བདེ་མཆོག་ནག་པོ་པའི་ཞབས་ཀྱི་ཟིན་བྲིས་སོགས་ཀྱི་དྲིས་ལན།

From Khyentse Lineage - A Tsadra Foundation Project
JKW-KABUM-04-NGA-001-027
Wylie title bde mchog nag po pa'i zhabs kyi zin bris sogs kyi dris lan JKW-KABUM-04-NGA-001.pdf
Location mkhyen brtse'i bka' 'bum
Volume 4, sde tshan 1, Text 27, Pages 409-420 (Folios 205a3 to 210b5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. bde mchog nag po pa'i zhabs kyi zin bris sogs kyi dris lan. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 4: 409-420. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris  ·  Replies to Questions - dris lan

1 Texts in this Section (sde tshan or chos tshan)

[edit]
ཨོཾ་སྭ་སྟི། བཀའ་འདྲི་དང་པོ། དཔལ་འཁོར་ལོ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ཀྱི་རིམ་པར་ཕྱེ་བ་པོ་གསུམ་པ་ལས། །གང་ཚེ་དེ་ཉིད་ལ་རེག་པ། །བསམ་པ་ཐམས་ཅད་བསམ་དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །སེམས་ཅན་ཇི་ལྟར་བསམ་མེད་དེ། །བསམ་མེད་ཇི་ལྟར་རྒྱལ་བའང་དེ། །གང་ཕྱིར་བསམ་བྲལ་སངས་རྒྱས་ཀྱིས། །བསམ་པ་འདི་ནི་རབ་ཏུ་བཤད། །བསམ་གྱིས་མི་ཁྱབ་སེམས་དེ་ལ། །བསམ་པ་ཀུན་གྱིས་བགྲོད་པས་འདས། །སྣ་ཚོགས་རྟོག་པའི་སྒྲོ་འདོགས་མེད། །ཅེས་སོགས་གསུངས་པའི་དོན། པཎ་གྲུབ་ཆེན་པོ་རཏྣ་རཀྵི་ཏའི་དཀའ་འགྲེལ་པདྨ་ཅན་ལས། རྫོགས་པའི་རིམ་པའི་ལེའུ་མདོར་བསྟན་པ་དང་། དེ་ཁོ་ན་ངེས་པར་བསྟན་པའི་ལེའུ་རྒྱས་པར་བཤད་པ་སྟེ་འདི་ནི་ཤིན་ཏུ་རྒྱས་པར་བཤད་པའོ། །བསམ་པ་ཐམས་ཅད་བསམ་དུ་མེད། ཅེས་པ་སེམས་ཅན་ཐམས་ཅད་བསམ་གྱིས་མི་ཁྱབ་པས་སོ། །བསམ་དུ་མེད་ཅེས་པ་བསམ་པ་དང་བྲལ་བས་སོ། །ཇི་ལྟར་ཞེས་པ་སེམས་ཅན་ཐམས་ཅད་དང་རྣལ་འབྱོར་པའི་སེམས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་ཁྱད་པར་མེད་པའི་ཕྱིར་རོ། །བསམ་དུ་མེད་པས་ཞེས