ལཱུ་ནག་དྲིལ་གསུམ་གྱི་ཟབ་གནད།

From Khyentse Lineage - A Tsadra Foundation Project
JKW-KABUM-04-NGA-001-017
Wylie title lU nag dril gsum gyi zab gnad JKW-KABUM-04-NGA-001.pdf
Location mkhyen brtse'i bka' 'bum
Volume 4, sde tshan 1, Text 17, Pages 217-226 (Folios 109a6 to 113b5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. lU nag dril gsum gyi zab gnad. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 4: 217-226. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris

1 Texts in this Section (sde tshan or chos tshan)

[edit]
ལཱུ་ནག་དྲིལ་གསུམ་གྱི་སྔོན་འགྲེལ་བཤད་པའི་ཟིན་བྲིས་བདེ་ཆེན་ཞལ་གྱི་ཐིགས་ཕྲེང་ལས། མདོ་ཞེས་པས་གཞི་ཚུལ་ཁྲིམས་ལ་གནས་ནས་གྲུབ་མཐའ་སྨྲ་བ་བཞིར་རིམ་བཞིན་དུ་འཇུག་པར་བསྟན། བྱ་བ་སོགས་ཀྱིས་རྒྱུད་སྡེ་བཞི་དང་། གསང་བ་ཞེས་པས་སྔགས་སྤྱི་དང་། གསང་བའི་མཐས་བྱེ་བྲག་བདེ་མཆོག་བསྟན་པར་བཞེད་དེ། །ཚུལ་གནས་གྲུབ་མཐའ་བཞི་ལ་ལེགས་བསླབས་ནས། །བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡི། །ཐེམ་སྐས་ལ་འཛེགས་རྣལ་འབྱོར་གསང་མཐའ་ཡི། །གཞལ་མེད་ཁང་དུ་བདེར་སོན་སྐལ་བ་བཟང་། ཞེས་གསུངས་དེ་ལྟ་བུའི་ལམ་སྲོལ་འཆད་པ་ལ། སྤྱི་དོན་གྱི་སྒོ་ནས་ཁོག་ཕུབ་པ་དང་། གཞུང་དོན་གྱི་སྒོ་ནས་ཉམས་ལེན་མངོན་རྟོགས་སུ་བསྒྲིགས་པའོ། །དང་པོ་ལ། རྒྱུད་གསུང་བ་པོའི་སྟོན་པ་བྱོན་ཚུལ། བྱོན་ནས་རྩ་བཤད་ཀྱི་རྒྱུད་གསུངས་ཚུལ། འགྲེལ་བྱེད་མཁན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་ཚུལ་བྱེ་བྲག་ལམ་སྲོལ་དང་བཅས་པ། སྙིང་པོར་གྱུར་པའི་ལམ་སྲོལ་ངོས་བཟུང་བ་བཞི། དང་པོ་ལ། སྟོན་པ་ཐམས་ཅད་མཁྱེན་པ་དང་། སྟོན་པ་ཧེ་རུ་ཀའི་བྱོན་ཚུལ་