རྒྱུད་སྡེ་འོག་མའི་རས་རིས་དང་སྔགས་ཀྱི་ཕན་ཡོན་སོགས།

From Khyentse Lineage - A Tsadra Foundation Project
JKW-KABUM-04-NGA-001-016
Wylie title rgyud sde 'og ma'i ras ris dang sngags kyi phan yon sogs JKW-KABUM-04-NGA-001.pdf
Location mkhyen brtse'i bka' 'bum
Volume 4, sde tshan 1, Text 16, Pages 207-217 (Folios 104a1 to 109a6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. rgyud sde 'og ma'i ras ris dang sngags kyi phan yon sogs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 4: 207-217. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris

1 Texts in this Section (sde tshan or chos tshan)

[edit]
སྒྲུབ་པ་དང་། སྒྲུབ་ཆེན་གྱི་སྐབས་སུ། བསྐྱེད་རིམ་ཕྲ་བ་ཕྱག་རྒྱ་སྤྲོས་བཅས་དང་འབྲེལ་བར། རྫོགས་རིམ་དབང་གོང་མ་གཉིས་ཀྱི་ལམ་དང་རིམ་བཞིན་ཟུང་འབྲེལ་དུ་བསྒོམས་པས་དབང་པོ་ལྔ་དང་སྟོབས་ལྔས་བསྡུས་པའི་སྦྱོར་ལམ་བཞི་བགྲོད་དེ། རྒྱུད་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐོང་ལམ་རྣམ་སྨིན་རིག་འཛིན་དང་། ཚེ་དབང་། མཐར་ལམ་ལྷུན་གྲུབ་རིག་འཛིན་རྣམས་རིམ་གྱིས་ཐོབ་སྟེ་འབྲས་བུ་ལ་སྦྱོར་བའི་ཚུལ། ཇི་སྐད་དུ། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་བ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་འཛིན། བསྐྱེད་རིམ་ཡན་ཏིང་འཛིན། ལག་བཞི། ལམ་གྱུར་འབྲས་བུའི་མཚན་ཉིད་རིག་འཛིན་རྣམ་པ་བཞི། ལམ་རྒྱུད་ཀྱི་དངོས་པོ་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུ་བའི་ཚུལ་དཔལ་ལྡན་ཟུར་པའི་བཤད་སྲོལ་ལས་རྒྱ་ཆེར་ཕྱེ་བ་ལྟར་རོ། །བསྐྱེད་རིམ་མཆོག་ཏུ་གཅེས་པའི་ཚུལ། །གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་སྟོང་འཛིན་གྱི་བློ། བཏུལ་ནས་སུ། །སྔགས་དང་བསྐྱེད་རིམ། ཕྱག་རྒྱ་རབ་བརྟན་ནས། དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། ཞེས་སོ། །མངྒ་ལཾ།། །། ༈

སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་ངར་འཛིན་པ། བག་ཆགས་སྤོང་འགྱུར་ཞིང་། བློ་བྲལ། ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱིས་ནས་སྤོང་བར་འགྱུར། །ཞེས་དང་། བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བས། །བློ་ཡི་མདུན་ན་ཅི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །དབུ་མ་ཐལ་འགྱུར། ཞེས་དང་། སྒྱུ་དྲྭར། གང་གིས་དམིགས་མེད་མི་ཤེས་པས། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པའི་དམིགས་མེད་ཤེས་པར་གྱིས། ། ཞེས་སོ།། །། ༈ རྣམ་རྟོག་ཅི་ཤར་ཡང་རྡོ་ཚན་གྱི་སྟེང་དུ་ཁ་བ་བབས་པ་ལྟ་བུ་ཞིག་དགོས། རྣམ་ཤེས་སྟོང་པ་ནི་ཁོ་རང་གི་གནས་ཚུལ་ཙམ། རིག་པ་སྟོང་པ་ནི་ལྟ་བས་ངེས་པ་རྙེད་པ། རྣམ་ཤེས་གསལ་བ་ནི་ཡུལ་རྐྱེན་དང་འཕྲད་ཚེ་བསླད་པ། རིག་པ་གསལ་བ་ནི་སྟོང་པའི་གོ་མ་འགགས་བཞིན་ལ་ཡུལ་རྐྱེན་གྱིས་མ་གོས་པ་སྟེ་ཆུ་དང་དངུལ་ཆུ་ས་ལ་ལྷུང་བ་ལྟ་བུའོ། །རྣམ་རྟོག་སྔ་ཕྱི་བར་གསུམ་ཅི་ཤར་ཡང་མེ་ལོང་དྭངས་པའི་ངོས་ལ་གཟུགས་བརྙན་འཆར་བ་ལྟ་བུ་སྟེ། ད་ལྟར་གཟུགས་ཤར་ཡང་ཤར་དུས་ནས་རང་བཞིན་མེད་པ་ལྟ་བུའོ།། །། ༈ ཐོད་རྒལ་གྱི་སྐབས། ནང་གི་རིག་པ་ཆུ་ལྟ་བུ། ཉི་ཟེར་ཕོག་པས་ཆུའི་འོད་ལོགས་སུ་ཕོག་པ་ལྟར་སྒྲོན་མ་མཐོང་བའོ། །ཐིག་ལེ་ཁྲིག་གེར་བརྟན་དུས་རླུང་སེམས་དབུ་མར་ཚུད་པའོ། །ཡིད་བཞིན་རིན་པོ་ཆེའི་མཛོད་འགྲེལ་ལས། འཇིག་རྟེན་ན་ཡུལ་རྫུན་པ་དངོས་མེད་མེད་སྣང་བ་ཉིད་བློ་འཁྲུལ་པར་འཇོག་པ་ཡིན་ཏེ། རྨི་ལམ་གྱི་ཤེས་པ་བཞིན་ནོ། །དངོས་པོར་སྣང་བ་ཉིད་མ་འཁྲུལ་བར་འཇོག་པ་ཡིན་ཏེ་སད་པའམ་ཟླ་བ་གཅིག་འཛིན་གྱི་ཤེས་པ་བཞིན་ནོ། །དེ་བས་ན་སྔོ་སོང་ཚེ་ན། སེམས་ཉིད་མ་ཡིན་ཏེ་དོན་དུ་སྣང་བའི་ཕྱིར་རོ། །ཁྱབ་པ་མེད་ན། དོན་དུ་སྣང་བ་འཁྲུལ་ལམ་མ་འཁྲུལ། མ་འཁྲུལ་ན་དེ་སེམས་སུ་མི་རུང་སྟེ། མ་འཁྲུལ་བ་ཐམས་ཅད་ཀྱི་ཡུལ་དེ་ཁོ་ན་ལྟར་འཛིན་པས་ན་དོན་སྣང་ཉིད་དོན་དངོས་སུ་བདེན་པའི་ཕྱིར་རོ། །འཁྲུལ་ན་སེམས་སུ་མི་འཐད་དེ་དོན་སྣང་རྫུན་ཞིང་། རྫུན་པ་དངོས་མེད་ཡིན་པས་དངོས་པོ་ཙམ་ཁེགས་པས་སེམས་ཀྱི་དངོས་པོ་མི་སྲིད་པའི་ཕྱིར་རོ། །ཞེས་དང་། གཅིག་དང་ཐ་དད་དུ་མི་འཐད་པ་ནི་ཤེས་པ་དང་རྣམ་པ་སོ་སོར་བདེན་པར་མི་རུང་སྟེ། ཡུལ་མ་རིག་པ་ལ་ཤེས་པའི་མཚན་ཉིད་མེད་པའི་ཕྱིར་དང་། རྣམ་ཤེས་ལུས་ཀྱི་ཕྱིར་ཐོན་པས་ཤི་བར་ཐལ་བའི་ཕྱིར་དང་། སེམས་མིག་གིས་མཐོང་བ་དང་སྲང་དུ་གཞལ་དུ་རུང་བར་ཐལ་བའི་ཕྱིར་དང། རི་དང་ཤིང་ལ་སོགས་པས་ཚུར་རང་རང་རིག་པར་ཐལ། རང་གིས་དེ་དག་རིག་པའི་ཕྱིར། ཁྱབ་པ་མེད་ན་རི་ལ་སོགས་པ་རང་གི་ཤེས་པ་ཡིན་པ་ཉམས་སོ། །ཞེས་དང་། ཚུལ་འདིས་སྣང་བ་སེམས་སུ་འདོད་པ་དང་། འགྲོ་བ་ཐམས་ཅད་ཤེས་རྒྱུད་གཅིག་པར་སྨྲ་བའི་གཏི་མུག་ཅན་རྣམས་བཀག་པ་ཡིན་ནོ། །ཁོ་བོ་ཅག་ནི་འཁྲུལ་ངོར་སྣང་བ་འདི་ཉིད་ཇི་ལྟར་སྣང་བཞིན་པའི་རྟེན་འབྲེལ་དུ་སྣང་བ་ཉིད་ཀྱིས་སེམས་དང་སེམས་ལས་གཞན་དུའང་ཅུང་ཟད་བདེན་པར་མི་འདོད་དེ་རྨི་ལམ་བཞིན་ནོ། །ཞེས་སོ། ། ༈

ལས་སྒྲིབ་རྣམ་སྦྱོང་གི་གཟུངས་ལས། གང་ཞིག་སྙིང་རྗེ་ཆེན་པོས་ནོན་ཏེ། རི་དྭགས་བྱ་དང་མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། འཆི་བའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ཞེས་དང་། མཚམས་མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤོང་བའམ། འཕགས་པ་ལ་སྐུར་པ་བཏབ་པ་ཡང་རུང་སྟེ། འཆི་ཀར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ནས་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ། རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར་རོ། །ཞེས་ཐོས་གྲོལ་དང་། མཐོང་གྲོལ་བསྟན། གཞན་ཡང་དོན་ཞགས་ཀྱི་ཆོ་ག་ཞིབ་མོ་དང་། སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྟོགས་པ་སོགས་ལས་བྲིས་སྐུའི་ཆོ་ག་དང་། རིལ་བུ་དང་། རྫས་ལ་བརྟེན་ནས་རིག་འཛིན་སྒྲུབ་པའི་ཚུལ་སོགས་ཤིན་ཏུ་མཐའ་ཡས་པ་བསྟན། སོར་འབྲང་མའི་མདོ་ལས་བཏགས་གྲོལ་དང་། ཇོ་བོ་རྗེའི་གྲོང་ཁྱེར་རྒྱུན་གཅོད་ཀྱི་འཁོར་ལོར་གྲགས་པའི་མཐའ་གྲོལ་སོགས་རྒྱ་ཆེར་གསུངས། ཁྱད་པར་དོན་ཞགས་ཀྱི་ཆོ་ག་ཞིབ་མོ་ལས། གསང་སྔགས་ཨོཾ་ཞེས་བྱ་བ་དྲན་ནས་ཚེ་འཕོས་པ་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར། ཞེས་སོགས་ཡི་གེ་གཅིག་པ་ནས་བཅུ་པའི་བར