་ཡིག་གི་བརྡ་མ་བྱེད་པར་གསུངས་མོད། དཀྱིལ་འཁོར་གྱི་སྐད་དོད། མཎྜལ་ཟུར་ཆག་པ་སྟེ། དཀྱིལ་འཁོར་གྱི་དོན་དུ་གོ་བ་ཉིད་ཀྱིས་ཆོག་གོ །མདུན་བསྐྱེད་སྒྲུབ་ཚུལ་ལ། བདག་མདུན་གཉིས་ཆོ་ག་སོ་སོས་མི་འདྲ་བར་བསྒྲུབ་པ་དང་། ཆོ་ག་གཅིག་གིས་བདག་མདུན་སོ་སོར་མེ་ལོང་བྱད་བཞིན་ལྟར་གཅིག་གྲུབ་པ་དང་མཉམ་དུ་གཅིག་ཤོས་གསལ་འདེབས་པ་མེ་རི་འདབས་འབྱོར་གྱི་ལུགས་དང་། བདག་མདུན་དབྱེར་མེད་དུ་བསྒྲུབས་ཏེ་བསྙེན་པའི་སྐབས་ཕ྄ཊ་ཛས་འཛབ་ཕྱེ་ཞེས་བདག་མདུན་སོ་སོར་ཕྱེ་བ་དང་བསྒྲུབ་ཚུལ་དེ་ལྟ་བུ་ལ་དཀྱིལ་འཁོར་བདག་རྫོགས་དང་མདུན་དུ་དམ་ཚིག་པ་བསྐྱེད་ཟིན་ནས་བདག་མདུན་བསྲེ་བའི་ཞུགས་སྒྲུབ་སོགས་ཀྱི་རྣམ་བཞག་མང་ངོ་།། །། ༈ གཏེར་གཞུང་ལ་ལར། ཚིག་སྦྱོར་མི་མཛེས་པ་དང་། སྡེབ་སྦྱོར་ཆད་ལྷག་དང་། རྐང་པ་མི་འགྲིགས་པ་སོགས་སྣ་ཚོགས་སྣང་བ་ནི་དེ་དང་དེ་ལ་མཆོག་ཏུ་རློམས་པའི་མངོན་པའི་ང་རྒྱལ་ཅན་རྣམས་གཞོམ་པར་བྱ་བའི་ཆེད་དུ་སྟེ། དུས་འཁོར་འགྲེལ་ཆེན་དུ་གསུངས་པས་མཚོན་ནོ། །ཡང་དོན་འགལ་བ་ལྟར་སྣང་བ་ནི་མཐའ་དྲུག་དང་ཚུལ་བཞིས་རྒྱས་བཏབ་པས་གོ་བ་གཞན་དུ་ལེན་དགོས་པ་ཤ་སྟག་སྟེ། རྣམ་ཤེས་མནར་མེད་གནས་སུ་མཱ་ར་ཡ། ཞེས་པ། མནར་བ་ནི་སྡུག་བསྔལ་དང་། དེ་ལ་མེད་པ་ནི་ཐར་པའི་གོ་འཕང་སྟེ། དེར་དབུགས་དབྱུང་བ་ལ་གེགས་བྱེད་པའི་རྣམ་ཤེས་ཏེ་གཟུང་འཛིན་གྱི་རྟོག་པ་ཆོས་དབྱིངས་སུ་སྒྲོལ་བའི་དོན་ནོ། །འདི་ལྟ་བུ་མདོ་ལས། ཕ་དང་མ་ནི་བསད་བྱ་ཞིང་། སོགས་དང་། རྒྱུད་ལས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། ཞེས་སོགས་ཤིན་ཏུ་མང་ངོ་། །བྷུ་སུ་ཀུ་ཞེས་པ། བྷུ་ཛ་ཟས་སྤྱོད་པ། སུ་ཏཱ་ན་གཉིད་ལོག་པ། ཀུ་ཏ་སཱ་ར་བཤང་གཅི་འདོར་བ་སྟེ་མི་བྱར་མི་འདོད་པའི་ལས་གསུམ་ལས་སྤྲོས་པ་གཞན་སྤང་བ་ཞིག་ལ་བཞག་གོ། །། ༈ སྔོན་གྱི་བསྐལ་པ་དང་པོ་ལ། ཞེས་སོགས་ཀྱི་དོན། གཏེར་གཞུང་ལ་ལར། མ་འཁྲུལ་སྔོན་གྱི་བསྐལ་པ་དང་པོ་ལ༔ ཞེས་འབྱུང་བས། གཞི་ཀ་དག་འཁྲུལ་པའི་དྲི་མ་དང་བྲལ་བའི་སྔོན་གྱི་བསྐལ་པ་དང་པོ་ལ། ལྷུན་གྲུབ་སྒོ་བརྒྱད་ཀྱི་ཐུགས་རྗེའི་འཆར་ཚུལ་མ་འགགས་པའི་རྩལ་ལས་གདུལ་བྱའི་ཞིང་ཁམས་དང་། འདུལ་བྱེད་ཀྱི་སྟོན་པ་རང་ཤར་བའི་ཚུལ་གྱིས་ཨོ་རྒྱན་ཡུལ་སོགས་སུ་འཆད་དགོས་སོ། །དེས་ན་དུས་གསུམ་དུས་མེད་ཀ་དག་གི་དུས་ཆེན་པོར་སྔོན་གྱི་བསྐལ་པའི་སྒྲས་སྨོས་པར་ཟད་དོ། ། ༈ པདྨ་བཀའ་ཐང་སོགས་ཀྱི་ཚིག་སྦྱོར་གོ་དཀའ་བ་ཕལ་ཆེར། སྔོན་གྱི་ཡུལ་སྐད་རྙིང་པ་མང་དུ་འདྲེས་པས་ཡིན་ཏེ། རྡོ་རིང་གི་ཡི་གེ་སོགས་གོ་ཤིན་ཏུ་དཀའ་བར་སྣང་བས་མཚོན་ནོ། །དེ་ཡང་ཡུལ་སྐད་དུ་སོང་བ། དཔེར་ན་གསོལ་ཟས་ན་བཟའ་ལུས་གང་འཐེབ་རེ་ཕུལ། ཞེས་པ། ན་བཟའ་ལུས་གང་སྟེ་སྐུ་ཆས་ཆ་ཚང་རེ་དང་། ཡང་འཐེབ་པ་རེ་སྟེ་ལྷག་པོ་རེ་རེ་དོན་ན་བཟའ་ཚེ་གཉིས་རེ་ཕུལ་ཟེར་བ་ཡིན་པ་བཞིན་ནོ།། །། ༈ དུར་ཁྲོད་གྱི་ཆས་བརྒྱད་ནི། རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཏེ། དེ་ལའང་བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུག་པའི་རྗེས་གསུམ་སྟེ་བརྒྱད་ལས། དང་པོ་ནི། ཞིང་༡གླང་༢གི་སྟོད་གཡོགས་དང་། སྟག་ལྤགས་༣ཀྱི་ཤམ་ཐབས་སོ། །གཉིས་པ་ནི། སྦྲུལ་དང་། ཐོད་ཕྲེང་སྟེ། དང་པོ་ལའང་། རྒྱལ་རིགས་དཀར་པོས་དབུ་བརྒྱན། རྗེའུ་རིགས་སེར་པོས་སྙན་ཆ། བྲམ་ཟེའི་རིགས་དམར་པོས་སེ་མོ་དོ་དང་མགུར་ཆུ། གདོལ་པ་ནག་པོས་ཕྱག་ཞབས་ཀྱི་གདུ་བུ། དམངས་རིགས་ལྗང་གུས་སྐ་རགས་དང་དོ་ཤལ་བྱས་པའོ། །ཐོད་རྒྱན་ལའང་། སྐམ་པོའི་དབུ་རྒྱན། རློན་པའི་དོ་ཤལ། ཚལ་བུའི་དབུ་རྒྱན་ལ་ལར་སེ་རལ་ཁ། ཏེ་ཚར་གསུམ་མོ། །གསུམ་པ་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་རཀྟའི་ཐིག་ལེ། ཨོ་ཀོར་ཞག་གི་ཟོ་རིས་སོ།། །། ༈ དཔལ་གྱི་ཆས་བརྒྱད་ནི། དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆགས་སུ་གནས་པའི་ཕྱིར་དཔལ་གྱི་ཆས་ཏེ་རྟོག་པ་ལྷ་རྒྱུད་ལས། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་ཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པན་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པ་རིག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་ཟློག་བྱེད་དཔའ་བོ་ལྤགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །ཞེས་སོ། །བདེ་མཆོག་སོགས་ལ་མཎྜལ་ཚོམ་བུ་གཡོན་སྐོར་དང། མཆོད་པའང་དེ་མཚུངས་གཡོན་པའི་ཀུན་སྤྱོད་གཙོ་བོར་གསུངས།། །། ༈ གནས་སྐབས་ཀྱི་སྤྲོས་པ་གཅོད་བྱེད་ལྟ་བ་གང་ཁས་བླངས་ཀྱང་མཐར་ཐུག་བརྗོད་བྲལ་དུ་ངེས་པ་ནི་མཁས་གྲུབ་ཐམས་ཅད་ཀྱི་བཞེད་པ་ངོ་མ་སྟེ། འདི་ལ་ལུང་རིག་བསམ་གྱིས་མི་ཁྱབ་པ་བཞག་ཏུ་ཡོད་དོ།། །། ༈ སྐུ་ཚབ་གཏེར་ལྔ་ཞེས་པའི་སྐུ་ཚབ་ནི། ཐོག་མར་སློབ་དཔོན་ཉིད་ཀྱིས་བཙུན་མོ་འོད་འཆང་མ་ལ་གནང་། ཕྱིས་ཁྲ་འབྲུག་ཏུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མནྡཱ་ར་བས་ཨུ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་ནས་བླངས་ཏེ་གཏེར་དུ་སྦས་པ། མངའ་བདག་ཉང་གིས་སྤྱན་དྲངས་ཏེ་དེང་སང་བསམ་ཡས་རྫོང་དུ་བཞུགས་པའི་གུ་རུ་མཚོ་སྐྱེས་རྡོ་རྗེ་འདི་ཀ་ཡིན། དེ་ལ་ཐང་ཡིག་ཏུ། ང་དང་མ་འཕྲད་མ་འོངས་སེམས་ཅན་རྣམས༔ མ་རིག་མུན་པའི་སྒྲོན་མ་སྐུ་འདྲས་བྱེད། ཅེས་སོགས་རྒྱ་ཆེར་བསྔགས་པ་གུ་རུའི་སྐུ་སྤྱི་དང་། ཁྱད་པར་འདི་ལ་དགོངས། གཏེར་ལྔ་ནི་དབུས་གཏེར་ཟུག་པ་རྩ་བ། ཤར་གཏེར་འདྲིལ་བ་སྡོང་བོ། ལྷོ་གཏེར་གྱེས་པ་ཡལ་ག །ནུབ་གཏེར་གསལ་བ་མེ་ཏོག །བྱང་གཏེར་སྨིན་པ་འབྲས་བུ་རྣམས་སོ། །ཡང་། སྐུ་ཚབ་ཉེར་ལྔ་ཞེས་དངོས་ཀྱི་ཞལ་སྐྱིན་གྲུབ་ཆེན་རྗེ་འབངས་ཉེར་ལྔ་ལ་བཞེད་པ་དང་། ལ་ལས་སྐུ་ཚབ་རིགས་མི་འདྲ་བ་ཉེར་ལྔ་སོགས་སུ་བཞེད་པའང་སྣང་ངོ་།། །། ༈ དེང་སང་བོད་ན་གསར་མར་གྲགས་པའི་རྗེས་གནང་སྐོར་ལ། གཙོ་བོར་སྒྲུབ་ཐབས་རྒྱ་མཚོ། བརྒྱ་རྩ། ཇོ་བོ་ལུགས། ཁ་ཆེ་པཎ་ཆེན་སོགས་ནས་བརྒྱུད་པ་ཁྲོ་ཕུ་ལུགས་བཞི་གཙོ་ཆེ་ཞིང་། ཕྱག་ལེན་ཀྱང་སོ་སོར་ཡོད། དེ་ལ་རྒྱ་མཚོ་ལ་སྐུ་གསུང་ཐུགས་དང་། བརྒྱ་རྩར་ལུགས་གསུམ། ཇོ་ལུགས་དང་ཁ་ཆེ་ལུགས་སོགས་སྐུ་གསུང་ཐུགས་ཀྱི་ཆིངས་ཅུང་འདྲ་མིན་རེ་ཡོད་ཅིང་། བརྒྱ་རྒྱམ་སོགས་ཀྱི་རྒྱུན་བཤགས་གུར་གྱི་ཡན་ལག་བདུན་པ་དང་། ཇོ་ལུགས་སོགས་འགའ་ལ་བཟང་སྤྱོད་ཀྱི་ཡན་ལག་བདུན་པ། བརྒྱ་རྒྱམ་གྱི་སྐྱབས་འགྲོ་བཞི་སྐོར་ཚིག་ལྷུག་དང་། ཇོ་ལུགས་སྐྱབས་སེམས་སངས་རྒྱས་ཚོགས་དང་། པཎ་ཆེན་ལུགས་སོགས་ལ་འགྲོ་རྣམས་བསྒྲལ་འདོད་མ་སྦྱར་བས་མཚོན་ནོ།། །། ༈ རྣམ་ཤེས་འཕོ་བའི་སྒོ་དགུ་སོགས་ཀྱི་ངོས་འཛིན་རྒྱུད་དང་བསྟན་བཅོས་རྣམས་ལས་མི་མཐུན་པ་མང་དུ་འབྱུང་། འཕོ་བའི་དུས་ལའང་བཞེད་པ་མི་མཐུན་པ་མང་མོད། མ་ཤི་གོང་དུ་འཕོས་ན་གོང་ལྟར་ཡང་དུས་མིན་ལྷ་བསད་པའི་ཉེས་པ་འབྱུང་བས། རྣམ་ཤེས་འོད་གསལ་ཐིམ་པའི་ཚེ་སྦྱངས་སྟོབས་ཀྱིས་འཕོ་དགོས། དེ་ལ་གང་དུ་ལེགས་པར་འབྱོངས་པ་གཅེས་པས། སྦྱོང་བ་དང་། ལས་ལ་སྦྱར་བ་གཉིས་སུ་བསྟན་ནོ། །འཕོ་བའི་ཚེ་ཡི་གེ་ཧི་ཀ྄་དང་། ཕཊ྄་སོགས་ཀྱི་སྦྱོར་བ་གསུངས་ཏེ། སྔ་མ་ནི། སེམས་ཀྱི་རྩ་ནི་དེ་བཞིན་ཧི་ཀྲ། སྟེང་དང་འོག་དང་དེ་བཞིན་སྟེང་། ཡི་གེ་ཕྱེད་དང་གཉིས་ཀྱིས་སྦྱངས། ཞེས་གདན་བཞིའི་བཤད་རྒྱུད་ལས་གསུང་། སྤྱིར་འཆི་བའི་དུས་ལ་བབ་པ་ན་འཁོར་བ་ལ་མངོན་པར་སྐྱོ་བས་ཆགས་སྡང་གདུང་སེམས་ཀྱི་འཁྲི་བ་ཐམས་ཅད་བཅད། འདུ་ཤེས་བཅུ་བསྟན་པ་དང་། འདའ་ཀ་ཡེ་ཤེས་ཀྱི་དོན་ལ་འདྲིས་པར་བྱ། བློ་སྦྱོང་པ་ཡིན་ན་སྟོབས་ལྔའི་འཕོ་བ་དང་། གང་ལྟར་ཡང་བྱང་ཆུབ་སེམས་གཉིས་མངོན་དུ་བྱས་ཏེ། བདེ་ཀྱཻ་སོགས་ལམ་ཟབ་མོ་གང་ལ་གོམས་པའི་རྣལ་འབྱོར་གསལ་བཏབ། ལམ་འབྲས། རྣལ་འབྱོར་མ། ཆོས་དྲུག །ཚེམ་བུ་དམར་ཁྲིད། འོད་དཔག་མེད་ཀྱི་འཕོ་བ་སོགས་གསར་མ་དང་། རྫོགས་པ་ཆེན་པོའི་རྒྱུད་ཉི་ཟླ་ཁ་སྦྱོར་གྱི་མན་ངག་སོགས་ཐུན་མོང་མ་ཡིན་པ་དང་། ཐུན་མོང་བ་ཇི་ལྟར་གོམས་འདྲིས་ཡིད་ཆེས་བྱས་པ་ཞིག་གི་རྣལ་འབྱོར་གྱིས་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པར་བྱའོ། །གཞན་ཡང་བློ་སྦྱོང་སོགས་ལས་གསུངས་པའི་རྫས་ཀྱི་འཕོ་བ་དང་། གཟུངས་སྔགས་ཟབ་མོ་དང། སངས་རྒྱས་ཀྱི་མཚན་བསྒྲགས་པས་མཚོན་ཐབས་ཀྱི་ཆ་རྣམས་ལ་སྐུར་བ་མི་འདེབས་པར་རང་གཞན་གྱི་བློ་ཚོད་དང་འཚམས་པར་ཕན་གདགས་པའི་ཚུལ་ལ་མཁས་པ་གཅེས་སོ།། །། ༈ མདོ་སྔགས་ཀྱི་ཕྱག་ཆེན་སོ་སོར་བཞེད་པར་མར་མི་སོགས་ཀྱི་ལུང་གི་སྒྲུབ་བྱེད་དང་རྣལ་འབྱོར་བཞིའི་ས་ལམ་དངོས་བཏགས་ཀྱི་དབྱེ་བ་ལའང་དེ་མཚུངས་ལུང་གི་སྒྲུབ་བྱེད། གལ་ཏེ་མདོའི་ཕྱག་ཆེན་བཞེད་ན། དེ་དང་དབུ་མ་ཁྱད་པར་ཡོད་མེད་བཅས་ཀྱི་ལུང་རིགས་ཚད་ལྡན་སླར་བཙལ་བར་བྱའོ།། །། ༈ བོ་དོང་པཎ་ཆེན་གྱི་གསུང་ལས་བདེ་བ་ཅན་ལྟ་བུའི་བ་ཡིག་ཐམས་ཅད། ཝ་ཞེས་བྲི་བ་ཐམས་ཅད་ཚུལ་ཡོད་སྣང་། འདི་བཀླགས་ཚུལ་ལ་དཔྱད་ན་ཐུགས་མེད་པ་འདྲ་སྙམ།། །། ༈ སྒྲ་མཐུན་དོན་དཔག་ནི། སངས་རྒྱས་འོད་སྲུང་དང་། ཉན་ཐོས་འོད་སྲུང་ལྟ་བུ་མཚན་མཐུན་ཀྱང་དོན་འཕགས་པའོ།། །། ༈ འཇམ་དཔལ་རྩ་རྒྱུད་ལས། ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང་། ཞེས་པ་ནས། འོད་ལྡན་ཉིད་ནི་ཕྱི་མ་ཡིན། ཅེས་པའི་བར་གྱིས་སྲོང་བཙན་ནས་འོད་སྲུང་གི་བར་ལུང་བསྟན་ཅེས་བཞེད།། །། ༈ མདུན་དུ་སྒྲོལ་མ་དཀར་མོ་ལ། །སྒྲོལ་མ་ཉེར་གཅིག་གིས་བསྐོར་བ། །གསལ་འདེབས་དེ་ལ་སེམས་གཏད་ན། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །རྟགས་མཚན་ལ་སོགས་གཞན་ལ་བཤད། །དེ་ཡིས་ཕྱི་ནས་སྒྲིབ་པར་འགྱུར། །ཞེས་གསུངས། །ཀུན་མཁྱེན་བུ་སྟོན་རིན་པོ་ཆེས། །དེ་ནས་རྒྱལ་ཆེན་བཞི་སོགས་ལྷ་རྣམས་ཀྱིས། །སྲིད་གསུམ་རྒྱལ་པོར་དབང་བསྐུར་ལྕང་ལོ་ཅན། །ཕུལ་ནས་རྣམ་མང་ཐོས་པའི་སྲས་ཞེས་བསྟོད། །རྣམ་ཐོས་སྲས་སུ་གྲགས་ལ་ཕྱག་འཚལ་བསྟོད། །ལྷ་མིན་སྒྲ་གཅན་ལྷ་ལ་འཐབ་པའི་ཚེ། །ཁྱེད་སྐུ་རི་རབ་སྐེད་པར་ངལ་གསོ་བའི། །གཟི་བརྗིད་མ་བཟོད་ངལ་གསོས་ཕྱག་མཚལ་ཞེས། །བསྟོད་པས་ངལ་གསོས་གྲགས་ལ་ཕྱག་འཚལ་བསྟོད། །མགུལ་ཕྲེང་དམག་གིས་ལྷག་ནས་འཕྲོག་པའི་ཚེ། །ཁྱོད་སྐུ་གསེར་གྱི་གོ་བགོས་སེང་གེར་ཞོན། །ལྷ་གནས་སྲུང་བས་གནས་སྲུང་ཕྱག་འཚལ་ཞེས། །བསྟོད་པས་གནས་སྲུང་གྲགས་ལ་ཕྱག་འཚལ་བསྟོད། །རབ་སྨོད་དམག་གིས་ལྷ་གནས་འཕྲོག་པའི་ཚེ། །ཁྱོད་སྐུ་སྔོན་པོའི་གཟི་བརྗིད་མ་བཟོད་ནས། །ལུས་ངན་འདི་འདྲས་བདག་ཅག་བཏུལ་ལོ་ཞེས། །བསྟོད་པས་ལུས་ངན་གྲགས་ལ་ཕྱག་འཚལ་བསྟོད། །ཞེས་སོགས་གསུངས།། །། ༈ དོན་ཏིག་འགྲོ་བ་ཀུན་གྲོལ་ལས། གཟུགས་སྐུ་མཐོང་གྲོལ། གསུང་མཆོག་ཐོས་གྲོལ། རིག་པ་བཏགས་གྲོལ། དགོངས་པ་རེག་གྲོལ། འདོད་ཡོན་ཚོར་གྲོལ། ཐུགས་རྗེ་མྱོང་གྲོལ་ཅེས་སོ་སོར་རྒྱས་པར་གསུང་།། །། ༈ རྙིང་མའི་ཆོས་ཉིད་བར་དོའི་སྣང་བ་འཆར་ཚུལ་དང་ཆ་འདྲ་བ་བཀའ་གདམས་གླེགས་བམ་རིན་པོ་ཆེར་ཡོད།། །། ༈ དམ་པའི་ཆོས་ཐར་ལས། དམ་པ་གཤེགས་རྗེས་ཨཱ་ཙཪྻ་གསུམ་བྱུང་ནས། དམ་པ་སྐྱེ་བདུན་ཡིན་པས་དེའི་ཤ་ཁྲག་སུའི་ལྟོར་སོང་བ་སངས་རྒྱས་པ་ཡིན་ཚུལ་སོགས་དང་།། །། ༈ བརྟག་གཉིས་ཀྱི་འགྲེལ་པ་རིན་ཆེན་རྒྱན་འདྲ་ལས། སྐྱེ་བདུན་གྱི་ཤའི་ལོ་རྒྱུས་ཐང་ཡིག་སོགས་དང་ཆ་འདྲ་བར་བཤད་སྣང་ངོ་། །བཞུགས་སོ་ཞེས་པའི་སྐད་དོད་ལ། བི་ཛ་ཧཱ་རམ་ནི་ཉེར་བསྒྱུར་བི་སྔོན་མའི་ཧྲྀཉ྄་འཕྲོག་པ་ལ་ལྐོག་གྱུར་གྱི་ཎ་ལ་བྱིན་པ་སྟེ། རྒྱུད་སྡེ་རྣམས་ཀྱི་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་པའི་རྒྱ་དཔེར་འདི་ཡོད་པས། ཚུར་མཐོང་གི་སྤྱོད་ཡུལ་མ་གྱུར་པའི་དབྱིངས་སུ་བཞུགས་པའི་དོན་ཡིན་པས་དཔེ་ཆའི་སྐད་དོད་སོགས་ལ་སྦྱོར་མི་རིགས། དེས་ན་ཉེར་བསྒྱུར་བི་སྔོན་མའི་ཧྲྀཉ྄་འཕྲོག་པ་ལ་ད་ལྟར་བའི་ཏི་པ་དང་། སྨ་ཡིས་འདས་པ་ལའོ་ཞེས་པས་སྨ་སྦྱར་བ། བི་ཧ་ར་ཏི་སྨ་ཞེས་འབྱུང་བ་ཁོ་ན་ལེགས། གཞན་དུ། ཨ་སྟི་དང་། ཀ་བེ་སོགས་ཀྱང་སྦྱོར་རུང་ངོ་། །པྲ་སྟཱ་ར་ཞེས་པའི་པྲ་ཐུང་ངུ་ཡིན།། །། ༈ ཉན་ཐོས་པའི་ལུགས་ཀྱི་མཐར་ཐུག་གི་འབྲས་བུ་ཕུང་པོ་ལྷག་མེད། རྟོགས་བྱ་གང་ཟག་བདག་མེད། དེ་ཡང་རང་རིག་གཅིག་པུ། །གཞན་ཀླུ་སྒྲུབ་ཀྱིས་ནང་གི་ཤེས་པ་ཁོ་ན་དང་། བྱམས་པ་དང་ཐོགས་མེད་ཀྱིས་ཉེར་ལེན་ཕུང་པོ་བཅས་ལའོ། །དེ་གཉིས་དགོངས་པ་མཐུན། མངོན་རྟོགས་རྒྱན་ཕར་ཕྱིན་ཐབས་དང་། དབུ་མ་ཤེས་རབ་གཙོ་བོར་སྟོན་པས་དེ་གཉིས་ཟུང་དུ་འབྲེལ་བ་ཐེག་ཆེན་གྱི་ལམ་ཡོངས་སུ་རྫོགས། རབ་དབྱེའི་ཆོས་སྐད་ཐེག་ཆེན་ཤས་ཆེ། ཐེག་ཆེན་སོ་ཐར་གྱི་སྡོམ་པ་འཆི་བའི་ཚེ་ན། ལུས་ཀྱི་སྡོམ་པ་གཏོང་། ཡིད་སྡོམ་མི་གཏོང་། གཟུགས་མེད་ཁམས་ལ་རགས་གཟུགས་མེད། ཡིད་གཟུགས་ཡོད། རྒྱུད་སྡེ་འོག་མར་བློ་ཡི་རིམ་པས་ལྷ་བསྐྱེད་པ་མ་གཏོགས། བསྐྱེད་པའི་རིམ་པས་ལྷ་བསྐྱེད་པ་མེད། མརྒ་པིཎྜ་རང་གི་ཉམས་ལེན་ལ་ཞག་འཆད་བྱུང་ཡང་སྐྱོན་མེད། ། ༈ གཞི་སྟོང་པ་ཉིད། ལམ་མཚན་མེད། འབྲས་བུ་སྨོན་མེད། ཞེས་སོགས་རྒྱས་པར་གསུངས།། །། ༈ མ་ཧཱ་པཎྜི་ཏའི་བཞེད་པས། གཞི་ཀ་དག་དང་ལྷུན་གྲུབ། ལམ་ཁྲེགས་ཆོད་དང་ཐོད་རྒལ། འབྲས་བུ་སྐུ་དང་། ཡེ་ཤེས་ཞེས་རྣམ་པར་བཞག་པའི། ཕྱོགས་དང་པོ་སྟོང་ཆ་འཁོར་ལོ་བར་བ་དང་གསལ་ཆ་ཕྱི་མའི་རྗེས་སུ་འབྲངས་ནས་དེ་གཉིས་ཟུང་འཇུག་ཏུ་སྦྱོར་བ་སྔགས་ཀྱི་ཁྱད་ཆོས་སུ་བཤད། གཉིས་པ་ནི། ཐལ་འགྱུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་དཀར་གཅོད་ལ་འདུས། །ཞེས་གསུངས་པ་ལྟར། གྲོལ་ལུགས་བཞིའི་སྒོ་ནས་ད་ལྟའི་རིག་པ་རྗེན་པའི་ངང་དུ་སྤྲོས་པ་ཐད་ཀར་གཅོད་པ་སྟེ་རང་རིག་དྲི་མེད་གཟོད་ནས་སྤྲོས་པའི་ཆོས་ཀྱིས་གོས་མ་མྱོང་བས་འཁོར་བའི་རྒྱུ་ཟད་པ་གཞི་ལྟ་བུ། ཡེ་གྲོལ། དེ་ལྟར་ཡིན་པས་གདོད་གཉེན་པོས་བསྐྱར་དུ་གྲོལ་མི་དགོས་པར། གང་ཤར་ཐམས་ཅད་སྦྲུལ་མདུད་བཞིན་རང་གིས་གྲོལ་བ་རང་གྲོལ། ལམ་སྒོམ་པ། ཇི་ལྟར་སྣང་བའི་ཆོས་ཐམས་ཅད་རིག་སྟོང་སྐད་ཅིག་མའི་ངང་དུ་བརྡར་ཤ་ཆོད་པས་གཟུང་འཛིན་གྱི་སྣང་བ་ཐད་ཀར་གཅོད་པ་ཅེར་གྲོལ། སྤྱོད་པ། དུས་གསུམ་དང་ཤེས་བྱ་སོགས་བློ་དང་ལྷན་ཅིག་མི་གནས་པས་མཐའ་འབྲས་བུ། གྲོལ་ལོ། །རིམ་འཇུག་ལ་མ་ལྟོས་པར་རིག་གདངས་མངོན་སུམ་མཐོང་བས་ལམ་ཐོད་རྒལ་དུ་བགྲོད་པའི་ཉམས་ལེན་ནི། སྒྲོན་མ་བཞི་ལ། གནད་དྲུག་ལམ། གིས་ཉམས་སུ་བླངས་པས་རང་འབྲས་སྣང་བ་བཞི་འབྲས་བུ་མཐར་ཕྱིན་པ་སྟེ། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པས་ཅིར་ཡང་འཆར་དུ་རུང་བ་ཤེས་རབ་རང་བྱུང་སྙིང་ནས་མིག་ཏུ་འབྲལ་བའི་རང་བྱུང་གསང་བ་ཆེན་པོའི་རྩ་རྒྱང་ཞགས་ཆུ། སྤྲིན་བྲལ་ནམ་མཁའ་མཐིང་ཞུན་ལྟ་བུའི་འོད་ཟླུམ་དག་པ་དབྱིངས། རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྡིང་བ་ལྟ་བུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་ངེས་པར་བྱས་ནས། བཅའ་བ་ལུས། འཁྲིད་པ་དབྱིངས། འགྲོ་འོང་རླུང་། འཆར་བྱེད་སྒོ། འཆར་བྱ་ཡུལ། རྩ་བ་སེམས་ཀྱི་གནད་རྡོ་རྗེ་སློབ་དཔོན་གྱི་གསུང་གི་བདུད་རྩིས་ཇི་ལྟར་སྐབས་དབྱེ་བ་བཞིན་བརྩོན་པས། མངོན་སུམ་བཞི་ཀའི་མཚན་ཉིད་ཅན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མཐོང་བ་ཆོས་ཉིད་མངོན་སུམ། སྣང་བ་མཆེད་པ་ཉམས་གོང་འཕེལ། དེ་ཉིད་ལ་བརྟན་པ་ཐོབ་པས་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་བསམ་གྱིས་མི་ཁྱབ་པ་རིག་པ་ཚད་ཕེབས། དེ་འོད་གསལ་གྱི་དབྱིངས་སུ་འཇུག་པ་ཆོས་ཉིད་ཟད་ས། དེ་ལས་སླར་ཟུང་འཇུག་གི་སྐུར་འཕོ་བ་ནི་མཐར་ཐུག་གི་འབྲས་བུའོ། །གསུམ་པ་ནི། རྟེན་སྐུ་གསུམ། བརྟེན་པ་ཡེ་ཤེས་ལྔ། མཛད་པ་ཕྲིན་ལས་དང་བཅས་པ་སྟེ། ཟུང་འཇུག་གི་ཡེ་ཤེས་གཅིག་གི་ཉམས་ཀྱིས་ཚུར་མཐོང་གི་ངོར་སྤྲོས་པ་དུ་མའི་གར་མཛད་པ་སྟེ། ཀུན་སྤྱོད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་སོ། །འདི་རྣམས་ས་བོན་ཙམ་སྟེ། དེ་ལས་འཕྲོས་པའི་ལུང་རིག་མན་ངག་གི་འཐད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བཀའ་སྩལ་བས་བློ་གྲོས་ཀྱི་པདྨ་མཆོག་ཏུ་རྒྱས་པར་མཛད་དོ། །སརྦ་གམྦྷི་རཱ་རྠ་བོདྷྱ་ནྟུ། ཤུ་བྷཾ། ། ༈ མ་ཧཱ་པཎྜི་ཏ་ཚེ་དབང་ཀུན་ཁྱབ་ནི་འབེ་རྫ་ཉིན་དམ་ཐོག་སྒང་དུ་འཁྲུངས། རང་གི་མེས་པོ་སངས་རྒྱས་རིན་ཆེན་ནམ་འབེ་འཇམ་དབྱངས་པར་གྲགས་པ་ལས། སྒྲ་ཀ་ལཱ་པ། སྙན་ངག་མེ་ལོང་། སྡེབ་སྦྱོར་རིན་འབྱུང་། གསོ་རིག་གི་སྐོར་སོགས་གསན། རྗེ་སྟོད་པ་ཚེ་དབང་གྲགས་པ་ལས་སྐར་ནག་རྩིས་དང་དབྱངས་འཆར་བཅས། ཀུན་མཁྱེན་དྷ་རྨཱ་ཀ་ར་ལས། ཐ་སྙད་རིག་ལམ་རྒྱ་མཚོ་ལྟ་བུའི་གསན་བསམ་དོགས་གཅོད་སྤྱི་དང་། ཁྱད་པར་ཙཱནྡྲ་པ་ཚར་ལྔ། འགྲེལ་པ་འདོད་འཇོ་ཚར་གསུམ། སྙན་དངགས་མེ་ལོང་། ཀ་ལཱ་པའི་ཏི་སོགས་གསོ་རིག་དང་རྒྱ་རྩིས་གསར་འགྱུར། འབྲས་རྩིས་མྱུར་རྟོགས། མངོན་མཛོད། དབུ་མ་འཇུག་པ། དབུ་མ་རྒྱན། མདོ་རྒྱན་པད་དཀར་སྡོམ་གསུམ། ཟབ་མོ་ནང་དོན། རྣམ་ཤེས་ཡེ་ཤེས་འབྱེད་པ། སྙིང་པོ་བསྟན་པ། དཀྱིལ་འཁོར་གྱི་ཐིག་རྩ། ཁྱད་པར་གྲུབ་མཐའ་བཞི་དང་དབུ་མ་གཞན་སྟོང་གི་ཟབ་གནད་སོགས་གསན་ནས་བྱང་ཆུབ་པར་མཛད། ཕག་མོ། བདེ་མཆོག །འཇིགས་བྱེད་མལ་ལུགས་ལྷ་དགུ་ཇོ་ལུགས་དུས་འཁོར། ཆོས་དབྱིངས་གསུང་དབང་། བདེ་མཆོག་སྟོད་འགྲེལ། དྲིལ་བུ་ལུས་དཀྱིལ། ཕྱག་བཞི་པ་སོགས་ཀྱི་དབང་། ཕྱག་ཆེན། སྦྱོར་དྲུག །རྫོགས་ཆེན། རྭ་ཁྲིད་སྙན་བརྒྱུད་སོགས་འཁྲིད་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་གསན་ཅིང་ཟིན་བྲིས་ཀྱང་འགའ་ཞིག་མཛད། རྗེ་དཔའ་བོ་ལས། ཞི་སྦས་ལུགས་ཀྱི་དགྱེས་རྡོར། གཤེད་ནག །བདེ་མཆོག་ནག་པོ། ནི་གུའི་བདེ་མཆོག་ལྷ་ལྔ། འཇིགས་བྱེད་རོ་ལངས་བརྒྱད་སྐོར། སྒྲོལ་མ་རྣལ་འབྱོར་མ་སོགས་ཀྱི་དབང་། སྒྲོལ་མ་དང་། བཀའ་བབས་བདུན་གྱི་འཁྲིད་ཡེ་ཤེས་རྒྱ་མཚོའི་རིག་ཟིག་སྟེང་ནས་ཇོ་ལུགས་བདེ་མཆོག་རྩ་རྒྱུད་ཀྱི་བཤད་པ་སོགས་གསན། དཔོན་ཀརྨ་ལས། ཆོས་དབྱིངས་གསུང་དབང་མ་གཏོགས་པའི་རྔོག་དཀྱིལ། གཤེད་དམར་ལྷ་ལྔ་རྣམས་གསན། འབྲུག་ཡོངས་འཛིན་ལས། པཎ་ཆེན་ནགས་རིན་ནས་བརྒྱུད་པའི་རྡོར་ཕྲེང་། གསང་འདུས་མི་བསྐྱོད་པ། གཤེད་དམར་གྱད་ཆེན། རྒྱ་ཡེ་ཤེས་རྡོ་རྗེའི་སྤྲུལ་སྐུ་ལས། བདེ་མཆོག་འཇམ་རྡོར་དང་། མཻ་ཏྲི་༡༣མ་སོགས། ཁམས་སྤྲུལ་ལས་དུས་འཁོར་སྡོམ་ཆེན་སོགས་རྒྱུད་སྡེའི་དབང་བཀའ་ལ་ཐུགས་རྩོལ་ཆེར་མཛད། རྒྱལ་རོང་ནས་ཀུན་བཟང་དབང་པོའི་དཔོན་བླ་མ་ཀུན་དགའ་རྣམ་རྒྱལ་ལས་ཇོ་ནང་ཏཱ་ར་ནཱ་ཐའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་གསན། གསུང་རྩོམ་སྐོར་ལ། རང་ཉིད་ཀྱི་བླ་མ་དྷརྨ་ཀ་རའི་གསུང་འབུམ་གྱི་ཞལ་སྐོང་སོགས་སྤར་དུ་འཁོད་རིགས་དང་། གཞན་རྗེ་རང་ཉིད་ཀྱི་རྟོགས་བརྗོད་རིན་ཆེན་ཕྲེང་བ། ཀ་ལཱ་པའི་བཤད་སྦྱར་ཟླ་ཟེར། སྙན་ངག་མེ་ལོང་དང་། མངོན་བརྗོད་འདོད་འཇོའི་ཟིན་བྲིས། མུ་ཏིག་ཕྲེང་བའི་འགྱུར་བཅོས། སྡེབ་སྦྱོར་ཀུན་ཏུ་རབ་ཏུ་འཇུག་པ། འཇང་པ་ཐར་མཆོག་ལས་རྒྱ་རྩིས་སྐོར་དང་། ས་དཔྱད་སོགས་ཤིན་ཏུ་མང་བ་གསན་ནས་གསར་འགྱུར་སྒྲའི་བྱིངས་ལས་བཅས་ལས་མེད་ཀྱི་འཕྲོས་དོན། བཙོང་ཁ་པའི་བི་བརྟའི་རྒྱུ་མཚན། ཚེ་དཔག །ཀུན་རིག །ཆབ་གཏོར་རྣམས་ཀྱི་ཟིན་བྲིས། གསོ་རིག་གི་ཆོས་འབྱུང་ཁྱད་འཕགས། སྟག་ཤམ་ཡི་དམ་དགོངས་འདུས་ལས་བྱང་འགྲེལ་པ། གཡུ་ཐོག་སྙིང་ཏིག་ལས་བྱང་འགྲེལ་པ་དང་བསྙེན་དམིགས། ཟུར་ལུགས་ཕྱག་བཞི་བའི་མདོས་ཆེན། གཅོད་སྐོར། གསལ་སྒྲོན་གྱི་གཏོ་སྒྲོམ་ས་བདག་ཉེས་པ་ཀུན་སེལ་སོགས་ཀྱི་ཟིན་བྲིས། ཟབ་མོ་ནང་དོན་ཟིན་བྲིས། སྦྱིན་སྲེག་གི་རྫས་སྔགས་ཀྱི་རྒྱུ་མཚན། བུམ་རྫས་ཀྱི་ངོས་འཛིན་གྲུབ་མཐའི་སྐོར་གྱི་ཟིན་བྲིས་ཚིག་བཅད་ལྷུག་མང་ཙམ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དང་འབེལ་གཏམ་གྱི་ཟིན་བྲིས། དྲུག་བཅུ་པའི་ཟིན་བྲིས་དཀྱིལ་འཁོར་བློས་བསླངས་སོགས་ཀྱི་ཐིག་རྩ། བདེ་མཆོག་ནམ་མཁའ་ལྡིང་གི་ཆར་འབེབས། རྡོ་རྗེ་གདན་བཞིའི་ཡུམ་བཀའི་ཆུའི་སྦྱིན་སྲེག །བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་གྱི་ངེས་དོན་བཤད་པ། ཨཪྩི་ཀ་གི་རྣམ་བཤད་གསང་དོན་ཀུན་གསལ། ཀུན་མཁྱེན་དྷརྨཱ་ཀ་རའི་གསུང་རྒྱུན་སྣ་ཚོགས་ཟིན་བྲིས། རྫོགས་ཆེན་སྙིང་ཏིག་དང་རྭ་ལུགས་འཇིགས་མཛད་སྙན་བརྒྱུད་ཟིན་བྲིས། ཕུག་ལུགས་ནག་རྩིས་ཀྱི་ལོ་མགོ་དང་། ཟླ་དུས་ཞག་གི་བརྒལ་བརྟག །རྩིས་རིག་སྨྲ་བ་རྣམས་ལ་སྤྲིངས་པའི་འཇའ་ས།། །། ༈ ལྡེབ་༣༦༢བཞི་ཡིས་ཚངས་པའི་བསོད་ནམས་བསྐྱེད། ཅེས་པ་ནི་སྟག་ལོ་རང་གི་རིག་གནས་ཀུན་ཤེས་རྩ་བར། བཞི་ནི་ཚངས་པའི་བསོད་ནམས་སྐྱེད་བྱེད་དེ། །སྔར་མེད་གནས་སུ་རྒྱལ་བའི་རིང་བསྲེལ་མཆོག །གཞུག་པའི་མཆོད་རྟེན་རྩིག་པར་བྱེད་པ་དང་། །དགེ་འདུན་ཀུན་ར་ལོངས་སྤྱོད་དང་བཅས་བྱེད། དགེ་འདུན་བྱེ་བ་ལེགས་པར་བསྡུམས་པ་༢དང་། །བྱམས་སོགས་ཚད་མེད་བཞི་པོ་བསྒོམ་པའོ། །ཞེས་གསུངས་ཏེ། རྫས་ལས་བྱུང་བའི་བསོད་ནམས་བདུན་གྱི་དང་པོ། །ཀུན་དགའ་ར་བ་དང་། གཙུག་ལག་ཁང་བཞེངས་པ། གཞན་དགེ་འདུན་བྱེ་བ་བསྡུམ་པ། བྱམས་སོགས་ཚད་མེད་བཞི་བསྒོམ་པ་སྟེ་བཞི། གནས་སྐབས་ཚངས་པའི་བསོད་ནམས་བསྐྱེད་པས་རྣམ་སྨིན་མཉམ་པར་གསུངས་པ། ལུང་དེའང་འདུལ་ལུང་རང་ཡིན། མངོན་བརྗོད་སྐབས་དངོས་ཀྱི་ཚུལ་གསུམ་དང་། བཏགས་པའི་ཚུལ་ལྔའི་གྲངས་ངོ་མ་བགྲངས་པ་ཆོས་རྣམ་པའི་བསྡུས་ར་སོགས་སུ་ནི་མི་སྣང་། གཞན་དཔེ་མེད།། །། ༈ ཟློས་གར་ཁམས་འགྲེལ་དེ་བསབས་ཡོད་ཀྱང་། རྣམ་གྲངས་ཙམ་མ་གཏོགས་རྒྱས་བཤད་དང་དོན་གྱི་ཆིངས་སོགས་ནི་མི་འདུག། །། ༈ ༡༡༢་པར་འཆད་ཚུལ་དྲུག །སྐུ་དྲང་པོར་བསྲངས། སྨིན་མ་༢གཟེངས་གཏོད། སྤྱན་ཟིམ་བུར་༣གཟིགས། ཞལ་གྱི་ཡོན་ཏན་༤ཕྱེ། དུང་གི་ཚེམ་༥བར་ན། ལྗགས་ཀྱི་དབང་པོ་༦བརྐྱངས་ཏེ་ཚངས་པའི་དབྱངས་སུ་གསུངས་སོ་ཟེར་བ་དེ་ཡིན་ནོ། །སྔ་འགྱུར་རང་གི་ཟུར་སྐད་དུ་སྣང་ཞིང་། རྒྱུད་ཀྱི་ཁུངས་ངེས་པ་གང་ཡོད་པ་རྟག ། ༈ ༡༥༨ པར། ཇོ་བོ་རྗེས་སྦྱོང་རྒྱུད་སྤེལ་ཚུལ་དཀྱུས་སུ་གསུངས་པ་དེ་ལས། གཞན་རྡོར་དབྱིངས་སོགས་ཡོ་གའི་གཞུང་ཆེན་པོར་གསུངས་ཚུལ་དམིགས་བསལ་མི་སྣང་།། །། ༈ ༡༥༩ པར་དཔྱལ་ལོ་དེ་ཤེས་འོད་པའི་སྒོམ་པ་འཆི་མེད་བདུད་རྩི་ཡང་ཡོད། དོན་དུ་དཔྱལ་འཕགས་པ་དཔལ་དང་། དཔྱལ་ཀུན་མཁྱེན་ཆེན་པོ་སོགས་ནས་བརྒྱུད་པའི་ཕུར་པ་དཔྱལ་ལུགས་སོགས་ད་ལྟའི་བར་བྱུང་། དཔྱལ་ལོའི་གདན་ས་ཐར་ལོ་སོགས་ཀྱིས་ཀྱང་རྙིང་མའི་རྒྱུད་གསང་སྙིང་འགྱུར་བཅོས་ཀྱིས་གཙོས་སྔ་འགྱུར་ལ་ཞེ་ཁེལ་བར་མཛད། དཔྱལ་ཀུན་མཁྱེན་འདི་བུ་སྟོན་དང་དུས་མཉམ། སྔ་འགྱུར་གྱི་ཡིག་ཆ་མཛད་པ་ཡང་མང་། དེར་མ་ཟད་རྒྱལ་ལོ་ཆེན་ཨེ་མོ་གྷས་ཀྱང་པཎ་ཆེན་ཤཱཀྱ་ཤྲཱི་ལ་ཡང་དག་མེ་གཅིག་གསན་པ་སོགས་སྨན་ལུང་གི་དཔྱལ་བའི་གདུང་རབས་སྔ་མ་ནས་རྙིང་མ་གཙོ་བོར་མཛད་པར་གསལ་ནའང་ལོ་རྒྱུས་རྒྱས་པ་མ་མཇལ། ཐར་པ་ཆ་མཐུན་ལྔའི་རྒྱས་བཤད་མ་རྙེད་ཅིང་། ལར་ཀུན་མཁྱེན་ཆེན་པོའི་གསུང་རབ་ལས་བརྡ་ཁྱད་ཟུར་གསལ་ཞིག་རྙིང་མའི་གཞུང་དང་བསྟུན་པས་ཆོས་ཀྱི་སྐད་ཀྱིས་འཆད་དཀའ་བ། དཔེར་ན་ཡིད་བཞིན་མཛོད་ཀྱི་གཟུགས་ཁམས་སོ་སོར་རིན་པོ་ཆེའི་ནམ་མཁའ་རེ་བཤད་པ། སློབ་དཔོན་རིན་པོ་ཆེའི་མུ་ཏིག་ཕྲེང་བའི་རྒྱུད་འགྲེལ་དུ་སྣང་བ་ལས་གཞན་མདོ་རྒྱུད་གང་ལའང་དེ་འདྲ་མ་གསུངས་པས་མཚོན། དེང་སང་ཀུན་མཁྱེན་གསར་རྙིང་གི་གཞུང་ལྗགས་བྱང་བར་ཀློག་པ་རྣམས་ཀྱིས་ཀྱང་། རྒྱུ་མཚན་འཆད་དུ་མེད་པར་མང་བར་སྣང་།། །། ༈ ༨༧༥འཇིག་རྟེན་ཕྱིན་ཅི་ལོག་གི་རྣམ་རྟོག་བརྒྱད་པ་སྡེའི་དཔེ་འདིར་ཡང་མེད་པ་སོགས་ཀྱིས་མ་རྙེད། ། ༈ ༤༤༦ཆོས་ལྔའི་མིང་གི་དབྱེ་བསྡུ་སྐབས། ཇོ་ནང་ཐེག་མཆོག་དབུ་མའི་གཞུང་རང་དུ། །དངོས་པོའི་མིང་དང་དེ་བཞིན་འབྲེལ་༢པའི་མིང་། །བསྡུས་༣དང་༤ཐ་དད་གྲགས་༥དང་མ་གྲགས་༦ཏེ། །མིང་གི་དབྱེ་བ་དྲུག་ཏུ་མ་འདུས་མེད། ཅེས་གསུངས། ཡེ་ཤེས་རྒྱ་མཚོའི་ཟིན་བྲིས་དཔེ་དོད་ཙམ་ཡོད་ཀྱང་། ཐ་དད་པའི་བཤད་པ་ཆད། གཞན་འདི་རིགས་ཀྱི་བཤད་པ་མང་པོ་མཐོང་ནའང་མིང་གི་རྣམ་གྲངས་དྲུག་ཏུ་བསྡུས་པའི་དམིགས་བསལ་མ་མཛད། དོན་གྱི་འབྲེལ་དཔྱད་ན་ནི། འདུས་པ་ལ་ལྡོག་པ་ཐ་དད་པའི་མཚན་ཉིད་ཨེ་ཡིན། དེ་ལྟར་ན་ཐ་དད་པའི་མིང་ནི་དེ་ལས་ལྡོག་པ་སྟེ། བུམ་པ་འདི་རྣམས་ནི། གསེར་དང་། དངུལ་དང་། ཟངས་ཀྱི་བུམ་པའོ། །ཞེས་ཁྱད་གཞི་གཅིག་ལས། བྱེ་བྲག་ཐ་དད་པར་སྣང་བའི་སྒྲ་སྤྱི་ལྟ་བུ། ཞེས་སྦྱར་ན་ཅི་འགྱུར་གཟིགས།། །། ༈ རྙིང་མའི་སྒྱུ་འཕྲུལ་ཁྲག་འཐུང་རྩ་འཚམས་ཀྱི་ཁུངས་སོགས་ལོ་ཆེན་རིན་པོ་ཆེའི་གསུང་རབ་ཀུན་བཟང་རོལ་པ་འདིར་རགས་རིམ་གསུངས་འདུག་པ་ལྟར། ཁུངས་དང་ལག་ལེན་གྱི་སྡོམ་ཚིག་ཙམ་བཀོད་ན་ཤིན་ཏུ་ལེགས་པས་ལྡེབ་གཅིག་ཙམ་འབྲི་རྒྱུ་མཛད་ན་ལགས། དེང་སང་ཕལ་ཆེར་ནས་ཁ་སྐད་དུ། ས་སྐྱའི་ཕུར་འཆམས་འདི་སློབ་དཔོན་རིན་པོ་ཆེས་བསམ་ཡས་ས་འདུལ་མཛད་དུས་རྡོ་རྗེ་ཕུར་པའི་སྒོ་ནས་ནམ་མཁའ་ནས་རྡོ་རྗེའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབས་པའི་ཕྱག་ལེན་གྱི་རྒྱུན་འཁོན་རིགས་བརྒྱུད་པའི་ཕྱག་གཞེས་བར་མ་ཆད་པ་ཡིན་ཚུལ་དང་། འདི་ལ་བརྟེན་ནས་རྙིང་མའི་སྒྱུ་འཕྲུལ་བཀའ་བརྒྱད་ཀྱི་རྩ་འཆམས་སོགས་མཛད་སྐད་བཤད་མཁན་མང་ནའང་། སློབ་དཔོན་རིན་པོ་ཆེས་ཕུར་པ་ལ་བརྟེན་ནས་རྡོ་རྗེའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབས་པ་དང་། དེའི་རྒྱུན་ཅི་རིགས་པ་བྱུང་ཡོད་པ་གཞིར་བཅས། འོན་ཀྱང་ད་ལྟའི་ཕྱག་ལེན་འདི་ནི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས་སྒྱུ་འཕྲུལ་རྩ་འཆམས་ལ་བརྟེན་ནས་ཕུར་པའི་རྩ་འཆམས་མཛད་པ་སོགས་ལོ་ཆེན་རིན་པོ་ཆེས་ཇི་ལྟར་གསུངས་པ་བཞིན་ཡིན་ངེས་སོ། །ལར་ཟློས་གར་གྱི་རིགས་རྒྱ་བལ་དུ་གྲགས་པ་དངོས་ནི་བོད་འདིར་མ་དར་ནའང་། ཐུན་མོང་གི་དབང་དུ་བྱས་ན་ཨ་ལྕེ་ལྷ་མོ་རྩེ་བ་སོགས་ཀྱང་ཟློས་གར་ལས་མ་འདས་ཤིང་། ཐུན་མོང་མ་ཡིན་པའི་དབང་དུ་ན། ཁྲག་འཐུང་རྩ་འཆམས