་པས་སེམས་མེད་པས་སོ། །བསམ་གྱིས་མི་ཁྱབ་སེམས་པ་དེས། ཞེས་པ་བསམ་དུ་མེད་པར་སེམས་པའོ། །སྣ་ཚོགས་སྒྲོ་འདོགས་མིན་ཞེས་པ་སྒྲོ་འདོགས་དང་བཅས་པ་མེད་ལ་སྒྲོ་འདོགས་དང་བྲལ་བའང་མེད་པའོ། །འདིར་གདམས་ངག་འདི་ཡིན་ཏེ། བསྐྱེད་པའི་རིམ་པ་སྔོན་དུ་སོང་ཞིང་རྡོ་རྗེ་བཟླས་པའི་རིམ་པས་མཐར་ཐུག་པ་ལེགས་པར་གོམས་པའི་རྣལ་འབྱོར་པས་ཕྱོགས་འགའ་ཞིག་ཏུ་སྐྱིལ་ཀྲུང་བཅས་ལ་འདུག་སྟེ། ཁམས་གསུམ་པ་ལ་དེས་དངོས་པོར་གྲུབ་པ་ཅུད་ཟད་ཀྱང་མེད་ཅིང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན། དཔལ་རྡོ་རྗེ་ཕག་མོ་དང་བདེ་མཆོག་གི་རང་བཞིན་གྱིས་ཁྱབ་པའོ་ཞེས་རབ་ཏུ་བསྟན་པར་བྱ་སྟེ། ཡོད་པ་མ་ཡིན་པའི་རྣམ་པར་རྟོག་པ་མཐའ་དག་བསལ་ནས་དེ་ཁོ་ན་ལྟར་བླ་མའི་གདམས་ངག་ལས་འོད་གསལ་གྱི་རིམ་པས་རྣམ་པར་རྟོག་པ་མེད་པར་གནས་ན༢། ཡུན་མི་རིང་བར་རྣམ་པར་མི་རྟོག་པའི་ཡེ་ཤེས་གསལ་བར་འགྱུར་རོ། །ཞེས་པའོ། །ཞེས་གསུངས་པའི་དོན། སྤྱིར་འཁོར་ལོ་བདེ་མཆོག་ལ། མ་རྒྱུད་རང་རྐང་ལྟར་བཀྲལ་བ་སངས་རྒྱས་མཉམ་སྦྱོར། གསང་འདུས་འཕགས་ལུགས་དང་མཐུན་པར་བཀྲལ་བ་བདེ་མཆོག་སྡོམ་འབྱུང་། དུས་ཀྱི་འཁོར་ལོ་དང་མཐུན་པར་བཀྲལ་བ་མཁའ་འགྲོ་རྒྱ་མཚོ། རྣལ་འབྱོར་གསང་མཐའ་ཐུན་མོང་མ་ཡིན་པ་ལྟར་བཀྲལ་བ་ལཱུ་དྲིལ་ནག་གསུམ་ཕྲན་དང་བཅས་པ་ཞེས་གྲགས་པའི་ནང་ནས། སྡོམ་འབྱུང་ནི་རྒྱུད་དང་མན་ངག་གི་བསྟན་དོན་ཕལ་ཆེར་གསང་འདུས་འཕགས་ལུགས་དང་མཐུན་པས་ན། རིམ་པར་ཕྱེ་བ་འདིའང་སྤྱིར་རྫོགས་རིམ་སྟོན་པའི་གཞུང་། དེ་ལའང་མདོ་རྒྱས་གཉིས་ལས་རྒྱས་པར་བཤད་པའི་སྐབས། དེ་ལའང་རིམ་པ་ལྔ་ལས་སྐབས་འདི་ནི། ལུས་དབེན་དང་རྡོ་རྗེའི་བཟླས་པ་སྔོན་དུ་སོང་ནས། སེམས་དབེན་ཐུགས་རྡོ་རྗེའི་རྣལ་འབྱོར་སྟོན་པའི་སྐབས་ཡིན་པས། སྤྱིའི་གོ་དོན་རྒྱས་པ་ནི་གསང་འདུས་རིམ་ལྔའི་སེམས་དབེན་གྱི་སྐབས་ལས་མཁྱེན་དགོས་པ་ལས་བཤད་བྱ་རྒྱ་ཆེ་བའི་ཕྱིར་བྲིར་མ་ལྡང་ལ། ཚིག་དོན་ཙམ་ནི་གང་གི་ཚེ་སྒྲུབ་པ་པོ་ཆེས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སེམས་དབེན་ཐུགས་རྡོ་རྗེའི་རྣལ་འབྱོར་ལ་རེག་པ་སྟེ་ལྷག་པར་སྤྱོད་པ་རྣམས་ཀྱིས་ནི། བསམ་པར་བྱ་བའི་ཡུལ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་བསམ་གྱིས་མི་ཁྱབ་པས་ན། གཉིས་འཛིན་གྱི་བློས་བསམ་དུ་མེད་པ་ཡིན་ནོ། །གང་གི་ཚེ་བསམ་དུ་མེད་པར་སེམས་པ་སྟེ་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་དེའི་ཚེ་ན་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་དུ་རྟོགས་པར་འགྱུར་ཏེ་ཤེས་བྱའི་ཡུལ་དང་། ཤེས་བྱེད་ཀྱི་བློ་གཉིས་ཀ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ཡུལ་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་གྱིས་བསམ་དུ་མེད་པ་ཇི་ལྟ་བར་ཡུལ་ཅན་རྣལ་འབྱོར་པའི་སེམས་ཀྱི་དེ་ཁོ་ན་ཉིད་ཀྱང་བསམ་དུ་མེད་ལ། རྣམ་འབྱོར་པའི་སེམས་ཀྱི་དེ་ཁོ་ན་ཉིད་བསམ་དུ་མེད་པ་ཇི་ལྟ་བར་རྒྱལ་བ་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་དེ་ཁོ་ན་ཉིད་ཀྱང་བསམ་དུ་མེད་པ་སྟེ། མདོར་ན་གཞི་སེམས་ཅན་གྱི་ཆོས་ཉིད། ལམ་རྣལ་འབྱོར་པའི་ཉམས་མྱོང་། འབྲས་བུ་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ཐམས་ཅད་བསམ་གྱིས་མི་ཁྱབ་པས་ན། གང་གི་ཕྱིར་སྒྲུབ་པ་པོ་སེམས་དབེན་གྱི་རྣལ་འབྱོར་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་དོན་དུ། བསམ་པ་དང་བྲལ་བའམ་བསམ་གྱིས་མི་ཁྱབ་པའི་དགོངས་པ་ཟབ་མོ་གང་ཡིན་པ་སངས་རྒྱས་རྣམས་ཀྱིས། བསམ་པ་སྟེ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའི་ཚུལ་གྱིས་ཉམས་སུ་བླང་བའི་འདི་ནི་རབ་ཏུ་བཤད་དེ། དོན་དམ་པར་བསམ་གྱིས་མི་ཁྱབ་པའི་སེམས་དབེན་ཐུགས་རྡོ་རྗེའི་གནས་ལུགས་དེ་ལ། ཀུན་རྫོབ་བསམ་པ་ཀུན་གྱིས་བགྲོད་དུ་མེད་པས་ཡུལ་ཡུལ་ཅན་ཐམས་ཅད་རོ་གཅིག་པའི་བསམ་མི་ཁྱབ་པའི་རྫོགས་རིམ་གྱི་རྣལ་འབྱོར་ལ་གོམས་པས། གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ཐིམ་པས་གཟུང་འཛིན་སྣ་ཚོགས་པའི་རྣམ་པར་རྟོག་པའི་སྒྲོ་འདོགས་མེད་ལ། དེའང་གདོད་མ་ནས་མེད་པའི་ཕྱིར་སྒྲོ་འདོགས་དང་བྲལ་བ་རང་མེད་དེ། ཞེས་པའི་དོན་ལགས། འགྲེལ་པར་དེའི་གདམས་ངག་ནི་འདི་ཡིན་ཏེ་ཞེས་སོགས་མན་ཆད་སེམས་དབེན་ཇི་ལྟར་བསྒོམ་པའི་ཚུལ་སྟོན་པ་སྟེ་མཁྱེན་པར་སླའོ།། །། ༈