་གྱི་ཕན་ཡོན་རྒྱ་ཆེར་བསྟེན་པ་ལས་ཡི་གེ་བཅུ་པ་ནི། ཨོཾ་པདྨོ་ཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ། གསང་སྔགས་སྙིང་པོ་ཡི་གེ་བཅུ་པ་འབུམ་བཟླས་བརྗོད་བྱས་ན་ཕྱིར་མི་ལྡོག་པ་ཉིད་དུ་ས་བཅུ་པ་ལ་གནས་པར་འགྱུར་ཞིང་། ལྷ་དང་མིའི་སྐྱེ་དགུ་དག་འདི་ནི་དེ་བཞིན་གཤེགས་པའོ། །ཞེས་བརྗོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཞེས་སོགས་དང་། སྙིང་པོ་བཅུ་པོ་ལན་གཅིག་དྲན་ནམ། ཀློག་གམ། མིང་བཟུང་པའང་དྲན་ནམ། ལག་ན་རྡོ་རྗེ། དུས་ཚིགས་གཅིག་ཏུ་དྲན་པ་ཙམ་གྱིས་ཀྱང་། དེའི་མཚམས་མེད་བྱེད་པ། མནར་མེད་གཞོལ་བ། བསྐལ་པར་གནས་པ་ཡང་དེས་ཐམས་ཅད་རྣམ་པར་དག་པར་འགྱུར་ལ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ལུས་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། སྒྲིབ་པ་དང་སྡིག་པ་བྲལ་བར་འགྱུར། ཚེ་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། ནམ་ཡང་ངན་འགྲོར་འགྲོ་བར་མི་འགྱུར། ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ལག་ན་རྡོ་རྗེ། དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉིན་རེ་བཞིན་གཞན་མི་སྨྲ་བར་ལན་བདུན་དྲན་པར་བྱའོ། །སེམས་ཅན་གང་ལ་ལ་སེམས་ཅན་དམྱལ་བར་གཞོལ་བ་ཤི་བ་དང་། དགེ་སློང་ལ་ལ་བསླབ་པའི་སྡོམ་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་རལ་བ་དང་། མཁན་པོ་དང་སློབ་དཔོན་ལ་གུས་པར་མ་བྱས་པ་ཤི་བ་དེའི་དོན་དུ་བྱེ་མ་གཙང་མ་བླངས་ལ་ལན་བདུན་བཟླས་བརྗོད་བྱས་ནས། དུར་ཁྲོད་དམ། རོ་བསྲེགས་སའམ། མཆད་པ་དེར་བྱེ་མ་གཏོར་བར་བྱའོ། །གང་དང་གང་ན་སེམས་ཅན་གང་དག་གི་རུས་པ་ཡོད་པར་བྱེ་མ་གཏོར་མ་ཐག་ཏུ་དེ་དང་དེར་བྱེ་མ་བབས་པའི་སེམས་ཅན་དམྱལ་བའམ། ཡི་དྭགས་སམ། ཤ་ཟར་སྐྱེས་པའམ། སྲིན་པོའི་སྐྱེ་གནས་སུ་སྐྱེས་ན་དེའི་མོད་ལ་ཚེ་བརྗེས་ནས་མཐོ་རིས་སུ་གཞོལ་བར་འགྱུར་ཞིང་། ནམ་ཡང་སེམས་ཅན་དམྱལ་བར་གཞོལ་བར་མི་འགྱུར་རོ། །ཡང་ན་གྲོ་ག་ལ་བྲིས་ནས་མཆོད་རྟེན་གྱི་ནང་དུ་བཅུག་པའི་གནས་དེར་རྐང་གཉིས་པའམ། རྐང་པ་བཞི་པ་དག་ཉེ་བར་འོངས་པ་དེ་དག་ཐམས་ཅད་གྲིབ་མ་ཕོག་པ་ཙམ་གྱིས་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་ཅིང་། ཐམས་ཅད་མཐོ་རིས་སུ་གཞོལ་བར་འགྱུར་རོ། །ཐ་ན་རི་དྭགས་དང་། བྱ་དང་། ཐ་ན་ལྡང་སྐོ་སྐ་དང་། ནེའུ་ལེ་དང་། སྡིག་པ་དང་། སྦྲུལ་དང་། ཁྱི་དང་། རུ་སྦལ་དང་། ལག་འགྲོ་དང་། དཀྱིལ་འཁོར་དེ་ལ་གྲིབ་མ་བབས་པ་ཙམ་གྱིས་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་རྣམས་རྣམ་པར་དག་པར་འགྱུར་ཞིང་། དེ་དག་ཐམས་ཅད་མཐོ་རིས་ཀྱི་འཇིག་རྟེན་དུ་གཞོལ་བར་འགྱུར་རོ། །དུང་ལ་ལན་བདུན་བཟླས་བརྗོད་བྱས་ནས་གནས་མཐོན་པོར་བུས་ན་དུང་དེའི་སྒྲ་ཐོས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། རི་དྭགས་དང་། བྱ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དེ་དག་ཐམས་ཅད་མཐོ་རིས་ཀྱི་འཇིག་རྟེན་དུ་གཞོལ་བར་འགྱུར་རོ། །གང་དག་ཚུལ་ཁྲིམས་ཡོངས་སུ་དག་པ་དང། སེམས་ཅན་སྦྱིན་པ་ལ་དགའ་བ་དང་། གང་དག་བསྙེན་གནས་ལ་ཉེ་བར་གནས་པ་དང་། གང་དག་སྐྱབས་གསུམ་བཟུང་བ་དང་། གང་དག་བྱང་ཆུབ་སེམས་དཔའི་སྡོམ་པས་བསྡམས་པ་དེ་དག་ཀྱང་། དུང་གི་སྒྲ་ཐོས་ནས་སེམས་ཅན་དེ་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ལ། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར་རོ། །ཙནྡན་ལ་ལན་བདུན་བཟླས་བརྗོད་བྱས་ནས་དགེ་འདུན་གྱི་ཀུན་དགའ་ར་བའམ། མཆོད་རྟེན་གྱི་འཁོར་སའམ། དགེ་འདུན་གྱི་ནང་ངམ། སྐྱེ་བོ་མང་པོའི་ནང་ངམ། རྒྱལ་པོའི་ཕོ་བྲང་དུ་བདུགས་ན། གང་དག་དེར་དྲི་མནམས་པའི་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་གོས་ལ་བདུགས་ནས་གང་གི་ལུས་ལ་གྱོན་པ་དེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ལུས་ལ་བབས་པ་ཙམ་གྱིས་དྲི་མ་དང་། སེར་སྣ་དང་། སྐྱོན་ཐམས་ཅད་སྤོང་བར་འགྱུར་རོ། །གོས་བཅངས་བ་ཙམ་གྱིས་འཇིག་རྟེན་ཐམས་ཅད་དབང་དུ་འགྱུར་རོ། །བདག་ཉིད་ཀྱི་གོས་དེས་བདུགས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན། རྒྱལ་པོ་དང་། བཙུན་མོ་དང། འཁོར་དང་བཅས་པ་དབང་དུ་འགྱུར། མཆོད་གནས་ཆེན་པོར་འགྱུར། འཇིག་རྟེན་ཐམས་ཅད་ཀྱི་བླ་མར་ཡང་འགྱུར་རོ། །འཕགས་པའི་དགེ་འདུན་གྱི་ནང་དུ་ཞུགས་ན་དགེ་སློང་ཐམས་ཅད་ཀྱི་མཆོད་གནས་ཆེན་པོར་འོས་པར་འགྱུར་རོ། །སྐྱེ་བོ་མང་པོའི་ནང་དུ་ཞུགས་ན་ནོར་ཆེན་པོ་འཕེལ་བར་འགྱུར་ཞིང་། མཆོད་པ་ཆེན་པོའི་འོས་སུ་འགྱུར་རོ། །ཞེས་སོགས་དང་ཐུན་མོང་གི་ལས་སྒྲུབ་པ་རྒྱ་ཆེར་གསུངས་ཤིང་། གྲོང་ཁྱེར་གྱི་སྒོ་བཞིར་བདུགས་ན་ནད་ཡམས་འཁྲུག་རྩོད་སོགས་ཆད་པ་དང་། འབྲོག་དགོན་པར་བདུགས་ན་གཅན་གཟན་དང་། ཆོམ་རྐུན་སོགས་ཀྱི་འཇིགས་པ་ལས་གྲོལ་བ་དང་། རིམས་ཐམས་ཅད་ལ་བདུགས་ན་དེ་ལས་ཐར་པའི་བར་ཕན་ཡོན་བསམ་གྱིས་མི་ཁྱབ་པ་བསྟན་ལ། གཞན་ཡང་། གང་ཞིག་རིལ་བུ་དེ་དག་བརྟེན། །རིལ་བུ་ཐིག་ལེ་རྟག་བྱེད་པ། །དེ་བཞིན་གཤེགས་ཀུན་དགོངས་པར་མཛད། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་། །དེ་ཉིད་རིག་ལ་རྟག་ཏུ་ནི། །མཆོག་སྦྱིན་དུས་ཀུན་གཟིགས་པར་མཛད། །བསོད་ནམས་ཕུང་པོ་སྟོང་དག་ནི། །ཉི་མ་རེ་རེ་སོག་པར་བྱེད། །འཇིག་རྟེན་པ་ཡི་བདེ་སྤྱད་ཅིང་། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །ཞེས་སོགས་རིལ་བུ་དང། ཐིག་ལེ་དང་། མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། སྦྱིན་སྲེག་དང་། མིག་འཕྲུལ་དང་། དཀྱིལ་འཁོར་དང་། གཏོར་མ། བྲིས་སྐུ་དང་། ཕྱག་རྒྱ་དང་། སྔགས་ཀྱི་ཆོ་ག་མཐའ་ཡས་པར་གསུངས་སོ། །རས་རིས་ཀྱི་ཆོ་ག་ལས། དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཚངས་པའི་ཆ་བྱད་འཆང་བ་པདྨ་རྒྱས་པས་ཡོངས་སུ་བསྐོར་བར་བྱ་སྟེ། ཁོར་ཡུག་ཏུ་འོད་འདོམ་གང་པ་ཀུན་ནས་འབར་བའི་ཕྲེང་བ་ཅན་ཕྱག་བཞི་པ། ཞལ་གསུམ་པ་རལ་པའི་ཅོད་པན་གྱིས་བརྒྱན་པ། ཟླ་བ་ཚེས་པས་སྤྲས་པ། འོད་དཔག་མེད་ཀྱི་ཅོད་པན་འཆང་བ། མདུང་རྩེ་གསུམ་འཆང་བ། པདྨའི་འདབ་མ་རྣམ་པར་བཀྲ་བའི་པདྨའི་ཞགས་པ་འཆང་བ། ཕྱག་གཡོན་པ་པདྨ་འཆང་བ། པདྨའི་སྟེང་དུ་པདྨ་གཙུག་ཏོར་བྱའོ། །འདབ་མ་ཕྱེད་ཁ་བྱེ་བའི་དབུས་ཀྱི་འདབ་མ་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགུལ་ཡན་ཆད་ཙམ་ཅོད་པན་འཆང་བ། དབུ་འབར་བའི་སྙིང་པོར་ཡོད་པ་བྲི་བར་བྱའོ། །ཕྱག་གཅིག་ནི་དབུགས་འབྱིན་པ་འཆང་ཞིང་རིན་པོ་ཆེའི་ཆར་འབེབས་པ། །འབར་བའི་སྙིང་པོ་ཅན་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་སྣ་ཚོགས་པའི་གོས་འཆང་བར་བྱའོ། །ཞེས་སོགས་ནས། མཐོང་བ་ཙམ་གྱི་མོད་ལ་སྡུག་བསྔལ་དང་སྡིག་པ་དང་ངན་འགྲོ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །འགྲོ་བ་ཐམས་ཅད་གཅོད་པར་འགྱུར་རོ། །ཉེས་པ་ཐམས་ཅད་འཇོམས་པར་འགྱུར་རོ། །སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་མཚམས་མེད་པ་ལྔ་ལས་རྣམ་པར་ཐར་པར་བྱེད་དོ། །མཐོང་བ་ཙམ་གྱི་མོད་ལ་དོན་ཡོད་པའི་དངོས་གྲུབ་སོ་སོར་ཐོབ་བོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཕྱག་རྒྱའི་ལེའུ་ལས། སྡིགས་མཛུབ་ཡོངས་སུ་དཀྲིས་པ་ལ་མཐེ་བོང་གི་སོར་མོ་དང་། གུང་མོའི་སོར་མོ་རབ་ཏུ་བརྐྱངས་ལ་ལྕགས་ཀྱུའི་རྣམ་པར་བཀུག་སྟེ་མིང་མེད་དང་། མཐེའུ་ཆུང་ལག་པའི་ནང་དུ་བཅུག་ནས་རྟག་ཏུ་སྙིང་གའི་གནས་སུ་བཞག་པར་བྱ་སྟེ། འདི་ནི་དོན་ཡོད་པ་པདྨ་གཙུག་ཏོར་གྱི་རྩ་བའི་གསང་སྔགས་དང་ཕྱག་རྒྱར་བརྗོད་དོ། །ཞེས་རྩ་བའི་དམ་རྒྱ་དང་། ཕྱག་རྒྱ་འདི་ཉིད་ལས་གཡས་པའི་འཛུབ་མོ་བརྐྱངས་ཏེ་རྩ་བའི་གསང་སྔགས་ལན་གཅིག་བརྗོད་དོ། །ཞེས་ལས་སྒྲུབ་པའི་ཕྱག་རྒྱ་དང་། ཕྱག་རྒྱ་འདི་ཉིད་ལས་མཛུབ་མོའི་སོར་མོ་གཉིས་བརྐྱངས་ལ་ལྕགས་ཀྱུའི་རྣམ་པ་ཙམ་དུ་བཀུག་པ་འདི་ནི། ཞེས་སྤྱན་དྲངས་པ་ནས་གཤེགས་སུ་གསོལ་བའི་བར་ཐམས་ཅད་ཀྱི་ཕྱག་རྒྱར་གསུངས་སོ། །སྔགས་ཀྱི་ལེའུ་ལས། ཨོཾ་ཨ་མོ་གྷ་ཧྲི་ད་ཡ་པདྨོ་ཥྞཱི་ཥ་སཱ་དྷ་ཡ། བྷ་ར་བྷ་ར་སཾ་བྷཱ་ར། མ་ཧཱ་པདྨེ་སྭཱ་ཧཱ། སྐུལ་བ་དང་སྤྱན་དྲང་པ་དང་གཤེགས་སུ་གསོལ་པའི་སྔགས་སོ། །ཞེས་དང་། ཨོཾ་པདྨོ་ཥྞཱི་ཨ་མོ་གྷ་ཛ་ལེ་སྭཱ་ཧཱ། ཁྲུས་བྱ་བའི་སྔགས། ཨོཾ་བཛྲ་ཨ་དྷིཥྛཱ་ཎ་པདྨེ་ཧཱུྃ། བྱིན་གྱིས་བརླབ་པའི་སྔགས་སོ། །ཨོཾ་པདྨོ་ཥྞཱི་ཥ་ཨ་མོ་གྷ་ཨ་བྷི་ཥིཉྩ་ཨཱཏྨ་ཤུདྡྷེ་ཧཱུྃ། དབང་བསྐུར་བའི་སྔགས་སོ། །ཨོཾ་ཨ་པ་རི་མི་ཏཱ་ཛྭ་ལ་པདྨེ་ཧཱུྃ། བགྲང་ཕྲེང་གི་སྔགས་སོ། །ཨོཾ་ཤ་ཏ་ས་ཧ་སྲ་ཛྭ་ལི་ཏ་པདྨེ་དྷ་ར་དྷ་ར་ཧཱུྃ། བཟླས་བརྗོད་ཀྱི་སྔགས་སོ། །ཞེས་སོགས་རྒྱ་ཆེར་གསུངས་སོ།། །། ༈

Footnotes

Other Information