གཉིས་ནི་སྤྱི་ལྟར། གཉིས་པ་ནི། རྩ་རྒྱུད་ལ། རྒྱ་གར་དུ། ཕྱག་རྡོར། ཨིནྡྲ་བྷཱུ་ཏི། དཀར་རྒྱལ་ཟླ་བ། བི་ཙུ་ར་ཙཎྜ། བྷ་བ་བྷ་དྲ། ཀོང་ཀ་ན་རྒྱལ་བཟང་། དེའི་འགྲེལ་བཤད་ལྡན་གྲགས་པ་དང་། དེ་གཉིས་ཀྱི་བཤད་སྦྱར་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། ལངྐ་རྒྱལ་བཟང་། ལྭ་ཝ་པ། ལྷ་སྦས། སུ་མ་ཏི་ཀཱིརྟིས་མཛད་པ་སྟེ་བཅུ་གཉིས། བཤད་རྒྱུད་མངོན་འབྱུང་ལ་པཎྜི་ཏ་ཟླ་གཞོན། རྡོ་རྗེ་མཁའ་འགྲོ་ལ་ནོར་བཟང་དང་བྷ་བ་བྷ་དྲ། ཀུན་སྤྱོད་ལ་སྨྲྀ་ཏི། ཁ་སྦྱོར་ལ་ཨིནྡྲ་བྷཱུ་ཏི། ཨ་བྷི་དྷ་ན་ལ་ཛྙཱ་ན་བཛྲ་དང་། ཤུ་རངྒཱ་ཝ་རྨས་མཛད་པ་རྣམས་སོ། །འོ་ན་རྩ་རྒྱུད་འདི་ལ་ལམ་སྲོལ་འགྲེལ་ཚུལ་ཇི་ཙམ་ཞེ་ན། དུས་འཁོར། འཕགས་ལུགས། མ་རྒྱུད་སྤྱི། གསང་མཐའ་ལྟར་བཀྲལ་བ་བཞི། དང་པོ་ནི། རྩ་རྒྱུད་དང་མཁའ་འགྲོ་རྒྱ་མཚོ་གཉིས་རྩ་བཤད་དུ་སྦྱར་ནས་བཤད་པ་སྟེ། འདི་ལ་དཀྱིལ་འཁོར་བཞི་སྦྲག་གི་ལྷ་སྣམ་ལ་དཔའ་བོ་དང་རྣལ་འབྱོར་མ་ལྔ་བརྒྱ། དབུས་སུ་ཤཱཀྱ་སེངྒེ། མགྲོན་ཐབས་སུ་བསྐལ་བཟང་གི་སངས་རྒྱས་སྟོང་ལ་གཉིས་སམ་བཞི་མ་ཚང་བར་བཀོད། ལམ་བསྐྱེད་རིམ་ཏིང་འཛིན་གསུམ། རྫོགས་རིམ་སྦྱོར་དྲུག །གྲོགས་སྤྱོད་པ་གཉིས་ཀྱིས་མཚམས་སྦྱར་ནས་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ལམ་སྲོལ་ཡོངས་སུ་རྫོགས་པའོ། །གཉིས་པ་ནི། བདེ་མཆོག་སྡོམ་འབྱུང་དང་རྩ་བཤད་དུ་སྦྱར་བ་སྟེ། གཙོ་བོར་རྡོར་སེམས་ཞལ་གསུམ་ཕྱག་དྲུག་པ་ལ་འཁོར་ལྷ་བཅུ་གཉིས་ཀྱིས་བསྐོར་བའི་དཀྱིལ་འཁོར། བསྐྱེད་རིམ་ཏིང་འཛིན་གསུམ། རྫོགས་རིམ་རིམ་ལྔ། གྲོགས་སྤྱོད་པ་གཉིས་ཀྱིས་མཚམས་སྦྱར་ནས་འབྲས་བུ་མཆོག་དང་ཐུན་མོངས་ཀྱི་དངོས་གྲུབ་སྒྲུབ་པར་བྱེད་པའི་ལམ་སྲོལ་ཡོངས་སུ་རྫོགས་པ་ཞིག་ཡོད་དོ། །གསུམ་པ་ནི། སངས་རྒྱས་མཉམ་སྦྱོར་དང་རྩ་བཤད་དུ་སྦྱར་ནས་འཆད་པ་སྟེ། འདི་ལ་མཁའ་འགྲོ་རྒྱ་མཚོ་དང་སྡོམ་འབྱུང་ལྟ་བུའི་ཁྱད་ཆོས་གང་ཡང་མེད། ཀྱེ་རྡོར་སོགས་ལམ་རིམ་ཀུན་མཐུན་པར་སྦྱིན་བྱ་བཞི་སྦྱིན། བསླབ་བྱ་གཉིས་བསླབ། གྲོགས་སྤྱོད་པ་གཉིས་འགྲེལ་པ་ལུགས། ཀྱིས་མཚམས་སྦྱར་ཏེ་འབྲས་བུ་འགྲུབ་པར་བྱེད་དོ། །བཞི་པ་ནི། དཀར་རྒྱལ་ཟླ་བས། འབྱུང་དང་མཁའ་འགྲོ་ཀུན་སྤྱོད་དང་། །ཁ་སྦྱོར་རྒྱུད་དང་བླ་མ་སྟེ། །བཤད་རྒྱུད་རྣམ་པ་ལྔ་རུ་འདོད། །ཅེས་བཤད་རྒྱུད་ལྔས་རྩ་རྒྱུད་ཀྱི་དགོངས་པ་བཀྲལ་བའི་ལམ་སྲོལ་རྨད་དུ་བྱུང་བ་ལ་ཚོགས་སློབ་ཀྱི་བཤད་མན་ངག་ལུགས། སྲོལ་གཉིས་ལས། དང་པོ་ནི་ནཱ་རོ་པ་ནས་པྲཛྙཱ་རཀྵི་ཏ། མ་ན་ཀ་ཤྲཱི། ཀ་ན་ཀ་ཤྲཱི། སུ་མ་ཏི་ཀཱིརྟཱི། དེས་མར་པ་དོ་པ་དང་པུ་རོང་ལོ་ཆུང་གཉིས་ལ་གནང་། བུ་ལུགས་དམར་ཕྱོགས་ནས་བུ་དགེར་བབས། གཉིས་པ་ནི། ནཱ་རོ་པ་དང་ཕམ་མཐིང་མཆེད། །གློག་སྐྱ་མལ་ལོ་ས་སྐྱ་པ། །ཞེས་སོ། །སྔ་མ་ནི་གྲུབ་ཆེན་གྱི་གཞུང་གི་དངོས་བསྟན་ལ་འགྲེལ་པ་དང་བསྟན་བཅོས་གཞན་ནས་ཁ་བསྐངས་ཏེ་མཁའ་འགྲོའི་ཞལ་གྱི་གདམས་པ་ལ་སྐྱོན་ཅུང་ཟད་ཞུགས་པ་ཡིན་ལ། ཕྱི་མ་ནི་ནཱ་རོ་རྩ་རྐྱང་གི་མན་ངག་བྱ་བ་གྲུབ་ཆེན་ལཱུ་ནག་དྲིལ་གསུམ་གྱི་གཞུང་གི་དངོས་བསྟན་ལ་བླ་མའི་མན་ངག་དང་རྩ་བཤད་ཀྱི་རྒྱུད་ཀྱིས་ཁ་སྐོང་ཅུང་ཟད་བྱས་ཏེ། མཁའ་འགྲོའི་ཞལ་གདམས་ལ་སྐྱོན་མ་ཞུགས་པ་ཡིན་པས་གཞན་ལས་ཆེས་ཟབ། དེའི་བརྗོད་བྱ་ཡང་། གཞི་དྲི་བཅས། ལམ་དྲི་མ་སེལ་བྱེད། འབྲས་བུ་དྲི་མ་དག་པའི་འཁོར་ལོ་བདེ་མཆོག་སྟེ་རྒྱུད་གསུམ་དུ་འདུས། ཉུང་ངུའི་རྒྱུད་ལ་འགྲེལ་ཚུལ་རྣམ་བཞི་ལས། །གསང་མཐའ་ལྟར་དུ་བཀྲལ་ལ་འགྲེལ་པ་དང་། །མན་ངག་ལུགས་གཉིས་ཕྱི་མ་མཁའ་འགྲོ་ཡི། ཞལ་གདམས་སྐྱོན་མེད་རྩ་རྐྱང་ཞེས་སུ་འདོགས། །ཞེས་སོ། །བཞི་པ་སྙིང་པོར་གྱུར་པའི་ལམ་སྲོལ་ངོས་བཟུང་བ་ལ། ལཱུ་ནག་དྲིལ་གསུམ་ནཱ་རོ་མཁའ་སྤྱོད་དང་བཞི། དེ་ཡང་མར་པ་དོ་དང་པུ་ཧྲང་པ་སོགས་རྟེན་གྱི་གང་ཟག་གཉིས་དང་། རྗེ་བཙུན་ས་སྐྱ་པས་གཅིག་ལ་སྦྱོར་ཏེ། དེ་ཡང་། གང་ཟག་ལས་དང་པོ་པ་དང་སྐྱེ་གནས་མངལ་སྐྱེས་ཀྱི་དྲི་མ་སྦྱོང་བའི་ཕྱིར་ནག་པོ་པའི་ཆོས་སྐོར་གྱིས་འཁྲིད་པར་བྱེད། གང་ཟག་འབྲིང་དུ་ན་འཕོས་པ་དང་སྒོང་སྐྱེས་སྦྱོང་བྱེད་ལཱུ་ཧི་པ། གང་ཟག་རབ་དང་རྫུས་སྐྱེས་སྦྱོང་བྱེད་དྲིལ་བུ་པ། ཡང་རབ་ཚེ་གཅིག་མཁའ་སྤྱོད་ཆེ་ཆུང་གང་རུང་ཐོབ་འདོད་ལ་ནཱ་རོ་མཁའ་སྤྱོད་དོ། །བཤད་སྲོལ་ཀུན་གྱི་མཆོག་འདི་ལ་བརྟེན་པ་བླ་མ་གོང་མ་རྣམས་ཀྱི་ཉམས་ལེན་ཡང་འདི་ལ་བརྟེན་ནས་མཛད་ཅིང་གྲུབ་པའང་ཐོབ་པ་ཡིན་ནོ། །དེས་ན་རྩ་རྒྱུད་ནག་པོ་པའི། བཤད་རྒྱུད་ལཱུ་ཧི་པའི། ཟབ་དོན་དྲིལ་བུ་པའི། ཡང་རྩེ་ནཱ་རོ་མཁའ་སྤྱོད་ཀྱི་སྐོར་དང་བཞིར་གྲགས། དང་པོ་ནི། ས་ཆེན་གྱིས་ནག་པོ་རས་བྲིས། གཉན་གྱིས་མུ་ཏིག་ཕྲེང་བ། རྗེ་བཙུན་གྱིས་ནག་པོ་བཤད་སྦྱར་རྣམས་ལས། སྦྱིན་བྱ་བཞི་བསླབ་བྱ་གཉིས་གྲོགས་སྤྱོད་པ་གཉིས་ཀྱིས་མཚམས་སྦྱར་ནས་འབྲས་བུ་འགྲུབ་པར་གསུངས་པའི་ཕྱིར། རྩ་རྒྱུད་དང་ཧེ་རུ་ཀ་མངོན་འབྱུང་ལ་གཙོ་བོར་བརྟེན་ནས། ནག་པོ་པས་དཀྱིལ་ཆོག་གི་གཞུང་འདི་མཛད། འདི་ལག་ཏུ་བླང་བར་ས་ཆེན་གྱི་ནག་པོ་རས་བྲིས་དང་། རྗེ་བཙུན་གྱི་རྡུལ་ཚོན། འཕགས་པའི་དཀྱིལ་ཆོག་རྣམས་སོ། །ཆོ་ག་འདིའི་འགྲོས་ལཱུ་ཧི་པ་ལ་ཡང་སྦྱོར་བས། སྒྲུབ་ཐབས་གཉིས་ལ་དཀྱིལ་ཆོག་གཅིག་གིས་བྱ་བ་དེའོ། །བསྐྱེད་རིམ་ལ། རྩ་རྒྱུད་དང་རྡོ་རྗེ་མཁའ་འགྲོ་གཉིས་ལ་གཙོ་བོར་བརྟེན་ནས། ནག་པོ་པས་སྒྲུབ་ཐབས་ཀྱི་གཞུང་མཛད། དེ་ལག་ཏུ་བླང་བར་ས་ཆེན་གྱི་ནག་འབུམ། འཕགས་པའི་སྒྲུབ་ཐབས་རིམ་པ་གསལ་བ་སོགས་སོ། །རྩ་རྒྱུད། སཾ་ཊ། རྡོ་རྗེ་མཁའ་འགྲོ་གསུམ་ལ་བརྟེན་ནས་ནག་པོ་པས་སྦྱིན་སྲེག་གི་ཆོ་གའི་གཞུང་མཛད། འདི་ལ་རྗེ་བཙུན་གྱིས་ཡིག་སྣ་མདོར་བསྡུས་དང་། འཕགས་པ་རིན་པོ་ཆེས་ལས་བཞིའི་སྦྱིན་སྲེག་དང་། དེ་ལ་ཞང་དཀོན་མཆོག་དཔལ་གྱི་དྲིས་ལན་སོགས་མང་ངོ་། །རྫོགས་རིམ་ལ། གསང་འདུས་དང་ཐུན་མོང་དུ་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ། ཀྱེ་རྡོར་དང་ཐུན་མོང་དུ་ཨོ་ལ་པ་ཏི། གསང་མཐའ་ཐུན་མིན་དཔྱིད་ཐིག་དང་གསུམ། དེ་ལྟར་ནག་པོ་གཞུང་དྲུག་གོ །གཉིས་པ་ལ། རྩ་རྒྱུད་དང་རྣལ་འབྱོར་མ་ཀུན་སྤྱོད་ལ་རྒྱལ་པོ་ཌེཾ་གི་པ་དང་། བློན་པོ་དྷཱ་རི་ཀ་པའི་ཆེད་དཔལ་མངོན་པར་རྫོགས་པའི་གཞུང་འདི་མཛད། འདིའི་ཚིག་དོན་གསལ་བྱེད་ཚིག་འགྲེལ་གཉན་གྱི་འབྲུ་འབུམ། ལག་ལེན་གྱི་དོན་གསལ་བྱེད་རྗེ་བཙུན་གྱི་དོན་འགྲེལ། འཕགས་པ་རིན་པོ་ཆེའི་སྒྲུབ་ཐབས། རྗེ་བཙུན་གྱི་ཀུན་སྤྱོད་ཡིག་སྣ་སོགས་མང་ངོ་། །རྫོགས་རིམ་ལ་བསྡུ་བ་གསུམ་རྩ་དབུ་མ། བདེ་མཆོག་དཀར་པོའི་ཁྲིད་རྣམས་སོ། །དྲིལ་བུའི་སྐོར་ལ། རྩ་བཤད་ཀྱི་རྒྱུད་ཀུན་ལ་བརྟེན་ནས་དྲིལ་བུ་སྐོར་གསུམ་མཛད། འདིའི་དོན་ལག་ཏུ་བླང་བར་རྩེ་མོའི་དྲིལ་བུའི་དཀྱིལ་ཆོག །སྐུ་མཆེད་གཉིས་ཀྱི་སྒྲུབ་ཐབས། འཕགས་པའི་སྒྲུབ་ཐབས། རྗེ་བཙུན་རིན་པོ་ཆེའི་རིམ་ལྔའི་འཁྲིད་སོགས་མང་ངོ་། །བཞི་པ། རྩ་རྒྱུད་ལེའུ་ཞེ་བརྒྱད་པ་དང་། ཞེ་གཉིས་པ་ནས་རྣལ་འབྱོར་མའི་ཕྱོགས་གཅིག་སོ་གཉིས་པར། རྡོ་རྗེ་ཕག་མོ་དེ་ཡི་ནི། །སྐུ་མདོག་མཚོན་ཆ་འཆང་ལ་གཟིགས། །ཅེས་པས་ལྷ་བསྟན། ནཱ་རོ་པས་གཞུང་ཆུང་དང་། ས་ཆེན་གྱི་མངོན་རྟོགས་སྐོར་བཅུ་གཅིག །བསྐྱེད་རྫོགས་ཡན་ལག་དང་བཅས་སྟོན་པ་ཕག་མོ་ལས་བཅུའི་གཞུང་རྣམས་མཛད། རྫོགས་རིམ་ནི་རྩ་རྒྱུད་ལེའུ་དང་པོར་བརྟེན་ནས་ཕྱག་ཆེན་གཅེས་བཏུས་དང་མན་ངག་གཅེས་བསྡུས་ཀྱི་ནང་ན་འཐོར་ནས་བཞུགས། སྙིང་པོར་གྱུར་པ་གསང་མཐའི་ལམ་སྲོལ་ནི། །ལཱུ་ནག་དྲིལ་གསུམ་མཁའ་སྤྱོད་སྐོར་དང་བཞི། །རེ་རེའང་རྒྱུད་དང་གྲུབ་པའི་གཞུང་བཟང་དང་། །གསལ་བྱེད་གོང་མའི་ཡིག་སྣས་རྟགས་པར་བྱ། །གསང་མཐའ་ཉིད་རྒྱུད་སྡེ་