་སོགས་སྔོན་བྱུང་སྟོན་པའི་རྣམ་འཕྲུལ་རྗེས་འཇུག་གདུལ་བྱའི་ཉམས་ལེན་ལ་སྦྱར་བའི་འཕྲིན་ལས་ཀྱི་བྱང་བུ་དང་མཐུན་པར་ཟློས་གར་གྱིས་གདུལ་བྱའི་རྒྱུད་ལ་མངོན་སུམ་ལྟ་བུའི་ངེས་ཤེས་འདྲེན་པར་མཛད་པ་དང་། གཞན་གསར་རྙིང་གི་རྒྱུད་སྡེ་ཀུན་ལ་ཡོངས་སུ་གྲགས་པའི་གར་གྱི་རྣམ་བཞག་ཐམས་ཅད་ཀྱང་སྒེག་པ་ལ་སོགས་པའི་ཉམས་འགྱུར་དུ་མས་ཁྱད་པར་དུ་བྱས་པའི་ཟློས་གར་ཁོ་ན་ཡིན་པར་མ་ཟད། མུར་གར་རྒྱས་པ་སོགས་ཀྱི་འགྲོས་དང་། ཟློས་གར་གྱི་འཆམས་སྦྱོང་བའི་ཡན་ལག་ལྔ་སོགས་ཞིབ་ཏུ་སྦྱོང་རྒྱུ་ཡོད་པར་སྣང་།། །། ༈ སྒྲུབ་སྡེ་བརྒྱད་ཀྱི་དགོངས་པའི་བཤད་པ་སྐབས་འདིར་མདོར་བསྡུས་འདི་ཙམ་གྱིས་འཐུས་སྙམ། གཞན་དུ་བདེ་འདུས་ཀྱི་སྒོས་རྒྱུད་དང་། རྡོ་རྗེ་ཆོས་ཀྱི་ལུང་ལྔ་སོགས་ཕན་ཚུན་ལྟོ་སྦྱར་ནས་བཤད་ན་ཞིབ་ཏུ་འཆད་རྒྱུ་ཡོད་སྙམ་ནའང་དཔེ་མེད་པས་དཀྲིགས་ཆ་མ་འཚལ། གཏེར་གསར་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཞེས་འདི་ལོར་འབེབས་པ་འདི་ལའང་འདི་སྦྱོར་བའི་བཤད་པ་རྒྱས་པར་འོང་རིགས་སུ་སྣང་། སྐུ་གསུང་ཐུགས་རྡོ་རྗེ་བརྩེགས་པའི་རྒྱུད་དུ་རྩ་ཚིག་རགས་རིམ་ཞིག་འདུག་ནའང་། རྒྱུད་དེའི་འགྲེལ་པ་འདྲ་ནི་བཞུགས་སྐད་མ་ཐོས། རྫོང་འཕྲང་སོགས་སུ་ཐོར་བུའི་བཤད་པ་མང་ནའང་། ཕྱོགས་གཅིག་ཏུ་རྐང་ཚུགས་པ་ནི་མེད། གང་ལྟར་འདི་རིགས་སྒྲུབ་སྡེའི་གཞུང་ལམ་གྱི་ཆོས་སྐད་ཆེན་པོར་སོང་བས་རྐང་ཚུགས་པའི་སྤྱི་དོན་ཉུང་གསལ་འདྲ་བྱུང་ན་ཤིན་ཏུ་དོན་གལ་ཆེ་བར་སྣང་།། །། ༈ རང་སྣང་ལོངས་སྐུ་ཆེན་པོ་དངོས་དང་། ཕྱེད་སྣང་ལོངས་སྐུ་ཕྱེད་གདུལ་བྱ་གཞན་གྱི་སྣང་བས་བསྡུས་པས་སྔ་མ་ལ་འོས་ནས་བཏགས་པ་འདི་ཁྱད་དུ་ཕྱེས་ན་ལེགས་སོ།། །། ༈ མཛོད་ཀྱི་རྒྱུ་དྲུག །རྐྱེན་བཞི་ལ་བྱེ་མདོ་རང་གི་ལུགས་ལྟར་ན་དཔེའམ་མཚན་གཞི་རེ་རེས་དམིགས་བསལ་ལྟར་ན་ཁྱབ་ཆུང་བ་ལྟ་བུའི་སྐྱོན་འབྱུང་བ་ཡིན་ནོ། །དེ་འདྲ་སྦྱར་བ་མ་མཇལ་རུང་། གང་ལྟར་ཡང་འདི་དང་ཉན་ཐོས་བསྒོམ་ལམ་པ་གང་ལ་བསྟེན། མཐོང་སྤང་དབྱེ་བ་སོགས་མཆིམས་མཛོད་འདི་ཚད་ཐུབ་ཀྱི་འགྲེལ་པར་སྣང་བས་འདིའི་རྗེས་སུ་འབྲངས་ཏེ་གསལ་ཁ་རེ་མཛད་རྒྱུ་བྱུང་ན་ཤིན་ཏུ་ལེགས།། །། ༈ གསང་འདུས་སྟོངས་ཐུན་གྱི་དོན་བསྡུས་འདི་ཁུངས་མང་ནའང་། སྔ་རབས་པའི་བཤད་སྲོལ་འཁྲུལ་མེད་རྗེས་སུ་ཟློས་པས་ལེགས་ཤིང་ལར་འདི་འདྲ་ཞིག་མ་གཏོགས། འདུས་པ་རང་གི་རྒྱུད་ཀྱི་སྤྱི་དོན་ལྟ་བུ་ནི་གཏན་ནས་མ་མཇལ་བས་ཅི་བྱ་མེད། མན་ངག་གི་དབང་དུ་བྱས་ན། རིམ་ལྔ་ཤེས་ན་འདུས་པའི་རྒྱུད་དོན་ཁྲོལ་བས། ཐོག་མར་རིམ་ལྔའི་ཁྲིད་འབོགས། གཟོད་རྒྱུད་ཀྱི་བཤད་པ་བྱེད་པ་སྔ་རབས་པ་ཐམས་ཅད་ལ་ཡོངས་སུ་གྲགས་ཤིང་འཕགས་འོད་དང་། བུ་སྟོན་རིན་པོ་ཆེ་མཇལ་དུས་ཀྱི་རྣམ་ཐར་གྱིས་ཀྱང་ཤེས། བཤད་ཐབས་ཙམ་ནི་རྒྱན་བདུན་གྱིས་བསྡུས་པ་སྒྲོན་གསལ་ལས་རྒྱ་ཆེར་བཤད་པ་ལྟར་རོ།། །། ༈

སོ་ཐར་ལམ་རིམ་བུ་སྟོན་རིན་པོ་ཆེའི་གསུང་འདི་བཞིན་ལས། སྤྱི་བབས། དགེ་སློང་དག་ཚུལ་ཁྲིམས་དག་པར་བྱས་ན་སེམས་ལས་སུ་རུང་བར་འགྱུར་རོ། །སེམས་ལས་སུ་རུང་ན་ཤེས་རབ་ཀྱི་མིག་སྐྱེ་བར་འགྱུར་རོ། །ཤེས་རབ་ཀྱི་མིག་སྐྱེས་ན་སེམས་ཟག་པ་ལས་གྲོལ་བར་འགྱུར་རོ། །ཞེས་འགྱོད་པ་མེད་པའི་ཚུལ་ཁྲིམས་ཀྱིས་སེམས་ལས་སུ་རུང་ཞིང་ཏིང་ངེ་འཛིན་འགྲུབ་སླ། དེས་ཤེས་རབ་ཀྱི་དབང་པོ་སྐྱེས་ཏེ་ལམ་ཐམས་ཅད་རྫོགས་པའི་ཚུལ་བཤད་པ་རྒྱ་ཆེར་སྣང་ནའང་། སོ་ཐར་གྱི་ཚུལ་ཁྲིམས་གཅིག་པུས་ལམ་ཐམས་ཅད་བགྲོད་པའི་ཚུལ་སོགས་ལམ་གྱི་རིམ་པར་གཟིགས་པ་དེ་འདྲ་ནི་མ་མཇལ་བས། བུ་སྟོན་རིན་པོ་ཆེའི་གསུངས་འདི་ཀ་སོར་བཞག་ན་ལེགས།། །། ༈

Footnotes

Other Information