གཉིས་པ་མཛོད་འགྲེལ་བདེན་གཉིས་ཤིང་རྟར་ལམ་རྒྱུད་ལྔའི་བཤད་པ། རྨི་ལམ་གྱི་ལམ་སོགས་ཀྱི་དོན་སྤྱིར་ལམ་རྒྱུད་ལྔ་ལ། འགའ་ཞིག་གིས་འགྲོ་བ་རྒྱུད་ལྔ་དང་གཅིག་པར་མཛད་ནས་ལྷ་མ་ཡིན་སྟོད་རིས་ལྷ་དང་། སྨད་རིས་དུད་འགྲོར་བསྡུས་པའི་ལྷག་མ་ལྔར་བཞག་པ་དང་། དེ་ལའང་། ལྷ་གཡེང་བའི་ལམ། མི་གདམས་པའི་ལམ། དུད་འགྲོ་མུན་པའི་ལམ། ཡི་དྭགས་འགོག་པའི་ལམ། དམྱལ་བ་གདུང་བའི་ལམ་ཞེས་པའི་ཐ་སྙད་བཏགས་པ་དང་། གཞན་དག་འགྲོ་བ་རིགས་དྲུག་ཏུ་འགྲོ་བའི་ལས་ལམ་གྱི་རྒྱུ་ཉོན་མོངས་པ་ལྔར་སྤྱོད་པའི་གང་ཟག་ལ་བཞག་པ་སོགས་བཤད་ཚུལ་མང་ནའང་། སྐབས་དོན་རྨི་ལམ་གྱི་ལམ་ནི་རྨི་ལམ་དུ་ཡིད་ཀྱི་ལུས་ལ་བརྟེན་ནས་བདེ་སྡུག་སྣ་ཚོགས་སྤྱོད་པ་དང་། བག་ཆགས་ཀྱི་ལམ་ནི་ཉིན་པར་བག་ཆགས་སྤྱིར་ལུས་རྟེན་རགས་པ་ལ་བརྟེན་ནས་བདེ་སྡུག་རགས་པར་སྤྱོད་པ་དང་། ལས་སྤྱི་མཐའི་ལམ་ནི་མྱོང་བར་ངེས་པའི་འབྲས་བུ་ལ་སྤྱོད་པ་དང་། འཁྲུལ་འཁོར་མ་ངེས་པའི་ལམ་ནི་རིགས་དྲུག་སྤྱིའི་འཁྲུལ་སྣང་དང་། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་ནི་བར་དོའི་ཡིད་ལུས་ཀྱི་འཁྲུལ་སྣང་ལ་བཞག་པ་སྟེ། དེ་ཙམ་གྱིས་འགྲོ་བ་རིགས་དྲུག་གི་རྒྱུ་དང་འབྲས་བུ་བསྡུས་པར་དགོངས་ཤིང་འཆད་པའང་སྣང་མོད་དེ། མདོ་རྒྱུད་ཀྱི་ཁུངས་གང་ཡིན་བཙལ་ནས་ཞིབ་མོར་དཔྱད་པ་རིགས་སོ།། །། ༈ གསུམ་པ་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་པས། དེ་ཡང་སྔགས་སྡོམ་ཡིན་ན་དམ་ཚིག་འདྲེས། །དམ་ཚིག་ཡིན་ན་སྡོམ་པ་འདྲེས་མི་འགྱུར། །ཞེས་པའི་དོན་འགྲེལ་པས་མ་བཀྲལ་བས་དགོངས་པ་དངོས་ཇི་ལྟར་ཡིན་ཤེས་དཀའ་རུང་ཐད་ཀར་གོ་བ་བླངས་ན་ནི། དེ་ཡང་གནང་བཀག་ལ་དཔྱད་ནས་འཇུག་ལྡོག་གཉིས་སུ་བྱེད་དགོས་པ་མཐའ་དག་སྡོམ་པར་བཞག་པས་ན། སྔགས་ཀྱི་སྡོམ་པ་ཡིན་ན་དམ་ཚིག་ཀྱང་དེའི་ནང་དུ་འདྲེས་པའམ་འདུས་པ་ཡིན་ཏེ། དེ་འཇུག་ལྡོག་གི་ཟླས་ཕྱེ་བའི་ལྡོག་པའི་ཆ་ཡིན་པའི་ཕྱིར། དམ་ཚིག་ཡིན་ན་དེའི་ནང་དུ་སྡོམ་པ་མི་འདུ་སྟེ། སྨོན་འཇུག་གཏོང་བ་ལ་སོགས་པ་འདའ་བར་མི་རུང་པའི་ཆ་ཐམས་ཅད་དམ་ཚིག་ཡིན་པས་ན། དེའི་ནང་ན་འཇུག་པའི་ཆ་མི་འདུ་བའི་ཕྱིར། ཞེས་དགོངས་པར་གསལ་ཏེ། དམ་ཚིག་འདའ་བར་བྱ་བ་མ་ཡིན་ལ། ཞེས་སོགས་སྤྱི་བཤད་པའི་སྐབས་ལ་དཔྱད་པས་ཤེས། གཞན་དུ་ན་སྡོམ་པའི་ནང་དུ་དམ་ཚིག་འདུ་སྟེ། དམ་ཚིག་ནི་སྔགས་ཀྱི་ཀུན་སྤྱོད་ཕྲ་མོ་ཐམས་ཅད་ལ་བཞག་སྟེ། དཔེར་ན་སྦྱིན་སྲེག་སྐབས་སུ་ལག་པ་པུས་མོའི་ཕྱིར་མི་འདའ་བ་ལྟ་བུ་དེ། སྡོམ་པའི་ཡན་ལག་ཡིན་ཏེ། རྩ་ལྟུང་གི་དབང་དུ་བྱས་ན་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་ལྟ་བུར་འདུ་བའི་ཕྱིར། དམ་ཚིག་ནང་དུ་སྡོམ་པ་མི་འདུ་སྟེ། སྔགས་ཀྱི་ཀུན་སྤྱོད་ཉི་ཚེ་བའི་ནང་དུ་སྔགས་ཀྱི་སྡོམ་པ་རྫོགས་པ་མི་འདུ་བའི་ཕྱིར། དཔེར་ན་ནས་ཁལ་གཅིག་གི་ནང་དུ་འདོང་གང་འདུ་མོད་དེ། འདོང་གང་གི་ནང་དུ་ཁལ་གཅིག་མི་འདུ་བ་བཞིན་ཞེས་བཤད་པའང་སྣང་ཞིང་། ལར་ཡང་དམ་ཚིག་དང་སྡོམ་པ་གཅིག་མི་གཅིག་གི་དཔྱད་པ་ཤིན་ཏུ་མང་མོད་ཀྱང་། སྐབས་འདིའི་བཞེད་པ་ནི་གོང་དུ་སྨོས་པ་ལྟར་འཐད་དོ་སྙམ།། །། ༈ བཞི་པ་དཔལ་ཀྱེ་རྡོ་རྗེ་རྩ་བའི་རྒྱུད་བརྟགས་པ་གཉིས་པའི་བརྟག་པ་ཕྱི་མའི་ལེའུ་བཞི་པ་རྡོ་རྗེའི་གླུ་གར་གྱི་སྐབས་ཀྱི་ལུང་། དེ་ལ་དྲིས་ནི་མཚོན་པར་བྱ། །སྒོག་པའི་དྲི་ནི་དང་པོ་སྟེ། །དེ་བཞིན་ཡང་ནི་རྒྱ་རྒོད་དེ། །ག་བུར་མ་ལ་ཡཾ་ཛེཾ་ཉིད། ངང་པ་དང་ནི་བུང་པའི་སྒྲ། །གླུ་ཡི་མཐའ་ནས་མཉན་པར་བྱ། །བ་ལང་འཚོ་བའི་སྒྲ་ཡང་ནི། །ཕྱི་རོལ་ཚལ་དུ་མཚོན་བྱ་བ། །གླུ་ཡི་བྱིན་རླབས་མཚན་ཉིད་དོ། །ཞེས་པའི་དོན། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྐབས་སུ་རྡོ་རྗེའི་གླུ་བླངས་ཤིང་གར་བྱས་པས་དཔའ་བོ་མཁའ་འགྲོ་རྣམས་འདུ་ཞིང་བྱིན་གྱིས་རློབ་པར་འགྱུར་ཏེ། དེ་ལ་བྱིན་རླབས་ཀྱི་མཚན་མ་ཆུང་འབྲིང་ཆེ་བ་ནི་དྲི་དང་སྒྲས་མཚོན་པར་བྱ་སྟེ། སྒོག་པའི་དྲི་ལྟ་བུ་ནི་དང་པོ་སྟེ་ཆུང་བ་ཉིད་དང་། དེ་ནས་གཞན་ཡང་རྒྱ་རྒོད་ཀྱི་དྲི་ལྟ་བུ་ནི་འབྲིང་དང་། ག་བུར་དང་། མ་ལ་ཡཾ་ཛེཾ་སྟེ་མ་ལ་ཡར་སྐྱེས་པའི་ཙནྡན་གྱི་དྲི་ལྟ་བུ་ནི་ཆེ་བ་ཉིད་དང་། སྒྲས་མཚོན་པ་ནི་ངང་པའི་སྐད་ལྟ་བུ་དང་། བུང་བའི་སྒྲ་ལྟ་བུ་འབྱུང་བ་སྟེ། དེ་དག་རང་གིས་གླུ་བླངས་པའི་མཐའ་མ་སྟེ་རྗེས་ནས་མཉན་པར་བྱ་ཞིང་། དེ་བཞིན་དུ་བ་ལང་འཚེ་ཡི་སྟེ་ཅེ་སྤྱང་གི་སྒྲ་ལྟ་བུ་ཡང་ནི་ཚོགས་ཁང་དེ་ཉིད་ཀྱི་ནང་ངམ། དེ་དང་ཉེ་བའི་ཕྱི་རོལ་གྱི་སྐྱེད་མོས་ཚལ་སོགས་གང་དུ་བྱུང་ནའང་བྱིན་གྱིས་བརླབས་པའི་ལྟས་སུ་མཚོན་པར་བྱ་བ་སྟེ། གླུ་ཡི་བྱིན་རླབས་ཀྱི་མཚན་ཉིད་དོ། །ཞེས་པའི་དོན་ལགས་ཤིང་། དེའང་སྒྲ་ཇི་བཞིན་པ་ལས་གཞན་པའི་གོ་བ་བཙལ་དུ་མེད་དེ། ནུས་པ་དང་ལྡན་པས་ཚོགས་ཀྱི་འཁོར་ལོ་སོགས་ཀྱི་སྐབས་རྡོ་རྗེའི་གླུ་དང་གར་བྱེད་པའི་ཚེ་དེ་ལྟ་བུའི་དྲི་དང་། སྒྲ་བྱུང་ན་དཔའ་བོ་དང་མཁའ་འགྲོས་བྱིན་གྱིས་བརླབས་པའི་ལྟས་སུ་ཤེས་པར་བྱ་བ་ཉིད་དོ། །ལྔ་པ་ས་དང་པོའི་རྗེས་ཐོབ་མཐོང་ལམ་དུ་གཏོགས་ཏེ། མཐོང་ལམ་འཁོར་དང་བཅས་པ་ཞེས་འབྱུང་བའི་འཁོར་ཡིན་པའི་ཕྱིར། མཉམ་བཞག་ནི་མཐོང་ལམ་དངོས་ཡིན་ལ། རྗེས་ཐོབ་དེའི་ཡན་ལག་གམ་འཁོར་ཡིན་པས་ན། མཉམ་བཞག་གིས་མཐོང་ལམ་གྱི་གོ་མི་ཆོད་པའི་སྐྱོན་ཀྱང་མེད་དོ།། །། ༈ དྲུག་པ་ཡིད་དང་སྒོ་ལྔའི་ཤེས་པ་འཇུག་པ་དང་ཐིམ་པ་གཉིས་ཀའི་སྐབས། ཀུན་གཞི་ལས་ཡིད། དེ་ལས་སྒོ་ལྔའི་ཤེས་པ་རིམ་པར་སྐྱེ་ཞིང་། ཐིམ་པ་ནའང་ལུགས་ལྡོག་ཏུ་རིམ་པར་ཐིམ་པར་རྒྱུད་དང་མན་ངག་ཐམས་ཅད་ལས་གསུངས།། །། ༈ བདུན་པ་བདེ་གཤེགས་ཀུན་འདུས་རི་ཆོས་ལུང་རྒྱུན་ཙམ་མ་གཏོགས། ཟུར་དུ་ཁྲིད་རྒྱུན་འདྲ་ནི་མི་བཞུགས་པས། ཞལ་ཤེས་ཀྱི་དཔེ་དང་། སྙན་བརྒྱུད་མ་འཚལ་ཞིང་། རྩ་ཁྲིད་ཀྱི་གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེའི་སྐབས་སུ་ཟིན་བྲིས་ཕྲན་བུ་རེ་ཙམ་སྣང་།། །། ༈ བརྒྱད་པ་ཆོས་སྐྱོང་སྲུང་མ་ལྟ་བུ་མདུན་བསྐྱེད་གཙོར་བཏོན་ལ་རྫོགས་སྨིན་སྦྱང་གསུམ་སྦྱར་བ་མ་མཐོང་ཞེ་ན། ལྷག་པར་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བ་ལ་ནི། རང་གི་རྡོ་རྗེའི་ལུས་ཉིད་ལྷར་བསྒོམ་པ་ལས་གཞན་ལ་སྦྱར་དུ་མེད། སྤྱིར་ཡང་མདུན་བསྐྱེད་སྒྲུབ་མཆོད་སོགས་བསྐྱེད་རིམ་གྱི་ཡན་ལག་ཡིན་གྱི། དངོས་གཞི་མ་ཡིན། ལམ་ངེས་རྫོགས་ཀྱི་དབང་དུ་བྱས་ན། ཐོག་མར་བདག་ལྷར་བསྐྱེད་པའི་རྣལ་འབྱོར་ལ་གསལ་སྣང་མཐར་ཕྱིན་པར་བསླབ། །དེ་ནས་བསྙེན་སོགས་ལས་སུ་རུང་བར་བྱས། དེ་རྗེས་རང་གཞན་གྱི་དོན་གྲུབ་པའི་ཕྱིར་དཀྱིལ་འཁོར་འབྲི་སྒྲུབ་སོགས་ལ་འཇུག་པས་ན། བསྐྱེད་རིམ་གྱི་གཙོ་བོ་བདག་བསྐྱེད་ཡིན་ནོ།། །། ༈ དགུ་པ་དར་གྱི་རྒྱན་ལ། གསར་མའི་ཕྱོགས་ཕལ་ཆེར་ལ་དངོས་སུ་སྟོད་གཡོགས་དང་། སྨད་དཀྲིས་གཉིས་ཁོ་ན་གསུང་། རྙིང་མའི་ཕྱོགས་ལ་དར་གྱི་རྒྱན་ལྔ་ཞེས་པ་ལའང་འདྲེན་ཚུལ་མང་མོད་དེ། སྨིན་གླིང་པ་ཆེན་པོ་སོགས་ཀྱི་གསུང་ལྟར་ན། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་ཞེས་པ། རྒྱུ་དར། ཁ་དོག་དཀར་པོ། དེ་ལ་གསེར་གྱི་ངང་རིས་ཏེ་རི་མོ་རྩིང་པོ་ཡོད་པའི་ཡུག་གོན་གྱི་སྟོད་གཡོགས། ཚི་གུ་ཞེས་ཁ་དོག་སྣ་ཚོགས་པའི་སྨད་དཀྲིས། དབུ་རྒྱན་ལས་འཕྱང་བའི་ཅོད་པན། ཟི་ལྡིར་ཞེས་པ་རྒྱུ་དར་མཐིང་ཁྲ། དབྱིབས་འཕན་གྱི་རྣམ་པ་ལྟག་པ་ནས་འཕྱང་བ་སྟེ། དོན་དུ་དེང་སང་གར་པ་རྣམས་ཀྱི་རྒྱབ་འཕེན་དེ་ཀ་ལགས། གར་གྱི་ཕུ་དུང་ནི་གར་ལ་འཇུག་པ་སོགས་ཀྱི་གོས་ཡིན་པ་དང་། རྣམ་པ་ཕུ་དུང་མ། དབྱིབས་གོས་ཐུང་ལྟ་བུ་ལས་ཕུ་དུང་པུས་མགོ་ཙམ་ལས་མི་སླེབ་པའི་ཐུང་ངུ་ཞིག་ཡིན། དོན་དུ་ཕུ་དུང་རིང་ཐུང་མ་གཏོགས་དེང་སང་གར་པ་རྣམས་ཀྱི་གར་གོས་འདི་ཀ་ལགས་ཤིང་། ཁ་དོག་ནི་རིགས་སོ་སོའི་མདོག་དང་མི་ཟློས་པ་ཞིག་ལས་དམིགས་བསལ་མ་གསུངས། འདི་རིགས་ལ་གསུང་ལུགས་སྣ་ཚོགས་མཛད་ཀྱང་། སྔོན་གྱི་བྲིས་སྐུ་རྙིང་པ་དང་གསུང་རྒྱུན་འཁྲུལ་མེད་ཡིད་རྟོན་ཕེར་བ་ལགས།། །། བཅུ་པ་རིགས་སོ་སོའི་སྐྱིལ་ཀྲུང་ནི། རྡོ་རྗེའི་རིགས་ལ་རྡོར་སྐྱིལ། གཤེགས་རིགས་ལ་སེམས་སྐྱིལ། རིན་པོ་ཆེའི་རིགས་ལ་གཡས་བརྐྱངས་པའི་ཕྱེད་སྐྱིལ། པད་རིགས་ལ་ལོང་བུ་བསྣོལ་བ་ཙམ་གྱི་སྐྱིལ་ཀྲུང་། ལས་རིགས་ལ་གཡོན་བརྐྱངས་པའི་ཕྱེད་སྐྱིལ་ཏེ་སོ་སོར་རྒྱུ་མཚན་དང་བཅས་ཏེ་གསུངས། རིགས་སོ་སོའི་ཁུ་ཚུར་ཡོ་གའི་སྐབས། རྡོ་རྗེ་ཁུ་ཚུར་ལས་མཐེ་བོང་བརྐྱང་པ་རྡོ་རྗེའི། མཛུབ་མོ་བརྐྱང་པ་རིན་ཆེན་གྱི། གུང་མོ་བརྐྱང་པ་གཤེགས་རིགས་ཀྱི། སྲིན་ལག་བརྐྱང་པ་པདྨའི། མཐེའུ་ཆུང་བརྐྱང་པ་ལས་རིགས་ཀྱི་ཁུ་ཚུར་དུ་བཤད་ཅིང་ཕྱག་ལེན་ལའང་མཛད་དོ།། །། ༈ བཅུ་གཅིག་པ་ལྷག་མཐོང་གི་སྐབས། གློད་རབ་བསྒོམ་རབ་ཞེས་གསུངས་པ། གཤིས་སྐྱེ་མེད་ཀྱི་ངང་དུ། བློ་བྱར་མེད་དུ་རང་སོར་འཇོག་པ་ལ་དེའི་ཐ་སྙད་བཏགས་པ་ལས། དང་པོ་བསྒྲིམ། དེ་ནས་གློད་པ་སོགས་རྣམ་རྟོག་གིས་འདུ་བྱས་པ་ལ་ཟེར་བ་མ་ལགས་པས། མ་བཅོས་པ་འཆོས་པའི་སྐྱོན་མི་འཇུག །ཞི་གནས་ཀྱང་པའི་སྐབས་ན། ཆེད་དུ་བཅོས་པའི་སྒོ་ནས་སེམས་གནས་ཆ་བཙལ་བ་སྟེ་འདི་དང་མི་གཅིག་པ་གཞིར་བཅས།། །། ༈ བཅུ་གཉིས་པ། ཡི་དྭགས་འཇུར་གེགས་ལ་ཆུ་སྦྱིན་གྱི་ནང་དུ་ཟན་བཅུག་པ་མི་རུང་བར་གསུངས་ཏེ། སྡོམ་གསུམ་རབ་དབྱེ་ལས། །འགའ་ཞིག་ཆུ་སྦྱིན་ནང་དུ་ཟན། །འཇུག་པའི་ལག་ལེན་བྱེད་པ་ཐོས། །འཇུར་གེགས་ཅན་གྱི་ཡི་དྭགས་ཀྱིས། །ཆུ་སྦྱིན་ནང་དུ་ཟན་མཐོང་ན། །འཇིགས་པ་ཆེན་པོ་འབྱུང་བར་གསུངས། །དེ་ན་ཆུ་སྦྱིན་ནང་དུ་ཟན། །འདེབས་པ་ཆོ་ག་ཉམས་པ་ཡིན། ཞེས་གསུངས་པའི་ཕྱིར།། །། ༈ བཅུ་གསུམ་པ་དེ་བཞིན་དུ། ཡི་དྭགས་ཀྱི་ཆུ་སྦྱིན་ལ་འོ་མ་བསྲེ་བའང་མི་རུང་སྟེ་རགས་པའི་ཟས་སུ་འགྱུར་བའི་ཕྱིར།། །། ༈

བཅུ་བཞི་པ་ཆུ་གཏོར་བཏོང་སྐབས་མིག་ར་ལྟ་བུའི་གདོང་འགེབས་གོན་པ་ནི་དགེ་ལུགས་པ་རྣམས་ཀྱིས་ཕྱག་ལེན་དུ་མཛད། དགེ་བཤེས་རྣམས་ཀྱིས་གཏོར་མའི་ཁྲིད་ཀྱི་སྐབས་རྒྱུ་མཚན་གསུངས་པ་ན། ཡི་དྭགས་ཕྲ་མོ་སོགས་མགྲོན་རིགས་འགའ་ཞིག་མིའི་གདོང་པ་མཐོང་ན་ཤིན་ཏུ་འཇིགས་ཤིང་སྐྲག་པས་དཔག་ཚད་མང་དུ་འབྲོས་པར་འགྱུར་བས་ན། དེ་རྣམས་ཀྱི་འཇིགས་པ་སྐྱོབ་པའི་ཆེད་ཡིན་གསུངས་པ་ཙམ་ལས་རྒྱུ་མཚན་གཞན་མི་སྣང་ལགས།། །། ༈

Footnotes

Other Information