གཞན་ལས་ཟབ་ཁྱད་ནི་སྣ་ཚོགས་སུ་འདོད་ཀྱང་རང་ལུགས་ནི། རྗེ་རྡོ་རྗེ་འཆང་གིས། འཛམ་གླིང་ན་ཞིང་སྐྱེས་ཀྱི་སྤྲུལ་སྐུ་རྣམས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་རློབས་ཕྱིར་བཞུགས་ཀྱང་། བྱིན་རླབས་དེ་འགུགས་པའི་གདམས་ངག་མེད་ན་མི་ཡོང་བས། དེ་འགུགས་བྱེད་ཕོ་ཉ་གསུམ་བསྲེ་བ་འདི་གསང་མཐའི་ཟབ་ཁྱད་དེ། རྩ་རྒྱུད་ལས། དེ་བཞིན་ཕོ་ཉ་ལེགས་བསྲེས་པས། །སྒྲུབ་པ་པོས་ནི་དངོས་གྲུབ་ཐོབ། །ཅེས་སོ། །ཕོ་ཉ་གསུམ་ནི། རྒྱ་མཚོ་ལས། རྣལ་འབྱོར་མ་ནི་རྣམ་གསུམ་སྟེ། །ཞིང་སྔགས་ལྷན་ཅིག་སྐྱེས་རང་ངོ་། །ཞེས་སོ། །བསྲེ་ཚུལ་ནི། སྨིན་བྱེད་དབང་གི་སྐབས་དཔའ་བོ་བསྐུལ་བའི་ཚེ་བསྲེ། བསྐྱེད་རིམ་ལཱུ་ཧི་པས་དོན་འགྲེལ་ལས་གསུངས་པ་ལྟར་དང་། ནག་དྲིལ་གཉིས་ལ་བརྗོད་པ་གསུམ་དང་དྲན་པ་གསུམ་གྱི་སྐབས་བསྲེ། རྣལ་འབྱོར་མ་ལ་ཡེ་ཤེས་པ་གཞུག་པ་དང་འགྲོ་བ་དག་པའི་ཚེ་བསྲེ། རྫོགས་རིམ་ལ་ལས་རྒྱ་ལ་བརྟེན་ནས་བསྲེ་བས་ཆོས་ཀྱི་ཕྱག་རྒྱ་ལ་ཡང་བསྲེ་བ་སྐབས་ཐོབ་ཡིན་ནོ། །དེ་ལྟར་ཕོ་ཉ་བསྲེ་བའི་གདམས་ངག་གི་སྒོ་ནས་ཡི་དམ་གྱི་བྱིན་རླབས་རང་རྒྱུད་ལ་བསྡུས་ཏེ་བསྒོམས་པས་བྱིན་རླབས་མྱུར་དུ་འཇུག །དེ་ལ་བརྟེན་ནས་ཏིང་ངེ་འཛིན་མྱུར་དུ་སྐྱེ། དེ་ལ་བརྟེན་ནས་ས་ལམ་མྱུར་དུ་བགྲོད་པ་ཡིན་ཏེ། རྩ་རྒྱུད་ལས། དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པར་བྱེད། །ཅེས་སོ། །སྐོར་ཚོ་བཞིའི་ནང་གསེས་ཀྱི་ཟབ་ཁྱད་ནི། རང་ལུགས་ཆོས་རྗེ་སངས་རྒྱས་དཔལ་བཟང་གི་གསུང་ལས། སྦྱང་གཞི་ལ་གནད་དུ་བསྣུན་ཚུལ་གྱི་སྒོ་ནས་ཟབ་ཁྱད་འདོན་གྱི། ལྷ་གྲངས་ཀྱི་སྒོ་ནས་མ་ཡིན་ནོ། །ནག་པོ་པས་ནི་ཕྱི་རྟོག་བརྟན་ནས་སེམས་ལ་གཙོ་བོར་གནད་དུ་བསྣུན། ནང་ལུས་ལ་ཞར་བྱུང་གི་ཚུལ་གྱིས་གནད་དུ་བསྣུན་པས་མི་ཟབ་སྟེ། ས་སྐྱ་པས། འདི་ནི་ཕྱི་གཙོ་བོ་ལ་ནང་ཞར་བྱུང་གི་ཚུལ་གྱིས་གནད་དུ་བསྣུན། ཅེས་གསུངས། མུས་ཆེན་གྱིས། ཕྱི་བསྐྱེད་རིམ་ནི་རྟོག་བརྟགས་སེམས་ལ་གནད་དུ་བསྣུན་པས་མི་ཟབ། ལུས་དཀྱིལ་ནི་ལུས་ངག་ལ་གནད་དུ་བསྣུན་པས་ཟབ་པ་ཡིན་གསུངས། ལཱུ་ཧི་པས་ནི་སྒྲ་ཚུལ་གྱི་སྒོ་ནས་ཕྱི་ནང་གཉིས་ཀ་ལ་ཆ་མཉམ་དུ་བསྣུན་པས་འགྲིགས། དྲིལ་བུ་པས་ནི་ཕྱིའི་སྤྲོས་པ་ཐམས་ཅད་ཆོད་དེ་ནང་ལུས་འབའ་ཞིག་ལ་གནད་དུ་བསྣུན་པས་ཤིན་ཏུ་ཟབ། ནཱ་རོ་མཁའ་སྤྱོད་ནི་དབང་བཞིའི་དོན་ཐམས་ཅད་བསྐྱེད་རིམ་གྱི་སྟེང་དུ་ཚང་བར་ཉམས་སུ་ལེན་པས་ཤིན་ཏུ་ཟབ་པ་ཡིན་ཏེ། ཆོས་རྗེ་རྡོ་རྗེ་འཆང་ཆེན་པོས། དབང་བཞིའི་དོན་ལྡན་བསྐྱེད་རིམ་ཟབ་མོའི་ལམ། །ཐུན་བཞིར་བསྒོམ་ཞིང་གུས་པས་གསོལ་བཏབ་པས། །སྐུ་བཞིའི་དབྱེར་མེད་ཟུང་འཇུག་བདེ་བའི་རྒྱུ། །མཁའ་སྤྱོད་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསུངས། ལམ་རིམ་ནི། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་སྔོན་དུ་འགྲོ་བས། སྦྱིན་བྱ་བཞི་ལེགས་པར་བྱིན་ནས་ཡེ་ཤེས་པ་འབེབས་ཐང་གསུམ་གྱི་སྒོ་ནས་ཕོ་ཉ་གསུམ་ལེགས་པར་འདྲེས་པའི་དབང་དང་། རྩ་ལྟུང་དང་སྦོམ་པོ་སྟེ་ཐུན་མོང་གི་དམ་ཚིག་ཉེར་གཉིས་དང་། རིགས་དང་མཐུན་པའི་ཕྱག་རྒྱ་བསྟེན་པ་སོགས་ཁྱད་པར་གྱི་དམ་ཚིག་བརྒྱད་དེ་གཞི་དམ་ཚིག་ལ་གནས་པར་བྱས་ནས། ལམ་ཉམས་སུ་ལེན་པའི་ཐོག་མར། ལྟ་བའི་སྒོ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་མཐའ་བྲལ་དུ་གཏན་ལ་ཕབ། ཕབ་དོན་དུ་རྩེ་གཅིག་མཉམ་པར་བཞག་པ་ལ་ལྟ་བའི་མིང་འདོགས་ལྟ་བ་གཏན་ལ་ཕབས་ཚད་བསྐྱེད་རིམ་གྱི་སྒོ་ནས་ཡི་དམ་གྱི་ལྷར་བསྒོམ། ལྷར་བསྒོམས་ཚད་རྫོགས་རིམ་གྱི་སྒོ་ནས་ཡེ་ཤེས་སུ་བསྒྱུར་ཏེ་སྐུ་དང་ཡེ་ཤེས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དུ་བགྲོད་པར་བྱེད་པ་ནི་གཞི་ལམ་འབྲས་གསུམ་མོ།། །། ༈

Footnotes

Other Information